Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
གནས་བརྟན་བཅུ་དྲུག་ལས་བརྩམས་པའི་རིང་འཚོའི་ཚིགས་བཅད་སོགས་བཞུགས་སོ།།
   
   
   
   
   
   
   
   


 
previousགནས་བརྟན་བཅུ་དྲུག་ལས་བརྩམས་པའི་རིང་འཚོའི་ཚིགས་བཅད་སོགས་བཞུགས་སོ།།next

གནས་བརྟན་བཅུ་དྲུག་ལས་བརྩམས་པའི་རིང་འཚོའི་ཚིགས་བཅད་སོགས་བཞུགས་སོ།།


GLG021_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་བཅུ་དྲུག་ལས་བརྩམས་པའི་རིང་འཚོའི་ཚིགས་བཅད་སོགས་བཞུགས་སོ།།རང་བཞིན་གནས་ནས་ཐུབ་དབང་ཤཱཀྱའི་རྒྱལ། །ཐེག་པ་གསུམ་གྱི་དགེ་འདུན་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་འཁོར་འདས་གདུང་ཞི་དར་རྒྱས་ཤིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །གངས་ཅན་རི་ནས་གནས་བརྟན་ཡན་ལག་འབྱུང༌། །ཆིག་སྟོང་གསུམ་བརྒྱའི་དགྲ་བཅོམ་འཁོར་(༡༣༥བ)


GLG021_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་ཁྲིམས་དག་ཉོན་མོངས་ཉེར་ཞི་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །དྲང་སྲོང་རི་ཡི་ངོས་ནས་མ་ཕམ་པ། །བརྒྱ་ཕྲག་གཅིག་གི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་སྤངས་རྟོགས་ཡོན་ཏན་འཐོབ་འགྱུར་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །ལོ་མ་བདུན་པའི་ཕུག་ནས་ནགས་ན་གནས། །ཆིག་སྟོང་བཞི་བརྒྱའི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་གནོད་བྲལ་ལོག་རྟོག་མུན་སེལ་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །འཛམ་བུའི་ཟངས་ཀྱི་གླིང་ནས་དུས་ལྡན་ནི། །བརྒྱ་(༡༣༦ན)


GLG021_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག་གི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་སྤངས་རྟོག་ཡོན་ཏན་ཐོབ་འགྱུར་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །སིངྒཱའི་གླིང་ནས་རྡོ་རྗེ་མ་ཡི་བུ། །སྟོང་ཕྲག་གཅིག་གི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་ཞི་འདུན་དོན་རྣམས་ལེགས་འགྲུབ་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །ཆུ་བོ་ཡ་མུའི་གླིང་ནས་བཟང་པོ་ནི། །ཆིག་སྟོང་ཉིས་བརྒྱའི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་ཆོས་མཁས་ཏིང་འཛིན་འབྲས་སྨིན་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། ཁ་ཆེའི་ཡུལ་ནས་གནས་བརྟན་གསེར་གྱི་བེའུ། །བརྒྱ་ཕྲག་ལྔ་ཡི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་གཟུངས་སྤོབས་ཡོན་ཏན་འཐོབ་བྱེད་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །བ་ལང་སྤྱོད་ནས་བྷ་ར་དྷཱ་ཛ་གསེར། །བརྒྱ་ཕྲག་བདུན་གྱི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་འབྱོར་རྒྱས་གནས་ལུགས་མངོན་གྱུར་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །པྲི་ཡངྐུ་ཡི་གླིང་ནས་སྒྲ་གཅན་འཛིན། །ཆིག་སྟོང་ཆིག་བརྒྱའི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་ཉེས་འཇོམས་ཆོས་ཀུན་དོན་རྟོགས་ཤིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །བྱ་རྒོད་ཕུང་པོའི་རི་ནས་ལམ་ཕྲན་བསྟན། །སྟོང་དང་དྲུག་བརྒྱའི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་ཉོན་མོངས་སྡུག་བསྔལ་མེ་ཞི་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །ལུས་འཕགས་གླིང་ནས་དྷཱ་ཛ་བསོད་སྙོམས་ལེན། །སྟོང་ཕྲག་གཅིག་གི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་བཟོད་དཀའི་སྡུག་བསྔལ་དང་བྲལ་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །སུམ་ཅུ་རྩ་གསུམ་ཡུལ་ནས་ལམ་བསྟན་ནི། །བརྒྱ་ཕྲག་དགུ་ཡི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་སྤོབས་མཐོ་བློ་གྲོས་རབ་འཕེལ་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་(༡༣༦བ)


GLG021_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །རི་རྒྱལ་ངོས་ནས་གནས་བརྟན་ཀླུ་ཡི་སྡེ། །ཆིག་སྟོང་ཉིས་བརྒྱའི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་འདོད་ཡོན་བསམ་འཕེལ་ནད་རྣམས་ཞི། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །རི་རྒྱལ་བི་ཧུ་ལ་ནས་སྦེད་བྱེད་ནི། །ཆིག་སྟོང་བཞི་བརྒྱའི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་ལྔ་རིག་ཉོན་མོངས་དག་འགྱུར་ཞིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །གངས་ཅན་རི་ནས་གནས་བརྟན་མི་ཕྱེད་པ། །སྟོང་ཕྲག་གཅིག་གི་དགྲ་བཅོམ་འཁོར་དང་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་སྡིག་ཞི་འདོད་དོན་ཀུན་འགྲུབ་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །གནས་བརྟན་རྣམས་ཀྱི་ཉེ་བར་གནས་པ་རུ། །དགེ་བསྙེན་ཆོས་འཕེལ་རྫུ་འཕྲུལ་མཐུ་ལྡན་པ། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་གདུལ་བྱ་མ་ལུས་ཡོངས་སྨིན་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །ཕྱོགས་བཞིའི་གནས་ནས་རྒྱལ་ཆེན་སྡེ་བཞི་པོ། །རྩལ་སྟོབས་ལྡན་པའི་འཁོར་ཚོགས་རྒྱ་མཚོར་བཅས། །འདིར་སྤྱོན་བསྟན་དང་འགྲོ་བའི་བདེ་སྐྱིད་སྤེལ། །སྡེ་འདིར་བསྲུང་སྐྱོབ་མཐུན་རྐྱེན་སྒྲུབ་མཛད་ཅིང༌། །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །ལུགས་འཛིན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་རབ་བརྟན་ཅིང༌། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་བྱིན་རློབས། །སྙིང་ནས་མི་ཕྱེད་དད་པས་ལེགས་བཏབ་པའི། །སྨོན་ལམ་ས་ཧ་ཀ་རའི་སྡོང་པོ་ལ། །འདོད་དོན་རོ་བདའི་འབྲས་བུ་ཡོངས་སྨིན་ཏེ། །དུས་ཀུན་ཚར་དུ་དངར་བའི་(༡༣༧ན)


GLG021_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཤོག །ཅེས་གནས་བརྟན་བཅུ་དྲུག་ལས་བརྩམས་པའི་རིང་འཚོའི་ཚིགས་བཅད་འདི་ནི་བསམ་གཏན་རྩེར་འཛུགས་རྩིས་ཀྱི་བྱིང་པ་བློ་བཟང་ཆོས་ལྡན་གྱིས་བསྐུལ་བ་ལ་བརྟེན་ནས་འདོད་སྦྱར་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །སྒྲིབ་གསུམ་རྒྱ་ལས་རྣམ་གྲོལ་སྤང་རྟོགས་ཀྱི། །ཡོན་ཏན་མཐར་ཕྱིན་སངས་རྒྱས་བདེན་པའི་མཐུས། །འཇམ་དབྱངས་དགའ་བའི་བཤེས་གཉེན་རབ་བརྟན་ཅིང༌། །འཁོར་བ་དེ་སྲིད་འཕྲིན་ལས་ཆད་མེད་ཤོག །འགྲོ་ཀུན་ཞི་བ་ལ་སྦྱོར་ཐེག་གསུམ་གྱི། །ལུང་དང་རྟོགས་པའི་དམ་ཆོས་བདེན་པའི་མཐུས། །འཇམ་དབྱངས་དགའ་བའི་བཤེས་གཉེན་རབ་བརྟན་ཅིང༌། །འཁོར་བ་དེ་སྲིད་འཕྲིན་ལས་ཆད་མེད་ཤོག །མྱང་འདས་སྒྲུབ་གྲོགས་མཛད་ཅིང་ལུས་ཅན་གྱི། །བསོད་ནམས་ཞིང་གྱུར་དགེ་འདུན་བདེན་པའི་མཐུས། །འཇམ་དབྱངས་དགའ་བའི་བཤེས་གཉེན་རབ་བརྟན་ཅིང༌། །འཁོར་བ་དེ་སྲིད་འཕྲིན་ལས་ཆད་མེད་ཤོག །མཆོག་གསུམ་བདེན་པ་ནམ་ཡང་མི་སླུ་བའི། །རྒྱུ་འབྲས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །འཇམ་དབྱངས་དགའ་བའི་བཤེས་གཉེན་རབ་བརྟན་ཅིང༌། །འཁོར་བ་དེ་སྲིད་འཕྲིན་ལས་ཆད་མེད་ཤོག །ཐུབ་བསྟན་ལེགས་དར་རྒྱལ་བའི་བཀའ་ཁྲིམས་བཙན། །འཇིག་རྟེན་པ་རྣམས་རྟག་ཏུ་བདེ་ཞིང་སྐྱིད། །རྫོགས་ལྡན་བསྐལ་པ་གསར་དུ་དང་ཤར་པའི། །དགའ་སྟོན་མངོན་སུམ་མྱོང་བའི་བཀྲ་ཤིས་ཤོག །ཅེས་བདེན་པ་བརྗོད་པའི་ཚིགས་སུ་བཅད་པ་འདི་ནི་ངམ་རིང་མཁན་པོ་ངག་དབང་འོད་ཟེར་གྱི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་གྲགས་པའོ། །སྣོད་བཅུད་བདེ་ལྡན་(༡༣༧བ)


GLG021_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་སྐྱེ་འཕགས་གར། །སྣང་དབུས་ཁྲི་པད་ཉི་ཟླའི་གདན་སྟེང་དུ། །དཔལ་ལྡན་བླ་མ་ཚེ་དཔག་མེད་མགོན་སྐུར། །རབ་གསལ་འཁོར་བ་སྟོངས་མིན་རྟག་བརྟན་ཤོག །ཨ་ཧཾ་མི་འགྱུར་རྡོ་རྗེའི་ཀ་བ་ཅན། །སྙིང་དབུས་ཐབས་ཤེས་ཟླ་ཉིའི་གའུའི་ནང༌། །དངས་མའི་ཚེ་སྲོག་ཡིག་གཟུགས་འོད་བཀྲག་འཚེར། །བསྐལ་བརྒྱར་མི་ཕྱེད་གཡུང་དྲུང་ལྟར་བརྟན་ཤོག །པད་འབྱུང་ཡབ་ཡུམ་ཞལ་ལུང་ཆེས་མངར་བས། །ལེགས་བཏགས་གསང་མཚན་རྡོ་རྗེ་ཐོག་མེད་རྩལ། །སཱ་ལའི་སྨན་ལྗོངས་ཕན་བདེའི་ཉེར་འཚོ་རུ། །མི་འགྱུར་སྨོན་པའི་བདེན་ཚིག་ལྷུན་གྲུབ་ཤོག །ནོར་འཛིན་སྐྱོང་བའི་མི་དབང་ཞབས་བརྟན་ཅིང༌། །ཆོས་ལྡན་རྒྱལ་པོའི་ཁྲིམས་ཀྱིས་འཛམ་གླིང་ཁྱབ། །ཐུབ་བསྟན་བཤད་སྒྲུབ་དབྱར་མཚོ་ལྟ་བུར་འཕེལ། །འབངས་རྣམས་ལྷ་ཡི་དགའ་སྟོན་ལ་སྤྱོད་ཤོག །སླུ་མེད་དཀོན་ཅོག་གསུམ་གྱི་ཐུགས་རྗེ་དང༌། །བདེ་གཤེགས་རྒྱལ་བ་ཞི་ཁྲོའི་བྱིན་རླབས་སྟོབས། །འདོད་ཁམས་དབང་ཕྱུག་ལ་སོགས་སྲུང་མའི་མཐུས། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །ཅེས་ངེད་རང་དང་སྡེ་པའི་རིང་འཚོ་བསྟན་འགྲོ་རྒྱས་པའི་སྨོན་ལམ་དང་བཅས་པ་འདི་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་འཛུགས་རྒྱུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །རྒྱལ་བ་ཀུན་ཡུམ་ཡིད་བཞིན་འཁོར་ལོ་ཡི། །རབ་གསལ་ཡེ་ཤེས་སྤྱན་བདུན་རྟག་གཟིགས་ནས། །ངག་དབང་བློ་ལྡན་སྐལ་བཟང་སྐྱེ་རྒུའི་གཉེན། །བསྐལ་(༡༣༨ན)


GLG021_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱ་མཚོར་མི་གཡོ་ཞབས་བརྟན་ཤོག །སྤྱི་དང་ཁྱད་པར་འཇམ་མགོན་བཙོང་ཁ་པའི། །ལུགས་གཉིས་བསྟན་པ་རྒྱ་ཧོར་བོད་ཡུལ་སོགས། །འཛམ་གླིང་ཀུན་ཁྱབ་རྒྱས་པའི་བྱེད་པོ་རུ། །ངེས་པ་ལྔ་ལྡན་ཇི་བཞིན་བཞུགས་གྱུར་ཅིག །ཞྭ་སེར་ཅོད་པན་འཆང་བའི་སྲིད་ཀྱི་སྡེ། །གྱེན་དུ་བཏེག་པའི་ཕན་བདེའི་གདུགས་དཀར་པོའི། །གྲིབ་མར་འབངས་ཀུན་ངལ་གསོ་ལ་སྦྱོར་བའི། །ས་སྐྱོང་བློ་བཟང་མཐུ་སྟོབས་ཞབས་བརྟན་ཤོག །ལྗོངས་འདིར་ཐུབ་པའི་རིང་ལུགས་རབ་དར་བའི། །དཀོན་ཅོག་རྣམ་གསུམ་ཐུགས་རྗེའི་བྱིན་རླབས་ཀྱིས། །འགྲོ་རྣམས་དབུལ་ཕོངས་ནད་འཁྲུག་དང་བྲལ་ཞིང༌། །ཕུན་ཚོགས་བདེ་སྐྱིད་འདོད་དོན་ལྷུན་གྲུབ་ཤོག །ཡི་དམ་འཇམ་དཔལ་ཞི་དང་ཁྲོ་བོའི་གར། །ལེགས་ལྡན་ཕྱག་དྲུག་བསམ་འཕེལ་དབང་གི་རྒྱལ། །ལྷ་དང་དྲང་སྲོང་བདེན་ཚིག་འགྲུབ་པའི་མཐུས། །ཇི་ལྟར་སྨོན་པའི་འབྲས་བུ་ཡོངས་སྨིན་ཤོག །ཅེས་པ་འདི་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །མར་ཁུའི་རྒྱ་མཚོ་ཡོངས་སུ་འཁྱིལ་བའི་ཀོང༌། །ཕུན་ཚོགས་འོད་སྟོང་འབར་བའི་སྒྲོན་མེ་ཡིས། །མུན་པའི་བསྐལ་པ་མ་ལུས་མཐར་བྱས་ནས། །འགྲོ་རྣམས་སངས་རྒྱས་མངོན་སུམ་མཐོང་བར་ཤོག །ཅེས་ཀོང་རྒྱ་མཚོ་འོད་འབར་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཕུལ་སྐབས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་མཐུས། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །བསྐལ་བརྒྱའི་བར་དུ་རྡོ་རྗེ་ལྟར་བརྟན་ཅིང༌། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །ཡི་དམ་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་མཐུས། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །བསྐལ་བརྒྱའི་བར་དུ་རྡོ་རྗེ་ལྟར་བརྟན་ཅིང༌། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །དམ་ཅན་ཆོས་སྐྱོང་སྲུང་མའི་མཐུ་རྩལ་གྱིས། །ངག་དབང་བློ་གསལ་(༡༣༨བ)


GLG021_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་རྒྱ་མཚོའི་སྡེ། །བསྐལ་བརྒྱའི་བར་དུ་རྡོ་རྗེ་ལྟར་བརྟན་ཅིང༌། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །བླ་མ་ཡི་དམ་སྲུང་མའི་བྱིན་རླབས་ཀྱིས། །མཁན་ཆེན་བསྟན་པ་དར་རྒྱས་གཡུང་དྲུང་ལྟར། །མི་འགྱུར་འདིར་འདུས་དགེ་འདུན་སྡེ་རྣམས་ཀྱི། །ཆོས་སྲིད་ལེགས་ཚོགས་ཟླ་བཞིན་འཕེལ་བར་ཤོག །ཇི་ལྟར་སྨོན་ལམ་བཏབ་པའི་འབྲས་བུ་ཀུན། །རབ་ཏུ་སྨིན་པའི་བསོད་ནམས་ཕུང་པོ་གང༌། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ཡང་རྭ་སྒྲེང་མཁན་ཟུར་པའི་གྲྭ་མང་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྔོན་གོམས་སྨོན་ལམ་རྣམ་དག་མཐུ་བཙན་པས། །བསམས་བཞིན་སྤྲུལ་པའི་ཟློས་གར་ཟླ་ཚེས་པ། །ཉེས་བརྒྱ་སྒྲ་གཅན་མཆེ་བ་ལས་གྲོལ་ནས། །ཡོན་ཏན་ཆ་གང་གཡོ་མེད་བརྟན་པར་ཤོག །ཅེས་པ་འདི་ཡང་ཞབས་དྲུང་ངག་གི་དབང་ཕྱུག་གི་བཞེད་པ་བཞིན་བྲིས། །རྒྱལ་རྣམས་མངོན་སུམ་མཐོང་བའི་སྐལ་ཕྲ་བར། །དེ་གསུང་སྟོན་མཛད་དགེ་བའི་བཤེས་གཉེན་སྐུ། །རི་མོར་བྱས་པའི་བསོད་ནམས་རྒྱ་མཚོ་ཡིས། །སྐྱེ་བར་དམ་པའི་མགོན་གྱིས་རྗེས་འཛིན་ཤོག །ལྷ་སྔགས་གཞན་གྱི་ནུས་མཐུ་ཇེ་ཞན་ཚེ། །སྙིགས་དུས་བྱིན་རླབས་ཆེར་འབར་བདེར་གཤེགས་བརྒྱད། །ལེགས་(༡༣༩ན)


GLG021_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཞིང་དུ་བསྐྲུན་འདིས་འཁོར་བ་ལས། །ཉེར་ཐར་མྱང་འདས་བདེ་ཆེན་སར་བགྲོད་ཤོག །རྣམ་འདྲེན་བཞི་པའི་བསྟན་པ་དེ་སྲིད་བར། །གཟུགས་སྐུའི་བཀོད་པ་མ་བསྡུས་ལུས་ཅན་དོན། །རབ་མཛད་འཕགས་པའི་གནས་བརྟན་ཚོགས་རྣམས་ཀྱི། །བྱིན་རླབས་རྒྱུ་སྦྱོར་བདག་སྙིང་ལ་སིམ་མཛོད། །རྒྱལ་འགོང་དམ་སྲིའི་ཚ་ངར་སྙིགས་དུས་འདིར། །བདོ་བའི་གཉེན་པོར་དབང་ཆེན་རྟ་མཆོག་དཔལ། །གར་དགུའི་ཉམས་ཀྱིས་རོལ་བའི་བརྟུལ་ཞུགས་རྩལ། །རྫོགས་པའི་ཁྲག་འཐུང་དཔའ་བོས་བྱིན་གྱིས་རློབས། །ཞེས་རྡོ་དགོན་པ་བ་བློ་བཟང་དོན་ལྡན་གྱིས་བླ་མ། སྨན་བླ། གནས་བཅུ། རྟ་མགྲིན་རྣམས་ཀྱི་ཞལ་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱིབནྡེས་སྦྱར་བའི་ཡི་གེ་པ་ནི་བཀྲས་རབ་པ་ཕུན་དབང་ངོ༌། །རྣམ་འདྲེན་ཡོངས་ཀྱི་མཁྱེན་བརྩེ་ནུས་པའི་དཔྱིད། །གསེར་ཞུན་ཅོད་པན་འཆང་བའི་ཟློས་གར་གྱིས། །ས་གསུམ་སྐྱེ་རྒུའི་མཆོད་སྡོང་གཅིག་པུ་པ། །བློ་བཟང་གྲགས་པས་དེང་འདིར་དགེ་ལེགས་སྩོལ། །གང་གི་ཐུགས་རྗེ་མཐའ་ཀླས་ཚེ་ཡི་ཁམས། །གཞུ་བླུགས་གཡུང་དྲུང་སྲོག་ཏུ་བཤེས་གཉེན་མཆོག །བྱིན་རླབས་འོད་མཚན་སྟོང་དུ་རབ་འབར་མགོན། །ཇི་བཞིན་བརྟན་པའི་སྨོན་པ་ལྷུན་གྲུབ་ཤོག །ངག་ལ་དབང་ཕྱུག་བརྗོད་པ་རྣམ་དག་སྒྲས། །བློ་ལྡན་ཀུན་གྱི་བསྙེམས་འཕྲོག་སྐལ་བཟང་ཅན། །རྒྱ་ཆེན་ཆོས་ཚུལ་མཚོ་བཞིན་གཏིང་ཟབ་པ། །སྟོན་མཛད་འོག་མིན་ཞིང་གཙོ་ལྟར་བརྟན་ཤོག །སྡེ་བཞི་གར་དུ་རྩེ་བའི་ཐང་ཡངས་པོར། །ལྔ་བརྒྱའི་དཔུང་གཉེན་འཇམ་མགོན་ཙོང་ཁ་པར། །(༡༣༩བ)


GLG021_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་མཆོད་སྤྲིན་སྤྲོ་བའི་འདུས་པའི་གླིང༌། །སྲིད་མཐའི་བར་དུ་མི་ཉམས་འཕེལ་བར་ཤོག །བདུད་སྡེ་འཇིགས་བྱེད་འཇམ་དཔལ་གཤིན་རྗེ་གཤེད། །ལེགས་ལྡན་ཕྱག་དྲུག་ལྷ་ཆེན་ཉི་མའི་སྲས། །འདོད་ཁམས་དབང་ཕྱུག་ལ་སོགས་སྲུང་མ་ཡིས། །བསམས་པ་ཇི་བཞིན་འཕྲིན་ལས་ལྷུན་གྲུབ་མཛོད། །ཅེས་སྨོན་པ་འགྲུབ་པའི་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་རྩེས་དང་ལྔ་མཆོད་པའི་འདུས་ཚོགས་སྤྱི་སོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །ཟས་གཙང་སྲས་ཀྱིས་ཆེད་དུ་བསྔགས་པའི་དབྱངས། །སྲིད་གསུམ་རྣ་བའི་རྒྱན་དུ་འབར་བའི་གཟིས། །འཆི་བདག་མུན་མཐར་བྱེད་པའི་བཅོམ་ལྡན་མ། །གཙུག་ཏོར་རྣམ་པར་རྒྱལ་མས་རིང་དུ་སྐྱོངས། །བློ་བཟང་སྙན་པའི་གྲགས་ལྡན་བཙོང་ཁ་པའི། །ཆོས་སྲིད་བླ་ནས་བླར་འདེགས་མཐུ་སྟོབས་ཅན། །ས་དབང་ཁྲིམས་ཀྱི་ཉི་མས་ཕན་དང་བདེའི། །འདབ་བརྒྱ་བསྐལ་པར་བཞད་ཕྱིར་ཞབས་བརྟན་ཤོག །དེང་འདིར་རྩེ་གཅིག་སྨོན་ལམ་ཡོངས་བཏབ་པའི། །འབྲས་བུ་བསམས་པ་ཇི་བཞིན་ལེགས་སྨིན་པར། །ལྷ་དང་དྲང་སྲོང་རིག་པ་འཛིན་རྣམས་ཀྱིས། །ལྷུན་གྱིས་གྲུབ་པའི་བདེན་ཚིག་བརྗོད་པར་ཤོག །ཅེས་བརྟན་བཞུགས་ཀྱི་ཚིགས་བཅད་འདི་ནི་རྩེས་དང་ལྔ་མཆོད་པ་སྤྱི་སོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །བློ་ལྡན་སྐལ་བཟང་རྣམ་པར་འདྲེན་པའི་གཙོ། །ཤཱཀྱ་སེང་གེའི་བསྟན་པ་རིན་པོ་ཆེར། །ཐོས་དང་བསམ་པའི་འཕྲིན་ལས་རྒྱུད་ཞུགས་(༡༤༠ན)


GLG021_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སྔོན་གོམས་བག་ཆགས་སད་ལ་གསོལ་བ་འདེབས། །རིང་བསགས་ལེགས་བྱས་ཟླ་བའི་མ་མ་ལ། །མཆོག་གསུམ་ཐུགས་རྗེ་བསྐུལ་བའི་ས་འཛིན་མས། །ཡོངས་བསྒྲིལ་མི་འགྱུར་བརྟན་པའི་ཉི་འོད་ཀྱིས། །རེ་འདོད་འདབ་བརྒྱ་བཞད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཤེས་རབ་བཟང་པོའི་ངོར་སྦྱར། །སྙིང་དབུས་རླུང་སེམས་དག་པའི་འོད་མཐའ་ཡས། །ཡབ་ཡུམ་དགའ་བཞིའི་འཆི་མེད་བྱང་སེམས་རྒྱུན། །རྩ་ཁམས་ལུས་ཁྱབ་བདེ་སྟོང་ཟུང་འཇུག་པས། །ཚེ་ལ་དབང་བའི་རིགས་འཛིན་འགྲུབ་པར་ཤོག །ཅེས་ཤླཽ་ཀ་གཅིག་ལ་འཆི་མེད་སྒྲུབ་ཚུལ་ཡོད་པ་ཞིག་དགོས་ཞེས་ཟུར་མངས་ཆོས་རྗེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བཀྲས་རབ་པ་ཕུན་དབང་ངོ༌། །ཆོས་རྣམས་ཀུན་གྱི་འབྱུང་གནས་རྒྱལ་བའི་ཡུམ། །གདོད་ནས་རང་བཞིན་དག་པ་སྤྲོས་བྲལ་མཁར། །སླུ་མེད་རྒྱུ་དང་འབྲས་བུ་དབང་པོའི་གཞུ། །འགོག་མེད་འཆར་བའི་རྟེན་འབྲེལ་བདེན་པའི་མཐུས། །བློ་བཟང་བསྟན་འཛིན་དལ་བའི་རྟེན་གྱི་གཟིངས། །ལེགས་རྙེད་སྲིད་པའི་མཚོ་ཆེན་ལས་བསྒྲལ་ཏེ། །མ་སྨད་ཐར་པའི་རིན་ཆེན་གླིང་མཆོག་ཏུ། །སྤྱོད་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་པ་འདིའང་དགེ་གཞོན་རྣམས་ཀྱིས་དབུ་མཛད་བློ་བཟང་བསྟན་འཛིན་གྱི་ཆེད་དུ་ཡུམ་ཆེན་མོའི་སྟོང་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །རྒྱལ་ཀུན་ཡབ་ཅིག་མགོན་པོ་ཀུན་ཏུ་གཟིགས། །མཚམས་སྤྲིན་(༡༤༠བ)


