Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
  
  
  
  
གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།
  
  
 
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousགདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།next

གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས། །མགོན་པོ་གར་གྱི་དབང་ཕྱུག་ཚེ་མཐའ་ཡས། །བྱིན་རླབས་བུམ་པའི་གཟུགས་ཤར་ཕྱག་སོར་གྱིས། །ལེགས་བཏེག་ཟིལ་མངར་རྒྱུན་གྱིས་ཡིད་ཅན་ཚོགས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་བཀའ་དྲིན་སྩོལ། །ཐུབ་པའི་ལྗགས་བཟང་རིང་པོར་བརྐྱང་པ་ལས། །རབ་བསྔགས་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ། །ཡིད་བཞིན་འཁོར་ལོ་ཚེ་ཡི་མཆོག་སྦྱིན་མཁན། །མ་སྨད་ཐུགས་རྗེའི་འོད་ཀྱིས་གདུང་མུན་སོལ། །རྫོགས་སངས་རྒྱས་རྣམས་དཔང་པོར་ལེགས་བཞུགས་པར། །ལུང་རྟོགས་ཆོས་ཀྱི་རྒྱུད་གཏམས་དགེ་འདུན་ཚོགས། །རྩེ་གཅིག་དང་བའི་སྒོ་ནས་ཉེར་གསུངས་པའི། །བདེན་ཚིག་བརྗོད་པ་དོན་དང་ལྡན་གྱུར་ཅིག །བགྲང་ཡས་ཆོས་ཕུང་སྨྲ་ལ་ཡངས་པའི་ངག །དབང་ཕྱུག་འཇམ་མགོན་བློ་བཟང་གྲགས་པའི་བསྟན། །རྒྱ་མཚོའི་མཐའ་ཀླས་ཀུན་(༡༧༥བ)


GLG021_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་ཡོངས་ཁྱབ་པར། །རྒྱས་མཛད་རྗེ་བཙུན་བླ་མ་བརྟན་པར་ཤོག །ཡིད་སྲུབས་དཔུང་ལ་འཇིགས་མེད་སྙིང་སྟོབས་གོ །ཆ་གང་རི་བོང་འཛིན་ལྟར་ཐུབ་པའི་བསྟན། །སྤེལ་བར་རྣམ་དཔྱོད་ལང་ཚོ་དར་བའི་སྡེ། །གཡུང་དྲུང་ལྟ་བུར་ནམ་ཡང་འགྱུར་མེད་ཤོག །སེང་གེས་ཡོངས་བཏེག་རྡོ་རྗེས་མཚན་པའི་ཁྲིར། །མི་གཞིག་སྐྱིལ་མོ་ཀྲུང་བཅས་ཞབས་སེན་ཟླ། །མཐའ་ཡས་ཡིད་ཅན་མགྲིན་སྔོན་རལ་པའི་རྩེར། །བསྐལ་པར་མི་ནུབ་མཛེས་པའི་རྒྱན་འགྱུར་ཤོག །རྩེ་མོའི་བགྲང་བྱར་བརླམས་པའི་ལྷ་མིའི་གདོན། །དུས་དགྲའི་དབང་པོ་དཔལ་ལྡན་མ་ཧེའི་ཞལ། །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེ་ཡིས། །ཚར་བཅད་དམིགས་མེད་དབྱིངས་སུ་གཞིལ་བར་མཛོད། །ཆོས་རྣམས་གདོད་ནས་རང་བཞིན་གྱིས་སྟོང་མཁར། །ཆོས་ཅན་རྒྱུ་འབྲས་དབང་པོའི་གཞུ་རིས་ལྟར། །ནམ་ཡང་སླུ་བ་མེད་ཕྱིར་ཉེར་བཏབ་པའི། །སྨོན་པའི་རེ་བ་ཡོངས་སུ་སྐོང་བར་ཤོག །རིག་གྲོལ་གཉིས་ལྡན་འདུས་པས་བསྒྲུབ་བྱའི་ཆོས། །འགོག་ལམ་ཕ་མཐར་ཕྱིན་ལས་མཁྱེན་བརྩེ་ནུས། །རབ་བརྙེས་སངས་རྒྱས་ཐུགས་རྗེ་ཕུན་ཚོགས་པས། །ཡངས་པའི་འཇིག་རྟེན་མ་ལུས་ཁྱབ་པར་ཤོག །ཅེས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་འཛུགས་རྒྱུ་ཡིན་པས་ཉི་བུའི་གཡུལ་ལས་རྒྱལ་བའི་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་རྩོམས་ཞེས་ཡོངས་རྫོགས་བསྟན་པའི་མངའ་(༡༧༦ན)


