Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
སོག་ཙནྡན་དགོན་ཕྱོགས་སུ་ཡོན་བདག་རྣམས་ཀྱི་སྲོག་བླུ་ཚེ་ཐར་མང་པོ་བྱེད་ཡོང་འདུག་པ་དེའི་དུས་སུ་འདོན་རྒྱུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།
   
   
   
   
   
   
   
   
   


 
previousསོག་ཙནྡན་དགོན་ཕྱོགས་སུ་ཡོན་བདག་རྣམས་ཀྱི་སྲོག་བླུ་ཚེ་ཐར་མང་པོ་བྱེད་ཡོང་འདུག་པ་དེའི་དུས་སུ་འདོན་རྒྱུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།next

སོག་ཙནྡན་དགོན་ཕྱོགས་སུ་ཡོན་བདག་རྣམས་ཀྱི་སྲོག་བླུ་ཚེ་ཐར་མང་པོ་བྱེད་ཡོང་འདུག་པ་དེའི་དུས་སུ་འདོན་རྒྱུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་སྲོག་གཅེས་དེ་ཕྱིར་ར་ལུགས་ཕྱུགས། །འཆི་བདག་ལག་ནས་བླུས་ཏེ་རིང་པོ་རུ། །འཚོ་ཐབས་མི་འཇིགས་སྐྱབས་ཀྱི་སྦྱིན་པའི་སྒོ། །རྒྱུ་སྦྱོར་ཡོན་གྱི་བདག་པོས་ཆེ་བའི་དགེ །རབ་དཀར་ལེགས་བྱས་ཀ་པུ་ར་ཡི་རྡུལ། །འབུམ་ཕྲག་ལྷག་བསམ་ཟླ་བ་ལས་འཛགས་པས། །མཁའ་མཉམ་སྐྱེ་རྒུའི་ཚ་གདུང་མ་ལུས་པ། །ཡོངས་བཅིལ་ཕན་བདེའི་སྣང་བས་ཀུན་ཁྱབ་ཤོག །ཁྱད་པར་དངོས་ཀྱི་བྱེད་པོ་ཡང་སྲིད་ཀུན། །མི་ཡི་ལུས་ཐོབ་ཚེ་ཡང་རིང་དུ་འཚོ། །ལོ་ཏོག་སྨན་རྣམས་མཐུ་ལྡན་རྣམ་སྨིན་དང༌། །རྒྱུ་མཐུན་བདག་པོའི་འབྲས་བུས་ཆེས་དཀར་ཤོག །དཀོན་ཅོག་གསུམ་གྱི་ཐུགས་རྗེ་ཐོགས་པ་མེད། །ཆོས་ཉིད་གདོད་ནས་དག་པ་འགྱུར་བ་བྲལ། །ཆོས་ཅན་རྒྱུ་འབྲས་ནམ་ཡང་སླུ་མེད་ཕྱིར། །ཇི་ལྟར་སྨོན་པ་ལྷུན་གྱིས་གྲུབ་པར་ཤོག །གནས་སྐབས་སུ་ཡང་ཡུལ་ཕྱོགས་འདི་དག་ཏུ། །མི་ནད་ཕྱུགས་ནད་འཐབ་རྩོད་འཁྲུག་སློང་སོགས། །དུས་ཀྱི་ཆད་པ་མ་ལུས་ཀུན་ཞི་ཞིང༌། །བཀྲ་ཤིས་དགའ་སྟོན་དཔལ་གྱིས་ཁྱབ་པར་ཤོག །ཅེས་སོག་ཙནྡན་དགོན་ཕྱོགས་སུ་ཡོན་བདག་རྣམས་ཀྱི་སྲོག་བླུ་ཚེ་ཐར་མང་པོ་བྱེད་ཡོང་འདུག་པ་དེའི་དུས་སུ་འདོན་རྒྱུའི་སྨོན་ལམ་ཞིག་དགོས་ཞེས་བླ་མ་བློ་བཟང་ཆོས་དཔལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །མདུན་གྱི་ནམ་མཁར་པད་ཟླའི་གདན་སྟེང་དུ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་མངོན་སུམ་དུ། །བཞུགས་ནས་འཇམ་དབྱངས་དགའ་བའི་བཤེས་གཉེན་ཞབས། །འཆི་མེད་རྡོ་རྗེའི་སྐུ་རུ་འགྲུབ་བྱིན་རློབས། །ཐུབ་པའི་གསུང་རབ་དེ་དོན་དགོངས་འགྲེལ་བའི། །རྒྱ་བོད་(༡༢༧ན)


GLG021_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་བསྟན་བཅོས་དང་བཅས་པ། །འཛད་མེད་པར་དུ་བརྐོས་ནས་མཆོད་སྦྱིན་སྒོ། །འབྱེད་ལ་ཐུགས་རྗེའི་སྤྱན་གྱིས་ཉེ་བར་གཟིགས། །འགྲོ་བའི་དབང་པོར་རྣམ་འཕྲུལ་མཐའ་ཀླས་ཀྱང༌། །ངོ་བོ་གཅིག་ལས་མི་གཡོ་རྒྱལ་བའི་ཡུམ། །སེང་ལྡེང་ནགས་ཀྱི་སྒྲོལ་མའི་ཟློས་གར་གྱིས། །འཇིགས་ཆེན་བརྒྱད་སོགས་འཚེ་བ་ཀུན་ལས་སྐྱོབས། །བསྐལ་འཚོའི་ཚེ་དང་རྨུགས་འཛིན་བང་མཛོད་ནོར། །ལྷ་དབང་བསོད་ནམས་གཙུག་ན་ཟླ་བའི་སྟོབས། །མདོར་ན་སྲིད་གཞིའི་ལེགས་ཚོགས་ཡོད་དོ་ཅོག །ལྷན་ཅིག་ལོངས་སུ་སྤྱོད་པའི་སྐལ་ཐོབ་མཛོད། །ཡིག་རྐོས་ལས་རྣམས་གེགས་མེད་ཚེགས་ཆུང་འགྲུབ། །འབྲས་བུ་གནས་སྐབས་ལྷ་མིའི་གོ་འཕང་ཐོབ། །རིང་མིན་བྱང་ཆུབ་ཆེན་པོའི་རྒྱལ་སྲིད་ལ། །དབང་སྒྱུར་འགྲོ་རྣམས་ཕན་བདེའི་སར་སྦྱོར་ཤོག །ཅེས་པ་འདི་ཡང་དགའ་ལྡན་ཕུན་ཚོགས་གླིང་གི་པར་རྐོས་པ་རྣམས་ཀྱི་ཁ་ཏོན་དུ་དགོས་ཞེས་པར་ཞུས་རབ་འབྱམས་པ་དགེ་འདུན་ཆོས་འཕེལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །གང་གི་ཆེད་དུ་བྱས་དང་བྱེད་འགྱུར་བའི། །དགེ་བས་བློ་བཟང་བསྟན་པ་རྒྱ་མཚོའི་མིང༌། །འཛིན་པ་གནས་ངན་འཆིང་གྲོལ་མངོན་མཐོའི་རྟེན། །མྱུར་དུ་ཐོབ་པའི་སྐལ་བ་ལྡན་པར་ཤོག །ཅེས་པ་འདི་ནི་མཚོ་སྣ་སྐུ་སྐྱེ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་གྲྭ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །(༡༢༧བ)