GLG021_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གོས་འཆང་བློ་བཟང་གྲགས་པའི་ཞབས། །དིང་དུས་ངོ་མཚར་རྨད་བྱུང་བཀོད་ཞིང་གཙོར། །འཇིགས་མེད་སེང་གེའི་ང་རོའི་དབྱངས་སྙན་ཀྱེ། །ཉེ་རིང་མེད་པ་ཐུགས་རྗེ་ཉི་མའི་ཟེར། །བདག་སོགས་མོས་བློའི་འདབ་སྟོང་ཡོངས་བཞད་ནས། །འདོད་དོན་སྦྲང་རྩི་དངར་པོའི་རོ་བདའ་བར། །འཛད་མེད་ལོངས་སུ་སྤྱོད་པར་བདག་བྱིན་རློབས། །མགོན་ཁྱོད་རིང་ལུགས་འཆད་རྩོད་རྩོམ་པ་ལ། །ངག་གི་དབང་ཕྱུག་གྲུབ་པའི་བློ་གྲོས་གཏེར། །མཁས་བཙུན་བཟང་པོའི་འཕྲིན་ལས་རྒྱ་མཚོའི་མཐར། །ཡོངས་ཁྱབ་བཤེས་གཉེན་དམ་པ་ཞབས་རྟན་ཤོག །ནོར་འཛིན་སྐྱོང་ལ་བློ་དང་བརྩོན་པ་ཡིས། །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་མཆོག །འདེགས་པའི་མཐུ་ལྡན་སྟོབས་ཀྱིས་དབང་ཕྱུག་ཆེ། །རྡོ་རྗེ་ལྟ་བུར་ནམ་ཡང་གཡོ་མེད་ཤོག །གཏན་གྱི་སྐྱབས་གནས་རིན་ཆེན་རྣམ་པ་གསུམ། །བདེན་ཚིག་གྲུབ་པའི་ལྷ་དང་དྲང་སྲོང་རྣམས། །དཔང་པོར་བྱས་ཏེ་སྨོན་ལམ་བཏབ་པ་ཡིས། །འབྲས་བུ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་སྐུ་སྐྱེ་བློ་བཟང་བསྟན་འཛིན་གྱིས་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་དུ་འཛུགས་རྩིས་ཀྱི་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །འཛམ་གླིང་ཡོངས་ཀྱི་ཕུན་ཚོགས་ལོངས་སྤྱོད་རྣམས། །གཡས་འཁྱིལ་རིན་ཅེན་འདུས་པའི་ཡོལ་གོ་འདི། །བསྐྲུན་པས་དེང་ནས་བླ་མེད་བྱང་ཆུབ་བར། །ཆོས་སྲིད་འབྱོར་པའི་བཅུད་ཀུན་མྱང་བར་ཤོག །ཅེས་མཁས་མང་བློ་གསལ་གླིང་གི་ཚོགས་ཁྲོ་འཛམ་གླིང་གཡས་འཁྱིལ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཞེངས་པར་ངག་དབང་བཟང་པོའི་(༡༤༡ན)


GLG021_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཞོ་གང་གི་ཞལ་འདེབས་དང་བཅས་བཟོ་བྱེད་པའི་དོ་དམ་སྡེ་པ་འབོག་གོང་དབང་རྒྱལ་གྱིས་བགྱིས་པ་མངྒ་ལཾ། །རྒྱལ་ཀུན་འཆི་བདག་བདུད་བཅོམ་ས་བོན་རྣམས། །ཚེ་མཐའ་ཡས་སྐུར་སྨིན་པའི་ཐུགས་རྗེའི་འབྲས། །བསྐལ་བརྒྱར་རབ་འཚོའི་རོ་བདའ་རྟག་མྱོང་བའི། །བྱིན་རླབས་ཡོངས་འདུའི་གྲིབ་ཏུ་ངལ་གསོར་ཤོག །མཛོད་སྤུ་གཡས་འཁྱིལ་འོད་འབར་ཟེར་འཕྲེང་གིས། །ལྷ་ཆེན་ཉི་བུའི་སྨག་རུམ་མཐར་བྱས་ཏེ། །གཞོམ་མེད་སྲོག་གི་ཀ་བ་མི་འགྱུར་བའི། །གཏན་བདེའི་སྣང་བས་ཁྱབ་པའི་བཀའ་དྲིན་སྩོལ། །ངག་གི་དབང་ཕྱུག་བློ་བཟང་གྲགས་པ་ཡི། །རིང་ལུགས་རྒྱ་མཚོའི་ཕ་མཐའ་ཡོངས་བརྒལ་བའི། །ནོར་འཛིན་དཔལ་མོའི་མངལ་དུ་ལེགས་སྦྲུམས་པ། །འཇམ་དབྱངས་དགའ་བའི་བཤེས་གཉེན་ཞབས་བརྟན་ཤོག །ཚངས་པའི་བློ་དང་དབང་ཕྱུག་སྐལ་བཟང་ལྡན། ཁྱབ་འཇུག་མཐུ་རྩལ་བརྒྱ་བྱིན་སྟོབས་མངའ་བའི། །མི་ཡི་བདག་པོ་ཉི་འོག་རྒྱལ་ཁམས་ཀྱི། །མགོན་སྐྱབས་དཔུང་གཉེན་གླིང་དུ་བརྟན་པར་ཤོག །བོད་ཆེན་སྐྱེ་རྒུའི་གཉའ་བར་ཁྲིམས་ཀྱི་ཤིང༌། །རབ་ལྕིའི་ཆོས་སྲིད་ཟུང་འབྲེལ་གསེར་མདོག་ཞྭའི། །བསྟན་པ་བྱམས་མགོན་དབུས་འགྱུར་འབྱོན་མིན་བར། །གྱེན་ནས་གྱེན་དུ་འཕྱུར་ཏེ་འཕེལ་བར་ཤོག །ནད་མཚོན་མུ་གེ་དང་བྲལ་འཇིག་རྟེན་བདེ། །ཆོས་སྤྱོད་རྣམ་བཅུས་དགེ་འདུན་སྡེ་རྣམས་དར། །འདིའི་ཆེད་འབད་དོ་ཅོག་ཀུན་འདོད་པའི་དོན། །རྩོལ་བར་བལྟོས་མིན་ངང་གིས་འགྲུབ་པར་ཤོག །ཕུན་ཚོགས་བསིལ་ཟེར་ཉ་གང་ཡར་གྱི་ངོ༌། །གཟའ་སྐར་སྦྱོར་བྱེད་(༡༤༡བ)


GLG021_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བའི་ཚེས་ཀྱི་དུས། །མཆོག་གསུམ་ཐུགས་རྗེས་སྨིན་པའི་རེ་སྐོང་བའི། །བཀྲ་ཤིས་རྒྱུད་མངས་དབྱངས་སུ་འཁྲོལ་བར་ཤོག །ཅེས་པའི་སྨོན་ལམ་ཚིགས་བཅད་འདི་ནི་འོལ་ཁ་འབྲི་ལུང་པ་བློ་བཟང་དཔལ་འབྱོར་གྱིས་རྫིང་ཕྱི་སོགས་འོལ་ཁའི་དགོན་ཁག་རྣམས་ལ་འཛུགས་རྩིས་ཀྱི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །དགེ་འདུན་འདུས་པའི་སྒྲ་འཛིན་ཡོལ་གོའི་ནང༌། །གསུང་རབ་སྦྲང་རྩི་བཅུད་དུ་འཁྱིལ་མཛད་པས། །གྲངས་མེད་བློ་གསལ་རྒྱ་མཚོའི་འདོད་པའི་དོན། །གྲུབ་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །རྣམ་གསུམ་དཀོན་ཅོག་རིན་ཆེན་ཐུགས་རྗེའི་མཐུས། །མགོན་ཁྱོད་རྡོ་རྗེའི་སྟན་ལ་བསྐལ་པའི་བར། །ཚེ་མཐའ་ཡས་པ་ཇི་བཞིན་ལེགས་བཞུགས་ནས། །མོས་ལྡན་གདུལ་བྱའི་རེ་བ་སྐོང་གྱུར་ཅིག །ཅེས་དགའ་ལྡན་ཐོས་བསམ་གླིང་སློབ་དཔོན་དགེ་འདུན་དོན་གྲུབ་ཀྱི་གསོལ་འདེབས་བརྟན་བཞུགས་འདི་ནི་བློ་བཟང་ཆོས་འཕེལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །ཆོས་ཉིད་འགྱུར་བ་མེད་པའི་གདན་ཁྲི་ལ། །ཆོས་ཅན་རྒྱུ་འབྲས་ཟུང་འབྲེལ་ཉི་ཟླའི་སྟེང༌། །དཔལ་ལྡན་བླ་མ་ཚེ་མཐའ་ཡས་པའི་མགོན། །གཡུང་དྲུང་མཚན་པའི་གཟུགས་སྐུ་བརྟན་པར་ཤོག །ངག་དབང་ཚངས་པའི་སྲས་མོ་བཞད་པའི་བློས། །མཁས་བཙུན་བཟང་པོའི་སྤོབས་པ་ཡོངས་དགེ་བ། །རྒྱ་མཚོའི་གོས་ཅན་གཞན་དུ་འགྱུར་མིན་བར། །རབ་བཞུགས་འགྲོ་བའི་གདུང་བ་(༡༤༢ན)


GLG021_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བར་ཤོག །དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་སྲིད་གསུམ་ལ། །དབང་སྒྱུར་རྣམ་བཞིའི་ལས་ཀྱི་འཕྲུལ་མོ་ཆེའི། །བྱིན་རླབས་དྲོད་ཀྱིས་སྨོན་པའི་ཛམྦུའི་འབྲས། །གསེར་གྱི་སྙེ་མ་སྨིན་པའི་དགའ་སྟོན་སྩོལ། །ཅེས་རེ་སྨོན་འགྲུབ་པའི་ཚིགས་བཅད་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་གྲྭ་རྒྱུན་རི་བོ་བདེ་ཆེན་པ་རྣམས་ཀྱི་འབད་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །ཚེ་དཔག་མེད་མགོན་ཏིང་འཛིན་ཕྱག་རྒྱ་ཡིས། །ལེགས་བཏེག་བུམ་བཟང་ལས་འོངས་བདུད་རྩིའི་རྒྱུན། །སྲོག་ཟུངས་གྱུར་ཏེ་སྒྲིབ་པའི་ལུས་ཅན་ཀུན། །ལྷ་ཆེན་ཉི་བུའི་གཡུལ་ལས་རྒྱལ་བར་མཛོད། །དེ་ལྟར་ཟླ་ཞུན་རྗེས་འགྲོ་ལྷག་བསམ་གྱིས། །རབ་བསྐྲུན་ལེགས་བྱས་ཕུང་པོར་སྤུངས་པའི་གཟིས། །ཡིད་སྲུབས་སྡེ་དཔུང་བག་ལ་ཡོངས་ཞ་ནས། །དཀར་ཕྱོགས་རྒྱལ་བའི་བ་དན་བསྒྲེང་བར་ཤོག །ཁྲིམས་ལྡན་ངུར་སྨྲིག་འཆང་རྣམས་མགྲིན་གཅིག་ཏུ། །ཉེར་བརྗོད་བདེན་པའི་ཚིག་གིས་རྡོ་རྗེའི་ཁྲིར། །འཇམ་དབྱངས་དགའ་བའི་བཤེས་གཉེན་སྲིད་མཐའི་བར། །རྟག་བཞུགས་འཁོར་ལོ་གསུམ་གྱིས་འགྲོ་འདྲེན་ཤོག །གཉིས་འཐུང་འགྱིང་འདྲའི་རི་བོར་གཏན་གྱི་བདེ། །དོན་ཆེན་སྒྲུབ་པའི་དགེ་འདུན་འདུས་པའི་གླིང༌། །ཆོས་སྲིད་ཟུང་ལྡན་དཀར་ཆའི་ཟླ་བ་བཞིན། །བླ་ནས་བླར་འཕེལ་བསྐལ་བརྒྱར་འགྱུར་མེད་ཤོག །ཅེས་ལེགས་སྨོན་གྱི་ཚིགས་བཅད་འདི་ནི་ཆོས་སྡེ་ཆེན་པོ་རི་བོ་བདེ་ཆེན་སྤྱི་ཚོགས་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་(༡༤༢བ)


GLG021_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའོ། །སྐབས་གསུམ་དྲང་སྲོང་རིག་འཛིན་གྲུབ་པ་སོགས། །སྲིད་དང་ཞི་བའི་དབངཕྱུག་བརྒྱད་ལྡན་རྣམས། །ཕུན་ཚོགས་ཤིས་པ་བརྗོད་པའི་དབྱངས་སྙན་དང༌། །ཆབས་ཅིག་མེ་ཏོག་ཆར་པ་དེང་འདིར་ཕོབ། །ཀུན་བཟོད་ཡངས་པའི་ཁྱོན་རྣམས་བསོད་ནམས་མཐུས། །གཅིག་ཏུ་བཅིངས་པའི་རྒྱལ་ཁབ་ཆེན་པོའི་ཁྲིར། །གནམ་སའི་དཀྱིལ་འཁོར་ཡོངས་ལ་མངའ་སྒྱུར་བའི། །མི་ཡི་བདག་པོ་རྡོ་རྗེ་ལྟར་བརྟན་ཤོག །མཆོག་གསུམ་ཐུགས་རྗེ་ནམ་ཡང་གསལ་འགྲིབ་མེད། །བདེན་ཚིག་གྲུབ་པའི་བརྗོད་པ་དོན་དང་མཐུན། །ཚུལ་ལྡན་སྨོན་པའི་རེ་བ་ལྷུན་འགྲུབ་པའི། །ངོ་མཚར་སྐལ་བཟང་སྙེ་མ་དེང་སྨིན་ཤོག །ཅེས་མིའི་དབང་ཕྱུག་གི་བརྟན་བཞུགས་ཚིགས་བཅད་འདི་ནི་ཡུལ་ལྷོ་ཕྱོགས་སྨན་ལྗོངས་ཀྱི་འདུས་པའི་ཁྱུ་རྒྱན་རི་བོ་བདེ་ཆེན་སྤྱི་སོའི་གསུང་གིས་བསྐུལ་བ་ལྟར་སྙོམ་ལས་པ་ཟ་ཧོར་བྷུ་སུ་ཀུས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །མཐོང་བའི་མིག་གི་བདུད་རྩི་མཚན་དཔེའི་སྐུ། །ཐོས་པས་རྣ་བའི་བཅུད་ལེན་ཚངས་པའི་གསུང༌། །དྲན་པས་སྲིད་ཞིའི་གདུང་སེལ་ཀུན་མཁྱེན་ཐུགས། །གསང་གསུམ་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །མཆོག་དམན་གདུལ་བྱའི་སྣང་ངོར་རྒྱལ་བ་ཀུན། །བཤེས་གཉེན་ངུར་སྨྲིག་འཛིན་པའི་ཟློས་གར་དུ། །ངེས་རྙེད་གསོལ་བ་འདེབས་ན་འདི་ཕྱི་དང༌། །གཏན་མདུན་ལྷུན་གྱིས་གྲུབ་པར་བདག་བྱིན་རློབས། །རྡུལ་བྲལ་སྟོན་ཟླ་ལྟར་དཀར་ལེགས་བྱས་མཐས། །ནམ་མཁའི་མཐའ་བཞིན་གཞལ་དཀའི་མ་རྒན་འགྲོ། །འདྲེན་ཕྱིར་ཚོགས་གཉིས་ས་བོན་བཏབ་པའི་འབྲས། །ཆོས་གཟུགས་སྙེ་མ་གཡུར་(༡༤༣ན)


GLG021_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟ་བར་ཤོག །ཅེས་པ་འདིའང་བཀྲ་ཤིས་ཆོས་འཕེལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་ཕུན་ཚོགས་དབང་པོའོ། །གར་དབང་འོད་མཚན་འབར་བའི་སྣང་བ་ཡིས། །གངྒཱའི་ཀླུང་རྡུལ་ཇི་སྙེད་འཇིག་རྟེན་ཁམས། །གསལ་མཚོན་རྣོན་པོས་ལྷ་ཆེན་ཉི་བུའི་ཞགས། །བཅད་དེ་འགྲོ་ཚོགས་འཆི་མེད་གྲོང་འཇུག་མཛོད། །རང་སེམས་དག་པའི་ཀུན་བཟོད་མཎྜ་ལར། །དུས་གསུམ་བསགས་དགེའི་རི་རབ་གླིང་བཞི་སོགས། །ལྷ་མིའི་དཔལ་འབྱོར་ཚོམ་བུར་ཡོངས་བཀོད་ནས། །འབུལ་ན་བདེ་ལྡན་ཞིང་མགོན་ལྟར་བཞུགས་གསོལ། །རྗེས་ཆགས་སྙིང་རྗེའི་འཛུམ་གྱིས་ལུས་ཅན་རྣམས། །ངེས་ལེགས་ཁང་པར་བསུས་ཟིན་དེ་སྲིད་བར། །མི་གཡོ་རྡོ་རྗེའི་སྐྱིལ་མོ་ཀྲུང་གཅིག་གིས། །གདོང་ལྔས་བཏེག་ཁྲི་རྟག་ཏུ་གནོན་གསོལ་འདེབས། །གསུང་ངག་ཆད་མེད་དབང་བཞི་མཐོ་རིས་ཆུ། །བློ་ལྡན་སྐལ་བཟང་ཡིད་ཀྱི་རྒྱ་མཚོ་ཆེར། །ལེགས་འབེབས་འཇམ་དབྱངས་དགའ་བའི་བཤེས་གཉེན་མཆོག །འོག་མིན་ཞིང་གཙོ་ཇི་བཞིན་བརྟན་གྱུར་ཅིག །ཐུབ་དབང་དཔལ་གྱི་མགུར་ནས་འཁོར་ལོ་གསུམ། །རབ་གསུངས་མདོ་དང་བདེ་ཆེན་འདྲེས་ནུས་པའི། །ངེས་གསང་ཐེག་པར་བཅས་པའི་ཆོས་ཀྱི་སྡེ། །ཐོས་བསམ་སྒོམ་པས་སྲིད་མཐར་རྒྱས་གྱུར་ཅིག །ཆེས་ཆེར་སྙིགས་མའི་དུས་འདིར་རྒྱལ་གཞན་པས། །ཐུགས་རྗེ་བླ་ལྷག་བདེར་གཤེགས་མཆེད་བརྒྱད་ཀྱིས། །བྱིན་རླབས་འཆི་གསོས་རྩི་སྨན་ལྗོན་པ་ཡིས། །མཁའ་མཉམ་ཡིད་ཅན་རིམ་པའི་སྲོག་འཚོར་ཤོག །དཀོན་ཅོག་བདེན་པའི་ཉི་མ་འཆར་ནུབ་སྤངས། །རྒྱུ་ལས་མི་འཆོལ་(༡༤༣བ)


GLG021_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དུས་སུ་སྨིན། །ཚུལ་ལྡན་དགེ་འདུན་སྨོན་པ་ལྷུན་གྲུབ་པའི། །སླུ་མེད་རྟེན་ཅིང་འབྲེལ་འབྱུང་ལ་སྤྱོད་ཤོག །ཅེས་སུམ་རྩེན་ཡུལ་ལ་འགྲན་པ་རུ་ལག་མྱང་སྟོད་ཀྱི་སའི་ཆ་ནས་ཆོས་སྡེ་དཔལ་འཁོར་བདེ་བ་ཆེན་པོའི་མཁན་སློབ་སྤྱི་ཚོགས་ཀྱི་གསུང་གིས་བསྐུལ་བ་ལྟར་སྡོམ་བརྩོན་སྡེ་སྣོད་གསུམ་པ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །བློ་གྲོས་བཟང་པོའི་གྲགས་པ་ཡོངས་འབར་བའི། །བསྟན་པའི་རྒྱལ་མཚན་ལེགས་འཛིན་སྤྲུལ་པའི་སྐུ། །མཆོག་གསུམ་བདེན་པས་ཡིད་སྲུབས་ལས་རྒྱལ་ནས། །གཡུང་དྲུང་ཁྲི་ལ་གཡོ་མེད་བརྟན་པར་ཤོག །མི་ཕྱེད་དད་དང་སྟོབས་ལྡན་སའི་བརྒྱ་བྱིན། །རྡོ་རྗེ་ཐུ་ཤེ་ཡེ་ཐུ་རྒྱལ་པོ་ཆེ། །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཡིས། །སྐུ་ཚེ་རབ་བརྟན་མངའ་ཐང་རྒྱས་པར་ཤོག །ཅེས་ཁལ་ཁ་འཇམ་དབྱངས་སྤྲུལ་པའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་དང་དད་སྟོབས་ལྡན་པ་རྡོ་རྗེ་ཐུ་ཤེ་ཡེ་ཐུ་རྒྱལ་པོ་གཉིས་ཀྱི་བརྟན་བཞུགས་ཤླཽ་ཀ་རེ་ཡོད་པ་ཞིག་དགོས་ཞེས་སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །ངག་གི་དབང་ཕྱུག་བློ་གྲོས་བྱེ་བའི་གཏེར། །བཤེས་གཉེན་དམ་པའི་ཞབས་ལ་གསོལ་འདེབས་ན། །རྡོ་རྗེའི་ཁྲི་ལ་བསྐལ་པ་རྒྱ་མཚོ་རུ། །ལེགས་བཞུགས་གདུལ་བྱའི་རེ་བ་ཡོངས་སྐང་ཤོག །ཅེས་བྱང་རྩེ་ཆོས་རྗེ་ངག་དབང་བློ་གྲོས་རྒྱ་མཚོ་ལ་བརྟན་བཞུགས་གསོལ་འདེབས་ཤླཽ་ཀ་གཅིག་ལ་ཚང་བ་ཞིག་དགོས་ཞེས་སྨད་རྒྱུད་དབུ་མཛད་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་ནི་ཕུན་(༡༤༤ན)


GLG021_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ངོ༌། །མཁྱེན་བརྩེ་ནུས་ལྡན་སངས་རྒྱས་ཀུན་འདུས་ཤིང༌། །བདེན་པ་གཉིས་ལྡན་དམ་པ་ཆོས་ཀྱི་མཛོད། །རིག་གྲོལ་དཔལ་ལྡན་དགེ་འདུན་ཀུན་གྱི་གཙོ། །སྐྱབས་གསོལ་དོན་ལྡན་བླ་མར་གསོལ་བ་འདེབས། །ངག་དབང་འཇམ་དབྱངས་དབྱངས་ཅན་ལྷས་རྗེས་བཟུང༌། །བློ་གསལ་སྐལ་བཟང་བཟང་པོའི་བག་ཆགས་སད། །རྒྱ་མཚོ་ལྟར་ཟབ་ཟབ་རྒྱས་ཆོས་ཀུན་སྟོན། །གཏན་གྱི་མགོན་སྐྱབས་སྐྱབས་གསུམ་ངོ་བོར་འདུད། །བཤེས་གཉེན་མཐུ་ལས་མངོན་མཐོའི་རྟེན་བཟང་རྙེད། །ཐོས་བསམ་སྒོམ་པས་དལ་འབྱོར་དོན་དང་ལྡན། །འདི་ཕྱི་བར་གྱི་གཏན་མདུན་ཀུན་འགྲུབ་པའི། །བཀའ་དྲིན་དྲན་ནོ་སྙིང་ནས་གསོལ་བ་འདེབས། །སྔོན་ནས་དེང་བར་ཡང་སྲིད་ཐམས་ཅད་དུ། །ཉེས་བརྒྱ་ལས་བསྐྱབས་ཕན་བདེ་ལ་སྦྱོར་བ། །དམ་པའི་མགོན་གྱི་ཐུགས་རྗེ་མཐའ་ཀླས་ན། །མི་ཕྱེད་གདུང་བ་དྲག་པོས་གསོལ་བ་འདེབས། །འདི་ནས་འཕོས་ཏེ་བྱང་ཆུབ་སྙིང་པོའི་བར། །མངོན་མཐོ་ངེས་ལེགས་མྱུ་གུ་ཡོངས་སྨིན་པའི། །བསོད་ནམས་ས་བོན་ཁྱོད་དྲིན་ལས་རྙེད་ན། །ཞབས་ཀྱི་པདྨར་མགོ་བོས་བཏུད་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་དབུལ། །སྡིག་ལྟུང་ཉེས་ཚོགས་བསགས་སོ་ཅོག་རྣམས་བཤགས། །སྐྱེ་འཕགས་ཀྱིས་བསྐྲུན་དགེ་བའི་ཚོགས་ལ་རངས། །སྲས་བཅས་རྒྱལ་སློབ་ཆོས་འཁོར་བསྐོར་བར་བསྐུལ། །འཁོར་མཐའ་རྙེད་མིན་མྱ་ངན་མི་འདར་བཞུགས། །རང་གཞན་ཀུན་གྱིས་བསགས་པའི་འདུས་བྱས་ཀྱི། །དགེ་ཚོགས་མ་ལུས་ཀུན་མཁྱེན་ཐོབ་ཕྱིར་བསྔོ། །བདག་སོགས་འགྲོ་རྣམས་བྱང་ཆུབ་ཐོབ་པར་ཤོག །སྔོན་དང་(༡༤༤བ)