GLG021_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་ཀྱི་བཀས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བསམ་གྲུབ་མཐོང་སྨོན་པ་ཕུན་ཚོགས་དབང་པོའོ། །རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མཛོད། །འཛམ་གླིང་ཆེ་བའི་བརྟུལ་ཞུགས་ཡོངས་གྲུབ་གར། །པདྨའི་ཟེའུ་འབྲུར་རྫུས་སྐྱེས་ཐོད་འཕྲེང་རྩལ། །ཕུལ་བྱུང་ཐུགས་རྗེའི་བྱིན་རླབས་ཆར་དུ་ཕོབ། །ཞི་ཁྲོ་ཡོངས་འདུས་སྒྲུབ་པ་སྡེ་བརྒྱད་དང༌། །ལྷ་ཡི་མགོན་པོ་ལེགས་ལྡན་མ་ནིང་སོགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་གིས། །མ་སྨད་མཐུ་སྟོབས་ནུས་པའི་དཔུང་ཆེན་བསྐྱེད། །བརྗོད་པ་རྣམ་དག་ངག་གི་དབང་ཕྱུག་པས། །ཀུན་མཁྱེན་ཤཱཀྱའི་བསྟན་པ་འཛིན་པ་ལ། །བློ་མཆོག་རབ་ཏུ་ཡངས་པའི་སྤྲུལ་པའི་གར། །མི་གཡོ་རྡོ་རྗེ་ལྟ་བུར་བརྟན་གྱུར་ཅིག །ཚེ་དཔག་མེད་མགོན་ཕྱག་གི་བུམ་པའི་བཅུད། །དྷཱུ་ཏཱིའི་ཟུངས་གྱུར་ཨ་ཧཾ་འགྱུར་མེད་པས། །འཆི་བདག་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །ཕུན་ཚོགས་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །དོན་དམ་སྤྲོས་དང་བྲལ་ཡང་ཀུན་རྫོབ་ཀྱི། །སྣང་བ་མི་འགོག་ཐབས་ཤེས་ཟུང་འཇུག་པ། །བསླུ་མེད་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་མཐུས། །འདོད་པའི་དོན་ཀུན་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་ཁྱབ་བདག་ཁྲ་ཚང་བ་ཆེན་པོ་བློ་མཆོག་རིག་པའི་རྡོ་རྗེའི་སྤྲུལ་སྐུའི་བརྟན་བཞུགས་ཀྱི་བདེན་པ་བརྗོད་པ་འདི་ནི་ཆོས་རྗེས་ངག་དབང་ཐུབ་བསྟན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རབ་འབྱམས་(༡༧༦བ)


GLG021_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངག་དབང་དགེ་ལེགས་སོ། །ཨཱ ཧ དྲྀ ཥྟཻ རྒ ཏོ དྷཱི བི ཀ ལྐཱ བི ན སཾ ཁྱ བྷྲ མེ ནྡེ ཏྶ མ ཎྜ ལྱ ཡཱ བཱ ད ཧཾ། ཚུར་མཐོང་འགྲོ་བློའི་རྙོག་བྲལ་རྫིང་བུའི་གྲངས། །དེ་སྙེད་འཁྲུལ་ཟླའི་དཀྱིལ་འཁོར་ཇི་བཞིན་བདག །མཱ རི ཙཱ ཏྟྲ ཤྩ ཧཻ མ ལྱ ནཱི ལཱ བྷ བ སྱེ ཀི ལཱ ལ སྱ ཧཱི ནི ཏྱ ནོ དེ ཤ ཙ། སྨིག་རྒྱུ་གཤེར་དང་གངས་ཅན་མདངས་སྔོན་དུ། །སྣང་བར་ཅལ་སྒྲོག་ཚད་མའི་ཡུལ་མིན་ཀྱང༌། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་ཡན་ཆད་དུ། །དུས་མཚུངས་སྤྲུལ་པའི་རྒྱུ་གཅིག་རིམ་བྱོན་སོགས། །དམ་པའི་ཡང་སྲིད་ཕ་མཐའ་ཡས་པའི་དཔྱ། །གྲོ་བཞིན་སྐྱེས་ཀྱི་གདན་ལྟར་འཛད་པ་མེད། ཁོ་ར་ཁོར་ཡུག་ཁ་བའི་རྡུལ་བརྩེགས་ལྗོངས། །སྐྱེ་རྒུའི་ལྷ་མཆོག་ལག་ན་པད་དཀར་འཆང༌། །གང་འདུལ་དེར་སྟོན་སྣ་ཚོགས་འཕྲུལ་པོ་ཆེས། །སྒྱུ་མ་མཁན་གྱི་ཁེངས་པ་བག་ལ་ཞ། །འཕགས་བོད་རྒྱ་བལ་པཎ་གྲུབ་ས་སྤྱོད་དབང༌། །གཅིག་ལས་དུ་མའི་གར་བསྒྱུར་ལ་མཁུ་བར། །སྣང་བརྙན་(༡༧༧ན)