GLG021_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ ཋ ཨཱ ཤྩ ཪྻ མཱུ རྟི སྶུ ཁཱི སྠཱ ན ཡོཿ ། བདེ་ལྡན་ཞིང་གི་མགོན་པོའི་ངོ་མཚར་སྐུ། །རི་མོར་བྲིས་པའི་བསོད་ནམས་གང་ཐོབ་དེས། རེ ཁ ལེ ཁཱི ནི པུ ཎྱཱ ཡ ཡོ ཡཱ སྟ ཐཱ། བྱེད་པོ་ཉིང་མཚམས་སྦྱར་ཚེ་འོད་དཔག་མེད། །མངོན་སུམ་ལྟ་ཞིང་དམ་པའི་ཆོས་མྱོང་ཤོག །ཀཱ རུ ཀཱ ལ མྲྀ ཏོ ཨཱ ཡུ ནོ མེ ཡ ཡོཿ ། བདེ་བ་ཅན་ཞིང་བཀོད་པ་རྒྱལ་བའི་གསུང༌། །གསེར་སྦྱངས་ཞུན་མས་བྲིས་འདིས་སྦྱིན་པའི་བདག །བྷཱ ཏོ དྲྀ ཥྟ སཱ དྡྷ རྨ ཡོ སྭཱ ད ཡཱ ཏུ། ཕྱི་མ་བར་དོ་མེད་པར་པདྨའི་སྦུབས། །རྫུས་སྐྱེས་ཐེག་མཆོག་ཆོས་ལ་སྤྱོད་པར་ཤོག །ཅེས་པ་འདི་ནི་དགེ་སློང་ཕུན་ཚོགས་རྒྱ་མཚོས་འོད་དཔག་མེད་ཀྱི་སྐུ་བརྙན་དང་བདེ་བ་ཅན་གྱི་ཞིང་བཀོད་བཞེངས་པའི་ཚེ་སྨོན་ལམ་གྱི་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །བློ་ཆེན་བསྐལ་བཟང་རྣམ་འདྲེན་ཙོང་ཁ་པའི། །བསྟན་འཛིན་བདེ་ལྡན་ཞིང་(༡༢༨ན)


GLG021_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མྱུལ་བཞེད་པ། །ཕྱོགས་འདིར་འགྲོ་དོན་དུས་ལ་བབས་གྱུར་ན། །སྤྲུལ་སྐུའི་གར་བསྒྱུར་དེ་སྨོན་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་རྒྱལ་ཁང་རྩེ་བའི་རྗེས་འཇུག་རྣམས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའ། །རྣམ་པར་སྣང་མཛད་ཐུགས་རྗེའི་ཆུ་རྒྱུན་གྱིས། །ཐོག་མེད་བསགས་པའི་སྡིག་ལྟུང་དྲི་མ་ཀུན། །རབ་བཀྲུས་བློ་བཟང་དངོས་གྲུབ་མངོན་མཐོའི་རྟེན། །ལེགས་ཐོབ་རིང་མིན་བྱང་ཆེན་སར་བགྲོད་ཤོག །ཅེས་སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་ཕྱི་རྟེན་ཐང་ཀའི་རྒྱབ་ཡིག་ཏུ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །མཁྱེན་བརྩེ་ནུས་པ་མངའ་བའི་བདེ་བར་གཤེགས། །བདེན་པ་གཉིས་དང་ལྡན་པ་དམ་པའི་ཆོས། །བྱང་འཕགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག་བསྐྱེད། །གསང་བ་ཀུན་འདུས་མི་བསྐྱོད་ཚེ་དཔག་མེད། །རང་བཞིན་གནས་ནས་གཟུགས་ཀྱི་སྐུར་ཤར་བའི། །སྤྱན་སྔར་བསོད་ནམས་ཚོགས་གསོག་རིག་འཛིན་གྱི། །སྤྱི་དང་བྱེ་བྲག་སྡོམ་ལ་བརྩོན་པར་བགྱི། །གདོད་ནས་དག་པའི་རྩིབས་སྟེང་ཁྲོ་བོ་བཅུས། །བསྐོར་དབུས་ཞེ་སྡང་རྡོ་རྗེའི་ལྟ་སྟངས་མཐུས། །གནོད་མཛེས་དྲག་ཤུལ་སྤྱོད་པས་བགེགས་ཀྱི་དཔུང༌། །མཐར་བྱས་སྲུང་བའི་གུར་ཁང་ལྷུན་གྲུབ་བཞུགས། །འཁོར་འདས་ཆོས་ཀུན་སྟོང་མཚན་སྨོན་མེད་དང༌། །ཡེ་ཤེས་ཚོན་རིས་གཞལ་ཡས་གདན་བཅས་སྟེང༌། །ལྷག་མོས་འོད་གསལ་ཆོས་སྐུའི་ལམ་ཁྱེར་ལས། །དང་པོའི་(༡༢༨བ)