GLG021_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་གྱི་རྒྱུ་རྐྱེན་ལས་བྱུང་བའི། །འཇིགས་ཆེན་བརྒྱད་སོགས་དགྲ་གདོན་ནད་རིམས་གེགས། །དམ་ཆོས་ཚུལ་བཞིན་བསྒྲུབ་ལ་ཉེར་འཚེ་བའི། །འགལ་རྐྱེན་བར་གཅོད་ཉེ་བར་ཞི་བར་ཤོག །དལ་བའི་རྟེན་བཟང་ཡུན་གནས་རིང་པོའི་ཚེ། །ཁ་ན་མ་ཐོ་སྤངས་པའི་ཟས་ནོར་གོས། །དཔལ་འབྱོར་སྙན་གྲགས་མཐུན་པའི་ཡོན་ཏན་རྣམས། །འབད་རྩོལ་མེད་པར་ངང་གིས་འགྲུབ་པར་ཤོག །བདག་ཉིད་མཐོང་ཐོས་དྲན་རེག་སྐྱེ་བོ་ཀུན། །ཕན་དང་བདེ་བའི་དཔལ་ལ་ལེགས་སྦྱོར་ཞིང༌། །མངོན་སངས་རྒྱས་ཚེ་འཁོར་དུ་ཡོངས་བསྡུས་ནས། །དམ་པའི་ཆོས་ཀྱི་བདུད་རྩི་སྟེར་བར་ཤོག །མདོར་ན་སོམ་ཉི་དང་བྲལ་དད་པ་ཡིས། །ཉིན་མཚན་དུས་ཀུན་གསོལ་འདེབས་ལྷུར་ལེན་ན། །དམ་པའི་མགོན་གྱི་ཐུགས་རྗེ་བདག་སྙིང་ལ། །འཇུག་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་དགེ་སྦྱོར་གང་བྱེད་ཀྱི་བར་མཚམས་སུ་སྦྱར་ཆོག་པའི་བཀའ་དྲིན་དྲན་པའི་གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་རྒྱལ་བའི་སྲས་པོ་བློ་བཟང་བསྟན་འཛིན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ཏྲེ་བོ་ངག་དབང་ནམ་མཁའོ། །འགྲོ་བའི་ཕན་བདེའི་རྩ་ལག་སངས་རྒྱས་བསྟན། །རིང་པོར་གནས་པའི་བཀྲ་ཤིས་བརྒྱ་ཕྲག་སྒོ། །འབྱེད་པའི་ཕུལ་བྱུང་རྣམ་དཔྱོད་རབ་ཡངས་པ། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །བྱང་ཕྱོགས་འཛིན་མའི་གཞི་འདིར་བདག་སོགས་ལ། །སངས་རྒྱས་ཀྱིས་གསུངས་ཡང་དག་དམ་པའི་ཆོས། །བསྟན་པས་འདི་ཕྱི་ཀུན་ཏུ་བཀྲ་ཤིས་པའི། །ཕུན་ཚོགས་དགའ་སྟོན་སྩོལ་ལ་གསོལ་བ་འདེབས། །བདེ་བ་ཅན་གྱི་ཞིང་ན་ཚེ་(༡༤༥ན)


GLG021_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད། །དགྱེས་ཞལ་འཛུམ་བསྟན་དཀྱུས་རིང་སྤྱན་རས་ཀྱིས། །ལེགས་གཟིགས་ཕྱག་ན་བུམ་པའི་བདུད་རྩིའི་ཆུས། །དབང་བསྐུར་འཆི་བ་མེད་པའི་དགའ་སྟོན་སྩོལ། །མ་རིག་སྟུག་པོའི་གཉིད་ལས་ཉེར་སངས་ཤིང༌། །བླང་དོར་ལྟ་བའི་བློ་གྲོས་ཡོངས་རྒྱས་པ། །རབ་བཀྲ་སྣ་ཚོགས་རྡོ་རྗེའི་རེ་ཁཱའི་སྟེང༌། །མི་འགྱུར་ཤིས་པའི་བདེ་ལེགས་ལྷུན་གྲུབ་ཤོག །སངས་རྒྱས་སློབ་མར་བཅས་པའི་ཐུགས་རྗེ་བསྐུལ། །ལྷ་དང་དྲང་སྲོང་བདེན་པ་བརྗོད་པར་གསོལ། །བཀྲ་ཤིས་དགེ་བའི་དུས་འདིར་བདག་སོགས་ཀྱི། །སྨོན་ལམ་བཏབ་པས་ཇི་བཞིན་བཞུགས་གྱུར་ཅིག །པ་སངས་ལྟར་དཀར་དགེ་ཚོགས་ཨ་མྲའི་ཤིང༌། །ཕན་བདེའི་ལོ་ཏོག་ཕང་ཕུང་རབ་རྒྱས་པར། །ལེགས་སྨོན་རྣམ་བཀྲའི་མེ་ཏོག་སྒྲུབ་པའི་འབྲས། །ཡོངས་དུད་ཤིས་པའི་དཔལ་གྱིས་འབར་བར་ཤོག །སངས་རྒྱས་ཀྱིས་བསྟན་ལུང་རྟོགས་ཡོན་ཏན་རྣམས། །ཚུལ་བཞིན་འཛིན་པའི་ཐེག་གསུམ་དགེ་འདུན་ཚོགས། །དཀོན་ཅོག་རིན་ཆེན་བཀྲ་ཤིས་སྙན་པའི་གླུས། །ཡངས་པའི་ནོར་འཛིན་ཁྱོན་གྱིས་འཚོ་བར་ཤོག །ཅེས་ཤི་རལ་ཐུ་སངས་རྒྱས་བཀྲ་ཤིས་ཀྱི་གསོལ་འདེབས་སྨོན་ལམ་དང་བཅས་པ་ཤླཽ་ཀ་ཁ་ཤས་ཡོད་པ་ཞིག་དགོས་ཞེས་ཁལ་ཁ་རྡོ་རྗེ་རྒྱལ་པོའི་རིགས་ལས་པཎྜི་ཏ་ཨེར་ཏེ་ནི་ཐས་ཇིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགོན་གསར་སྦུག་པ་ངག་དབང་རབ་བརྟན་ནོ། །རང་བྱུང་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ལ། །གདན་གསུམ་ཚང་བའི་ལྷ་ཚོགས་ཡོངས་རྫོགས་པ། །རྡོ་རྗེ་སློབ་དཔོན་ངག་གི་དབང་ཕྱུག་དཔལ། །བློ་གསལ་སྐལ་བཟང་རྒྱ་མཚོར་གསོལ(༡༤༥བ)


GLG021_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས། །རིན་ཅེན་ཁྲིས་བཏེག་པདྨ་ཉི་ཟླའི་སྟེང༌། །གཡུང་དྲུང་ལྟ་བུར་མི་འགྱུར་རྟག་བརྟན་ཅིང༌། །རྣམ་གསུམ་འཁོར་ལོའི་བྱ་བས་བདག་གཞན་འགྲོ །རབ་དྲངས་ངེས་པར་ལེགས་པའི་ལམ་འཇུག་ཤོག །ཅེས་པ་འདི་ནི་པཎྜི་ཏ་ཨེར་ཏེ་ནི་ཐའི་ཇི་དང་བི་ལིག་ཐུ་ཇའི་སང་གཉིས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །བདེན་པ་ཡོངས་བརྗོད་སྨོན་ལམ་ནམ་མཁའ་ལ། །འཕེལ་འགྲིབ་མེད་འཆར་དཀོན་ཅོག་ཐུགས་རྗེའི་ཉིས། །སྲིད་ཞིའི་གདུང་མུན་མཐར་བྱས་ཕན་དང་བདེའི། །སྣང་བའི་འོད་ཀྱིས་འཇིག་རྟེན་ཀུན་ཁྱབ་མཛོད། །ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ཅན། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གྱུར་པ། །འགྱུར་མེད་གཡུང་དྲུང་འཁྱིལ་བའི་ཁྲིར་བཞུགས་ནས། །བསྐལ་བརྒྱར་རྣམ་གསུམ་འཁོར་ལོས་འགྲོ་འདྲེན་ཤོག །ལྷག་བསམ་ཞིང་སར་ས་བོན་དགེ་བའི་ཚོགས། །སྨོན་འབྲས་བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །ལྷ་མིའི་དགའ་སྟོན་ཆད་མེད་མྱོང་བཞིན་དུ། །རིང་པོར་མི་ཐོགས་བྱང་ཆེན་མངོན་འགྱུར་ཤོག །ཅེས་བདེན་པ་བརྗོད་པའི་ཚིགས་བཅད་འདི་ནི་གུ་ཡང་དརྑན་ནང་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཡིས། །ཕུལ་བྱུང་ཐུགས་རྗེ་ཆེན་པོའི་དཔུང་བསྐྱེད་ནས། །བློ་བཟང་དངོས་གྲུབ་མི་ཁོམ་གནས་བརྒྱད་ལས། །དྲངས་ཏེ་དལ་འབྱོར་ཚང་བའི་རྟེན་ཐོབ་ཤོག །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་པས། །ཕུལ་བྱུང་༝། བློ་བཟང་༝། དྲངས་ཏེ༝། གསེར་བཟང་དྲི་མེད་རིན་ཅེན་སྣང་བ་ཡིས། །(༡༤༦ན)


GLG021_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བྱུང་༝། བློ་བཟང་༝། དྲངས་ཏེ་༝། བདེ་བར་གཤེགས་པ་མྱ་ངན་མེད་དཔལ་གྱིས། །ཕུལ་བྱུང་༝། བློ་བཟང་༝། དྲངས་ཏེ་༝། བདེ་གཤེགས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་སྙན་གྱིས། །ཕུལ་བྱུང་༝། བློ་བཟང་༝། དྲངས་ཏེ་༝། ཆོས་ཀྱི་རྒྱ་མཚོ་མཆོག་གི་མངོན་མཁྱེན་པས། །ཕུལ་བྱུང་༝། བློ་བཟང་༝། དྲངས་ཏེ་༝། སྨན་གྱི་བླ་མ་བཻཌཱུཪྻ་འོད་ཀྱིས། །ཕུལ་བྱུང་༝། བློ་བཟང་༝། དྲངས་ཏེ་༝། དེ་བཞིན་གཤེགས་པ་ཤཱཀྱ་སེང་གེ་ཡིས། །ཕུལ་བྱུང་ཐུགས་རྗེ་ཆེན་པོའི་དཔུང་བསྐྱེད་ནས། །བློ་བཟང་དངོས་གྲུབ་མི་ཁོམ་གནས་བརྒྱད་ལས། །དྲངས་ཏེ་དལ་འབྱོར་ཚང་བའི་རྟེན་ཐོབ་ཤོག །ཅེས་སྟག་རུ་བ་བློ་བཟང་དངོས་གྲུབ་ཀྱི་དོན་དུ་ཚེ་དབང་བཀྲ་ཤིས་ཀྱིས་བདེར་གཤེགས་བརྒྱད་སོ་སོའི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་གི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །རང་སེམས་དད་པའི་ཟླ་ཤེལ་གཙང་མའི་ངོས། །མཚན་དཔེའི་གཟུགས་བརྙན་རི་མོ་རྣམ་བཀྲ་བ། །བདེ་བར་གཤེགས་པ་ཀུན་འདུས་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ། །གང་གི་སྐུ་ལ་གདན་གསུམ་མ་ལུས་པ། །ལེགས་ཚང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཅན། །སྨིན་གྲོལ་གདམས་པའི་འདོད་དགུ་མ་ལུས་ཆར། །གྲངས་མེད་སྐྱེ་བ་ཀུན་ཏུ་འབེབས་བྱིན་རློབས། །གང་ལ་གསོལ་བཏབ་དཀོན་ཅོག་རྣམ་གསུམ་གྱི། །ཐུགས་རྗེ་ཤུགས་ལ་འཇུག་པ་དངོས་པོའི་གཤིས། །དེ་ཕྱིར་སྙིང་ནས་གསོལ་བ་འདེབས་བྱེད་ན། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཤོག །ཅེས་པ་འདི་ནི་བསམ་བློ་ཨ་ཞང་རབ་འབྱམས་(༡༤༦བ)


GLG021_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་བཟང་འཇམ་དབྱངས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་ཕུན་ཚོགས་དབང་པོའོ། །གདན་གསུམ་ཚང་བའི་རྡོ་རྗེ་སློབ་དཔོན་མཆོག །ངག་དབང་བློ་གསལ་མཁས་བཙུན་བཟང་པོ་ཡིས། །རྒྱ་མཚོའི་གོས་ཅན་ཀུན་ཁྱབ་འགྲོ་འདྲེན་པར། །གསོལ་བ་འདེབས་སོ་བདག་བྱིན་བརླབ་ཏུ་གསོལ། །ཞེས་པ་འདི་ནི་མཁན་ཆེན་ངག་དབང་འཕྲིན་ལས་ཀྱི་ཞལ་འདོན་དུ་དེ་འཕྲལ་དུ་བྲིས། །བསོད་ནམས་རྩིབས་སྟོང་འཁོར་ལོས་ནོར་འཛིན་ལ། །དབང་སྒྱུར་མི་ཡི་བདག་པོ་རབ་བརྟན་ཅིང༌། །འཇིག་རྟེན་ཀུན་ཏུ་རྫོགས་ལྡན་དགའ་སྟོན་ལ། །སྤྱོད་པར་དཀོན་ཅོག་གསུམ་གྱིས་བྱིན་གྱིས་རློབས། །ཞེས་སྡེ་པའི་བརྟན་བཞུགས་འདི་ནི་སྐྱིད་ཚལ་མཁན་ཆེན་བཀྲ་ཤིས་རྒྱལ་མཚན་གྱི་ཞལ་ངོར་བཀོད། །དཀོན་ཅོག་རིན་ཆེན་རྣམ་གསུམ་མཁའ་དབྱིངས་ངོས། །ཐུགས་རྗེ་འཛད་པ་མེད་པའི་ཆུ་འཛིན་ལས། །ཕུལ་བྱུང་བྱིན་རླབས་ཆར་གྱིས་སྐྱེད་བསྲིངས་པའི། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །གཡུང་དྲུང་འཁྱིལ་བའི་ཉ་ཕྱིས་ཁོག་ཡངས་པར། །མི་འགྱུར་ཚེ་ཡི་མུ་ཐི་ལའི་ཕུང་པོ། །བགྲང་རིང་བསྐལ་པའི་སྲད་བུར་རྒྱུ་ནུས་པར། །སྨོན་པའི་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱིས། །སྐལ་བཟང་གདུལ་བྱ་འདྲེན་པའི་མགོན་གཅིག་པུར། །རྒྱ་མཚོའི་གོས་ཅན་གཟུགས་གཞན་བསྒྱུར་མིན་པར། །སྣང་མཐའ་ཡས་པ་ལྟ་བུར་བརྟན་པར་བཞུགས། །བདག་ཀྱང་ཚེ་འདིར་ཆོས་བཞིན་བསྒྲུབ་པའི་རྐྱེན། །མ་ལུས་ཀུན་ཚང་ཡང་སྲིད་ཐམས་ཅད་དུ། །དམ་པའི་མགོན་གྱིས་རྗེས་སུ་ཉེར་བཟུང་སྟེ། །གཏན་གྱི་མདུན་(༡༤༧ན)


GLG021_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྷུན་གྱིས་གྲུབ་པར་ཤོག །ཐོགས་མེད་དུས་ནས་ད་ལྟ་ཕྱིན་ཆད་དུ། །བསགས་པའི་དགེ་བ་ཇི་སྙེད་མཆིས་པ་རྣམས། །སེམས་ཅན་མཐའ་དག་སྲིད་པའི་འཆིང་བ་ལས། །རྣམ་གྲོལ་སྟོབས་བཅུ་མངའ་བ་ཐོབ་པར་ཤོག །ཅེས་པ་འདི་ནི་ཀླུ་འབུམ་ཆོས་རྗེ་རིན་ཆེན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་གྲགས་པའོ། །བསོད་ནམས་ཚོགས་ཀྱིས་ཡོངས་བསྐྲུན་ངོ་མཚར་གནས། །བཀོད་པ་རྒྱ་མཚོའི་རྡུལ་གྱི་རྩེར་སོན་པ། །གཏན་བདེའི་དགའ་བར་སྐལ་བཟང་ཡིད་ཅན་རྣམས། །སྤྱོད་པའི་ཞིང་གི་མགོན་པོས་དེང་འདིར་དགོངས། །ཀུན་ཁྱབ་མཛོད་སྤུའི་འོད་ཟེར་འབར་བའི་གཟིས། །འཆི་བདག་བདུད་ཀྱི་སྨག་རུམ་མཐར་བྱས་ནས། །གཤིན་རྗེའི་ཕོ་ཉ་ལས་ཀྱི་མེ་ལོང་ཁུར། །འཛིན་པའི་ངལ་བཏང་གཉིད་ལ་གཡུར་བྱིན་རློབས། །དགའ་བ་བརྒྱ་པའི་ཚེམས་དཀར་ཉ་ཕྱིས་ཁོག །ཡངས་པོ་ལས་སྦྲུམ་མཛེས་སྡུག་ལང་ཚོ་ཅན། །དྲི་ཟའི་བུ་མོ་ངག་གི་དབང་ཕྱུག་མས། །རྗེས་བཟུང་ཚངས་སྲས་བཞད་པ་རབ་བརྟན་ཤོག །ཇི་ལྟ་ཇི་སྙེད་ཤེས་བྱ་ལ་འཇུག་བློར། །འཇམ་དབྱངས་དགྱེས་པའི་འཛུམ་ཞལ་ལྷུག་པ་རུ། །སྟོན་པའི་དཔལ་ལྡན་སྐལ་པ་བཟང་པོ་ཅན། །བཤེས་གཉེན་དམ་པའི་མགོན་དེ་ཞབས་བརྟན་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཀུན་མཐོང་བའི་མོད། །མཚོ་བྱུང་དྲིན་ལས་སྨྲ་བའི་སྤོབས་པ་ཡིས། །མཁས་རློམ་གཞན་ལ་འཇིགས་པ་མེད་པའི་གོ །ཆ་གང་ཟླ་བ་འཕེལ་འགྲིབ་བྲལ་བར་ཤོག །ཐུབ་པ་ཆེན་པོའི་བཞེད་གཞུང་ཇི་བཞིན་དུ། །རབ་འཛིན་ཞྭ་སེར་ཅོད་པན་འཆང་བའི་བསྟན། །མ་སྙིགས་འདབ་སྟོང་ལང་ཚོའི་བཅུད་ཀྱི་སྡེ། །ཤེས་ལྡན་བུང་བའི་དགའ་སྟོན་རྟག་(༡༤༧བ)


GLG021_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ཤོག །སྟོབས་ཀྱི་འཁོར་ལོ་མཁའ་ལ་ཉེར་འཕགས་པའི། །ལེགས་བྱས་དཔྱིད་ཀྱི་ནོར་འཛིན་དཔལ་མོའི་མངལ། །རབ་ལྕི་གངས་ཅན་ལྷ་གཅིག་མི་ཡི་རྗེ། །སྐུ་ཚེ་མཚན་ཇུས་ཆབ་སྲིད་འཕེལ་བར་ཤོག །རྣམ་འདྲེན་ཀུན་གང་གཟིགས་པའི་ཤེས་བྱའི་ཁྱོན། །མངོན་སུམ་ཚད་མས་ཡོངས་གཞལ་ཙོང་ཁ་པའི། །བསྟན་པའི་གདུགས་དཀར་གཅིག་གི་གྲིབ་བསིལ་དུ། །འཛམ་གླིང་སྐྱེ་རྒུ་བདེ་བའི་ངལ་གསོར་ཤོག །ཆེས་དཀོན་དལ་བའི་རྟེན་བཟང་མཆོག་གསུམ་གྱི། །དྲིན་ལས་ཉེར་ཐོབ་དཔའ་མཛངས་རྟུལ་ཕོད་ཅན། །མི་ཡི་རྗེ་བོའི་ཚེ་དཔལ་མངའ་ཐང་ཀུན། །དར་དྲག་དབྱར་གྱི་མཚོ་ལྟར་རྒྱས་པར་ཤོག །ཐོས་བསམ་དཔྱིད་ཀྱི་དགའ་སྤྲོ་ཡོངས་འཕེལ་བའི། །ཉམས་ལྡན་མིག་སྟོང་ཅན་བཞིན་སྦྱིན་སྐྱེས་མས། །རྣམ་པར་རྒྱལ་བ་འཚམས་སྤྲིན་གོས་ཅན་གླིང༌། །ཉི་ཟླ་མུན་སེལ་བར་དུ་དར་བར་ཤོག །འགྲོ་རྣམས་སྔོན་བསགས་ཆོས་དཀར་ནུ་མའི་ཞོ། །དེང་ནས་བྱང་ཆེན་བར་དུ་ཆད་མེད་པར། །བཏུངས་པས་སྤང་རྟོགས་ལང་ཚོ་རྒྱས་པ་བཞིན། །ཆོས་གཟུགས་སྨིན་ལེགས་མ་འགུགས་ལྕགས་ཀྱུར་ཤོག །ལྷོ་བརྒྱུད་ཀུན་བཟོད་ཡུལ་གྲུ་ཨེ་ཡིག་དབྱིབས། །གྲངས་མེད་འགྲོ་བའི་འདུ་འཁོད་ཡངས་པ་ཅན། །ལོ་ཏོག་དུས་སྦྲུམ་ཁེ་སྤོགས་མཁོ་དགུས་ཚིམ། །ནད་འཁྲུག་དང་བྲལ་ཚེ་ཡང་འཕེལ་བར་ཤོག །སྲས་བཅས་རྒྱལ་བ་ཉན་རང་རིག་པ་འཛིན། །ལྷ་དང་དྲང་སྲོང་ཚིག་བཙན་དམོད་པའི་མཐུས། །དེང་འདིར་གང་བཏབ་སྨོན་པ་ལྷུན་གྲུབ་པ། །ཡོངས་འདུའི་ཚལ་བཞིན་རེ་བ་སྐོང་བར་ཤོག །ཅེས་འདི་གའི་མིང་སྒྲ་སོགས་ཚང་བའི་བདེན་བརྗོད་ཀྱི་ཚིགས་བཅད་ཤླཽ་ཀ་བཅུ་གསུམ་ཙམ་ཡོད་པ་ཞིག་སེ་མདོ་དགའ་(༡༤༨ན)


GLG021_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྣམ་རྒྱལ་དུ་འཛུགས་པའི་ཆེད་ནང་སོ་དཀོན་ཅོག་དར་རྒྱས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །བདེ་ལྡན་ཞིང་དུ་འོད་ཟེར་སྟོང་འབར་བས། །ཆེས་ཆེར་བསྔགས་པའི་གཙུག་ཏོར་རྣམ་པར་རྒྱལ། །མཚན་གྱི་སྒྲས་ཀྱང་ལྷ་ཆེན་ཉི་མའི་བུ། །མཐར་བྱེད་དུས་གསུམ་སངས་རྒྱས་ཀུན་ཡུམ་ཀྱེ། །དཀར་སེར་སྔོ་བའི་ཞལ་ལྡན་ཕྱག་བརྒྱད་ཀྱི། །ཐ་མས་ལེགས་བཏེག་བུམ་བཟང་ལས་འོངས་པའི། །ཟིལ་དངར་བཅུད་ཀྱིས་ཕུང་ཁམས་གཏམས་པའི་མོད། །མཚུན་ལྷ་སྐྱེངས་ཏེ་བག་ལ་ཞ་བར་མཛོད། །རྒྱལ་བའི་སྲས་གཉིས་དགྱེས་པས་མེ་ཏོག་འཐོར། །གཏུམ་ཆེན་ཁྲོ་བོ་རྣམ་བཞི་བགེགས་ཚོགས་སྐྲོད། །ལེགས་བྲིས་བུ་ཡིས་མཐོ་རིས་ཨརྒྷའི་ཆབ། །སྦྲེངས་ཏེ་མ་དག་དྲི་མ་ཀུན་ཁྲུས་ཤིག །བདེན་བརྗོད་ལྷུན་གྱིས་གྲུབ་པའི་སྔོན་འགྲོའི་སྒོར། །བཅོམ་ལྡན་འདས་མར་སྙན་གསན་གསོལ་བཏབ་ནས། །ཡིད་ལ་རེ་བའི་འབྲས་བུ་དེང་གི་དུས། །འབད་མེད་ལག་རྩེར་སྩོལ་བར་བྱིན་གྱིས་རློབས། །བགྲང་ཡས་གདན་གསུམ་ཚང་བའི་ལྷ་ཚོགས་རྣམས། །རང་བྱུང་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དུ། །ཡོངས་ཚང་དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །མཆོག་གསུམ་འདུས་པའི་ངོ་བོར་གསོལ་བ་འདེབས། །འཇམ་དབྱངས་གཞོན་ནུ་དགྱེས་པའི་བཤེས་གཉེན་རྗེ། །ཚང་སྲས་ལྷ་མོ་བཞད་པའི་ངག་དབང་བློ། །མཁས་བཙུན་བཟང་པོ་གདུལ་བྱ་རྒྱ་མཚོ་ཡི། །འདྲེན་མཆོག་དམ་པ་བསྐལ་པར་ཞབས་བརྟན་ཤོག །རྒྱལ་བ་སེང་གེའི་ང་རོ་བཙོང་ཁ་པའི། །བསྟན་པའི་སྒྲོན་མེས་འཇིག་རྟེན་གསུམ་གྱི་མུན། །རབ་སེལ་སྐྱེ་རྒུ་(༡༤༨བ)