GLG021_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་རྒྱལ་མཚན་ཚོན་རིས་ལ། །ཡེ་ཤེས་སེམས་དཔའི་མདངས་བཀྲག་འོད་དུ་འཚེར། །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་གཞུང༌། །ཤིང་རྟ་ཆེ་གཉིས་ལས་འོངས་ལམ་རིམ་བརྒྱུད། །སྙིགས་མའི་འགྲོ་ལ་རྗེས་བརྩེ་ཐུགས་རྗེའི་མཐུ། །ཐུབ་པ་གཞན་ལས་ཁྱད་ཞུགས་བདེར་གཤེགས་བརྒྱད། །དུག་ལྔ་དབྱིངས་དག་རྒྱལ་བ་རིགས་ལྔ་དང༌། །ཉེས་ཀུན་ཡོངས་སེལ་སེང་ལྡེང་ནགས་སྒྲོལ་མའི། །རྣམ་འགྱུར་ཉེར་གཅིག་ངོ་མཚར་བཀོད་པ་ལ། །བལྟ་ཕྱིར་བརྒྱ་བྱིན་མིག་སྟོང་སྤྲུལ་པ་བཞིན། །སྣང་སྲིད་རི་མོར་བསྐྲུན་ལ་ཡངས་པའི་མིག །དཀྱུས་རིང་ནམ་མཁའི་ཕ་མཐའ་གཞལ་ནུས་པ། །ཟུར་རིགས་སྔགས་འཆང་གཞིས་ཀ་ཤར་པ་སོགས། །བཀྲ་ཤིས་གྲགས་ལྡན་སོར་མོའི་ཟློས་གར་བསྒྱུར། །བསོད་ནམས་བྱས་འབྲས་བོད་ཧོར་ཡོངས་ཀྱི་ལྷ། །ཐུབ་བསྟན་རྒྱ་མཚོའི་མཐར་འཛིན་རྒྱལ་པོ་ཡི། །འདི་དང་སྐྱེ་བ་ཀུན་ཏུ་ཕན་དང་བདེ། །འཛད་མེད་མུ་ཐི་ལ་ཡི་ཆར་འབེབས་ཤོག །རྒྱུ་སྦྱོར་སྒོ་གསུམ་འབད་རྣམས་ཁེངས་འབྱོར་སྟོབས། །རྣམ་མང་ཐོས་པའི་སྲས་ཀྱི་རྗེས་སོང་སྟེ། །མ་སྨད་སྙན་པའི་གྲགས་པ་དུནྡྷུབྷིཿ། །ཚངས་པའི་ཡུལ་ས་བརྒལ་བར་སྒྲོག་གྱུར་ཅིག །བསྟན་འཛིན་ད་ལའི་ས་ཆེན་སྐྱོང་བའི་རྒྱལ། །ལེགས་བྱས་གསེར་གྱི་འཁོར་ལོ་མཁར་འཕགས་པ། །ཁམས་གསུམ་ཟིལ་གྱིས་གནོན་པའི་དབང་ཕྱུག་གཙུག །ཞབས་སེན་ཀུནྡའི་གཉེན་དེ་ཚེས་པར་ཤོག །ཟོ་ཆུན་ལྟར་བརྒྱུད་ཡང་སྲིད་མཐའ་དག་གུང༌། །ལྷ་མིའི་རྟེན་བཟང་ཉི་མ་ཉེར་ཤར་བའི། །བདེ་སྐྱིད་སྣང་བས་ཡོངས་ཁྱབ་(༡༧༧བ)