GLG021_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལོངས་སྤྱོད་རྫོགས་སྐུར་བཞུགས། །མཁའ་ཁྱབ་འགྲོ་བྱིན་བརླབ་སྤྲུལ་མི་བསྐྱོད་ཚོགས། །དབྱེར་མེད་རྡོར་སེམས་སྤྲུལ་སྐུའི་ཕུང་པོ་ཁམས། །སྐྱེ་མཆེད་གཤེགས་སེམས་ཁྲོ་བོར་ཡོངས་རྫོགས་པ། །བདག་ཉིད་རྗེ་བཙུན་བླ་མར་གསོལ་བ་འདེབས། །གསང་གསུམ་བདེ་བ་ཆེན་པོར་ཞུ་བའི་དཔྱིད། །གནས་གསུམ་རྩ་འཁོར་ལ་ཐིམ་བྱིན་བརླབས་པས། །སྒོ་གསུམ་མི་ཤིགས་རྡོ་རྗེའི་རང་བཞིན་དུ། །གདན་གསུམ་ཚང་བའི་མགོན་ཁྱོད་བརྟན་པར་བཞུགས། །མཁའ་དང་མཁའ་སྦྱོར་ཇི་བཞིན་སྙོམས་བཞུགས་པས། །ཟག་མེད་བདེ་ཆེན་དྲངས་པའི་བདུད་རྩིའི་རྒྱུན། །བརྟེན་པའི་ལྷ་རྣམས་ཚིམ་བཅུད་སྲོག་ཟུངས་སུ། །གྱུར་ནས་རང་དོན་ཕུན་ཚོགས་གྲུབ་ཁྱོད་བཞུགས། །རྗེས་ཆགས་ལྷ་ཚོགས་ལྷག་བསམ་གྱིས་བཞུའི་ཁམས། །བཙུན་མོའི་མཁའ་ནང་གཞན་དོན་དཀྱིལ་འཁོར་པ། །འཕྲོ་འདུའི་རྒྱལ་པོ་མཆོག་གིས་འགྲོ་བའི་རྒྱུད། །སྦྱངས་ནས་ངེས་ལེགས་ས་ལ་འགོད་དེ་བཞུགས། །བརྟན་པའི་ང་རྒྱལ་ཕྲ་རགས་གསལ་སྣང་ཚོགས། །མགོན་ཁྱོད་ཡིད་ངོར་ཞེ་སྡང་རྡོ་རྗེའི་གར། །བསྒྱུར་བའི་གོམ་སྟབས་གཅིག་གིས་བདུད་བཞིའི་དཔུང༌། །ཟིལ་མནན་གདུལ་བྱའི་དཔལ་དུ་འཚོ་གཞེས་བཞུགས། །ལྷ་སྔགས་ཡེ་ཤེས་འཇུག་པ་གཅིག་པའི་གདངས། །སྤྲོ་དང་བསྡུ་བའི་ཞི་རྒྱས་དབང་དང་དྲག །གྲུབ་པ་ཆེ་བརྒྱད་འཕྲིན་ལས་རྒྱལ་མཆོག་གི །འགྲོ་འདྲེན་དམ་བཅའ་ཡོལ་བ་མེད་དེ་བཞུགས། །གཞན་རྐྱེན་ཞི་བདེའི་དབྱིངས་འཇུག་ཉེར་བསྡོག་པར། ཁྲིམས་ལྡན་འདུས་པའི་ཚད་མེད་ལྷ་མོ་བཞིས། །བསྐུལ་འབྲས་བསྐལ་བརྒྱར་མངོན་སུམ་སྤྱོད་ཡུལ་དུ། །ཞལ་(༡༢༩ན)


GLG021_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འཆེས་རྡོ་བའི་རི་མོ་ཇི་བཞིན་བཞུགས། །བགྲང་ཡས་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བ་དེ་ཉིད་མཆོད་སྤྲིན་འབུལ། །སྡིག་ལྟུང་ཉེས་པ་ཅི་མཆིས་སྙིང་ནས་བཤགས། །ཚོགས་གཉིས་ཕུང་པོ་བསགས་སོ་ཅོག་ལ་རངས། །རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་མཐའི་བར་དུ་མྱ་ངན་མི་འདར་གསོལ། །འདིས་མཚོན་དུས་གསུམ་བསགས་དང་གསོག་འགྱུར་དགེ །འགྲོ་ཀུན་ཟུང་འཇུག་སྐུ་བཞི་ཐོབ་ཕྱིར་བསྔོ། །དྷཱུ་ཏཱིའི་མས་སྣར་དཀར་དམར་ཐིག་ལེར་སེམས། །བཟུང་བས་དབབ་ལྡོག་དགའ་བཞི་ཉེར་དྲངས་པས། །རིགས་བརྒྱ་ལ་སོགས་ལུས་དབེན་སྐུ་རྡོ་རྗེའི། །མི་གཡོ་ཏིང་འཛིན་བརྟན་པོར་རྟག་ཏུ་བཞུགས། །སྔགས་བཟླས་རྫས་ཀྱི་སོག་སྩོལ་རྣམ་གསུམ་གྱིས། །ལས་རླུང་མི་ཤིགས་ཐིག་ལེར་རབ་བསྡུས་པས། །རྩ་མདུད་གྲོལ་དབུས་འོད་གསལ་ངག་དབེན་པ། །གསུང་གི་རྡོ་རྗེའི་ངོ་བོ་ཉིད་དུ་བཞུགས། །སྙིང་གའི་ཨ་དང་རྗེས་གཞི་བུམ་ཅན་ལ། །གནད་དུ་བསྣུན་པས་སྟོང་པ་གསུམ་གྱི་སེམས། །རྣམ་པར་དབེན་པའི་དཔེ་ཡི་འོད་གསལ་བ། །ཐུགས་ཀྱི་རྡོ་རྗེའི་རང་བཞིན་གཡོ་མེད་བཞུགས། །འོད་ཟེར་ལྔ་ལྡན་རླུང་སེམས་རོ་གཅིག་ལས། །མཚན་དཔེའི་རྒྱན་སྤྲས་མ་དག་སྒྱུ་འཕྲུལ་གར། །བཅུ་གཉིས་དཔེས་མཚོན་བགྲང་ཡས་གདུལ་བྱ་ལ། །ངོ་མཚར་སྤྲུལ་པའི་བཀོད་པ་བརྟན་པར་བཞུགས། །སྟོང་ཉིད་ཨེ་དབྱིངས་ཝཾ་ཡིག་འཇའ་ཚོན་ལུས། །ཞུགས་ཏེ་དབྱེར་མེད་སྦྱངས་པས་ལྷན་སྐྱེས་ཀྱི། །དོན་དམ་འོད་གསལ་གནས་ལུགས་མངོན་སུམ་དུ། །རྟོགས་པས་གཞོམ་ཞིག་བྲལ་བའི་སྐུ་(༡༢༩བ)


GLG021_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བཞུགས། །བཞོན་པའི་རླུང་ལས་དག་པ་སྒྱུ་ལུས་སུ། །ལངས་མཐར་རྣམ་གྲོལ་དོན་གྱི་འོད་གསལ་དང༌། །མཚན་དཔེའི་སྐུ་གཉིས་དངོས་པོ་གཅིག་པ་ཡི། །སློབ་པའི་ཟུང་འཇུག་མངོན་དུ་མཛད་ཁྱོད་བཞུགས། །ཕྱི་ནང་རྐྱེན་གྱི་ཤེས་སྒྲིབ་དྲུང་ཕྱུངས་ཏེ། །མི་སློབ་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན། །ལྷུན་གྲུབ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་ཆེད། །འཁོར་བ་སྟོངས་མིན་ཆོས་འཁོར་བསྐོར་ཕྱིར་བཞུགས། །མ་དག་གདུལ་བྱར་ལོངས་སྤྱོད་རྫོགས་པའི་སྐུ། །སྣང་བར་མ་གྱུར་ངག་དབང་བློ་ཡི་གཏེར། །མཁས་བཙུན་བཟང་པོས་རྒྱ་མཚོའི་གོས་ཅན་གཞིར། །འཁོད་པའི་སྐྱེ་རྒུའི་གཉེན་ཁྱོད་ཞབས་བརྟན་ཤོག །སྲིད་ཞིའི་ལེགས་ཚོགས་ཀུན་གྱི་སྲོག་གཅིག་པུར། །རབ་སོང་རྒྱལ་བའི་ཡབ་ཅིག་ཙོང་ཁ་པའི། །ལུང་རྟོགས་བསྟན་པ་རྒྱ་ཧོར་བོད་ཡུལ་གྱིས། །མཚོན་པའི་འཇིག་རྟེན་ཁམས་སུ་རྒྱས་པར་ཤོག །གངས་ཅན་རིག་འཛིན་མགྲིན་སྔོན་རལ་པའི་རྩེར། །འདུས་པའི་དགེ་འདུན་དཀོན་ཅོག་ཟླ་ཚེས་པ། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ས་གསུམ་གྱི། །འགྲོ་བའི་བསོད་ནམས་ཞིང་དུ་འཕེལ་བར་ཤོག །འཇམ་དཔལ་རྡོ་རྗེ་ཁྲོས་པ་མ་ཧེའི་ཞལ། །བླ་མགོན་དབྱེར་མེད་མྱུར་མཛད་ཕྱག་དྲུག་པ། །ལས་ཀྱི་གཤིན་རྗེ་ལྷ་ཆེན་ཉི་མའི་སྲས། །དམ་ཅན་སྲུང་མས་འདོད་པའི་དོན་ཀུན་སྒྲུབས། །མཁའ་ལ་གཟའ་སྐར་བཟང་བ་འཕྲོད་ཀྱི་དགེ །འཛིན་མར་བཀྲ་ཤིས་གཡང་དུ་ཆགས་པའི་དུས། །མཆོག་གསུམ་ཐུགས་རྗེ་བསྐུལ་བའི་བདེན་པའི་ཚིག །བསླུ་མེད་རྟེན་འབྲེལ་མཐུ་ལས་འགྲུབ་བྱིན་རློབས། །ཞེས་དཔལ་ལྡན་འདུས་པའི་རིམ་པ་གཉིས་ཀྱི་ལམ་ལ་གསོལ་འདེབས་དང་རིང་འཚོའི་བརྗོད་(༡༣༠ན)