GLG021_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་བདེ་སྐྱིད་ཀྱི། །དགའ་སྟོན་མཆོག་ལ་རྟག་ཏུ་སྤྱོད་པར་ཤོག །འབྲས་དཀར་རིན་ཆེན་སྤུངས་པ་གསུམ་པའི་གླིང༌། །ལྷོ་བརྒྱུད་ཞྭ་སེར་འཆང་བ་བསྟན་པའི་སྲོག །གླང་ཆེན་ཉལ་འདྲའི་རི་བོར་ཆོས་ཀྱི་གྲྭ །བདེ་ཆེན་འདུས་ཚོགས་སྲིད་མཐར་རྒྱས་གྱུར་ཅིག །རྡོ་རྗེ་སྲིན་པོ་ལེགས་ལྡན་ཕྱག་དྲུག་པ། །འཇམ་དཔལ་བཀའ་སྡོད་དུས་དགྲ་མ་ཧེའི་ཞལ། །འདོད་ཁམས་དབང་ཕྱུག་མ་སོགས་སྲུང་མ་ཡིས། །འཕྲིན་ལས་རྣམ་བཞི་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་ངག་དབང་ནམ་མཁས་རི་བོ་བདེ་ཆེན་དུ་འཛུགས་རྩིས་ཀྱི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་ཕུན་ཚོགས་དབང་པོའོ། །མོས་དགེའི་དཔག་བསམ་ལྗོན་པའི་རྩེར། །ཡོངས་དུད་བདེ་སྐྱིད་འབྲས་བུའི་ཁུར། །ལེགས་སྨིན་རོ་བརྒྱ་བདའ་བའི་ཟས། །ཚེ་རབས་ཀུན་ཏུ་མྱོང་བར་ཤོག །འཁྲུངས་རབས། ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི། །གཞུང་ལུགས་གངས་ཅན་ལས་བབས་ཆུས། །ས་ལམ་མྱུ་གུ་སྐྱེད་བསྲིངས་ནས། །ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ལམ་རིམ། ངོ་མཚར་ཞིང་གི་བཀོད་པའི་ཕུལ། །བདེ་བ་ཅན་དུ་འདབ་བརྒྱའི་སྦུབས། །བརྫུས་ཏེ་སྐྱེས་ནས་འོད་དཔག་མེད། །ཞལ་མཇལ་ཆོས་ཀྱི་སྨིན་གྲོལ་ཤོག་བདེ་བ་ཅན། ལོག་པར་བལྟ་བའི་མུ་སྟེགས་སྡེ། །སྣ་ཚོགས་ཆོ་འཕྲུལ་གྱིས་བཏུལ་བ། །ཇི་བཞིན་རང་རྒྱུད་བདུད་བཞི་ལས། །རྣམ་པར་རྒྱལ་བར་བདག་བྱིན་རློབས། ཆོ་འཕྲུལ། ཐུན་མོང་གདུལ་བར་མཛད་པ་བཅུའི། །ཚུལ་བསྟན་ཇི་ལྟར་བདག་གཞན་འགྲོ། །རིང་པོར་མི་ཐོགས་མགོན་ཁྱོད་དང༌། །མཚུངས་པར་འགྲོ་བ་ཀུན་སྒྲོལ་ཤོག་མཛད་བཅུ། སྐུ་དངོས་དེང་བཞུགས་མཁའ་ཁྱབ་ཀྱི། །(༡༤༩ན)


GLG021_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་མ་ལུས་དོན་མཛད་པ། །འཕགས་པའི་གནས་བརྟན་བཅུ་དྲུག་གི །བྱིན་རླབས་བདག་སྙིང་ལ་ཞུགས་མཛོད་གནས་བཅུ། རྒྱལ་ཡུམ་འཕགས་མས་གླང་སེང་སྦྲུལ། །མེ་ཆུ་ལྕགས་སྒྲོག་ཤ་ཟ་དང༌། །རྐུན་པོར་མཚུངས་པའི་འཇིགས་བརྒྱད་ལས། །ལེགས་སྐྱོབས་ཕན་དང་བདེ་ལ་སྦྱོར་སྒྲོལ་མ། དུས་གསུམ་བསགས་དང་བསག་བཞིན་པའི། །དགེ་བས་རྡོ་རྗེ་སློབ་དཔོན་མཆོག །བསྐལ་བརྒྱར་མྱ་ངན་མི་འདའ་བར། །ཆོས་ཀྱི་འཁོར་ལོ་སྐོར་གྱུར་ཅིག་འདྲ་འབག །ཅེས་པའང་བློ་གྲོས་རྒྱ་མཚོས་ཐད་ཀའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཕུན་དབང་ངོ༌། །གཡུ་ལྗང་ལོ་འདབ་ཕང་ཕུང་གཡོ་བ་ཕུལ་བྱུང་བཀོད་པའི་ཞིང་ཁམས་ནས། །དྲི་མེད་རབ་གསལ་ཡེ་ཤེས་སྤྱན་བདུན་དུས་གསུམ་གྲངས་མེད་ཉེར་གཟིགས་མ། །མཐའ་ཡས་རྒྱལ་བ་ཀུན་གྱི་ཡུམ་གཅིག་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མས། །མཁའ་མཉམ་སྐྱེ་རྒུ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་དགའ་སྟོན་སྩོལ། །གང་ལ་བརྟེན་ན་བསླུ་བ་མེད་པ་དཀོན་མཆོག་རིན་ཆེན་ཐུགས་རྗེ་ཡིས། །ངག་དབང་འཇམ་དབྱངས་དགྱེས་པའི་བཤེས་གཉེན་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་གཞོམ་ཞིག་དང་བྲལ་གར་གྱི་དབང་ཕྱུག་ཇི་བཞིན་དུ། །འཆི་བ་མེད་པའི་ཚེ་ལ་མངའ་བརྙེས་འགྲོ་བ་མ་ལུས་འདྲེན་པར་ཤོག །དགའ་བ་བརྒྱ་པ་མགྲིན་སྔོན་ཅན་དང་འཁོར་ལོའི་ལག་སོགས་མེ་ཞལ་གྱི། །གཙོ་བོ་རྣམས་དང་བདེན་པའི་ངག་གིས་དམོད་པའི་ཚིག་མངར་དབང་བ་ཡིས། །ས་འོག་ས་སྟེང་ས་བླ་གནས་པའི་སྐྱེ་རྒུ་ཡོངས་ལ་གནས་སྐབས་དང༌། །མཐར་ཐུག་བསམས་(༡༤༩བ)


GLG021_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྷུན་གྱིས་གྲུབ་པའི་སྨོན་ལམ་བཟང་པོའི་འབྲས་སྨིན་ཤོག །ཅེས་པའང་ངག་དབང་མཁས་བཙུན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །གསུང་དང་དབང་བཞིའི་ཆུ་རྒྱུན་བློ་གྲོས་ཀྱིས། །བུམ་བཟང་ཡོངས་གཏམ་ཟབ་དང་རྒྱ་ཆེའི་ཆོས། །དབྱར་མཚོ་ལྟ་བུར་འཕེལ་བ་དགའ་བའི་བཤེས། །རབ་བརྟན་དཀོན་ཅོག་འཕྲིན་ལས་འཇུག་པར་ཤོག །འཕགས་ཡུལ་ཤྲཱི་ན་ལནྡྲ་གཉིས་པར། །ཤེས་བྱ་ཀུན་རིག་རོང་སྟོན་ཆོས་རྗེ་དང༌། །མཁྱེན་རབ་རིན་ཆེན་མཆོག་ཏུ་གྲུབ་པ་ཡིས། །རིང་ལུགས་སྲིད་མཐའི་བར་དུ་འཕེལ་བར་ཤོག །འཁོན་རིགས་འཇམ་དབྱངས་མ་དྲོས་ཆུ་བོ་ལས། །ངོར་རྫོང་ཐུ་སྟོན་སྨིན་གྲོལ་ཆོས་ཀྱི་མཛོད། །གོང་མའི་སྙན་བརྒྱུད་སློབ་བཤད་ཟབ་དོན་གྱི། །རྣམ་བཞིའི་ཉལ་འགྲོ་ཆད་མེད་འབབ་པར་ཤོག །རྨད་བྱུང་མཁྱེན་པའི་རབ་དང་ཕུལ་གྱུར་པས། །ངག་དབང་འཇམ་དབྱངས་དགྱེས་པའི་རྣམ་དཔྱོད་མཐུས། །ལྷུན་གྲུབ་ཆོས་དང་རིགས་ཀྱི་བསྟན་པའི་རྒྱུན། །བླ་ནས་བླར་འཕེལ་གངྒཱའི་ཀླུང་ལྟར་ཤོག །གུར་མགོན་ལྕམ་དྲལ་སྟོབས་འཕྲོག་དབང་པོ་སོགས། །རྡོ་རྗེ་ཆོས་སྐྱོང་རྣམས་ཀྱིས་གྲོགས་མཛད་ཅིང༌། །རིགས་བྱེད་མ་དང་ཚོགས་བདག་འདོད་རྒྱལ་གྱིས། །སྲིད་ཞིའི་དཔལ་འབྱོར་ཆར་དུ་སྙིལ་བར་མཛོད། །ཅེས་པ་འདིའང་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་སྨིན་གྲོལ་གདམས་པའི་བང་མཛོད་བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་ངག་དབང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །ཚེ་དཔག་མེད་མགོན་ཡིད་བཞིན་འཁོར་ལོ་དང༌། །(༡༥༠ན)


GLG021_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་པར་རྒྱལ་མ་ལ་སོགས་པ། །འཆི་མེད་གྲུབ་པའི་རིག་འཛིན་ལྷ་ཚོགས་ཀྱིས། །དེང་འདིར་ཚེ་ཡི་དངོས་གྲུབ་ལེགས་སྩོལ་ཅིག །ཀུན་མཁྱེན་བུ་སྟོན་རིང་ལུགས་སྤེལ་བ་ལ། །རིན་ཆེན་དབང་རྒྱལ་ལྟ་བུར་གདུལ་བྱ་ཡི། །བསོད་ནམས་ཞིང་གྱུར་རྣམ་ཀུན་མཆོག་ལྡན་པའི། །གྲུབ་པའི་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །མགོན་ཁྱོད་འཆི་མེད་ཚེ་ལ་དབང་འབྱོར་ཏེ། །གཡུང་དྲུང་ལྟ་བུར་མི་ཤིགས་ལྷུན་གྲུབ་སྐུ། །བསྐལ་བརྒྱར་གཞོམ་མེད་རབ་ཏུ་བརྟན་གྱུར་ནས། །རྒྱ་ཆེན་ཆོས་ཀྱི་འཁོར་ལོ་སྐོར་བར་ཤོག །ཅེས་མཁན་ཆེན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་གསོལ་འདེབས་བརྟན་བཞུགས་འདིའང་མཁས་ཤིང་གྲུབ་བརྙེས་མཁྱེན་རབ་ངག་དབང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་ཕུན་དབང་ངོ༌། །ཚེ་དཔག་མེད་དངོས་སྙིགས་དུས་འགྲོ་བའི་དོན། །འཛམ་གླིང་ཆེ་བའི་རིག་སྔགས་འཆང་བའི་གར། །ལེགས་བསྒྱུར་མཚོ་ལས་སྐྱེས་པའི་རྡོ་རྗེ་ཡི། །རྨད་བྱུང་ཟད་མི་ཤེས་པའི་བྱིན་རླབས་མཐུས། །ཟིལ་གནོན་འཇམ་དཔལ་གྲུབ་པའི་རིག་པ་འཛིན། །པདྨས་མིང་བཏགས་རྡོ་རྗེ་ཐོགས་མེད་རྩལ། །འོག་མིན་ཞིང་ཁམས་ཞིང་གཙོའི་མགོན་པོ་བཞིན། །ནམ་ཡང་གཡོ་མེད་གཡུང་དྲུང་ལྟར་བརྟན་ཤོག །བདག་སོགས་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །གསང་ལས་ཡང་གསང་ཉེ་བའི་ལམ་བཟང་ལ། །བརྟེན་ནས་ཚེ་འདིར་འཕོ་བ་ཆེན་པོའི་སྐུ། །ཡོངས་གྲུབ་མཁའ་ཁྱབ་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་འདིའང་སྔ་འགྱུར་གྱི་བསྟན་འཛིན་བྲེས་པ་བླ་ཆེན་ཆོས་རྒྱལ་རྡོ་རྗེས་ཆེད་དུ་བསྐུལ་བ་ལྟར་ཟ་(༡༥༠བ)


GLG021_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མི་ཕྱེད་དད་པའི་ཡིད་ཀྱི་ནམ་མཁའ་ལ། །སྲས་བཅས་རྒྱལ་བ་ཀུན་འདུས་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོའི་གཉེན་གཅིག་པུ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཚེ་རབས་བརྒྱུད་མར་དལ་འབྱོར་རྟེན་རྙེད་ཅིང༌། །བཤེས་གཉེན་དམ་པའི་མགོན་གྱིས་རྟག་ཏུ་ཟིན། །ཚད་ལྡན་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས། །མྱུར་དུ་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །ཅེས་པ་འདིའང་རབ་འབྱམས་པ་ཚུལ་ཁྲིམས་རྒྱ་མཚོ་དང་མགོན་པོ་དོན་གྲུབ་གཉིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་ཕུན་དབང་ངོ༌། །སྙིགས་མའི་སེམས་ཅན་རྣམས་ལ་ཐུགས་རྗེའི་མཐུ། །རྣམ་འདྲེན་གཞན་ལས་ཆེས་ལྷག་བདེར་གཤེགས་བརྒྱད། །མ་སྨད་ཐུགས་རྗེ་བསྐུལ་བ་མདོ་ཆོག་གཞུང༌། །བསྟན་པའི་རྩ་ལག་ཞི་འཚོ་བཞེད་པའི་སྲོལ། །ཉེར་མཁོའི་ཕོ་བྲང་དེར་འགོད་སྐུ་བརྙན་སོགས། །ལྷག་བསམ་སྟོན་གྱི་ཟླ་བ་ལྟར་དཀར་བས། །སྒྲུབ་འབྲས་རྨེ་རུའི་འདུས་སྡེ་སྲིད་མཐའི་བར། །ཆོས་དང་འབྱོར་པ་དབྱར་མཚོ་ལྟར་འཕེལ་ཤོག །བྱེད་པོར་གཏོགས་ཀུན་བདེར་གཤེགས་འཁོར་བཅས་ཀྱིས། །སྨོན་པ་ཇི་ལྟར་རྟག་ཏུ་བདེ་ཞིང་སྐྱིད། །རང་དོན་ཙམ་མིན་རྒྱུད་ལྔའི་ཡིད་ཅན་རྣམས། །བྱང་ཆུབ་མཆོག་ལ་སྦྱོར་བའི་རྒྱུ་རུ་བསྔོ། །ཞེས་པ་ཡང་མངའ་བདག་ཁྲི་ལྡེ་གཙུག་བརྟན་གྱི་དུས་ཚུགས་པའི་འདུས་སྡེ་རྨེ་རུ་བ་རྣམས་ཀྱིས་བདེར་གཤེགས་བརྒྱད་ཀྱི་ཆོ་ག་ལ་མཁོ་བའི་ཕོ་བྲང་དང་ལྷ་ཚོགས་རྣམས་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་(༡༥༡ན)


GLG021_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རབ་པ་ཕུན་ཚོགས་དབང་པོའོ། །དགེ་བསྙེན་མིང་འཛིན་དུས་ཀྱི་ཆོས་ཉིད་ཅན། །མུ་མེད་འཁོར་བའི་གློང་དུ་ཡོངས་ཆུད་ལས། །སྒྲོལ་བའི་དེད་དཔོན་མཚན་ལེགས་ཡོངས་བསྒྲགས་ལྡན། །ཐུགས་རྗེ་ཉེར་བསྐུལ་མཐུ་དཔུང་བསྐྱེད་དུ་གསོལ། །དགེ་བསྙེན་༝། མུ་མེད་༝། སྒྲོལ་བའི་དེད་དཔོན་རིན་ཆེན་ཟླ་བ་ཡི། །ཐུགས་རྗེ་༝། དགེ་བསྙེན་༝། མུ་མེད་༝། སྒྲོལ་བའི་དེད་དཔོན་གསེར་བཟང་དྲི་མ་མེད། །ཐུགས་རྗེ་༝། དགེ་བསྙེན་༝། མུ་མེད་༝། སྒྲོལ་བའི་དེད་པོན་མྱ་ངན་མེད་པའི་མཆོག །ཐུགས་རྗེ་༝། དགེ་བསྙེན་༝། མུ་མེད་༝། སྒྲོལ་བའི་དེད་དཔོན་ཆོས་བསྒྲགས་རྒྱ་མཚོའི་དབྱངས། །ཐུགས་རྗེ་༝། དགེ་བསྙེན་༝། མུ་མེད་༝། སྒྲོལ་བའི་དེད་དཔོན་མངོན་པར་མཁྱེན་པ་རྒྱལ། །ཐུགས་རྗེ་༝། དགེ་བསྙེན་༝། མུ་མེད་༝། སྒྲོལ་བའི་དེད་དཔོན་བཅོམ་ལྡན་སྨན་གྱི་བླ། །ཐུགས་རྗེ་༝། དགེ་བསྙེན་མིང་འཛིན་དུས་ཀྱི་ཆོས་ཉིད་ཅན། །མུ་མེད་འཁོར་བའི་གློང་དུ་ཡོངས་ཆུད་ལས། །སྒྲོལ་བའི་དེད་དཔོན་དོན་ཀུན་གྲུབ་པའི་དཔལ། །ཐུགས་རྗེ་ཉེར་བསྐུལ་མཐུ་དཔུང་བསྐྱེད་དུ་གསོལ། །ཞེས་ཁང་གསར་དགེ་བསྙེན་གྱི་དོན་དུ་བདེ་བར་གཤེགས་པ་བརྒྱད་ཀྱི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་བྱང་གླིང་བསམ་གྲུབ་རྒྱལ་པོས་དོ་དམ་བྱས་ནས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །བདེ་དགྱེས་གཤིན་རྗེ་གཤེད་སོགས་དཀྱིལ་འཁོར་ལྷ། །ཚེ་མཐའ་ཡས་པའི་ངོ་བོར་ལེགས་བཞེངས་ནས། །བདུད་རྩིའི་བུམ་པས་མགོན་ཁྱོད་སྲིད་མཐའི་བར། །མི་འགྱུར་འཆི་བ་མེད་པའི་དབང་བསྐུར(༡༥༡བ)


GLG021_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །རིན་ཅེན་རྣམ་གསུམ་ཀུན་འདུས་བསོད་ནམས་ཞིང༌། །མཆོག་ཏུ་སྐུ་ཚེ་གཡུང་དྲུང་རང་བཞིན་དུ། །དབང་ཕྱུག་ལྷུན་གྱིས་གྲུབ་པས་སེང་གེའི་ཁྲིར། །རབ་བརྟན་ཟབ་རྒྱས་ཆོས་འཁོར་སྐོར་བར་བསྐུལ། །གུར་མགོན་སྟོབས་འཕྲོག་དབང་པོ་རྣམ་ཐོས་སྲས། །དཔལ་ལྡན་མ་དང་པུ་ཏྲ་བེག་ཙེ་སོགས། །རྡོ་རྗེའི་ཆོས་སྐྱོང་སྲུང་མས་ཞི་རྒྱས་དང༌། །དབང་དྲག་འཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཅེས་ཁྱབ་བདག་ཞ་ལུ་པ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ་བརྟན་པར་བཞུགས་པའི་ཚིགས་སུ་བཅད་པ་འདི་ནི་ཟ་ཧོར་གྱི་བནྡེས་དང་བའི་ཡིད་ཀྱིས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་ཚོགས་དབང་པོའོ། །གང་གི་མཚན་སྙན་ཐོས་པའི་མོད་ལ་ལྷ་ཆེན་ཉི་བུའི་ཕོ་ཉ་རྣམས། །ལེགས་ཉེས་ཡོངས་གསལ་མེ་ལོང་འཛིན་པའི་ངལ་ཁུར་བཏང་ནས་ཅི་བདེར་གཉིད། །སྟུག་པོར་གཡུར་མཛད་ནུབ་ཕྱོགས་བདེ་བ་ཅན་ཞིང་མགོན་པོ་འོད་མཐའ་ཡས། །པདྨ་རཱ་གའི་བུམ་བཟང་ལས་འོངས་བདུད་རྩིའི་རྒྱུན་གྱིས་ཚིམ་པར་མཛོད། །ཆོས་རྣམས་ཡོངས་ཡེ་སྤྲོས་པའི་མཚན་བྲལ་འགྱུར་བ་མེད་པའི་ངང་ཉིད་ནས། །ཀུན་རྫོབ་རྒྱུ་འབྲས་ངེས་པར་མི་བསླུ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །འཆི་བདག་བདུད་ཀྱི་ལྕགས་ཁམས་མ་ལུས་གཞོམ་མེད་སྲོག་གི་གསེར་བསྒྱུར་བར། །སྨོན་པའི་རེ་བ་ཇི་བཞིན་སྐོངས་ཤིག་སངས་རྒྱས་ཆོས་དང་དགེ་འདུན་ཚོགས། །དུས་གསུམ་བདེ་གཤེགས་གངྒཱའི་རྡུལ་སྙེད་འགྲོ་ལ་རྗེས་སུ་ཉེར་བརྩེ་ཡང༌། །བདག་སོགས་མ་རིག་འཐུག་པོས་ཡོངས་བསྒྲིབས་མངོན་སུམ་མཐོང་བའི་སྐལ་ཕྲ་བར། །རྒྱལ་ཀུན་ཐུགས་རྗེ་བཤེས་གཉེན་གཟུགས་ཀྱིས་གདུལ་བྱའི་མིག་ངོར་རབ་(༡༥༢ན)


GLG021_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཕྱིར། །གསོལ་བའི་རེ་འབྲས་དོན་གྲུབ་ཆེད་དུ་རྡོ་རྗེ་ཁྲི་ལ་རྟག་བརྟན་ཤོག །ལེགས་བྱས་ཕུང་པོར་སྤུངས་པའི་རི་བོ་ས་ལ་རྒྱུ་བའི་ཤུགས་ཆེན་པོས། །འཇིག་རྟེན་གསུམ་པོ་རང་བྱན་བྱེད་པའི་མི་ཡི་བདག་པོའི་གྲིབ་བསིལ་དུ། །འབངས་རྣམས་རྫོགས་ལྡན་ལྟ་བུར་སྤྱོད་པ་ཕན་དང་བདེ་བའི་རྩི་སྨན་གྱི། །ལྗོན་པའི་ཤིང་གི་ཡལ་ག་རབ་རྒྱས་ཕུན་ཚོགས་འབྲས་བུ་དུས་སྨིན་ཤོག །ཆོས་གྲགས་རིགས་གཞུང་གཙོ་བོར་གྱུར་པའི་མཐའ་ཀླས་བཀའ་དང་དགོངས་འགྲེལ་ལ། །མང་དུ་ཐོས་ཤིང་དེ་དོན་ལེགས་བསམས་ལྷག་པའི་བསླབ་པ་གསུམ་ལྡན་པའི། །ཉི་ཟླའི་འོད་ཀྱིས་མུན་པ་སེལ་བར་ཆོས་སྲིད་མ་ལུས་དར་རྒྱས་པ། །འདུས་པའི་གླིང་གྱུར་སྨོན་པ་ལྷ་དང་དྲང་སྲོང་ཚོགས་ཀྱིས་གྲུབ་པར་མཛོད། །ཅེས་པ་འདི་ཡང་ཐོས་བསམ་དར་རྒྱས་གླིང་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྣམ་སྣང་ཐུགས་རྗེའི་ལྕགས་ཀྱུ་ཡིས། །ཚེ་རིང་བསམ་གྲུབ་ངན་སོང་ལས། །དྲངས་ཏེ་མངོན་མཐོ་ངེས་ལེགས་སར། །བཀོད་ནས་དོན་གཉིས་འགྲུབ་བྱིན་རློབས། །ཞེས་པའང་ཆེ་ཆེན་དབོན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །སྭསྟི་པྲ་ཛཱ་བྷྱཿ ཕུན་ཚོགས་བློ་གྲོས་བུམ་པར་འཁྱིལ་བའི་བཅུད། །སྐལ་བཟང་གདུལ་བྱར་སྩོལ་མཛད་བཤེས་གཉེན་མཆོག །ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་བཞིན། །རྡོ་རྗེའི་ཁྲི་ལ་གཡོ་བ་མེད་པར་ཤོག །བློ་བཟང་གྲགས་སྙན་འབར་བའི་བསྟན་སྲུང་ཆེ། །ཡེ་ཤེས་མགོན་པོ་ལས་ཀྱི་གཤིན་རྗེ་ཡིས། །མགོན་ཁྱོད་སྐྱེ་རྒུའི་ལེགས་བྱས་རབ་སྤེལ་བ། །ཞིང་དུ་སྐུ་ཚེ་གཡུང་དྲུང་ལྟ་བུར་མཛོད། །ཇི་ལྟར་(༡༥༢བ)


GLG021_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ལེགས་བཏབ་དཔག་བསམ་གྱི། །ལྗོན་པ་དར་ལ་བབས་པའི་གྲིབ་བསིལ་དུ། །བདག་སོགས་རིང་པོར་ཕན་བདེ་ལ་སྤྱོད་བདེ། །རེ་བའི་འབྲས་བུ་ཡོངས་སུ་སྨིན་པར་ཤོག །ཅེས་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་བརྟན་བཞུགས་འདི་ནི་ཤེས་རབ་བཟང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཕུན་ཚོགས་དགེ་འདུན་རྣམས་ཀྱི་བཞེད་པའི་དོན། །གྲུབ་མཛད་ཡོངས་འཛིན་དམ་པར་གསོལ་འདེབས་ན། །བདག་སོགས་གདུལ་བྱའི་མགོན་དུ་བསྐལ་བརྒྱའི་བར། །རྡོ་རྗེ་ལྟ་བུར་བརྟན་པར་བཞུགས་གྱུར་ཅིག །སྐུ་སྐྱེ་བློ་བཟང་འཕྲིན་ལས་ཀྱི་ངོར་ཟ་ཧོར་གྱི་བནྡེས་བྲིས། །འཁོར་འདས་ཆོས་ཀུན་ཡེ་ནས་རོ་གཅིག་དབྱིངས། །རྩ་བའི་བླ་མ་འཕགས་མཆོག་སྤྱན་རས་གཟིགས། །བཅུ་གཅིག་ཞལ་ལྡན་ནམ་མཁའ་རྒྱལ་པོ་ཡི། །ངོ་བོར་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བཟོད་དཀའ་ངན་སོང་གསུམ་གྱི་སྡུག་བསྔལ་མེ། །སྤྱི་བླུགས་བདུད་རྩིའི་རྒྱུན་གྱིས་རབ་བཅིལ་ཅིང༌། །བདེ་འགྲོར་རློམ་ཡང་འགྱུར་བའི་སྡུག་བསྔལ་རྣམས། །ཐུགས་རྗེའི་ཕྱག་གིས་བསལ་ནས་དབུགས་དབྱུང་གསོལ། །བརྒྱ་ཕྲག་ལུས་ཀྱིས་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་ཅིང་བསྐལ་བརྒྱར་རྡོ་རྗེའི་ཁྲིར། །མྱ་ངན་མི་འདའ་བརྟན་པར་བཞུགས་གསོལ་འདེབས། །ལྷ་དང་བླ་མ་གཉིས་སུ་མེད་པའི་སྐུ། །འཇིག་རྟེན་དབང་ཕྱུག་རྣམ་པར་ཡོངས་ཤར་བ། །མཐོང་བས་དོན་ལྡན་སྣོད་བཅུད་མ་ལུས་པ། །རྟེན་དང་བརྟེན་པའི་རྣམ་པར་འཆར་བར་ཤོག །ཁྱོད་གསུང་ཡི་གེ་དྲུག་པའི་སྒྲ་དབྱངས་སུ། །ཐོས་པས་སྲིད་ཞིའི་འཇིགས་(༡༥༣ན)


GLG021_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་གྲོལ་ཏེ། །སྙན་དང་མི་སྙན་གྲག་སྟོང་སྐྱེ་བ་མེད། །གསང་སྔགས་ཟབ་མོའི་གདངས་སུ་བསྒྲག་པར་ཤོག །བདེ་སྟོང་ཟུང་དུ་འཇུག་པ་གང་གི་ཐུགས། །དྲན་པས་ཆོས་རྣམས་གདོད་ནས་ཉེར་སྟོངས་པ། །བློ་འདས་རང་སེམས་ཐུགས་རྗེ་ཆེན་པོ་རུ། །ངེས་རྙེད་ཚེ་འདིར་གྲོལ་བར་བྱིན་གྱིས་རློབས། །ཉ་སྟོང་བརྒྱད་གསུམ་དགེ་བའི་ཚོགས་གསོ་ཞིང༌། །སྡིག་སྒྲིབ་ལེགས་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས། །ཚུལ་བཞིན་བསྲུངས་བས་ཡང་སྲིད་མཐའ་དག་ཏུ། །ལྷ་མིའི་ལུས་ཐོབ་ཆོས་དང་མཇལ་བར་ཤོག །མངོན་མཐོའི་རྟེན་ལ་སྡིག་སྤོང་དགེ་བའི་ཚོགས། །སྒྲུབ་པའི་གྲུ་རྫིངས་ལ་བརྟེན་འཁོར་བ་ཡི། །རྒྱ་མཚོ་ལས་བསྒྲལ་ཐར་པ་རིན་ཆེན་གླིང༌། །མྱ་ངན་འདས་པའི་གྲོང་དུ་འཇུག་པར་ཤོག །སངས་རྒྱས་དངོས་བྱོན་ལྟ་བུའི་ཇོ་ཤཱཀ་སོགས། །ཡེ་ཤེས་སེམས་དཔའ་བཞུགས་པའི་སྣང་བརྙན་ལ། །གདུང་ཤུགས་དྲག་པོས་ཕྱག་དང་སྐོར་བ་རྣམས། །བྱས་འབྲས་ཐུགས་རྗེའི་སྤྱན་གྱིས་གཟིགས་པར་ཤོག །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ན་བཟའ་ལྡ་ལྡི་ཕྱེ་མ་ཕུར་མའི་ཚོགས། །སྲི་ཞུར་བགྱིས་མཐུས་འདི་དང་ཕྱི་མ་ཀུན། །ལྷ་མིའི་བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ཤོག །དགེ་འདུན་མཆོད་ཅིང་དབུལ་འཕོངས་སྦྱིན་པ་གཏོང༌། །ཕ་མ་ཉམ་ཐག་ནད་པར་རིམ་གྲོ་སོགས། །མདོར་ན་བསོད་ནམས་བསགས་རྣམས་རང་དོན་ཙམ། །མ་ཡིན་འགྲོ་ཀུན་སངས་རྒྱས་འཐོབ་རྒྱུར་བསྔོ། །དེང་ནས་བླ་མ་ཕྱག་ན་པདྨ་གཉིས། །གཅིག་པུ་ཉིད་ལས་དུ་མའི་གར་བཞིན་དུ། །དབྱེར་མེད་གསོལ་བ་བཏབ་པས་གྲུ་འཛིན་དུ། །སྐྱེས་ནས་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག །རྒྱལ་བ་སྲས་བཅས་ཐུགས་རྗེའི་བྱིན་རླབས་(༡༥༣བ)


GLG021_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་མཐུས། །བསྟན་པ་དར་ཞིང་སེམས་ཅན་བདེ་སྐྱིད་ལྡན། །ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤོག །ཅེས་རང་གང་མོས་ཀྱི་བླ་མ་སྤྱན་རས་གཟིགས་དང་ངོ་བོ་དབྱེར་མེད་དུ་གསོལ་འདེབས་ཡན་ལག་བདུན་པ་དང་འབྲེལ་བའི་བརྟན་བཞུགས་སྨོན་ལམ་ཤིས་བརྗོད་དང་བཅས་པ་འདི་ནི་འཕྲུལ་སྣང་བསྙེན་གནས་མ་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འཕགས་བོད་པཎ་གྲུབ་དག་ལས་དབང་ཆུའི་རྒྱུན། །བློ་གྲོས་སྐལ་བཟང་རྒྱ་མཚོར་རབ་འཁྱིལ་བས། །ཡིད་སྲུབས་དཔུང་ལ་འཇིགས་མེད་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །ཧེ་རུ་ཀཿདངོས་དམ་པའི་བདེན་ཚིག་དང༌། །རྡོ་རྗེའི་སྲུང་མར་བཀའ་བསྒོས་ནུས་མཐུ་ཡིས། །མགོན་ཁྱོད་འོག་མིན་ཞིང་གི་གཙོ་བོ་ལྟར། །འཁོར་བ་མ་སྟོངས་བར་དུ་བརྟན་པར་ཤོག །པང་ནས་སྐྱེས་དང་ཉེ་རྒྱལ་ཇི་བཞིན་དུ། །གྲུབ་མཐའ་སྙོགས་མིན་དེ་སྲིད་མི་འབྲལ་བར། །ཡང་དག་བཤེས་མཛད་དགེ་ལེགས་ཕུན་ཚོགས་ལ། །སྦྱོར་བའི་མཛའ་གྲོགས་དམ་པར་འགྱུར་བར་ཤོག །འཇམ་དབྱངས་འཁོན་གྱི་གདུང་བརྒྱུད་དྲི་བྲལ་བ། །སྐྱེ་རྒུའི་མཆོད་སྡོང་ཞིང་དུ་མི་ཆད་ཅིང༌། །རྡོ་རྗེ་འཆང་དངོས་བླ་ཆེན་ས་སྐྱ་པའི། །མདོ་སྔགས་བསྟན་པ་སྲིད་མཐར་རྒྱས་པར་ཤོག །ཁྱད་པར་གསུང་ངག་གསེར་ཆོས་བཅུ་བཞི་དང༌། །མགོན་པོ་ཆེ་ཆུང་མན་ངག་སྙན་ནས་སྙན། །ལེགས་བརྒྱུད་སློབ་བུ་མཆོག་ལ་བཤད་བྱ་ཀུན། །མཐོ་རིས་ཆུ་བོའི་རྒྱུན་བཞིན་ཆད་མེད་ཤོག །བདེ་དགྱེས་ཡང་ཕུར་ཡི་དམ་དཀྱིལ་འཁོར་ལྷ། །གུར་མགོན་ལྷ་ཆེན་གདོང་བཞི་ལས་མཁན་བཅས། །ཆོས་སྲུང་རྣམས་ཀྱིས་(༡༥༤ན)


GLG021_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་མ་ལུས་པ། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། ཁམས་གསུམ་བརྟན་པ་འཕྲོག་མཛད་རིགས་བྱེད་མ། །སྟོབས་ལྡན་གླང་པོའི་གདོང་པ་ཚོགས་ཀྱི་བདག །འདོད་པའི་རྒྱལ་པོས་སྲིད་ཞིའི་དགེ་ལེགས་ཀུན། །དབང་སྡུས་བཀྲ་ཤིས་དཔལ་གྱིས་ཁྱབ་པར་ཤོག །ཅེས་གསོལ་འདེབས་རིང་འཚོའི་བདེན་བརྗོད་བྱང་ཆུབ་བར་དུ་མི་འབྲལ་ཞིང་བསྟན་པ་རྒྱས་པའི་ཚིགས་བཅད་འདི་ལྟ་བུ་ཞིག་རྩོམས་ཞེས། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་བ་འཇམ་དབྱངས་འཁོན་གྱི་གདུང་ལས་འཁྲུངས་ཤིང་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཡབ་རྗེ་ངག་དབང་བསོད་ནམས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང་དེ་སྲས་ཁྲི་ཆེན་ཀུན་དགའ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་ཀྱིས་བཀའ་སྩལ་པ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་པ་ཡིས། །རྗེས་བཟུང་གན་ཇག་ཐང་ཏ་སྤྲུལ་པའི་གར། །པྲཛྙ་ར་སྨིས་སྤྱན་དྲངས་ཟབ་གཏེར་ལས། །ལག་ན་པདྨ་ཞི་ཁྲོ་བསྒྲུབས་པའི་མཐུས། །སྤྱི་དང་བྱེ་བྲག་ཐུབ་བསྟན་དེ་འཛིན་རྒྱས། །འགྲོ་རྣམས་རྫོགས་ལྡན་དུས་ཀྱི་རིང་པོའི་ཚེ། །ལེགས་བྲིས་དགའ་སྟོན་གནོད་སྦྱིན་ལོངས་སྤྱོད་ཚོགས། །བདེ་ཞིང་སྐྱིད་པའི་དཔལ་གྱིས་རྟག་འཚོར་ཤོག །ཡང་སྒོས་སཱ་ལའི་ལྗོངས་འདིར་འཐབ་རྩོད་གཡུལ། །ནད་རིམས་དབུལ་ཕོངས་བསྐྱེད་པའི་འབྱུང་པོའི་གདོན། །གངས་ཅན་འགྲོ་སྙིང་ཞུགས་པའི་བརླང་སྤྱོད་སོགས། །དགྲ་བགེགས་དེ་འབྲས་བཅས་པ་ཞི་བར་ཤོག །ཁྱད་པར་ལྔ་བདོའི་མཐུ་ཡིས་སྔོན་དུས་ནས། །སྨོན་ལམ་ལོག་དང་གློ་བུར་དམ་སྲིའི་འཕྲུལ། །འཇིག་རྟེན་ཕུང་(༡༥༤བ)


GLG021_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་མུན་པའི་རུམ། །བྱིན་རླབས་རྟ་བདུན་དབང་པོས་སངས་པར་ཤོག །ལྷོ་བྱང་སྟོད་སྨད་ཕྱོགས་མཚམས་ནས་ལངས་ཏེ། །ལུས་ཅན་མནར་ནུས་དམག་དང་རྗེས་འབྲངས་འདྲེའི། །ཉེར་འཚེ་ན་བུན་དེངས་པའི་ནམ་མཁའ་ལ། །བདེ་སྐྱིད་ཉི་ཟླ་ཟུང་འབྲེལ་འཆར་བར་ཤོག །ཐེག་མཆོག་དཔལ་གྱི་རི་བོའི་རྩེ་མོ་ནས། །སྒྲུབ་པའི་འདུས་སྡེས་རབ་མཚོན་ཟབ་ཆོས་འདི། །ཉམས་སུ་ལེན་ནོ་ཅོག་གི་བསོད་ནམས་ལས། །སྲིད་ཞིའི་འདུན་མའི་འབྲས་བུ་ཡོངས་སྨིན་ཤོག །དཔལ་ལྡན་རྡོ་རྗེ་གཤོག་རྒོད་མ་ལ་སོགས། །ཟབ་གཏེར་བསྟན་སྐྱོང་ཚོགས་ཀྱིས་སྲུང་སྐྱོབ་ཅིང༌། །རྩ་གསུམ་དྲང་སྲོང་ལྷ་དང་རིགས་འཛིན་གྱི། །བདེན་པས་དུས་ཀུན་དགེ་བའི་བཀྲ་ཤིས་ཤོག །སྤྲུལ་པའི་གཏེར་སྟོན་རྒྱལ་སྲས་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་དང༌། རྟ་མགྲིན་དྲེགས་པ་ཀུན་འདུལ་གཉིས་ཀྱི་འཕྲིན་ལས་བོད་འབངས་བདེ་ཐབས་ཀྱི་ལུང་བསྟན་དང་བསྟུན་དཔལ་རི་སྒྲུབ་སྡེར་འཛུགས་པའི་བཀོད་པ་བགྱིས་སྐབས་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་མཁར་ཆེན་བཟའི་སྤྲུལ་པར་རིགས་འཛིན་སྲོག་སྒྲུབ་དང༌། རིགས་འཛིན་ཐུགས་ཏིག་གཉིས་ཀྱི་ལུང་ཟིན་སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས་ཀྱིས་ཆེད་དུ་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སངས་རྒྱས་ཀུན་དངོས་པདྨ་ཐོད་འཕྲེང་གིས། །ཐུགས་རྗེ་ཉི་མའི་འོད་ཟེར་རབ་སྦར་ནས། །མངའ་བདག་བསྟན་པ་འཛིན་པའི་ཆོས་ཀྱི་དབང༌། །མཁའ་ཁྱབ་འགྲོ་འདྲེན་བཞེད་པ་འགྲུབ་གྱུར་ཅིག །སྔ་འགྱུར་སྤྱི་དང་ཁྱད་པར་ཉང་རལ་གྱི། །ཟབ་གཏེར་སྨིན་གྲོལ་གདམས་པའི་ནམ་མཁའ་མཛོད། །སྐལ་བཟང་གདུལ་(༡༥༥ན)


GLG021_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་སླར་ཡང་ཆད་མེད་དུ། །རྗེས་འཇུག་སློབ་བུའི་ཚོགས་ཀྱིས་སྤེལ་ནུས་ཤོག །རྩ་བརྒྱུད་བླ་མ་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །དཔལ་མགོན་འབར་བ་དྲེགས་པའི་སྡེ་དཔོན་སོགས། །བསྟན་སྐྱོང་གཏེར་སྲུང་རྒྱ་མཚོས་བསམ་པ་ཡི། །རེ་བ་ཇི་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་མངའ་བདག་གདུང་བརྒྱུད་ཐ་མ་ཆོས་རྗེ་བསྟན་འཛིན་ཆོས་དབང་གི་དགོངས་པ་རྫོགས་ཤིང་ཆོས་རྒྱུན་མི་ཆད་པའི་བདེན་བརྗོད་ཀྱི་སྨོན་ལམ་འདི་ནི་སྤང་སྟོན་ངག་དབང་ཆོས་རྒྱལ་གཙོ་བོར་གྱུར་པའི་བུ་སློབ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བཀྲས་རབ་པ་ཕུན་དབང་ངོ༌། །བླ་མེད་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོར། །ཡོངས་བལྟས་ཡི་གེ་བརྒྱ་པའི་སྒོམ་བཟླས་ཀྱིས། །སྔོན་བསགས་སྡིག་ལྟུང་དྲི་མ་ཡོད་དོ་ཅོག །མུན་ཁུངས་སྒྲོན་མེ་བཏེག་ལྟར་སངས་པར་ཤོག །སྙིང་ནས་སྡིག་བཤགས་དགེ་ཚོགས་སྤྱད་པའི་མཐུས། །ངན་འགྲོའི་གནས་སུ་ནམ་ཡང་མི་སྐྱེ་ཞིང༌། །དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ཡི་ལུས། །ཐོབ་ནས་དམ་པའི་མགོན་གྱིས་བཟུང་བར་ཤོག །གསང་སྔགས་ཐེག་པ་མཆོག་གི་ལམ་ཟབ་མོ། །ཉམས་སུ་བླངས་པས་སྲིད་པའི་རྒྱ་མཚོ་ལས། །བརྒལ་ཏེ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །བརྙེས་ནས་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་ཞལ་འདོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །དང་པའི་རྫིང་བུར་རྒྱལ་ཀུན་འདུས་པའི་ཟླ། །མཚན་དཔེའི་ཆ་གང་ངག་དབང་བློ་(༡༥༥བ)


GLG021_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཏེར། །མཁས་བཙུན་བཟང་པོའི་འཕྲིན་ལས་རླབས་ཀྱི་ཕྲེང༌། །ཡོལ་མེད་ཐུབ་བསྟན་རྒྱ་མཚོར་གསོལ་བ་འདེབས། །མཆོག་གསུམ་བྱིན་རླབས་རྡོ་རྗེ་རྩེ་བརྒྱ་པས། །ཉི་བུ་ལྷ་མིན་མོ་དངངས་འཆི་བའི་མངལ། །ཉེར་ལྷུངས་རབ་བརྟན་ས་སྲུངས་ཁྲི་སྟེང་དུ། །འགྲོ་བའི་དཔུང་གཉེན་དམ་པར་གཡོ་མེད་ཤོག །མི་ཡི་བདག་པོ་མངའ་འབངས་བཅས་པ་ལ། །རྒུད་པ་ཟུག་རྔུའི་ཚེར་མ་དྲུངས་ཕྱུངས་ཏེ། །ཚེ་དཔལ་སྟོབས་འབྱོར་རྫོགས་ལྡན་དུས་ཀྱི་མིའི། །བགོ་སྐལ་མཉམ་པོར་ཉམས་སུ་མྱོང་བར་ཤོག །གསོལ་འདེབས་བརྟན་སྡོད་དཔོན་པོ་སྡེ་དམངས་དང་བཅས་པ་དར་བའི་སྨོན་ལམ་ཞིག་དགོས་ཞེས་བཀྲ་ཤིས་སྒོ་མངས་ཀྱི་དབུ་མཛད་ཨལ་དར་དཀའ་བཅུས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བླ་དཔོན་ཆེ་དགུ་གང་ལའང་ཕུལ་ཆོག་པའི་བརྟན་བཞུགས་ཀྱི་ཡི་གེ་ཐུགས་རྗེ་མྱུར་འཇུག །སྭསྟི་པྲ་ཛཱ་བྷྱཿ མགོན་ཁྱོད་མཁྱེན་པའི་མེ་ལོང་གཙང་མའི་ངོས། །རྒྱལ་ཀུན་ཡོན་ཏན་གཟུགས་བརྙན་རྟག་འཆར་བ། །བློ་ལྡན་སྐལ་བཟང་དཔྱིད་གྱུར་གྲགས་པའི་སྒྲས། །ཡོངས་ཁྱབ་འཇམ་དབྱངས་བླ་མ་གཙུག་ན་མཛེས། །བསླུ་མེད་མཆོག་གསུམ་དཔང་དུ་ལེགས་བཞུགས་པར། །དད་པས་གསོལ་གདབ་བདེན་པའི་ཚིག་བརྗོད་དང༌། །ཕུན་ཚོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ། །འགྲིག་པའི་རྒྱུ་ལས་འབྲས་བུ་ངེས་པར་སྨིན། །དེ་ཕྱིར་དགེ་བའི་བཤེས་དང་མི་བདག་སོགས། །རང་ཉིད་མོས་ཡུལ་གྱུར་ཏོ་ཅོག་རྣམས་ལ། །བརྟེན་ནས་ལེགས་བྱས་ཕུང་པོ་མཐོ་རིས་ཆབ། །འབེབས་(༡༥༦ན)


GLG021_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྐལ་ལྡན་ཤིང་རྟ་འདི་ནའོ། །དེ་ལ་འདིར་མཆོད་བཀུར་གྱི་ཡུལ་དུ་གྱུར་པའི་ཆེ་རྒུ་རྣམས་གཡུང་དྲུང་གི་རང་བཞིན་དུ་བརྟན་པར་བྱ་བའི་ཆེད་དུ་ཕུན་ཚོགས་རྟེན་འབྲེལ་གྱི་སྒོ་བརྒྱ་འབྱེད་པའི་བརྗོད་དོན་ཁྲིགས་རིམ་དུ་བཀོད་པ་ལ། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སྐྱབས་སེམས་སྔོན་དུ་བཏང་སྟེ་རང་ཉིད་ཇི་ལྟར་འདོད་པའི་དོན་བསྒྲུབ་པའི་ཆེད་དུ་ས་གཞི་བྱིན་གྱིས་བརླབ་ཅིང་གསོལ་གདབ་དཔང་པོའི་ཡུལ་གྱི་ཚོགས་སྤྱན་དྲང་བ་ནི། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུཪྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །ཤཱཀྱ་སེང་གེ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུར་བཞུགས་པའི་རྣམ་འདྲེན་ཡོད་དོ་ཅོག །ཁྱད་པར་སྙིགས་མའི་དུས་འདིར་ཐུགས་རྗེའི་མཐུ། །ལྷག་པར་ཆེ་བའི་བཅོམ་ལྡན་སྨན་གྱི་བླ། །བདེ་བར་གཤེགས་པ་མཆེད་བདུན་༝། མ་ཕམ་འཇམ་དཔལ་དབྱངས་སོགས་རྒྱལ་བའི་སྲས། །ཚོགས་སྤྱོད་བསེ་རུ་ལྟ་བུའི་རང་སངས་རྒྱས། །འོད་སྲུངས་མཆོག་ཟུང་གིས་མཚོན་ཉན་ཐོས་སྡེ། །ཐེག་གསུམ་སྐྱེ་འཕགས་གནས་འདིར་༝། འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་(༡༥༦བ)


GLG021_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་༝། ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང༌། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འཁོར་དང་བཅས་པ་གནས་འདིར་༝། ཆོས་སྐུ་ཞི་བའི་མཁའ་ལ་གཡོ་མེད་ཀྱང༌། །ལས་བཞི་འཕྲིན་ལས་དབང་གཞུ་ལྟར་བཀྲ་བ། །དཔལ་ལྡན་ཡེ་ཤེས་མགོན་པོ་ལྕམ་དྲལ་སོགས། །ཆོས་སྐྱོང་བསྟན་སྲུང་འཁོར་བཅས་༝། ཚིག་ལ་དབང་ཞིང་དམོད་པ་མཐུ་བཙན་པ། །ལྷ་དང་རིག་འཛིན་དྲང་སྲོང་གྲུབ་པའི་ཚོགས། །དེང་འདིར་བདེན་བརྗོད་སྨོན་པའི་རེ་སྐོང་བར། །རྫུ་འཕྲུལ་ཤུགས་ཀྱིས་ཐོགས་མེད་འདིར་༝། སྤྱན་དྲང་བའི་ལྷ་ཚོགས་རྣམས་ལ་མཆོད་ཡོན་དབུལ་ཞིང་བཞུགས་སུ་གསོལ་བ་ནི། །བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་འཁོར་བཅས་བཞུགས། ཁྲུས་ཁང་བསྐྱེད་ཅིང་སྐུ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་(༡༥༧ན)


GLG021_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་དྲི་མ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་དྲི་མ་དག་གྱུར་ཅིག །དེ་དག་སྐུ་ལ་༝། ཁྱེད་སྐུ་རང་བཞིན་ཡོངས་དག་པས། །སྲེད་སོགས་འཆིང་བ་མི་མངའ་ཡང༌། །བདག་ཅག་སྒྲིབ་པ་སྦྱང་སླད་དུ། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་༝། དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་༝། ཆུ་བོ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་༝། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །དེ་དག་སྐུ་ལ་༝། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་(༡༥༧བ)


GLG021_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་དབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པ་མི་འཚལ་ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་བ་ཀུན། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །བརྩེ་བའི་ཁོར་ཡུག་སྙན་པའི་བ་དན་ཅན། །ཏིང་འཛིན་བླ་བྲེ་སྤོབས་པའི་འོད་གསལ་བ། །མཆོག་རྐྱེན་འོས་པའི་ཉེར་མཁོ་འདི་དག་དབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་དྲི་མ་ཀུན་བྱང་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །སྐྱབས་ཡུལ་རྣམས་ལ་ཡན་ལག་བདུན་གྱི་སྒོ་ནས་ཚོགས་གསོག་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག(༡༥༨ན)


GLG021_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

།དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་བདུག་མཆོག་དང༌། །མར་མེ་མཆོག་དག་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །རྒྱལ་བ་རྒྱ་མཚོའི་མཆོད་རྫས་ལས་གྲུབ་པའི། །ཞིང་ཁམས་རྒྱ་མཚོའི་མཆོད་ཡོན་རྒྱ་མཚོའི་ཚོགས། །ཡོན་ཏན་རྒྱ་མཚོའི་རྒྱལ་བ་འཁོར་བཅས་ལ། །དད་པ་རྒྱ་མཚོས་འབུལ་ལོ་བཞེས་སུ་གསོལ། །རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་ཞབས་བསིལ་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་མེ་ཏོག་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་བདུག་སྤོས་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་(༡༥༨བ)


GLG021_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གསལ་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་དྲི་ཆབ་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་ཞལ་ཟས་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། རྒྱལ་བ་༝། ཞིང་ཁམས་རྒྱ་མཚོའི་རོལ་མོ་རྒྱ་མཚོའི་ཚོགས། །ཡོན་ཏན་༝། དད་པ་༝། ཨེ་མ་ཧོ་མཆོད་པ་བླ་ན་མེད། །རང་བྱུང་མཆོད་པ་ཆེན་པོ་སྟེ། །གཟུགས་ཀྱི་ལྷ་མོ་མེ་ལོང་འཛིན། །གཟུགས་ཀྱི་མཆོད་པ་སྤྱན་ལ་དབུལ། །ཨེ་མ་ཧོ་༝། རང་བྱུང་༝། སྒྲ་ཡི་ལྷ་མོ་པི་ཝཾ་སྒྲོག །སྒྲ་ཡི་མཆོད་པ་སྙན་ལ་དབུལ། །ཨེ་མ་ཧོ་༝། རང་བྱུང་༝། དྲི་ཡི་ལྷ་མོ་དུང་ཆོས་འཛིན། །དྲི་ཡི་མཆོད་པ་ཤངས་ལ་དབུལ། །ཨེ་མ་ཧོ་༝། རང་བྱུང་༝། རོ་ཡི་ལྷ་མོ་བཤོས་བཟང་འཛིན། །རོ་ཡི་མཆོད་པ་ལྗགས་ལ་འབུལ། །ཨེ་མ་ཧོ༝། རང་བྱུང་༝། རེག་བྱའི་ལྷ་མོ་ན་བཟའ་འཛིན། །རེག་བྱའི་མཆོད་པ་སྐུ་ལ་དབུལ། །ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞིང་འདི་ནོར་༝། མཁས་པ་༝། དངོས་གྲུབ་༝། ཉིན་རེ་༝། ཞིང་འདི་བཙུན་མོ་༝། མཁས་པ་༝། དངོས་གྲུབ་༝། ཉིན་རེ་༝། ཞིང་འདི་བློན་པོ་༝། མཁས་པ་༝། དངོས་གྲུབ་༝། ཉིན་རེ་༝། ཞིང་འདི་གླང་པོ་༝། མཁས་པ༝། དངོས་གྲུབ༝། ཉིན་རེ༝། ཞིང་འདི་རྟ་མཆོག་༝། མཁས་པ་༝། དངོས་གྲུབ་༝། ཉིན་རེ་༝། ཞིང་འདི་དམག་དཔོན་༝། མཁས་པ་༝། དངོས་གྲུབ་༝། ཉིན་རེ་༝། དེ་ལས་གཞན་(༡༥༩ན)


GLG021_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོངས་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཅེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ནས། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་(༡༥༩བ)