GLG021_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྦྱར་བ་ཞིག་དགོས་ཞེས་ཁ་བའི་ལྗོངས་འདིར་རིག་སྔགས་འཆང་བའི་གཙུག་རྒྱན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སློབ་དཔོན་ངག་དབང་བློ་གྲོས་རྒྱ་མཚོས་ཐོག་དྲངས་འདུས་ཚོགས་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་ཕུན་ཚོགས་དབང་པོའོ། །བདུད་བཞིའི་དཔུང་གིས་མི་གཡོ་གཏུམ་པོ་ཆེར། ཁྲག་འཐུང་ཕྱག་དྲུག་མྱུར་མཛད་མགོན་པོ་སོགས། །སྣ་ཚོགས་འདོད་ལྷས་ཡོངས་བསྐོར་བཞེངས་པའི་འབྲས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་སྡེ་པ་གདོང་ནས་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་རྗེ་བཙུན་མི་གཡོ་མགོན་པོའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་བྲིས། །འཁོར་འདས་ཡོངས་ཀྱི་ཕྱག་རྒྱ་གླང་པོའི་མགོར། །འཇམ་མགོན་གདོང་ལྔའི་དབང་པོའི་མཐུ་སྟོབས་སྡེར། །བསྣུན་པས་སྣང་སྲིད་ཟིལ་གནོན་ཚེ་བདག་གིས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །རབ་དཀར་ཀཱ་ཤི་ཀ་ཡི་མཚོ་ནང་དུ། །རྒྱ་བོད་མཁས་གྲུབ་དུ་མའི་རྒྱུ་སྐར་གཟུགས། །ཤར་བའི་མོད་ལ་སྐྱེ་རྒ་ན་འཆིའི་མུན། །རབ་སངས་གཏན་བདེའི་ཉི་འོད་ལྡེ་བར་ཤོག །བརྒྱ་ཕྲག་རྗེ་བཙུན་བརྟན་པའི་འཁོར་ལོའི་སྐུ། །བཞེང་པའི་རྒྱུ་སྦྱར་ཏེ་སེའི་ཡབ་གཅིག་གི །གཙུག་ཏོར་ལས་བབས་དགེ་ཚོགས་གངྒཱའི་ཆབ། །རང་རྒྱུད་སྒྲིབ་བཀྲུའི་ཞབས་བསིལ་སྦྲེང་བར་ཤོག །ཅེས་ཡར་སྟོད་སྐྱམ་པ་སྔགས་བཙུན་ངག་དབང་ཆོས་འཛིན་གྱིས་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབ་གྲ་ཚར། འཇམ་དབྱངས་ཀྱི་བརྒྱ་ཐང༌། འཇམ་དཔལ་ཚེ་(༡༣༠བ)


GLG021_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སྐུ་ཐང་རྣམས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །ཁྱོད་བསྒྲུབས་ཞི་ཁྲོ་ཀུན་བསྙེན་ཆིག་ཐུབ་སྨན། །པདྨ་ཐོད་འཕྲེང་ཡབ་ཡུམ་རྡོ་རྗེ་འཆང༌། །སྐྱབས་མཆོག་གསང་འདུས་བླ་མའི་བརྒྱ་ཕྲག་སྐུ། །བཞེངས་པས་བསམས་དོན་ལྷུན་གྲུབ་རྩེ་དགོད་ཤོག །ཅེས་ཆོས་དབང་རིན་པོ་ཆེའི་ཐུགས་སྲས་མཚན་ལྡན་ཉི་མའི་གདུང་འཛིན་བྲག་སྣ་ཆོས་རྗེ་བློ་བཟང་ངག་དབང་གིས་བླ་མ་གསང་འདུས་ཀྱི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །སངས་རྒྱས་ཀུན་གྱི་མཁྱེན་དང་བརྩེ། །ནུས་མཐུའི་བདག་ཉིད་རིགས་གསུམ་མགོན། །དབྱེར་མེད་རྗེ་བཙུན་བཙོང་ཁ་པས། །བྱིན་རླབས་དངོས་གྲུབ་ཆར་ཆེན་སྩོལ། །མོས་པའི་དབང་གིས་གོར་མའི་ངོས། །ཤཱ་རཱི་རམ་བཞིན་འདྲེན་པ་རུ། །ངེས་རྙེད་འདྲ་འབག་བཞེངས་པའི་དགེས། །འདི་ཕྱིའི་གཏན་མདུན་འགྲུབ་པར་ཤོག །ཅེས་ཧོར་བར་ཏ་ཆོས་མཛད་ཀྱིས་རྒྱལ་བ་ཙོང་ཁ་པའི་སྐུ་དང་འདི་ཀའི་གཟུགས་བརྙན་བྲིས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་དབང་ངོ༌། །བསྐལ་བཟང་འདྲེན་པ་བཞི་པའི་སྣང་བརྙན་ལ། །རྒྱལ་དང་དེ་སྲས་དུ་མས་ཡོངས་བསྐོར་བ། །བཞེངས་འབྲས་འཁོར་ལོས་མཚན་པའི་ཕྱག་གི་མཐིལ། །སྤྱི་བོར་བཞག་ནས་བདག་བྱིན་བརླབ་ཏུ་གསོལ། །གངས་ཅན་བློ་གསལ་ཡོངས་ཀྱི་བསྙེམས་པའི་རྐང༌། །མཁས་བཙུན་བཟང་པོའི་རྡོ་རྗེ་གདེངས་ཙམ་གྱིས། །མཐར་བྱེད་ཐུབ་བསྟན་འཆི་མེད་ཡོངས་ཀྱི་བདག །གྲགས་པའི་མུ་ཁྱུད་ཁྱོད་(༡༣༡ན)