GLG021_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །ཆོས་འཁོར་བླ་ན་མེད་པ་སྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཅིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པ་སྔོན་དུ་བཏང་ནས། །དངོས་གཞི་བརྟན་བཞུགས་འབུལ་བའི་ཡུལ་ལ་བརྟན་པར་བཞུགས་པའི་གསོལ་གདབ་ཀྱི་ཆེད་དུ་མཎྜལ་ནི། དབང་ཆེན་གསེར་གྱི་ས་གཞི། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །(༡༦༠ན)


GLG021_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་བླ་མ་འམ་སྦྱིན་བདག་ཆེ་གེ་མོ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་པའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པ་མཛད་དུ་གསོལ། ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང༌། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང༌། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེངས་བྱས་པས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་དབུས་ཆུ་སྐྱེས་ཐིག་ལེ་འདབ་རྒྱས་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བྱེད་ཅིང༌། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་གྱུར་(༡༦༠བ)


GLG021_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བླ་མ་སྤྱི་ལ་བསྟོད་པ་ནི། མངོན་མཐོ་ངེས་ལེགས་ལེགས་ཚོགས་མ་ལུས་པ། །གང་གི་ཞབས་པད་ཁོ་ནར་རག་ལས་ཞེས། །རྒྱལ་བས་མདོ་རྒྱུད་ཀུན་ལས་ཆེར་བསྔགས་པ། །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །ཐོག་མེད་དུས་ནས་མི་ཁོམས་གནས་བརྒྱད་འཁྱམས། །ད་ལན་གཅིག་པུ་དལ་བ་རྙེད་དུས་འདིར། །དོན་ལྡན་སྙིང་པོ་ལེན་པའི་ཐབས་སྟོན་པ། །བླ་མ་རིན་པོ་ཆེ་ལ་༝། ལས་ངན་མི་དགེ་སྡིག་པའི་རླུང་ཤུགས་ཀྱིས། །བཟོད་དཀའ་ངན་འགྲོའི་གཡང་དུ་མངོན་ཕྱོགས་ཚེ། །ཐུགས་རྗེའི་ཕྱག་གིས་ཉེ་བར་འཛིན་མཛད་པ། །བླ་མ་རིན་པོ་ཆེ་༝། སྡུག་བསྔལ་གསུམ་གྱི་རླབས་ཕྲེང་གཡོ་བ་ཅན། །འཇིགས་རུང་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །འགྲོ་ཀུན་ཐབས་མཁས་གྲུ་ཡིས་སྒྲོལ་མཛད་པ། །བླ་མ་རིན་པོ་ཆེ་༝། རང་ཉིད་གཅེས་པར་འཛིན་པའི་གདོན་གྱིས་བཟུང༌། །རྣམ་མང་ཟུག་རྔུས་ཉམ་ཐག་གྱུར་པའི་ཚེ། །བྱང་ཆུབ་སེམས་ཀྱི་བདུད་རྩིས་གསོ་མཛད་པ། །བླ་མ་རིན་པོ་ཆ་༝།མྱང་འདས་དམན་པའི་མྱ་ངམ་ཐང་ལ་འཁྱམས། །ཉེས་བརྒྱ་སྲིད་པའི་ཆོམ་རྐུན་གྱིས་བཅོམ་རྣམས། །ཕྱིན་དྲུག་ལམ་བཟང་མཆོག་ཏུ་འཁྲིད་མཛད་པ། །བླ་མ་རིན་པོ་ཆེ་༝། ཕྱོགས་བཅུའི་ཞིང་གི་རྒྱལ་བ་མ་ལུས་པ། །སྐལ་དམན་སྙིགས་དུས་སྐྱེ་བོ་འདུལ་བའི་ཕྱིར། །ཐབས་ལ་མཁས་པས་བཤེས་གཉེན་ཚུལ་འཛིན་པ། །སངས་རྒྱས་ཀུན་འདུས་ཁྱོད་ལ༝། དཀྱིལ་འཁོར་འཁོར་ལོ་བྱེ་བ་ཕྲག་བརྒྱ་ཡང༌། ཁྱོད་ཐུགས་ལྷན་སྐྱེས་ངང་དུ་རོ་གཅིག་ཅིང༌། །དངོས་གྲུབ་རྣམ་གཉིས་འདོད་དགུའི་ཆར་འབེབས་པ། །ཡི་དམ་(༡༦༡ན)


GLG021_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ཁྱོད་ལ་༝། དྲན་པ་ཙམ་གྱིས་བར་ཆད་མ་ལུས་སེལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་མཛད་ཅིང༌། །མཐུ་ལྡན་ཡེ་ཤེས་སྲུང་མ་ཀུན་གྱི་དངོས། །ཆོས་སྐྱོང་ཀུན་འདུས་ཁྱོད་ལ་༝། སྐུ་གཉིས་མངོན་གྱུར་ཡང་དག་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་དམ་ཆོས་ཀུན་གྱི་མཛོད། །རིག་གྲོལ་གཉིས་ལྡན་འཕགས་ཚོགས་ཀུན་གྱི་རྗེ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་༝། དེ་ལྟར་ཞིང་གི་དམ་པ་བླ་མ་ལ། །ཞིང་རྡུལ་མཉམ་པའི་ལུས་ཀྱིས་ཕྱག་འཚལ་ཞིང༌། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་དང༌། །བླ་མེད་སྒྲུབ་པའི་མཆོད་པས་རྟག་ཏུ་མཆོད། །ཐོག་མེད་དུས་ནས་དུག་གསུམ་ཉོན་མོངས་ཀྱིས། །སྒོ་གསུམ་སྦགས་པའི་ཉེས་ལྟུང་ཐམས་ཅད་བཤགས། །འཁོར་འདས་ཀུན་གྱི་དགེ་ལ་ཡི་རང་ཞིང༌། །ཟབ་ཡངས་ཆོས་འཁོར་རྟག་ཏུ་བསྐོར་དུ་གསོལ། །ལུས་ཅན་ཀུན་གྱི་ཕན་བདེ་མ་ལུས་པ། །རྒྱལ་བའི་བསྟན་ལ་རག་ལས་དེ་ཡང་ནི། །བསྟན་འཛིན་སྐྱེས་བུ་རྣམས་ལ་རག་ལས་ཕྱིར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་སུ་གསོལ། །སྐྱེ་འཆི་སྤངས་པ་རྡོ་རྗེའི་སྐུ་བརྙེས་ཀྱང༌། །གདུལ་བྱའི་དོན་དུ་སྐྱེ་འཆི་སྣ་ཚོགས་པ། །སྟོན་མཛད་ཕྱོགས་བཅུའི་ཞིང་བཞུགས་བླ་མ་རྣམས། །འཁོར་བ་མ་སྟོངས་བར་དུ་བཞུགས་སུ་གསོལ། །རྣམ་དག་མི་ཕྱེད་དད་པ་རྡོ་རྗེའི་གདན། །ལྷག་བསམ་རྣམ་པར་དཀར་བ་ཟླ་བའི་གདན། །ཤུགས་དྲག་སྨོན་ལམ་པདྨའི་ཟེའུ་འབྲུ་ལ། །སྲིད་མཐའི་བར་དུ་བརྟན་པར་བཞུགས་སུ་གསོལ། ཁྱོད་(༡༦༡བ)


GLG021_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མིག་གི་བདུད་རྩིར་མི་འབྲལ་ཞིང༌། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང༌། །སྐུ་གསུང་ཐུགས་ཀྱིས་ངེས་པར་བྱིན་བརླབས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །སྐྱབས་མགོན་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །འགལ་རྐྱེན་བདུད་སྡེའི་བར་ཆད་ཀུན་ལས་རྒྱལ། །གནས་སྐབས་མཐར་ཐུག་བསམས་པའི་དོན་ཀུན་འགྲུབ། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་དང༌། བླ་མ་སྒོས་ཀྱི་གསོལ་འདེབས་བྱ་བར་འདོད་ན་སྐབས་དང་བསྟུན། སྐུ་ཚེ་སྤེལ་བའི་རྟེན་འབྲེལ་དུ་ཚེ་དཔག་མེད་ལ་གསོལ་བ་གདབ་པ་ནི། ཉི་གཞོན་འཆར་ཀའི་གདངས་ལྡན་ལི་ཁྲི་ལྟར། །ཡིད་འོང་དམར་སེར་དྲ་བས་ཁེབས་པ་ཡི། །འདབ་སྟོང་གེ་སར་རྩེ་ན་ཟླ་གདན་ལ། །ཧྲཱིཿལས་བྱུང་བའི་མགོན་པོ་ཚེ་དཔག་མེད། །པདྨ་རཱ་གའི་ལྷུན་པོ་དབང་པོའི་གཞུས། །ཀུན་ནས་ཀླུབས་པ་ཇི་བཞིན་ཁྱོད་ཀྱི་སྐུ། །སྣ་ཚོགས་གོས་དང་ནོར་བུའི་རྒྱན་མང་གིས། །ཀུན་ནས་མཛེས་པར་བྱས་ལ་ཕྱག་འཚལ་ལོ། །འཁྲི་ཤིང་གཞོན་ནུའི་ཡལ་གདབ་ལྟར་མཉེན་པའི། །ཕྱག་གཉིས་དབུས་ན་འཆི་མེད་བདུད་རྩི་ཡིས། །ལེགས་པར་གང་བའི་ལྷུང་བཟེད་རབ་བསྣམས་ནས། །ཚེ་ཡི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། །བུང་བ་ལྟར་གནག་རལ་པའི་ཐོར་ཅོག་ནི། །སྤྱི་བོར་མཛེས་པའི་ལན་བུ་རིང་དུ་འཕྱང༌། །འཇམ་མཉེན་སྣ་ཚོགས་དར་གྱི་སྨད་གཡོགས་ཅན། །མཚན་དཔེའི་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །ཤུགས་དྲག་དད་པས་བསྐྱོད་པའི་ཐལ་སྦྱར་ཞིང༌། །ཡིད་འཕྲོག་ཤིན་ཏུ་སྙན་པའི་ང་(༡༦༢ན)


GLG021_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཡིས། ཁྱོད་ཀྱིས་ཡོན་ཏན་ལེགས་པར་བརྗོད་པ་ལ། །ལེགས་ཚོགས་ཐམས་ཅད་སྩོལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཚོན་གྱིས་མི་ཤེས་དྲ་བ་བཅད། །སེམས་ཅན་ཀུན་ལ་ཐུགས་རྗེ་རྒྱུན་ཆད་མེད། །འགྲོ་ཀུན་འདྲེན་པའི་ཁུར་གྱིས་མི་ངལ་བ། །གཏན་གྱི་སྐྱབས་གནས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་ཙམ་བཟུང་བས་དུས་མིན་འཆི་བ་འཇོམས། །ཡིད་ལ་དྲན་པས་སྲིད་པའི་འཇིགས་ལས་སྐྱོབ། །སྐྱབས་སུ་བསྟེན་ན་གཏན་གྱི་བདེ་སྟེར་བ། ཁྱོད་ལ་རྣམ་པ་ཀུན་ཏུ་ཕྱག་འཚལ་ལོ། །སྐྱོན་བྲལ་ཁྱོད་ལ་གུས་པས་བསྟེན་པ་བདག །གནས་སྐབས་མི་འདོད་ཉེར་འཚེ་ཞི་བ་དང༌། །མཐར་ཐུག་བདེ་བ་ཅན་དུ་པདྨོ་ལས། །བརྫུས་ཏེ་སྐྱེས་ནས་ཁྱོད་མཉེས་བགྱིད་པར་ཤོག །ཐེག་པ་གསུམ་གྱི་དགེ་འདུན་སྤྱིར་གསོལ་བ་བཏབ་སྟེ་རྟེན་འབྲེལ་བསྒྲིགས་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །མི་འགྱུར་བརྟན་པར་བྱིན་གྱིས་རློབས། །དག་པས་འདོད་ཆགས་བྲལ་བར་གྱུར། །དགེ་བས་ངན་སོང་ལས་གྲོལ་ཅིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་༝། མི་འགྱུར་༝། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གནས། །ཞིང་གི་དམ་པ་ཡོན་ཏན་ལྡན། །ཚོགས་མཆོག་དགེ་འདུན་ལ་ཕྱག་འཚལ། །མི་འགྱུར་༝། མཚུངས་མེད་ལྟ་བས་མི་ངོམས་ཤིང༌། །གསེར་གྱི་(༡༦༢བ)


GLG021_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་གཞག་མཛད་ཕྱག་འཚལ། །མི་འགྱུར་༝། དུས་གསུམ་སངས་རྒྱས་ཚོགས་སྤྱི་དང༌། ཁྱད་པར་སྙིགས་མ་ལྔ་བདོ་ཡི། །འདྲེན་པ་བཅོམ་ལྡན་སྨན་གྱི་བླ། །བདེ་གཤེགས་མཆེད་བདུན་ལ་ཕྱག་འཚལ། །མི་འགྱུར་༝། ཉེ་བའི་སྲས་ཆེན་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་མ་ལུས་དང༌། །རང་རྒྱལ་ཉམ་ཐོས་སྐྱེ་འཕགས་ཀྱི། །ཐེག་གསུམ་དགེ་འདུན་ལ་ཕྱག་འཚལ། །མི་འགྱུར་༝། གངས་རི་ཆེན་པོ་ཏེ་སེ་ལ། །འཕགས་པ་གནས་བརྟན་ཡན་ལག་འབྱུང༌། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །མི་འགྱུར་༝། དྲང་སྲོང་རི་ཡི་ངོས་ཤེལ་ན། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །མི་འགྱུར་༝། ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །མི་འགྱུར་༝། འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །མི་འགྱུར་༝། སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །མི་འགྱུར་༝། ཆུ་བོ་(༡༦༣ན)


GLG021_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་གཞག་མཛད་ཕྱག་འཚལ། །མི་འགྱུར་༝། གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །མི་འགྱུར་༝། ནུབ་ཀྱི་བ་ལང་སྤྱོད་གླིང་ན། །བྷ་ར་དྷྭ་ཛ་གསེར་ཅན་ནི། །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །མི་འགྱུར་༝། བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །མི་འགྱུར་༝། པྲི་ཡངྐུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །མི་འགྱུར་༝། བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །མི་འགྱུར༝། ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །མི་འགྱུར་༝། ལྷ་གནས་སུམ་ཅུ་རྩ་གསུམ་ན། །འཕགས་པ་གནས་བརྟན་ལམ་བསྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་མཛད་ཕྱག་འཚལ། །མི་འགྱུར་༝། (༡༦༣བ)


GLG021_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། །མི་འགྱུར་༝། རི་ཡི་རྒྱལ་པོ་བི་ཧུ་ལ། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །མི་འགྱུར་༝། གངས་ཅན་རི་ཡི་རྒྱལ་པོ་ལ། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །མི་འགྱུར་༝། དགེ་བསྙེན་དྷརྨཱ་ཏ་ལ་ནི། །རལ་པའི་ཐོད་བཅིངས་གླེགས་བམ་ཁུར། །སྣང་བ་མཐའ་ཡས་མདུན་གནས་ཤིང༌། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །མི་འགྱུར་༝། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རང་རང་འཁོར་འདུལ་སྒོ་བཞི་བསྲུང༌། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །མི་འགྱུར་༝། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །མི་འགྱུར་༝། བདེན་བརྗོད་སྨོན་ལམ་དངོས་ནི། །སངས་རྒྱས་སྲས་སློབ་མངོན་སུམ་མཐོང་བ་ཡི། །སྐལ་དམན་འགྲོ་ངོར་མགོན་སྐྱབས་གླིང་གཉེན་དུ། །ཡོངས་འཛིན་དམ་པའི་ཟློས་གར་ལེགས་བསྒྱུར་བ། །ངེས་པ་ལྔ་ལྡན་ལྟ་བུར་བརྟན་པར་ཤོག །མདོ་དང་རྒྱུད་སྡེའི་ཆོས་ཀྱི་བཤད་ཉན་རྒྱུན། །འཇིགས་ལས་དབུགས་དབྱུང་ཟང་ཟིང་གཏོང་བ་སོགས། །སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་མཛད་པའི། །(༡༦༤ན)


GLG021_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆོག་བླ་མ་ཞབས་པད་བརྟན་པར་ཤོག །རང་ཉིད་ཞི་བདེ་བསྒྲུབ་ན་དམན་པར་གོལ། །གཞན་ཕན་ཁུར་གྱིས་ཞུམ་པའི་ཐེག་ཆེན་སུ། །དེ་ཕྱིར་སྙིགས་མར་སྤྱོད་ལ་ལྷག་པར་དུ། །བརྩེ་ཆེན་སྙིང་སྟོབས་བསྐྱེད་ལ་རྟག་བཞུགས་གསོལ། །དག་ཞིང་གནས་རྣམས་བདེ་བའི་རོ་ཡིས་མྱོས། །ཐུགས་རྗེའི་དཔྱད་ཀྱིས་ཉེས་བརྒྱའི་ཟུང་རྔུའི་ཚོགས། །འབྱིན་ཡུལ་མ་དག་གནས་འདིར་ངེས་ལེགས་ན། །དུཿཁས་མནར་བའི་འགྲོ་ལ་དགོངས་ཏེ་བཞུགས། །འཕྲོག་བྱེད་སྡེར་མོས་གྱེན་དུ་བཏེག་པའི་ཁྲི། །རབ་བཀྲ་ཟ་འོག་འབོལ་སྟན་བརྩེགས་པའི་སྟེང༌། །སྣ་ཚོགས་རྡོ་རྗེས་མཚན་པའི་རེ་ཁཱ་ལ། །ཞབས་སེན་དམར་བའི་འོད་ཆགས་རྟག་འགོད་གསོལ། །རྣམ་རྒྱལ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མའི། །ཐུགས་གསུང་སྐུ་ཡི་གཟི་བྱིན་ལེགས་འབར་བས། །ཡིད་སྲུབས་ལོག་པར་གསོལ་འདེབས་མུན་སངས་ནས། །འཆི་མེད་གཟུགས་སྐུའི་སྣང་བ་ཆེས་དཀར་ཤོག །ཀུན་ལ་ཞི་ཡང་བདུད་སྡེར་རབ་ཁྲོས་པ། །ལེགས་ལྡན་ནག་པོ་ལྕམ་དྲལ་ཚོགས་བཅས་ཀྱིས། །བགེགས་རིགས་མཐར་བསྐྲད་མགོན་ཁྱོད་ཤཱཀྱའི་བསྟན། །གནས་པ་དེ་སྲིད་བསྟན་པའི་འཕྲིན་ལས་མཛོད། །བར་སྣང་ལམ་དུ་ལྷ་རྣམས་གོམ་བཀོད་དེ། །རྟག་པར་བཞུགས་གསོལ་བདེན་པའི་ཚིག་བརྗོད་དང༌། །ལྷན་ཅིག་མེ་ཏོག་ཆར་འབེབས་རོལ་མོའི་སྒྲ། །སྙན་པར་འཁྲོལ་བའི་རེ་བ་དོན་ལྡན་ཤོག །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་དང༌། །བྱ་བ་ལས་ཀྱི་འཁོར་ལོས་གདུལ་བྱ་རྣམས། །ཡང་དག་ལམ་ལ་བཀྲི་ཕྱིར་ཚེ་མཐའ་ཡས། །ཇི་བཞིན་བཞུགས་པར་(༡༦༤བ)


GLG021_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་མཐུས་བྱིན་རློབས། །ཞེས་དང༌། འདྲེན་པ་སྲས་བཅས་དངོས་ཀྱིས་ཐུལ་མིན་པའི། །གདུལ་བྱའི་སྐྱེ་རྒུ་ཕན་བདེ་ལ་འགོད་ཆེད། །བསོད་ནམས་སྟོབས་ཀྱི་དཔུང་པས་ས་ཆེན་པོར། །དབང་སྒྱུར་ནོར་འཛིན་སྐྱོང་བ་ཞབས་བརྟན་ཤོག །མི་བསྲུན་རྩུབ་མོར་སྤྱོད་པའི་གླང་ཆེན་སྣར། །བཀའ་ནན་རྣོན་པོའི་ལྕགས་ཀྱུས་རབ་བཏབ་ནས། །དུལ་བའི་ར་བར་བཅུག་སྟེ་སིམ་པའི་རོ། །གསེར་ཞུན་རྒྱན་གྱིས་ཀླུབས་ཆེད་གཡོ་མེད་ཤོག །ལྟ་སྤྱོད་ངན་པས་དབྱེན་བཅོས་ལོག་ལམ་དུ། །འཇུག་ལས་ཕྱིར་ལྡོག་དགེ་བཅུའི་ས་ཆེན་པོར། །བཙན་པོའི་ཤུགས་ཀྱིས་ཁྲིད་ནས་མཐའ་ཀླས་འགྲོ། །བདེ་བར་ཉེར་འགོད་དོན་དུ་བཞུགས་གསོལ་འདེབས། །སྐུ་གསུང་ཐུགས་རྟེན་འདུས་པའི་གྲྭ་མང་སྤེལ། །མདོ་སྔགས་སྡེ་གཉིས་མཆོད་ཅིང་བཤད་སྒྲུབ་བསྟན། །ལུས་ཅན་བསོད་ནམས་ཞིང་དུ་དར་མཛད་ཆེད། །གནམ་སའི་དབང་ཕྱུག་རྡོ་རྗེ་ལྟར་བརྟན་ཤོག །མ་རུངས་བརླང་པོར་སྤྱོད་པའི་གཉའ་བ་རུ། ཁྲིམས་གཉིས་གསེར་ཤིང་གཅིག་ཏུ་རབ་ལྕི་བས། །འབངས་རྣམས་རྫོགས་ལྡན་དཔལ་ལ་འགོད་བྱའི་ཕྱིར། །མི་བདག་སྐུ་ཚེ་ཉི་ཟླ་དང་མཉམ་ཤོག །བདེ་ལྡན་མགོན་པོ་གར་དབང་ཕྱག་སོར་གྱིས། །ལེགས་བཏེག་བུམ་པ་ལྷ་ཁྱོད་གཙུག་ཏོར་རྩེར། །བཀོད་ནས་འཆི་བ་མེད་པའི་རང་བཞིན་དུ། །དབང་བསྐུར་རིགས་ཀྱི་ཅོད་པན་འཆིང་བར་ཤོག །ཀུན་གྱིས་ཡོངས་བཀུར་གཡུང་དྲུང་འཁྱིལ་བའི་ཁྲིར། །ས་ཡི་བརྒྱ་བྱིན་བསྐལ་བརྒྱར་འཚོ་གཞེས་ཤིང༌། །མངའ་ཐང་ཆབ་སྲིད་ཕྱོགས་བཅུར་རབ་རྒྱས་པ། །དཀོན་མཆོག་བདེན་པའི་མཐུ་ཡིས་འགྲུབ་གྱུར་ཅིག །ཅེས་དགེ་བའི་བཤེས་གཉེན་(༡༦༥ན)


GLG021_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་སྐྱོང་བའི་རིགས་སྤྱི་ཁྱབ་ལ་འདི་ལྟར་དུ་བྱས་ནས་དམིགས་བསལ་གྱི་ཆེད་དུ་བྱ་བར་འདོད་ན་བླ་དཔོན་གྱི་བརྟན་བཞུགས་ཚིགས་བཅད་ཅི་རིགས་པ་སྦྱོར། མཇུག་བཟོད་པར་གསོལ་ཞིང་དཔང་པོར་སྤྱན་དྲངས་པ་རྣམས་གཤེགས་སུ་གསོལ་བ་ནི། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང༌། །དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང༌། །ཆོ་གའི་ཡན་ལག་ཉམས་པ་དང༌། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། ཁྱེད་ཀྱིས་སེམས་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་ཐུགས་རྗེས་འབྱོན་པར་མཛོད། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བརྟན་པར་བཞུགས་པའི་རྟེན་འབྲེལ་འགྲིག་པར་མཛད་པ་ལེགས་ཀྱི་སོ་སོའི་ཞིང་ཁམས་སུ་རྫུ་འཕྲུལ་གྱི་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །རྟེན་འབྲེལ་ལེགས་པར་འགྲིག་པའི་གཏང་རག་གི་མཎྜལ་དབུལ། ཤིས་པ་བརྗོད་པ་ནི། རྒྱལ་མཚན་རྩེ་མོར་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང༌། ཁ་བ་ཅན་འདིར་དཔལ་ལྡན་མར་མེ་མཛད། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དཔལ་ལྡན་ཨ་ཏི་ཤ་ཡི་༝། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་འཚོབ་(༡༦༥བ)


GLG021_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྒྱལ་བའི་སྲས། །རང་གཞན་དོན་གཉིས་འབྱུང་གནས་རིན་པོ་ཆེ། །བཤེས་གཉེན་སྟོན་པའི་ཞབས་ཀྱི་༝། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ཀྱྀ་༝། རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡི། །གསལ་མཛད་བཤེས་གཉེན་རྣམས་ཀྱི་༝། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་༝། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་དཔལ་གྱི་༝། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་སྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ཀྱི་༝། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་ཅིང༌། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ཀྱི༴ །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། །སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་ལ། །བསྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་གི་༝། གདུལ་བྱའི་ཁམས་དང་དབང་པོར་འཚམ་པ་ཡི། །ཐབས་མཁས་མཛད་པ་མཆོག་གིས་འགྲོ་བ་རྣམས། །ཕན་དང་བདེ་(༡༦༦ན)


GLG021_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཔལ་ལ་འགོད་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་༝། མ་ཕམ་འཇམ་དཔལ་དབྱངས་སོགས་རྒྱལ་བའི་སྲས། །ཚོགས་སྦྱོར་བསེ་རུ་ལྟ་བུའི་རང་སངས་རྒྱས། །འོད་སྲུངས་མཆོག་ཟུང་གིས་མཚོན་ཉན་ཐོས་སྡེ། །ཐེག་གསུམ་སྐྱེ་འཕགས་ཚོགས་ཀྱི་༝། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པའི་༝། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མའི་༝། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་གཙོ། །བྱང་ཕྱོགས་སྐྱོང་བའི་གནོད་སྦྱིན་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་ནོར་ལྷའི་༝། སྟོན་པ་འཇིག་རྟེན་ཁམས་སུ་འབྱོན་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་༝། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །སྡེ་འདིར་བྱིན་རླབས་དཔལ་འབྱོར་མི་ཉམས་ཤིང༌། །བསམ་སྦྱོར་ངན་པའི་གདུག་རྩུབ་ཞི་བ་དང༌། །བསླབ་གསུམ་རྣམ་དག་བསྟན་པའི་ཁུར་འཛིན་པའི། །དགེ་འདུན་ཚོགས་ཀྱིས་གང་བའི་༝། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཀུན་ཏུ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །(༡༦༦བ)


GLG021_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་འབར་མ་ནི། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་བོ་བདུན་ལ་༝། སེམས་ཅན་དོན་དུ་བདག་གིས་སྔོན། །དཀའ་བ་གང་ཞིག་སྤྱད་གྱུར་པ། །བདག་གི་བདེ་བ་བཏང་བ་ཡིས། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ངས་སྔོན་ནད་པའི་ཆེད་དག་ཏུ། །རང་གི་འཚོ་བ་ཡོངས་བཏང་བས། །སེམས་ཅན་ཕོངས་པ་བསྐྱབ་པའི་ཕྱིར། །ཡུན་རིང་བསྟན་པ་འབར་༝། བུ་དང་བུ་མོ་ཆུང་མ་དང༌། །ནོར་དང་གླང་ཆེན་ཤིང་རྟ་དང༌། །རིན་ཆེན་བྱང་ཆུབ་ཕྱིར་བཏང་བས། །བསྟན་པ་༝། བདག་གིས་སངས་རྒྱས་རང་སངས་རྒྱས། །ཉན་ཐོས་ཕ་དང་མ་དང་ནི། །དྲང་སྲོང་དག་ལ་མཆོད་བྱས་པས། །བསྟན་པ་༝། བསྐལ་པ་བྱེ་བ་དུ་མར་བདག །སྡུག་བསྔལ་སྣ་ཚོགས་མྱོང་གྱུར་ཅིང༌། །བྱང་ཆུབ་དོན་དུ་ཐོས་བཙལ་བས། །བསྟན་པ་༝། བདག་གིས་ཚུལ་ཁྲིམས་བརྟུལ་ཞུགས་དང༌། །དཀའ་ཐུབ་ཡུན་རིང་བསྟེན་བྱས་ཤིང༌། །ཕྱོགས་བཅུའི་སངས་རྒྱས་ངས་མཆོད་པས། །བསྟན་པ་༝། བདག་སྔོན་བརྩོན་འགྲུས་དང་ལྡན་པས། །རྟག་ཏུ་བརྟན་ཅིང་ཕ་རོལ་གནོན། །སེམས་ཅན་ཐམས་ཅད་བསྒྲལ་དོན་དུ། །བདག་བསྟན་ཡུན་རིང་འབར་༝། བཟོད་བརྟུལ་རྟག་ཏུ་བསྟེན་བྱས་ཤིང༌། །སེམས་ཅན་ཉོན་མོངས་སྙིགས་མ་ཡི། །སེམས་ཅན་ངན་བཟོད་བྱས་གྱུར་པས། །བསྟན་པ་༝། བསམ་གཏན་རྣམས་ཐར་གཟུགས་མེད་དང༌། །ཏིང་འཛིན་གངྒཱའི་བྱེ་སྙེད་པ། །བསྒོམས་པས་དེ་མཐུས་བདག་གི་ནི། །བསྟན་པ་༝། ཡེ་ཤེས་དོན་དུ་བདག་གིས་(༡༦༧ན)


GLG021_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན། །དཀའ་ཐུབ་ནགས་དག་བསྟེན་བྱས་ཤིང༌། །བསྟན་བཅོས་དུ་མ་ཉེར་བསྟན་པས། །བདག་གི་བསྟན་པ་འབར་༝། བརྩེ་བའི་རྒྱུ་ཡི་ཤ་ཁྲག་དང༌། །འཚོ་བ་ཡོངས་སུ་བཏང་གྱུར་ཅིང༌། །ཡན་ལག་ཉིང་ལག་བཏང་བ་ཡིས། །ཆོས་ཚུལ་རྣམ་པར་འཕེལ་གྱུར་ཅིག །བདག་སྔོན་བསྡིགས་པའི་སེམས་ཅན་རྣམས། །བྱམས་པས་གསལ་བར་སྨིན་བྱས་ཤིང༌། །ཐེག་པ་གསུམ་ལ་རབ་བཀོད་པས། །ཆོས་ཀྱི་སྦྱིན་པ་རྒྱས་གྱུར་ཅིག །བདག་སྔོན་ཐབས་ཤེས་གྱུར་པ་ན། །སེམས་ཅན་ལྟ་ངན་ལས་བསྒྲལ་ཅིང༌། །ཡང་དག་ལྟ་ལ་བཀོད་བྱས་པས། །ཆོས་ནི་རྣམ་པར་འཕེལ་གྱུར་ཅིག །བདག་གིས་སེམས་ཅན་བསྡུ་དངོས་བཞིས། །ཉོན་མོངས་མེ་ལས་ཐར་བྱས་ཤིང༌། །བདག་གིས་འཕེལ་སྡིག་ཕམ་བྱས་པས། །བདག་འཁོར་ཡུན་རིང་གནས་གྱུར་ཅིག །བདག་གིས་མུ་སྟེགས་ཅན་གཞན་དག །ལྟ་བའི་ཆུ་ལས་བསྒྲལ་བྱས་ཏེ། །ཡང་དག་ལྟ་ལ་བཀོད་གྱུར་པས། །བདག་འཁོར་རྟག་ཏུ་གུས་གྱུར་ཅིག །ཡུན་རིང་བསྟན་པ་འབར་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་བཙོང་ཁ་པའི། །ཆོས་ཚུལ་རྣམ་པར་འཕེལ་བ་ལ། །གེགས་བྱེད་མཚན་མ་ཞི་བ་དང༌། །མཐུན་རྐྱེན་མ་ལུས་ཚང་བར་ཤོག །བདག་དང་གཞན་གྱི་དུས་གསུམ་དང༌། །འབྲེལ་པའི་ཚོགས་གཉིས་ལ་བརྟེན་ནས། །རྒྱལ་བ་བློ་བཟང་གྲགས་པ་ཡི། །བསྟན་པ་ཡུན་རིང་འབར་གྱུར་ཅིག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང༌། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །གཞན་ཡང་ཚིགས་བཅད་ཅི་རིགས་པ་བྱའོ། །ཆོས་སྐུ་སྤྲོས་བྲལ་འདུས་མ་བྱས་པའི་ཁམས། །ལོངས་སྐུ་འཁོར་མཐའ་དེ་སྲིད་འཕོ་འགྱུར་འདས། །སྤྲོ་(༡༦༧བ)


GLG021_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུའི་སྤྲུལ་སྐུ་རང་དབང་ཉེར་ཐོབ་ཕྱིར། །རབ་བརྟན་རྟེན་འབྲེལ་བསྒྲིགས་བར་འབྲས་སྨིན་ངེས། །སྐྱེ་རྒ་ན་འཆིའི་རི་གཟར་ལས་འབབ་ཆུ། །གྱེན་བཟློག་ནུས་མིན་བདག་འདྲའི་ཆེར་རློམ་ཚོར། །ཚུལ་འདི་མིག་ངོར་མཛེས་པ་ནམ་མཁའི་འཇར། །བྱིས་པས་སྦར་འཛིན་བྱེད་པའི་རྣམ་ཐར་བཞིན། །འོན་ཏེ་རིན་ཆེན་རྣམ་གསུམ་དཔང་པོར་བྱས། །ཐུགས་རྗེ་བསྐུལ་ལས་བྱིན་རླབས་ཆར་རྒྱུན་གྱིས། །ཡོངས་སྨོན་ས་བོན་སྨིན་པའི་མྱུ་གུའི་སྐྱེད། །བསྲིངས་མཐར་འབྲས་བུ་གཡུར་དུ་ཅིས་མི་ཟ། །སྨིན་གྲོལ་ཆོ་ག་ལས་སྦྱོར་མཚན་ཉིད་དང༌། །མི་ལྡན་ཚིག་སྐམ་ནེའུ་ཙོའི་ཁ་ཏོན་འདྲ། །དེ་ཕྱིར་བརྗོད་པ་ཨ་འདུས་ཀ་འཕྲེང་ཅན། །མདོ་དང་འབྲེལ་འདི་དོན་དུ་འགྱུར་བར་སེམས། །བསོད་ནམས་བྱས་འདིས་མངོན་མཐོའི་རྟེན་བཟང་པོ། །རྙེད་པའི་སྐྱེ་རྒུ་མཐའ་དག་དུས་མིན་དུ། །ལྷ་ཆེན་ཉི་བུའི་ཞགས་པས་མི་འཛིན་པར། །འཚོ་བའི་རེ་བ་ཡོངས་སུ་སྐོང་བར་ཤོག །བླ་དཔོན་ཆེ་རྒུ་གང་ལའང་ཕུལ་ཆོག་པའི་བརྟན་ཞུགས་གོ་རིམ་ཁྲིགས་སུ་བསྒྲིགས་པ་ཞིག་དགོས་ཞེས་ཚེ་རིང་གནམ་གྱི་ཤེ་མོང་ལས་མང་པོས་བཀུར་བ་ཆིང་གིས་ཀྱི་རིགས་ལས་ཁལ་ཁ་དད་སྟོབས་ལྡན་པ་རྡོ་རྗེ་ཐུ་ཤེ་ཡེ་ཐུ་རྒྱལ་པོའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཤིན་ཏུ་རྒྱས་པའི་སྡེ་སྣོད་སངས་རྒྱས་ཕལ་པོ་ཆེ་སོགས་བཀའ་ལས་བྱུང་བ། རྒྱལ་བའི་སྲས་པོ་ཞི་བ་ལྷ། ཆོས་ཀྱི་རྒྱལ་པོ་འཕགས་པ། རྒྱལ་བ་ཙོང་ཁ་པ་ཆེན་པོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་རྣམས་ཀྱི་གསུང་བྱིན་རླབས་ཀྱི་མཐུ་དཔུང་ཆེ་བས་གཙོ་བོར་གཟུང་ཚིག་ཕྲད་ཅུང་ཟད་བསྒྱུར་དགོས་དང་སྤྱིའི་བརྟན་བཞུགས་ཤློ་ཀ་བཅུ་དྲུག་གསར་དུ་བསྣན་(༡༦༨ན)


GLG021_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྟན་བཞུགས་ཀྱི་ཡི་གེ་ཐུགས་རྗེ་མྱུར་འཇུག་ཅེས་པ་འདི་ནི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་རང་བྱུང་འཕགས་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་སོ། །འཇིག་རྟེན་དབང་ཕྱུག་སྤྱན་ཟུར་འགྲོ་ཀུན་ལ། །རྟག་པར་བཙའ་ཡང་བློ་བཟང་ཆོས་འཕེལ་བདག །འདི་སྣང་བདེ་སྐྱིད་ལ་སྤྱོད་ཕྱི་མའི་ཚེ། །བདེ་བ་ཅན་གྱི་ཞིང་དུ་འདྲེན་པར་མཛོད། །ཅེས་འཕགས་པ་ལོ་ཀེ་ཤྭ་རར་སེ་ཆེན་དབོན་པོས་ཕྱེ་ཕུར་ཕུལ་བའི་ཁ་བྱང་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་བནྡེས་སྦྱར། །རྫོགས་སངས་རྒྱས་ཞལ་འདབ་སྟོང་ཟེའུ་འབྲུའི་རྩེར། །ཞི་བ་དམ་ཆོས་བུང་བའི་དབྱངས་སྙན་པོ། །འཛིན་མཛད་ངོ་ཚ་ཤེས་པ་དགེ་འདུན་ཏེ། །དཀོན་མཆོག་གསུམ་གྱི་ངོ་བོར་གསོལ་བ་འདེབས། །འཇིགས་ཆེན་བརྒྱད་སོགས་མི་བཟད་ཟུག་རྔུ་ཡིས། །ལུས་ངག་ཡིད་ལ་འཚེ་བ་ཀུན་ཞི་ཞིང༌། །སིམ་པའི་ཚོར་བ་འཆི་མེད་བདག་པོ་ལྟར། །ཚེ་འདིར་ཉམས་སུ་མྱོང་བར་བྱིན་གྱིས་རློབས། །བར་དོར་མི་སྡུག་ཡ་ངའི་འཁྲུལ་པ་ཡི། །སྣང་བ་སྣ་ཚོགས་ཤར་བའི་རོལ་པ་ཀུན། །རང་ངོ་འཕྲོད་དེ་མངོན་མཐོའི་རྟེན་བཟང་པོ། །ཐོབ་པའི་ཡུལ་དུ་མ་ནོར་འཇུག་བྱིན་རློབས། །ཡང་སྲིད་ཕྱི་མ་རྣམས་སུ་བསྟན་དང་མཇལ། །ཐོས་བསམ་སྒོམ་པ་ཚུལ་བཞིན་བསྒྲུབས་པ་ཡིས། །རིང་པོར་མི་ཐོགས་མི་གནས་མྱང་འདས་སར། །བགྲོད་ནུས་འགྲོ་བ་མ་ལུས་སྒྲོལ་བྱིན་རློབས། །ཞེས་པ་འདི་ཡང་འདི་ཕྱི་བར་དོ་གསུམ་དུ་སྐྱོབ་པའི་གསོལ་འདེབས་ཤིག་དགོས་ཞེས་ཆེན་པོ་ཧོར་(༡༦༨བ)


GLG021_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱལ་ཁམས་ནས་བློ་བཟང་དར་རྒྱས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མགོན་པོར་མཆོད་བསྟོད་སྨོན་ལམ་བཏབ་པའི་འབྲས། །བསྐལ་བཟང་མཆོག་གི་སྤྲུལ་སྐུ་ལྔ་པ་རུ། །གྱུར་ཚེ་བདག་སོགས་འདུས་པར་རབ་སྐྱེས་ནས། །དམ་པའི་ཆོས་ཀྱིས་གྲོལ་ཞིང་ཚིམ་པར་ཤོག །ཅེས་པ་འདི་ཡང་ཆོས་རྗེ་དགེ་འདུན་དཔལ་འབྱོར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །རྩ་གསུམ་འདུས་པའི་ཕོ་བྲང་བཀོད་ལེགས་རྒྱན། །བཟང་གོས་བར་སྣང་མཛོད་ཀྱི་རི་མོ་ཅན། །ཕུལ་བས་བསོད་ནམས་འཛད་པ་མེད་པའི་འབྲས། །བྱང་ཆེན་མ་ཐོབ་དེ་སྲིད་མྱོང་བར་ཤོག །ཨེ་ཝཾ་ཟུང་འཇུག་རིགས་འཛིན་གྲོང་ཁྱེར་གྱི། །མཛེས་རྒྱན་ཡལ་བ་ཀུན་བཟང་མཆོད་པའི་སྤྲིན། །རི་མོ་རྣམ་བཀྲ་ཕུལ་བས་གནས་སྐབས་དང༌། །མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་འདུ་ཁང་དུ་འགྲམ་རྒྱུའི་ཡོལ་བ་གོས་དམར་རྒྱན་བཞི་རྣམ་པ་བཅུ་དྲུག །གན་གོས་ཚོན་ཁྲའི་གོང་བ། འཇའ་གོས་གསེར་མ་དམར་སེར་སྔོ་གསུམ་གྱིས་བྱས་པ་དང༌། ཡང་མ་གོས་དམར་རྒྱན་བཞི་རྣམ་པ་བཅོ་ལྔ། གོང་བ་ཐོན་ཐི་འཇའ་གོས་གསེར་མ་སུམ་གཤིབས་ཅན་གཅིག་བཅས་ཤིང་ཡོས་མཆོད་དཔོན་རྒྱལ་དར་གོང་པ་ངག་དབང་ཤེས་རབ་ཀྱིས་ཕུལ་བའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པ་མངྒ་ལཾ་བྷ་ཝནྟུ། །དར་ཚོན་འཇའ་རིས་དྲ་བ་དྲ་ཕྱེད་ཀྱི། །གོང་པ་གོས་སྔོན་རྡོ་རྗེ་གསང་ལམ་ཕྲེང༌། །རྩ་གསུམ་སྤྱན་(༡༦༩ན)


GLG021_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཕུལ་དགེས་མཆོག་ཐུན་གྱི། །དངོས་གྲུབ་ནམ་མཁའ་མཛོད་ཀྱི་སྒོ་འབྱེད་གསལ། །ཞེས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་འདུ་ཁང་དུ་མཁའ་འགྲོ་རྣམ་ལྔ་དགྱེས་བསྐྱེད་སྙན་དར་གྱི་གོང་པ་གླིང་བཞི་མ་མཆོད་དཔོན་རྒྱལ་དར་གོང་པ་ངག་དབང་ཤེས་རབ་ཀྱིས་ཤིང་ཡོས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་བྱིནྡས་བྲིས་པ་བི་ཙ་ཏུརྐརྨ་ནི་རཱ་བྷོ་ག་བྷ་ཝནྟུ། །གོས་སྔོན་རྡོ་རྗེ་ཕྲེང་ལས་ཉེར་བརྒྱུས་པ། །དབང་གཞུ་ལྟར་བཀྲ་དར་ཚོན་ལྡ་ལྡིར་བཅས། །བསྟན་སྲུང་དམ་ཅན་རྒྱ་མཚོར་ལེགས་ཕུལ་བས། །འདི་ཕྱིར་དགེ་བའི་བསམ་དོན་ལྷུན་གྲུབ་མཛོད། །ཅེས་རི་བོ་ཆོས་གླིང་གི་འདུ་ཁང་དུ་བསྐང་གསོའི་དུས་འགྲམ་རྒྱུའི་སྙན་དར་སུམ་བརྒྱ་སྐོར་གོང་བ་གླིང་བཞི་མ་དང་བཅས་མཆོད་དཔོན་རྒྱལ་དར་གོང་པ་ངག་དབང་ཤེས་རབ་ཀྱིས་ཤིང་ཡོས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བ་སིདྡྷི་རསྟུ། །བཅོམ་ལྡན་ཚེ་མཐའ་ཡས་པའི་ཕྱག་སོར་གྱིས། །ལེགས་བཏེག་བདུད་རྩིའི་བུམ་པས་དབབ་བསྐུར་པས། །བློ་བཟང་གྲགས་པའི་བསྟན་ལ་མི་འཇིགས་པ། །སྦྱིན་པའི་སྒོ་འཕར་འབྱེད་ཁྱོད་ཞས་བརྟན་ཤོག །རྣམ་བཞིའི་འཕྲིན་ལས་རྡོ་རྗེ་རྩེ་བརྒྱ་པས། །རྒོལ་ངན་བཅུད་བྲལ་འཇོམས་དང་ལྷན་ཅིག་ཏུ། །རང་སྲིད་སྐབས་གསུམ་པ་རྣམས་ཕན་དང་བདེར། །སྤྱོད་པའི་སྐལ་བ་མངོན་སུམ་ཉམས་མྱོང་ཤོག །ཅེས་ས་སྐྱོང་བློ་བཟང་སྦྱིན་པའི་བརྟན་བཞུགས་ཤློ་ཀ་གཅིག་གཉིས་ཙམ་ཞིག་དགོས་ཞེས་ཆོས་འཁོར་རྒྱལ་བླ་སྤྱི་ཐུན་མོང་ནས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །(༡༦༩བ)


GLG021_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ རུ ཎ སྱཱ ཀྵ ཥཱུ ཎྜ རྡྷུ ཏོ ནོ ཀྵ རེ པཱ ད མ ཏྲེ བྷ བཻ རྴ ཉྩ ཏ སྱཱ སཾ ཝཿཐུགས་རྗེའི་སྤྱན་ཟུར་དུས་ལས་ཡོལ་མེད་དུ། །ལྷུངས་པའི་མོད་ལ་སྲིད་ཞིའི་གདུང་སེལ་བ། །སཱུ ཪྻ བི ནྡྷོ དྡྷུ ཛཻ ཏ ཙ ཀྲ རཻ ཁཱ ཙ མཱུ རྡྷེ སྠི ཏེ ཧཱི ག །མ ཎྱཱ ག །ཎ ཤྭཱ ས ཏུ། །ཉི་མའི་གཉེན་ཕྱག་འཁོར་ལོའི་རི་མོ་ཅན། །སྤྱི་བོར་ཞོག་ལ་འགྲོ་ཚོགས་དབུགས་དབྱུང་ཞིག །ནང་པ་མུ་སྟེགས་ཀླ་ཀློ་དྲང་སྲོང་གི །སྟོན་རློམ་མང་ཡང་ལྷ་མོ་བསྟན་མ་ཡིས། །ལུས་ཕྱེད་འཛིན་མ་ནས་ཐོན་དཔང་བྱས་པའི། །སྐྱོབ་པ་ཁྱོད་ལས་གཞན་ན་དམིགས་སུ་མེད། །གང་གསུང་གཞོན་ནུ་ནམ་མཁའ་མཛེས་མ་དང༌། །དགྱེས་མགུར་སྤྱོད་འདོད་གཟུགས་ཁྱོན་ཕ་མཐའི་ཚད། །མ་ཉམས་ཚངས་པས་དགུ་ཚིགས་སྐ་རགས་ཀྱིས། །འཆིང་བའི་ནུས་བྲལ་ཟག་བཅས་གཉིད་ཀྱི་ཡུར། །འོན་ཏེ་རྒྱལ་བློན་ལོ་པཎ་མཛད་བཟང་གྲུས། །འཕགས་ཡུལ་ཆུ་གཏེར་ལས་བསྒྲལ་གངས་ལྗོངས་འདིར། །མདོ་འདུལ་(༡༧༠ན)


GLG021_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱོགས་རྒྱུད་སྡེ་ཡིད་བཞིན་དབང༌། །ལེགས་དྲངས་བསོད་ནམས་ཞིང་གི་ཡང་རྩེར་སོན། །མདོ་སྟོད་ལྷོ་རོང་རྫོང་དུ་སྒྱུ་མའི་ནོར། །སྙིང་མེད་སྙིང་པོ་ལེན་ཕྱིར་བརྒྱ་ཕྲག་གི །གླེགས་བམ་ཚར་དུ་དངར་བའི་མུ་ཏིག་ཕྲེང༌། །འབད་རྩོལ་སྲད་བུར་ལན་གྲངས་གཉིས་སུ་བརྒྱུས། །དེ་ཚུལ་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི། །རྣམ་དཔྱོད་བཀོད་པ་ཁྱད་པར་ལས་བྱུང་བ། །རྫོང་གཉེར་ངག་དབང་ཕུན་ཚོགས་བསམ་མཁར་བ། །ཟུང་གིས་བརྩོན་པའི་བྱེད་པོས་རབ་ཏུ་བསྒྲུབས། །དཀར་པོར་འཛག་པའི་རྣམ་སྨིན་དངོས་པོ་ལ། །དོ་དམ་དཔོན་ཡིག་བཟོ་རིགས་ཀྱིས་མཚོན་པའི། །ལུས་ངག་ཡིད་གསུམ་ངལ་བ་བརྟེན་པ་རྣམས། །འདི་ཕྱིའི་མདུན་མ་ལྷུན་གྱིས་གྲུབ་པར་ཤོག །ཐུབ་བསྟན་སྤྱི་དང་ཁྱད་པར་དུས་གསུམ་གྱི། །རྒྱལ་ཀུན་འདུས་པའི་ངོ་བོ་བཙོང་ཁ་པའི། །ཆོས་སྲིད་རིང་ལུགས་ཡོངས་འདུ་ས་བརྟོལ་གྱི། །ཕན་བདེའི་འབྲས་བུ་རྟག་ཏུ་མྱོང་བར་ཤོག །མདོ་སྔགས་ལུང་གི་དོན་ལ་ཐོས་བསམ་སྒོམ། །གོམས་ནས་རྟོགས་པའི་ཡོན་ཏན་དཀར་ཆའི་ཟླ། །ཇི་བཞིན་འཕེལ་བའི་འདུས་སྡེ་དེ་འཛིན་ཚོགས། །རྒྱས་ཤིང་སྲིད་མཐའི་བར་དུ་བརྟན་པར་ཤོག །ས་དབང་བཀའ་ཁྲིམས་གསེར་ཤིང་ཆེས་སྦོམ་པས། །མཆོག་དམན་གཉའ་བ་མནན་ཏེ་ནག་པོའི་དཔུང༌། །འཇོམས་པའི་རྡོ་རྗེ་རྩེ་བརྒྱ་གདེངས་པ་དང༌། །ལྷན་ཅིག་སྐྱིད་པའི་བ་དན་སྒྲེང་བར་ཤོག །ནམ་ཡང་བསླུ་བ་མེད་པའི་དཀོན་མཆོག་གསུམ། །སྐབས་གསུམ་དྲང་སྲོང་རིག་པ་འཛིན་རྣམས་ཀྱིས། །ས་སྟེང་ཁྱབ་པའི་བཀྲ་ཤིས་མེ་ཏོག་ཆར། །ཡོངས་ཕོབ་དགེ་ཚོགས་བྱང་ཆུབ་མཆོག་ཏུ་བསྔོ། །(༡༧༠བ)


GLG021_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱིས་ཞལ་བཀོད་མཛད་ནས་མདོ་སྟོད་ལྷོ་རོང་རྫོང་དུ་རྫོང་སྡོད་རྡོ་པ་ངག་དབང་ཕུན་ཚོགས་དང་ཆུ་ཤུར་བསམ་མཁར་བ་གཉིས་ཀྱིས་དོ་དམ་བྱས་ཏེ་བཀའ་འགྱུར་རིན་པོ་ཆེ་ཚར་གཉིས་བཞེངས་པའི་སྨོན་ལམ་ཚིགས་བཅད་དགོས་ཞེས་ངག་དབང་ཕུན་ཚོགས་ཀྱིས་ཡི་གེ་བསྐུར་བྱུང་བ་ལྟར་བ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྒྱལ་དབང་བཙོང་ཁ་པ་ཡི་སྐུ་བརྙན་དྲུང༌། །ཉེར་སྤྱོད་མཆོད་པའི་སྤྲིན་ཕུང་རབ་སྤྲོས་པས། །རྒྱུ་སྦྱོར་འཁོར་བཅས་འགལ་རྐྱེན་ཀུན་ཞི་ཞིང༌། །འདོད་པའི་རེ་མ་མ་ལུས་སྐོང་བར་ཤོག །ཅེས་པ་འདི་ཡང་བྱང་གླིང་མཆིས་བྲང་བྲོ་འཚལ་སྐབས་བསམ་འགྲུབ་རྒྱལ་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །དྷཱི་ཡིག་ཞུན་འཁྱིལ་ངག་དབང་ཐུགས་རྗེའི་ཟླ། །ཉ་རྒྱས་ཟེར་གྱིས་བློ་གྲོས་ས་མོས་ཚལ། །བཞད་པའི་སྐལ་བ་བཟང་པོས་རྒྱ་ཆེན་ཆོས། །སྨྲ་ལ་མཚོ་བྱུང་མགྲིན་པར་འཁྱུད་དེར་འདུད། །དོན་མིན་སྒྲོ་ཙམ་བཏགས་ཀྱང་དུས་མཁྱེན་རྒྱལ། །ཇི་བཞིན་དད་མཐུས་བརྗོད་པ་རྣམ་དག་ལས། །ལེགས་བྱས་རྣམ་སྨིན་མཁྲིས་ཅན་གངས་རི་ལྟར། །དངོས་མྱོང་མཐོང་འབྲས་རོ་བདར་ལོངས་སྤྱོད་ཤོག །རྫོགས་ལྡན་སྐྱེ་རྒུའི་བདེ་གཟུགས་འདི་སྣང་གི །རྙོག་བྲལ་རྫིང་བུར་འཆར་དང་ལྷན་ཅིག་ཏུ། །མི་གནས་མྱང་འདས་བརྒྱ་ཕྲག་རི་མོའི་གར། །གཏན་མདུན་ཆུ་གཏེར་ངོས་སུ་གསལ་བར་ཤོག །ཅེས་པའང་བྱ་ནག་རིགས་ཀྱི་ཐིག་ལེ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་ངེད་རང་གི་འདྲ་འབག་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཚངས་སྲས་བཞད་པའི་(༡༧༡ན)