GLG021_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདག་རྗེས་ཟུངས། །ཞེས་གོང་དཀར་མདོ་པ་ཆོས་མཛད་ངག་དབང་ལྷུན་གྲུབ་ཀྱིས་རྒྱལ་བ་བུ་རམ་ཤིང་པ་དང་ཀུན་མཁྱེན་བཙོང་ཁ་པ་ཆེན་པོའི་སྐུ་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །འཕྲོག་བྱེད་ཀྱིས་བཏེག་རིན་ཅེན་ཕྲས་བརྒྱན་ཁྲི། །འདབ་སྟོང་ཉི་ཟླ་ཟུང་འཇུག་གདན་སྟེང་དུ། །སྲས་བཅས་རྒྱལ་བའི་ངོ་བོར་རིགས་ཀུན་གྱི། །དབང་ཕྱུག་རྗེ་བཙུན་བླ་མ་བརྟན་གྱུར་ཅིག །དག་པའི་མཚམས་སྦྱོར་སྨོན་ལམ་ཆུ་གཏེར་གློང༌། །སྔོན་གོམས་ལེགས་བྱས་ཛམྦུའི་ལྗོན་པའི་འབྲས། །རོ་གཅིག་ཕན་བདེའི་གསེར་གྱི་སྙེ་མ་ལ། །སྤྱོད་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཅེས་པ་འདི་ཡང་ཡར་འབྲོག་དཔལ་དེ་བ་བསོད་ནམས་རྒྱལ་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྐོག་པ་ཕུན་ཚོགས་དབང་པོའོ། །ནུབ་ཕྱོགས་བདེ་ལྡན་ཞིང་གི་འདྲེན་པ་མཆོག །ཚེ་དང་འོད་སྣང་དཔག་མེད་པདྨའི་ལྗགས། །ལྡེམ་ལྡེམ་བརྐྱངས་རྩེར་བསྟོད་བསྔགས་བུང་བའི་དབྱངས། །རབ་བླང་རྗེ་བཙུན་རྣམ་པར་རྒྱལ་མའི་ཞབས། །གང་གི་གཟུངས་སྔགས་བཀླགས་དང་དྲན་པས་ཀྱང༌། །གཏན་བདེའི་བདུད་རྩེའི་མཆོག་སྦྱིན་སྩལ་བའི་མོད། །མེ་ལོང་ངོས་སུ་ལས་ཀྱི་དཀར་ནག་གཟུགས། །མ་ཤར་ཆི་བདག་སྐྱེངས་པས་ས་འོག་བྲོས། །དེ་ཕྱིར་དང་བའི་ཡིད་ཀྱིས་གསོལ་འདེབས་ན། །ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་རྒྱས། །རྗེས་འཛིན་དམ་པའི་མགོན་མཆོག་ཞབས་པད་བརྟན། །འགྲོ་ཀུན་བདེ་སྐྱིད་ནོར་ལ་སྤྱོད་པར་ཤོག །(༡༣༡བ)


GLG021_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་དཔལ་ལྡན་རྣམ་པར་རྒྱལ་བའི་སྡེར། །ཚུལ་ཁྲིམས་དག་པའི་ཞིང་ས་གཤིན་པ་ལ། །ཆོས་སྤྱོད་རྣམ་བཅུའི་མྱུ་གུ་རྒྱས་པའི་རྩེར། །ངེས་པར་ལེགས་པའི་སྙེ་མ་སྨིན་པར་ཤོག །དམ་པ་ཆོས་བཞིན་བསྲུང་བར་ཞལ་འཆེས་དང༌། །ལྷ་དང་དྲང་སྲོང་རིག་པ་འཛིན་པ་སོགས། །བདེན་ཚིག་གྲུབ་པ་རྣམས་ཀྱི་ནུས་མཐུ་ཡིས། །ཇི་ལྟར་སྨོན་པ་ལྷུན་གྱིས་གྲུབ་པར་ཤོག །ཅེས་བརྟན་བཞུགས་སྨོན་ལམ་གྱི་རིམ་པ་འདི་ནི་རྡོ་དགའ་ལྡན་རྣམ་རྒྱལ་དུ་འཛུགས་རྩིས་ཀྱི་བསྟན་པ་དར་རྒྱས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔའི་སྐུ། །རབ་བཞེངས་བསོད་ནམས་ས་བོན་ཡོངས་སྨིན་པས། །དམིགས་ཡུལ་གྱུར་པའི་ལུས་ཅན་མངོན་མཐོ་དང༌། །ངེས་ལེགས་སྙེ་མ་གཡུལ་དུ་ཟ་བར་ཤོག །ལྔ་པར་སོང་རྣམས་སྡུག་ཀུན་ལས་ཐར་ཕྱིན། །དགེ་འདུན་འདུས་པའི་གཙུག་ན་མཁས་གྲུབ་དབང༌། །ངོ་མཚར་སྤྲུལ་པའི་སྣང་བརྙན་ཚེས་ཀྱི་གྲངས། །བསྐྲུན་པའི་འབྲས་བུ་ཡོལ་མེད་སྨིན་པར་ཤོག །ཤེས་རབ་ཕ་རོལ་ཕྱིན་ཡུམ་འདུ་བྱས་པའི། །དགེ་བས་ཚ་དུས་འདས་རྣམས་སྡུག་བསྔལ་ཚོགས། །དོན་དམ་སྤྲོས་བྲལ་དབྱིངས་སུ་ཡོངས་དག་ནས། །ཀུན་རྫོབ་སྲིད་ཞིའི་སིམ་པ་མྱོང་བར་ཤོག །རྡོ་རྗེ་བཙུན་མོས་རྗེས་སུ་གནང་བའི་མཐུས། །པཎ་ཆེན་འཇིགས་མེད་ཀྱིས་བཀྲལ་རྒྱུད་སྡེ་བཞིའི། །ཆུ་ཚོན་དཀྱིལ་འཁོར་བྲིས་ལས་ཆེད་གཏད་རྣམས། །རིང་མིན་བཅུ་གསུམ་ས་ཆེན་བརྙེས་པར་ཤོག །ཅེས་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་རང་གི་མཆེད་པོ་རྣམས་ཀྱི་དོན་དུ་བྲིས་