GLG021_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྡེས་སྦྱར་བ་སིདྡྷི་རསྟུ། །ངོ་མཚར་བདེ་ལྡན་ཞིང་ཁམས་རྒྱ་མཚོ་ཡི། །འདབ་སྟོང་སྦུབས་སུ་རྫུས་ཏེ་ཉེར་སྐྱེས་ནས། །གར་དབང་མགོན་པོའི་ཞལ་མཐོང་དམ་པའི་ཆོས། །ལེགས་ཐོས་ས་ལམ་ཕ་རོལ་ཕྱིན་རྫོགས་ཤོག །འཁོར་ལོ་ཐ་མའི་ཡང་སྙིང་དཀོན་བརྩེགས་ལས། །རབ་བསྟན་སུམ་ཅུ་རྩ་ལྔའི་བདེར་གཤེགས་ཀྱི། །ཐུགས་རྗེའི་ཆབ་ཀྱིས་ཉེས་ལྟུང་དྲི་མའི་ཚོགས། །ཡོངས་བཀྲུས་མངོན་མཐོ་ངེས་ལེགས་སར་བགྲོད་ཤོག །སྔོན་ནས་སྒྲིབ་གཉིས་འཆིང་རྒྱ་ལས་གྲོལ་ཀྱང༌། །འགྲོ་ངོར་ཉན་ཐོས་ཚུལ་གྱིས་རྒྱལ་བའི་བསྟན། །དར་མཛད་འཕགས་པའི་གནས་བརྟན་བཅུ་དྲུག་གིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཤིང་རྟ་ཆེ་གཉིས་ནས་བརྒྱུད་ཟབ་རྒྱས་ཀྱིས། །རྣམ་གསུམ་སྐྱེས་བུའི་ལམ་གྱི་འགྲོས་མ་ལུས། །རབ་སྤེལ་བཤེས་གཉེན་མུ་ཐི་ལ་ཡི་འཕྲེང༌། །ཆད་མེད་བྱོན་པའི་ཚོགས་ཀྱིས་བདག་བྱིན་རློབས། །རིམ་པར་བྱོན་དང་སྤྲུལ་པ་སྣ་ཚོགས་སུ། །བསྟན་ལས་སྐྱེ་བའི་རབས་ཞེས་ཉེར་བཏགས་ནས། །མོས་པ་རྡོ་བའི་རིང་བསྲེལ་ཇི་བཞིན་དུ། །སླུ་མེད་རྒྱུ་ལས་འབྲས་བུ་ཡོངས་སྨིན་ཤོག །ཅེས་པ་ལྷ་ས་བ་བློ་བཟང་དཔལ་འབྱོར་གྱིས་བདེ་བ་ཅན་གྱི་ཞིང་བཀོད། སངས་རྒྱས་སུམ་ཅུ་སོ་ལྔ། གནས་བཅུ། ལམ་རིམ་བརྒྱུད་པ། སྐྱེས་རབས་འགྲོ་ལ་རྗེས་བརྩེ་མ་རྣམས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་གྲགས་སོ། །ཟིལ་གནོན་ཀུན་བཟང་འཇམ་མགོན་ཁྲོ་རྒྱལ་ལམ། །སྟོན་མཛད་རྩ་བའི་བླ་མ་བཞད་པ་(༡༧༡བ)


GLG021_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ། །རང་རིག་དག་པའི་ངོ་བོ་དབྱེར་མེད་པར། །མི་ཕྱེད་གདུང་བའི་ཡིད་ཀྱིས་གསོལ་བ་འདེབས། །སྔགས་འཆང་བློ་གྲོས་རྒྱལ་བས་ལེགས་བྱས་མཐུས། །རྡོ་རྗེ་སློབ་དཔོན་བསྐལ་པ་མཐའ་ཀླས་པར། །པདྨཱ་ཀ་ར་ལྟ་བུར་འགྱུར་མེད་དུ། །རབ་བཞུགས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །སྙིང་དབུས་གཞོན་ནུ་བུམ་སྐུར་རིག་པའི་རྩལ། །སྒྲིབ་བྲལ་ཆོས་སྐུ་རང་བཅས་མངོན་སུམ་དུ། །ངོ་འཕྲོད་གྱུར་མིན་དེ་སྲིད་བླ་མ་ལྷས། །ནམ་ཡང་འབྲལ་བ་མེད་པར་རྗེས་འཛིན་ཤོག །ཅེས་སྔགས་འཆང་བློ་གྲོས་རྒྱལ་བས་འཇམ་དཔལ་གཤིན་རྗེ་ཚེ་བདག་ཡང་བཟློག་གི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་གྲགས་པའོ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །རབ་བརྟན་དོན་གྲུབ་རྒྱ་མཚོ་བྱང་ཆུབ་བར། །རྗེས་བཟུང་རིང་མིན་རྣམ་མཁྱེན་སར་འགོད་ཤོག །ཅེས་པ་འདིའང་དགའ་གདོང་སྔགས་རམས་པས་ངེད་རང་གི་འདྲ་འབག་བཞེངས་པའི་ཚེ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །འོག་མིན་ཞིང་གི་མགོན་པོ་རྣམ་སྣང་མཛད། །འཁོར་བ་མཐའ་ཅན་དེ་སྲིད་གཡོ་མེད་དུ། །རྗེ་བཙུན་བླ་མ་གར་གྱི་དབང་ཕྱུག་སྐུ། །བཞེངས་ཏེ་བསྐལ་བཟང་གདུལ་བྱའི་རེ་སྐོང་ཤོག །མི་འཇིགས་གདོང་ལྔས་ཡོངས་བཏེག་རིན་ཆེན་ཁྲིར། །སྣ་ཚོགས་རྡོ་རྗེའི་རི་མོ་རབ་བཀྲའི་སྟེང༌། །ནམ་ཡང་མི་ཤིགས་སྐྱིལ་མོ་ཀྲུང་བཅས་ནས། །བགྲང་ཡས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ། །རྒྱལ་ཀུན་ཡབ་གཅིག་འཇམ་(༡༧༢ན)


GLG021_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ངག་གི་ལྷ། །དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས་པ་ཡི། །རིང་ལུགས་རྒྱ་མཚོའི་ཕ་མཐའ་ཡོངས་ཁྱབ་ཕྱིར། །ཚངས་སྲས་བཞད་པའི་རྡོ་རྗེ་ཞབས་བརྟན་ཤོག །མཁྱེན་བརྩེ་ནུས་པའི་དཔལ་ལྡན་རྫོགས་སངས་རྒྱས། །དེས་གསུངས་བདེན་པ་གཉིས་ལྡན་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་བརྒྱད་ལྡན་དགེ་འདུན་ཏེ། །མཆོག་གསུམ་མཐུ་ཡིས་འདོད་དོན་ལྷུན་གྲུབ་ཤོག །འདོད་པ་ཁམས་ཀྱི་དབང་ཕྱུག་དམག་ཟོར་མ། །བོད་སྐྱོང་སྨན་གཅིག་རྡོ་རྗེ་གཡའ་མ་སྐྱོང༌། །ལྷ་དང་དྲང་སྲོང་རིག་འཛིན་ཚོགས་རྣམས་ཀྱིས། །རེ་འབྲས་འགྲུབ་པའི་བཀྲ་ཤིས་དགེ་ལེགས་སྩོལ། །ཆོས་གྲ་ཆེན་པོ་དཔལ་གྱི་རྩེས་དང་གི་སྲུང་མ་རྡོ་རྗེ་གཡའ་མ་སྐྱོང་ངམ་གཡུ་སྒྲོན་མས་མངའ་རིས་གྲ་ཚང་གི་གཉེར་པ་འཇམ་དབྱངས་དཔལ་འབྱོར་ལ་འདི་ལྟ་བུ་བསྐུལ་ནས་ཚུགས་ཤིག་ཅེས་གསུངས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །མཆོག་གསུམ་སྤྱན་སྔར་བཟང་གོས་འཕན་ཕུལ་བའི། །འབྲས་བུ་འགྲོ་ཀུན་བྱང་ཆུབ་སར་བརྙེས་ཤིང༌། །རོ་ནུས་ཞུ་རྗེས་སྨན་གྱིས་སྐྱེ་རྒུའི་སྲོག །ཉེར་འཚོ་མེས་པོའི་རྣམ་ཐར་འཛིན་པར་ཤོག །འཚོ་བྱེད་ངག་དབང་ལྷག་བསམ་གྱིས་མཁར་སྐྱར་འཕན་ཕུལ་བའི་ཚེ་ཁ་བྱང་སྨོན་ལམ་དགོས་ཚུལ་སྟར་ཟ་ཧོར་གྱི་བནྡེས་བཀོད་པའོ། །ཁྲིམས་ལྡན་འདུས་པའི་ཀུན་དགའ་ར་བ་ཡི། །གནམ་རྒྱན་བཟང་གོས་ལས་གྲུབ་ཡོངས་བྲེས་པས། །བདག་སོགས་འགྲོ་རྣམས་སྲིད་ཞིའི་བདེ་བ་ལ། །འབྲལ་(༡༧༢བ)


GLG021_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྱོད་པའི་དགའ་སྟོན་མྱོང་བར་ཤོག །བཀྲ་ཤིས་རྟགས་མཚན་ཟ་འོག་རྒྱལ་མཚན་བཞི། །རྒྱལ་སྲས་སློབ་མར་བཅས་ལ་ལེགས་ཕུལ་བའི། །དགེ་ཚོགས་མཐོ་རིས་ཆུ་བོ་ཟད་མི་ཤེས། །བྱང་ཆེན་ཟླ་བའི་མ་མར་འབབ་གྱུར་ཅིག །མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་རི་བོ་ཆོས་གླིང་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཅན་གྱི་བཟང་གོས་ལེགས་པའི་གནམ་རྒྱན་དང་གོས་འབྲུག་རིས་མའི་རྒྱལ་མཚན་བཞི་ཕུལ་བའི་ཁ་བྱང་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བ་ཛ་ཡནྟུ། །མ་རིག་མུན་སེལ་ཤེས་རབ་མར་མེ་ཡིས། །སྐྱེ་བར་རྒྱལ་ཀུན་མཆོད་ནུས་བསོད་ནམས་ཆེད། །རིན་ཆེན་གཉིས་པའི་ཀོང་བུ་འདི་ཕུལ་བས། །འགྲོ་རྣམས་འདྲེན་པའི་དེད་དཔོན་མྱུར་ཐོབ་ཤོག །ཅེས་པ་འདིའང་འཕྱོང་རྒྱས་པ་བློ་བཟང་ཆོས་ལྡན་གྱིས་སྨོན་ལམ་ཆེན་མོར་སྔགས་རམས་པ་བྱས་པའི་ཚེ་གྲ་ཚང་དུ་དངུལ་སྲང་ཉེར་གསུམ་ལས་གྲུབ་པའི་ཀོང་ཕུལ་བའི་ཁ་བྱང་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས་པ་སིདྡྷི་རསྟུ། །དཔལ་གྱི་རི་བོའི་དབྱིབས་ཅན་གཏོར་མའི་སྣོད། །དངུལ་དཀར་ཞུན་མ་ལས་གྲུབ་ཕུལ་བའི་འབྲས། །སྐྱེ་བར་ཐོད་འཕྲེང་རྩལ་གྱིས་རྗེས་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ་པར་ཤོག །རྡོ་པ་བློ་བཟང་མཐུ་སྟོབས་ཀྱིས་གྲ་ཚང་དགེ་བསྐོས་བྱས་པའི་འཇོག་ལ་དངུལ་སྲང་བཅོ་ལྔའི་པད་སྡེར་ཕུལ་བའི་ཁ་བྱང་སྨོན་ལམ་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་བྲིས་པ་ཤུ་བྷཾ། །ཐུགས་རྗེ་ཉི་མའི་འོད་སྟོང་རབ་འབར་བས། །ཆེས་སྙེགས་ལུས་ཅན་སྡུག་བསྔལ་མཐར་མཛད་པ། །རྒྱལ་བ་སྨན་(༡༧༣ན)


GLG021_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་ཡིས་འདི་སྣང་སྤུན། །དང་མཚུངས་མ་རྒན་འགྲོ་ཀུན་ཐར་པར་དྲོངས། །འདིས་མཚོན་སྐྱེ་བར་འབྲེལ་བའི་ཉེ་དུ་རྣམས། །སྲིད་འཁྱམས་དུབ་ལ་བདེ་སྐྱིད་གྲིབ་མ་རུ། །བསིལ་བྱེད་བཅོམ་ལྡན་མགོན་པོ་མི་བསྐྱོད་པ། །མི་འཁྲུགས་རྒྱལ་པོས་དེང་འདིར་བྱིན་གྱིས་རློབས། ཁྱོད་ཞལ་འཛུམ་པའི་བརྒྱ་ཕྲག་འོད་ཀྱི་སྣེར། །རིན་ཆེན་ཆར་གྱིས་འཇུངས་པའི་སྡུག་བསྔལ་ཀུན། །བཅིལ་ནུས་ཡོན་ཏན་ཚོགས་ཀྱི་འབྱུང་གནས་ཆེ། །འགྲོ་རྣམས་ངེས་པར་ལེགས་པའི་སར་སྒྲོལ་ཤོག །ཅེས་དགེ་སློང་འཇམ་དབྱངས་གྲགས་པས་ནུ་བོ་བཀྲ་ཤིས་ཐོག་གཅོད་ཀྱི་དོན་དུ་སྨན་བླ། མི་འཁྲུགས་པ། རིན་འབྱུང་གསུམ་གྱི་བརྒྱ་ཐང་བཞེངས་པའི་ཚེ་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པའང་བསྐུལ་བ་པོ་ཉིད་དོ། །ཡེ་ཤེས་མཆོག་གི་བདུད་རྩིས་གཟོད་མ་ནས། །མཚན་དཔེའི་ལང་ཚོ་དར་བབ་སྤྲུལ་པའི་གར། །རྣམ་འདྲེན་སྨན་གྱི་བླ་མ་མཆེད་བདུན་ཞེས། །ལུས་ཅན་བསོད་ནམས་སྲོག་ཟུངས་རྨད་པོ་ཆེ། །འཕྲིན་ལས་སྐྱེ་རྒུའི་ཁམས་དང་ཉེར་འཚམ་པར། །འཇུག་ཚུལ་བརྒྱད་བརྒྱའི་གྲངས་ལྡན་ཤློ་ཀ །སྨན་མདོ་ཤཱཀྱ་སེང་གེའི་ལྗགས་རིང་པོར། །བརྐྱང་སྟེ་སྐལ་བཟང་རྣ་བའི་བཅུད་དུ་འཕེལ། །ཐུབ་གསུང་འདྲི་ཀློག་འཆང་བའི་ལེགས་བྱས་ཆབ། །བློ་བརྩོན་མ་དྲོས་མཚོ་ཆེན་ལས་བབས་པ། །བྱང་ཆུབ་ཟླ་བའི་མ་མ་འཛད་མིན་པར། །རོ་གཅིག་འབྲས་བུ་བླ་ནས་བླར་འཕེལ་ཤོག །འཆི་མེད་སྨན་པ་སྐྱེ་རྒུའི་བདག་པོའི་གཟུགས། །གངས་ལྗོངས་ལྷ་རྗེར་ཡོངས་(༡༧༣བ)


GLG021_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བྱང་ངོས་པ། །བསོད་ནམས་དར་རྒྱས་བཻཌཱུར་སྣང་བའི་ཞིང༌། །པདྨའི་སྦུབས་སུ་སྲིད་པ་འཛིན་པར་ཤོག །རང་དོན་གཅིག་པུའི་ཆེད་མིན་ནམ་མཁའི་མཐའ། །འཇལ་ནུས་སེམས་ཅན་ཡོངས་ཀྱི་ཕན་དང་བདེ། །ཀུན་མཁྱེན་ཡེ་ཤེས་མ་ཐོབ་དེ་སྲིད་དུ། །ནམ་ཡང་ཟད་པ་མེད་པའི་རྒྱུ་རུ་བསྔོ། །གསོ་རིག་སྨྲ་བ་ཀུན་གྱི་གཙུག་གི་ནོར་བུ་བྱང་ངོས་དྲང་སྲོང་ནང་སོ་དར་རྒྱས་ཀྱི་ཕྱི་རྟེན་དུ་རིགས་ཆོས་འཛིན་པ་ནང་སོ་སྨན་རྒྱལ་ཚེ་དབང་གིས་སྨན་མདོ་བརྒྱད་བརྒྱ་པ་བཞེངས་པའི་ཚེ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ང་རྒྱལ་སེར་སྣ་ཡོངས་དག་མཉམ་ཉིད་ཀྱི། །ཡེ་ཤེས་རང་གཟུགས་རིན་ཆེན་འབྱུང་ལྡན་ཆེའི། །ཐུགས་རྗེའི་འོད་ཀྱིས་མི་ཤེས་མུན་སངས་དང༌། །བསྒྲུབ་བྱ་ཕྱི་མའི་ཡང་སྲིད་གསལ་འཆར་ཤོག །མི་ཁོམ་གནས་བརྒྱད་འདམ་གྱིས་མ་གོས་པའི། །དལ་འབྱོར་པད་ཚལ་རབ་བཞད་ཟེའུ་འབྲུའི་དབུས། །དམིགས་ཡུལ་རིགས་གཟུགས་འབྱོར་དབང་ཤེས་རབ་དང༌། །ཚེ་རིང་ནད་མེད་མཐོ་རིས་དཔལ་འབར་ཤོག །བགྲང་ཡས་སྐྱེ་བར་ཉེར་བསགས་བརྣག་དཀའི་དྲི། །འཁྲུད་བྱེད་དགེ་ཚོགས་འཆི་མེད་ཆུ་རྒྱུན་གྱིས། །མངོན་མཐོ་ཁྱབ་འཇུག་རྐང་སོར་གྱེན་བཏེག་རྩེར། །ངེས་ལེགས་རྒྱལ་མཚན་ཏོག་འོད་གསལ་བར་ཤོག །ཁྱད་པར་སཱ་ལའི་ནགས་ལྡན་གངས་ལྗོངས་འདིར། །བསོད་ནམས་ལྷུན་གྲུབ་རྡོ་རྗེ་མི་ལུས་རྟེན། །ཡོངས་འཐོབ་གཉེན་འདུན་རྩ་ལག་བཅས་རྣམས་ཀྱིས། །མངོན་སུམ་ཡིད་ཆེས་གནས་སུ་འགྱུར་(༡༧༤ན)


GLG021_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །ཆེད་དུ་སྨོན་ལམ་བཏབ་པའི་ཨ་མྲ་ལ། །འདོད་དོན་འབྲས་བུ་སྨིན་པ་རོ་བདའི་བཅུད། །མྱོང་བར་རྒྱལ་དང་དེ་གསུང་སློབ་མར་བཅས། །དཀོན་མཆོག་ཐུགས་རྗེའི་མཐུ་ཡིས་འགྲུབ་བྱིན་རློབས། །སེ་དཀར་རིགས་ཀྱི་ཐིག་ལེ་འདར་བ་བསོད་ནམས་ལྷུན་གྲུབ་རྡོ་རྗེའི་ཕྱི་རྟེན་དུ་རིན་འབྱུང་གི་བརྒྱ་ཐང་བཞེངས་པའི་ཚེ་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་མ་ཧཱ་ལོ་ཙཱ་བ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱི་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དུས་བཞི་བདེ་གཤེགས་ཀུན་གྱི་གསར་གསུམ་གར། །མི་ཟད་རྒྱན་གྱི་འཁོར་ལོའི་བདག་ཉིད་ཆེ། །ཨཽ་ཌཱི་ཡ་ནའི་སློབ་དཔོན་པདྨ་འབྱུང༌། །སྙིང་དབུས་གཞོན་ནུ་བུམ་སྐུར་རིག་པའི་རྩལ། །འོན་ཏེ་ཉི་མ་དང་ནི་འོད་ཟེར་བཞིན། །ཕུལ་བྱུང་ཐུགས་རྗེའི་མཐུ་དཔུང་རླབས་པོ་ཆེས། །ངག་དབང་ཀུན་བཟང་འཇིགས་མེད་རྣམ་པར་འཕྲུལ། །དབུས་གཙང་དག་ཞིང་ལྗོངས་འདིར་མྱུར་འབྱོན་མཛོད། །ངོ་བོ་ཀ་དག་ཆོས་སྐུ་སྤྲོས་བྲལ་ཀློང༌། །རང་བཞིན་ལྷུན་གྲུབ་ཡེ་ཤེས་དབང་པོའི་གཞུ། །ཐུགས་རྗེ་འགག་པ་མེད་པ་སྒྱུ་མའི་འཕྲུལ། །ཞིང་འདིར་འགྲོ་ལ་མངོན་སུམ་གསལ་སྟོན་ཤོག །ཀུན་བཟང་ཧེ་རུ་ཀ་དཔལ་ཀོང་ཆེན་པ། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །(༡༧༤བ)


GLG021_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་བསྟན་པའི་སྲོག་ཏུ་ཐུགས་བསྐྱེད་པའི། །ཡང་སྲིད་མཁས་གྲུབ་རྒྱུན་མི་ཆད་པར་ཤོག །རྒྱ་བོད་རིགས་འཛིན་རྩ་བརྒྱུད་བླ་མ་དང༌། །ཡི་དམ་དཀྱིལ་འཁོར་སྒྲུབ་པ་བཀའ་བརྒྱད་ལྷ། །དྲེགས་པའི་སྡེ་དཔོན་དམ་ཅན་རྒྱ་མཚོ་ཡིས། །འདོད་པའི་རེ་བ་སྐོང་བའི་འཕྲིན་ལས་སྒྲུབས། །རྫོགས་ཆེན་སྤྲུལ་སྐུ་ངག་དབང་ཀུན་བཟང་འཇིགས་མེད་ཀྱི་སྤྲུལ་སྐུ་མྱུར་དུ་འབྱོན་པའི་ཚིགས་བཅད་དགོས་ཞེས་དབོན་པོ་ཆོས་དབྱིངས་ལྷུན་གྲུབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྒྱལ་དང་དེ་སྲས་སྣང་བརྙན་གཟུགས་སྐུའི་རྟེན། །ཆོས་ཕུང་བརྒྱ་ཕྲག་གླེགས་བམ་གསུང་གི་རྟེན། །རིན་ཆེན་བྱང་ཆུབ་མཆོད་སྡོང་ཐུགས་ཀྱི་རྟེན། །བླ་མེད་ཡེ་ཤེས་མངོན་དུ་བྱེད་ཐབས་རྟེན། །རབ་ཡངས་གཏོང་བའི་སྒོ་འཕར་འབྱེད་ལ་སྤྲོ། །རབ་དཀར་ལྷག་བསམ་འགྲོ་ལ་སྤེལ་ཕྱིར་སྤྲོ། །རབ་འབྱམས་བསོད་ནམས་ཚོགས་ཆེན་སྤེལ་ལ་སྤྲོ། །རབ་བརྟན་མི་ཕྱེད་དད་པའི་ཤུགས་ཀྱིས་སྤྲོ། །རྨད་བྱུང་འདོད་ཡོན་ཕུང་པོར་སྤུངས་པའི་གཏེར། །གཏེར་མཛོད་འཛད་མེད་ལེགས་བྱས་བྱེ་བའི་ཞིང༌། །ཞིང་ས་གཤིན་པོར་རབ་བཏབ་གཏན་བདེའི་འབྲས། །འབྲས་བཟང་རོ་བདའ་བྱང་ཆེན་བར་མྱོང་ཤོག །ངལ་ངལ་ལུས་ངག་ཡིད་ཀྱིས་ཡོངས་འབད་པས། །མང་མང་བགྲང་ཡས་སྐྱེ་བའི་མ་རྒན་རྣམས། །རིང་རིང་སངས་རྒྱས་ཞེས་བྱའི་གོ་འཕང་དེ། །མྱུར་མྱུར་རྩོལ་བ་མེད་པར་མངོན་(༡༧༥ན)
འགྱུར་ཤོག །རྒྱུ་སྦྱོར་ལས་བྱེད་བཅས་པའི་ཚེ་དཔལ་སྟོབས། །སྟོབས་ལྡན་རྣམ་ཐོས་བུར་འགྲན་ཡང་སྲིད་ཀུན། །ཀུན་ནས་ཡོངས་བདེ་ངེས་པར་ལེགས་པའི་ལམ། །ལམ་བཟང་ཉེར་བརྒྱུད་སྐུ་བཞི་ཐོབ་པར་ཤོག །ཅེས་འབྲང་རྒྱས་ཤག་པ་ནང་སོ་དགོས་དགོས་མཆིས་བྲང་རིགས་བཅས་ཀྱིས་གསེར་ཟངས་ཀྱི་སྐུ་བརྙན་ཁ་ཡར་བཀའ་འགྱུར་རོ་ཅོག་དངུལ་གདུང་སྟེ་སྐུ་གསུང་ཐུགས་རྟེན་བཞེངས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་སྨོན་ལམ་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །


previousགནས་བརྟན་བཅུ་དྲུག་ལས་བརྩམས་པའི་རིང་འཚོའི་ཚིགས་བཅད་སོགས་བཞུགས་སོ།།next