GLG021_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འབུར་གྱི་རྟེན་བཞེངས་པའི་དགེ་བ་བསྔོ་བའི་ཚིགས་བཅད་དགོས་ཚུལ་བྱུང་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །བུ་རམ་ཤིང་པའི་གསུང་རབ་ཀུན་གྱི་བཅུད། །འཁོར་ལོ་བར་པའི་སྙིང་པོ་ཤོ་ལོ་ཀ །ཁྲི་ཕྲག་གཉིས་དང་ཆིག་སྟོང་བརྒྱད་བརྒྱ་པ། །ངོ་མཚར་གླེགས་བམ་བཞེངས་པའི་ལེགས་བྱས་མཐུས། །བློ་བཟང་དངོས་གྲུབ་ཐོག་མེད་ཚེ་རབས་ནས། །ད་ལྟའི་བར་བསགས་སྡིག་ལྟུང་ཀུན་བྱང་སྟེ། །ངན་སོང་གསུམ་གྱི་དུ༔ཁས་མི་བརྫི་བར། །མངོན་མཐོའི་རྟེན་བཟང་བརྒྱུད་མར་འཐོབ་པར་ཤོག །ལྷ་དང་མི་ཡི་ཐེམ་སྐས་ལ་བརྟེན་པར། །དགེ་བའི་གོམ་སྟབས་ལྷོད་པོར་ཉེར་འཛེགས་ཏེ། །ཐར་པ་མྱ་ངན་འདས་པའི་ཁང་བཟང་དུ། །བགྲོད་ནས་གཏན་བདེའི་དགའ་སྟོན་ལ་སྤྱོད་ཤོག །རང་ཉིད་ཞི་བ་དོན་གཉེར་ཙམ་མིན་པའི། །ནམ་མཁའ་དང་མཉམ་སེམས་ཅན་དོན་གྱི་ཆེད། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག །རིང་པོར་མི་ཐོགས་མྱུར་བར་མངོན་འགྱུར་ཤོག །འདི་དང་ཚེ་རབས་དུ་མར་ཉེ་འབྲེལ་ཀུན། །བྱང་ཆེན་བརྙེས་པའི་ཐོག་མའི་འདུས་པ་རུ། །གྱུར་ནས་དམ་པའི་ཆོས་ཀྱི་བདུད་རྩི་ཡིས། །ཚིམ་པར་བྱས་ཏེ་སྲིད་མཚོ་ལས་སྒྲོལ་ཤོག །ཅེས་སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་ཕྱི་རྟེན་དུ་དེ་བཞིན་གཤེགས་པའི་གསུང་རབ་ཉི་ཁྲི་དང་བརྒྱད་སྟོང་པ་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་ཚོགས་དབང་པོའོ། །ཁྱད་མཚན་ཙནྡན་དྲི་བསུང་འཐུལ་བའི་མོད། །འཆི་བདག་ཚ་བའི་གདུང་བ་རབ་བཅིལ་བའི། །ཚེ་མཐའ་ཡས་དང་བཅོམ་ལྡན་


GLG021_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་མ། །ཡིད་བཞིན་འཁོར་ལོའི་སྤྱན་གྱིས་བཙའ་བར་མཛོད། །ཐུབ་པའི་བསྟན་ལ་རྗེས་ཞུགས་ཀློག་པ་མཁན། །ཞྭ་སེར་རིང་ལུགས་དར་ཞིང་རྒྱས་མཛད་པ། །དུས་ཀྱི་ཕོ་ཉའི་མཆེ་བ་ལས་ཐར་ཏེ། །རྡོ་རྗེ་ལྟ་བུར་གཡོ་མེད་ཞབས་བརྟན་ཤོག །དཀོན་ཅོག་རིན་ཅེན་རྣམ་གསུམ་མཐུ་སྟོབས་ཀྱིས། །འགྲོ་བའི་བླ་མ་མཁན་ཆེན་དམ་པ་གང༌། །བསྐལ་པ་རྒྱ་མཚོར་འཚོ་ཞིང་རབ་གཞེས་པར། །སྨོན་ལམ་བཏབ་པའི་རེ་འབྲས་ལྷུན་གྲུབ་ཤོག །ཅེས་ར་སྒྲེང་མཁན་ཟུར་པ་བསྟན་པ་དར་རྒྱས་ཀྱི་བརྟན་བཞུགས་ཀྱི་བདེན་པ་བརྗོད་པ་འདི་ནི་གྲྭ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་ནམ་མཁའོ། །བདེ་བར་གཤེགས་པ་ཀུན་གྱི་ཐུགས་རྗེ་རྣམས། །སྙིགས་དུས་འགྲོ་ངོར་བཤེས་གཉེན་ཚུལ་འཛིན་པ། །རྗེ་བཙུན་བླ་མ་དམ་པར་གསོལ་བ་འདེབས། །བྱིན་རླབས་བདག་གི་སྙིང་ལ་འཇུག་པར་མཛོད། །བཟོད་དཀའ་ངན་སོང་སྡུག་བསྔལ་གནས་ནས་དྲོངས། །མངོན་མཐོ་ལྷ་མིའི་རྟེན་བཟང་དག་ལ་སྦྱོར། །སངས་རྒྱས་བསྟན་དང་མཇལ་ཞིང་དམ་པའི་ཆོས། །རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས། །སྐྱེ་སྲིད་རིམ་བཞིན་ཐར་པའི་ལམ་ལ་ཞུགས། །མཁའ་ཉམས་འགྲོ་ལ་མ་བཟོད་སྙིང་རྗེའི་མཐུས། །རྒྱུ་འབྲས་ཐེག་པའི་གོམ་སྟབས་ལ་བརྟེན་ནས། །རིང་མིན་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་པའི་གསོལ་འདེབས་སྨོན་ལམ་འདི་ནི་ཆ་ཀར་ཐི་ཡན་ཆིའི་ཚབ་དགེ་འདུན་རྒྱལ་མཚན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འཇམ་དཔལ་(༡༣༣ན)


GLG021_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ངག་ལ་དབང་འབྱོར་བློ། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གྱུར་པ། །དཔལ་ལྡན་བླ་མའི་ཞབས་སེན་ཟླ་ཚེས་བར། །མོས་པའི་གཙུག་ཏོར་གྱིས་འདུད་གསོལ་བར་འདེབས། །སྐྱེ་བར་ཞྭ་སེར་ཅོད་པན་འཛིན་པ་ཡི། །བསྟན་ལ་རྗེས་ཞུགས་ཚུལ་ཁྲིམས་རྣམ་པར་དག །མདོ་དང་སྔགས་ཀྱི་ཆོས་ཚུལ་མ་ལུས་པ། །སྟོན་པའི་བཤེས་གཉེན་དམ་པས་རྗེས་འཛིན་ཤོག །དབུ་མའི་ལྟ་དང་ཟབ་ལམ་རིམ་པ་ལྔ། །ཟུང་དུ་འབྲེལ་བའི་རྣལ་འབྱོར་ལ་བརྟེན་ནས། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་གྱུར་ཏེ། །འགྲོ་ཀུན་འདྲེན་པའི་དེད་དཔོན་བྱེད་པར་ཤོག །ཅེས་པའི་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདི་ནི་དགེ་སློང་ཤེས་རབ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བདེ་ལྡན་ཞིང་གི་མགོན་པོ་ཚེ་དཔག་མེད། །རྨད་བྱུང་ཐུགས་རྗེ་ལུས་ཕྲའི་འགྲམ་ཆང་གིས། །བཤེས་གཉེན་དམ་པའི་སྐུ་ཚེ་བ་ཀཱུ་ལ། །རབ་རྒྱས་སྲིད་མཐའི་བར་དུ་བརྟན་པར་ཤོག །གང་དེས་ལེགས་བསྔགས་གཙུག་ཏོར་རྣམ་པར་རྒྱལ། །རྨད་བྱུང་ཐུགས་རྗེ་ལུས་ཕྲའི་འགྲམ་ཆང་གིས། །བཤེས་གཉེན་དམ་པའི་སྐུ་ཚེ་བ་ཀཱུ་ལ། །རབ་རྒྱས་སྲིད་མཐའི་བར་དུ་བརྟན་པར་ཤོག །སངས་རྒྱས་ཀུན་གྱི་ཡིད་བཞིན་འཁོར་ལོ་མ། །རྨད་བྱུང་ཐུགས་རྗེ་ལུས་ཕྲའི་འགྲམ་ཆང་གིས། །བཤེས་གཉེན་དམ་པའི་སྐུ་ཚེ་བ་ཀཱུ་ལ། །རབ་རྒྱས་སྲིད་མཐའི་བར་དུ་བརྟན་པར་ཤོག །རྗེ་བཙུན་བཅོམ་ལྡན་སེང་ལྡེང་ནགས་སྒྲོལ་མས། །བདག་ཅག་དཔོན་སློབ་ཆོས་སྲིད་འཕེལ་བ་དང༌། །ཇི་ལྟར་སྨོན་པ་བཞིན་ལ་བར་གཅོད་པའི། །བགེགས་རིགས་ཀུན་ཞི་བསམས་དོན་འགྲུབ་པར་ཤོག །ལེགས་ལྡན་ནག་པོ་ལྷ་ཆེན་ཕྱག་དྲུག་པས། །བདག་ཅག་དཔོན་སློབ་ཆོས་སྲིད་འཕེལ་བ་དང༌། །ཇི་ལྟར་སྨོན་པ་བཞིན་ལ་བར་གཅོད་པའི། །བགེགས་རིགས་ཀུན་ཞི་བསམས་དོན་འགྲུབ་པར་ཤོག །ལས་ཀྱི་གཤིན་(༡༣༣བ)


GLG021_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆོས་ཀྱི་རྒྱལ་པོ་ཡིས། །བདག་ཅག་དཔོན་སློབ་ཆོས་སྲིད་འཕེལ་བ་དང༌། །ཇི་ལྟར་སྨོན་པ་བཞིན་ལ་བར་གཅོད་པའི། །བགེགས་རིགས་ཀུན་ཞི་བསམས་དོན་འགྲུབ་པར་ཤོག །དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མས། །བདག་ཅག་དཔོན་སློབ་ཆོས་སྲིད་འཕེལ་བ་དང༌། །ཇི་ལྟར་སྨོན་པ་བཞིན་ལ་བར་གཅོད་པའི། །བགེགས་རིགས་ཀུན་ཞི་བསམས་དོན་འགྲུབ་པར་ཤོག །ཅེས་རིང་འཚོའི་ཚིགས་བཅད་སྨོན་ལམ་དང་བཅས་པ་འདི་ནི་མྱུག་ལེགས་བཤད་ཆོས་གླིང་གི་སློབ་དཔོན་ཕུན་ཚོགས་ཆོས་འཕེལ། གཉེར་པ་དཀའ་བཅུ་བློ་བཟང་ཚེ་རིང༌། བློ་བཟང་རྣམ་རྒྱལ། འདུས་ཚོགས་སྤྱི་དང་བཅས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེ་ཡིས། །ཡངས་པའི་ནོར་འཛིན་ཁྱོན་ལ་དབང་སྒྱུར་བ། །མི་ཡི་བདག་པོ་འགྱུར་མེད་རབ་བརྟན་ཅིང༌། །མངའ་འབངས་མ་ལུས་བདེ་བར་ལོངས་སྤྱོད་ཤོག །མཐུ་སྟོབས་རྩལ་ལྡན་དམ་ཅན་སྲུང་མ་ཡིས། །རྨད་བྱུང་ཐུགས་རྗེ་ལུས་ཕྲའི་འགྲམ་ཆང་གིས། །བཤེས་གཉེན་དམ་པའི་སྐུ་ཚེ་བ་ཀཱུ་ལ། །རབ་རྒྱས་སྲིད་མཐའི་བར་དུ་བརྟན་པར་ཤོག །དགེ་འདུན་འདུས་པའི་ཚོགས་ཀྱིས་བདེན་བརྗོད་མཐུས། །ཡངས་པའི་ནོར་འཛིན་ཁྱོན་ལ་དབང་སྒྱུར་པ། །མི་ཡི་བདག་པོ་འགྱུར་མེད་རབ་བརྟན་ཅིང༌། །མངའ་འབངས་མ་ལུས་བདེ་བར་ལོངས་སྤྱོད་ཤོག །ས་ཆེན་སྐྱོང་བའི་བརྟན་བཞུགས་འདི་ནི་སློབ་དཔོན་གཉེར་བ་གཉིས་དང་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཨོཾ་སྭ་སྟི། དཀོན་ཅོག་རིན་ཅེན་གསུམ་གྱི་ཐུགས་རྗེ་ཡིས། །ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་ཝང་གང༌། །སྐྱེ་བར་འབྲལ་མེད་རྗེས་སུ་འཛིན་པ་ཡི། །སྨོན་པ་(༡༣༤ན)


GLG021_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་བཞིན་ལྷུན་གྱིས་འགྲུབ་བྱིན་རློབས། །ཞེས་པ་འདི་ཡང་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་འཇམ་དཔལ་ལོ། །སྒོ་གསུམ་བག་ཡོད་བསྡམས་པའི་ཞིང་ས་རུ། །ཚུལ་ཁྲིམས་སྙེ་མ་གཡུར་ཟའི་མནྜལ་འདི། །ཡང་དག་བཤེས་གཉེན་དམ་པར་འབུལ་ལགས་ན། །ཐུབ་བསྟན་གནས་པ་དེ་སྲིད་བརྟན་པར་ཤོག །བྱིང་རྒོད་གཡེང་བྲལ་རྟ་ལྗང་གིས་དྲངས་པའི། །རྩེ་གཅིག་ཏིང་འཛིན་ཟླ་ཤེལ་མནྜལ་འདི། །ཡང་དག་བཤེས་གཉེན་དམ་པར་འབུལ་ལགས་ན། །ཐུབ་བསྟན་གནས་པ་དེ་སྲིད་བརྟན་པར་ཤོག །ཆོས་ཉིད་འགྱུར་མེད་ཆོས་ཅན་རྒྱུ་འབྲས་ཀྱི། །འབྱུང་ཚུལ་གཡོ་མེད་རྟེན་འབྲེལ་མཎྜལ་འདི། །ཡང་དག་བཤེས་གཉེན་དམ་པར་འབུལ་ལགས་ན། །ཐུབ་བསྟན་གནས་པ་དེ་སྲིད་བརྟན་པར་ཤོག །རྒྱལ་རྣམས་སྤང་རྟོགས་མཉམ་ཡང་སྙིགས་དུས་འདིར། །ཐུགས་རྗེ་ལྷག་པར་ཆེ་བའི་བདེ་གཤེགས་བརྒྱད། །བདེན་པའི་ཚིག་གི་དཔང་པོར་གསོལ་འདེབས་ན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ལྔ་སྟོང་བཞི་བརྒྱ་ང་གསུམ་མཚན་སྙན་གྱིས། །འགྲོ་བའི་དབུགས་འབྱིན་མཐས་ཀླས་བདེ་གཤེགས་ཀྱི། །བདེན་པའི་ཚིག་གི་དཔང་པོར་གསོལ་འདེབས་ན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །བསྐལ་བཟང་འདི་ཡི་སྒྲོན་མེ་ཐམས་ཅད་མཁྱེན། །བྱོན་དང་འབྱུང་འགྱུར་སྟོང་ཕྲག་ཐུབ་པ་ཆེ། །བདེན་པའི་ཚིག་གི་དཔང་པོར་གསོལ་འདེབས་ན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །(༡༣༤བ)


GLG021_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསྟན་དེ་སྲིད་མྱ་ངན་མི་འདའ་བར། །འགྲོ་བའི་མགོན་མཛད་གནས་བརྟན་བཅུ་དྲུག་གོ །བདེན་པའི་ཚིག་གི་དཔང་པོར་གསོལ་འདེབས་ན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །སྤྲུལ་པའི་དགེ་བསྙེན་ཆོས་འཕེལ་ཧཱ་ཤང་དང༌། །སྟོབས་ལྡན་རྒྱལ་པོ་ཆེན་པོ་སྡེ་བཞིའི་ཚོགས། །བདེན་པའི་ཚིག་གི་གྲོགས་སུ་གསོལ་འདེབས་ན། །བསམས་པ་ཇི་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །དཀར་ཕྱོགས་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན། །བདེན་པའི་ཚིག་གི་དཔང་པོར་གསོལ་འདེབས་ན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །འཇིག་རྟེན་ཁམས་སུ་ནད་མུག་འཐབ་རྩོད་པའི། །དུས་ཀྱི་ཆད་པ་ནམ་ཡང་མི་འབྱུང་ཞིང༌། །རིང་པོར་འཚོ་བའི་ཚེ་དང་ལོངས་སྤྱོད་ཀྱི། །ཕུན་ཚོགས་དགའ་སྟོན་ཆེན་པོས་ཁྱབ་པར་ཤོག །དགེ་འདུན་སྡེ་རྣམས་ཁྲིམས་གཙང་ཆོས་སྤྱོད་འཕེལ། །མི་བདག་ཚོགས་ཀུན་བརྟན་ཅིང་མངའ་ཐང་རྒྱས། །ལྷ་སྲིན་འབྱུང་པོ་རྩུབ་སེམས་རབ་ཞི་ནས། ཁམས་གསུམ་མ་ལུས་བདེ་བའི་བཀྲ་ཤིས་ཤོག །ཅེས་རིང་འཚོའི་ཚིགས་བཅད་སྨོན་ལམ་དང་བཅས་པ་འདི་ནི་མ་བྱོན་སངས་རྒྱས་ལྔ་པ་ཁ་ཆེའི་པཎྜི་ཏ་ཆེན་པོ་བསོད་སྙོམས་པ་ཤཱཀྱ་ཤྲིའི་རིང་ལུགས་འཛིན་པ་མཚན་སྒྲོག་མཁན་ཆེན་ངག་དབང་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དཔལ་གྲགས་པའོ། །ཆོས་ཀུན་ཟད་མཐར་འཁྱོལ་བ་རྡོ་རྗེའི་སྐུ། །གཞོམ་མེད་འཇའ་ལུས་མཚན་དཔེའི་གར་མཁན་མ། །འཇམ་མཉེན་འདབ་བརྒྱའི་སྦུབས་ནས་ཐོན་པའི་མོད། །གྲུབ་པའི་ཚེ་དབང་རིགས་འཛིན་བདག་ལ་སྩོལ། །པདྨའི་ཟེའུ་འབྲུར་ཡིད་འོང་མཛེས་པའི་སྐུ། །(༡༣༥ན)
སྡེ་བརྒྱད་གཉེན་པོར་རྡོ་རྗེ་སྲིན་པོའི་གཟུགས། །ཧ་ཧར་བཞད་པ་དྲག་པོའི་རྩལ་ལྡན་པའི། །ཞི་ཁྲོ་ཀུན་འདུས་ཁྱོད་ཀྱིས་བདག་བྱིན་རློབས། །འཆི་བདག་བདུད་རྗེའི་མེ་དཔུང་ཆེར་འབར་བ། །ཐུགས་རྗེའི་ཆར་གྱིས་སྐད་ཅིག་གཞིལ་མཛད་པ། །བཅོམ་ལྡན་རྣམ་པར་རྒྱལ་མའི་མཚན་སྙན་གྱིས། །ལུས་ཅན་རྣམས་ཀྱི་བརྣག་དཀའི་སྡུག་བསྔལ་ཚོགས། །སྲིད་རྩ་དུག་ལྔ་སོ་སོར་འཇོམས་བྱེད་པའི། །རང་རང་གཉེན་པོའི་རྩི་སྨན་རིགས་ལྔ་ཡི། །རྣམ་སྤྲུལ་བདེ་བར་གཤེགས་པ་སུམ་ཅུ་ལྔས། །རྒྱུད་ལྔའི་སེམས་ཅན་ངེས་ལེགས་ལམ་དུ་དྲོངས། །སྦྱངས་གཞི་དག་པའི་འབྲས་བུ་རྡོ་རྗེ་སེམས། ཁྱོད་སྐུར་གདན་གསུམ་ཚང་བའི་དཀྱིལ་འཁོར་ཀུན། །ཡོངས་ཤར་གསོལ་བ་བཏབ་པས་མཆོག་ཐུན་གྱི། །དངོས་གྲུབ་འདོད་པ་འཇོ་བའི་བཀའ་དྲིན་སྩོལ། །ཅེས་རི་རྒྱ་བ་དབང་རྒྱལ་རྡོ་རྗེས་གྲྭ་ཚང་དུ་འབུལ་རྩིས་ཀྱི་ཞལ་ཐང་གྲྭ་ཚར་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་གྲགས་པའོ། །


previousསོག་ཙནྡན་དགོན་ཕྱོགས་སུ་ཡོན་བདག་རྣམས་ཀྱི་སྲོག་བླུ་ཚེ་ཐར་མང་པོ་བྱེད་ཡོང་འདུག་པ་དེའི་དུས་སུ་འདོན་རྒྱུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།next