GLG021_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

རྒུད་པའི་མུན། །མིང་གི་ལྷག་མ་བཙལ་ཀྱང་མ་རྙེད་ཤོག །དལ་དང་འབྱོར་བའི་རིན་ཆེན་ཐེམ་སྐས་ལ། །དགེ་བའི་གོམ་སྟབས་ལྷོད་པོར་རབ་འཛེགས་པས། །སྟོབས་བཅུ་མངའ་བའི་ཁང་པར་ལེགས་ཞུགས་ཏེ། །མྱུར་དུ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །མཁའ་ལ་འཕྲོད་སྦྱོར་བཟང་པོའི་གཟའ་སྐར་འཛོམ། ཁྲི་གདུགས་འོད་ཀྱིས་ནོར་འཛིན་དྲོད་ཆེན་ཕེབས། །མཆོག་གསུམ་ལྷ་དང་དྲང་སྲོང་བདེན་ཚིག་གི །བཀྲ་ཤིས་ཆར་གྱིས་འཇིག་རྟེན་ཁྱབ་གྱུར་ཅིག །ཅེས་གནམ་སའི་དབང་ཕྱུག་བསྟན་འཛིན་ད་ལའི་རྒྱལ་པོས་ཐམས་ཅད་མཁྱེན་པ་བདེ་ཆེན་ཆོས་ཀྱི་རྒྱལ་པོའི་འཁྲུངས་རབས་གྲྭ་ཚར་ཉི་ཤུ་རྩ་གསུམ། ལྷ་མགྲོན་ལམ་རིམ་བླ་བརྒྱུད། སྨན་བླ་བདེ་གཤེགས་བརྒྱད། རྒྱལ་བ་རིགས་ལྔ། སྒྲོལ་མ་ཉི་ཤུ་རྩ་གཅིག་རྣམས་ཀྱི་གསེར་ཐངས་བཞེངས་པའི་རི་མོ་བ་སྔགས་འཆང་གཞིས་ཀ་ཤར་པ་ཨ་གུར། ལེགས་པ་རྒྱལ་མཚན། ལགས་རྟ་མགྲིན། ཤུན་ཤག་ཁྱི་སྐྱག་ཆོས་སྐྱོང༌། ཨ་ཁུ་བསམ་འགྲུབ། ཨྱོན། རྐོས་པ་དོ་དམ་པ་ཀོང་པོ་གུར་བཟང་པ་བསོད་ནམས་དར་རྒྱས་རྣམས་ཀྱིས་བགྱིས་པའི་རྒྱབ་ཡིག་སྨོན་ལམ་འདི་ནི་གསུང་གིས་སྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བསམ་མཐོང་བ་ཕུན་ཚོགས་དབང་པོའོ། །ཁྱབ་བདག་པདྨ་རྒྱལ་པོའི་ཐུགས་རྗེའི་མཐུས། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འདིར། །ཐུབ་པའི་ལུང་རྟོགས་བསྟན་པ་འཕེལ་བ་དང༌། །སེམས་ཅན་ཐ་དག་བདེ་ཞིང་སྐྱིད་པར་ཤོག །ཟ་ཧོར་རིགས་འཛིན་ཆེ་མཆོག་འདུས་པ་(༡༧༨ན)


GLG021_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ། །བསྐལ་པ་རྒྱ་མཚོར་མི་གཡོ་རྟག་བརྟན་ཅིང༌། །ཆོས་སྲིད་ཟུང་དུ་འཇུག་པའི་འཕྲིན་ལས་ཀྱིས། །ཡངས་པའི་ནོར་འཛིན་མ་ལུས་ཁྱབ་པར་ཤོག །ཀུན་བཟང་ཐུགས་ཀྱི་ཐིག་པས་རྣམ་གྲོལ་ཏེ། །བདུད་བཞིའི་གཡུལ་ལས་རྒྱལ་བའི་ཧེ་རུ་ཀ །རྫོགས་ཆེན་རྣལ་འབྱོར་ཀོང་སྨྱོན་སྤྲུལ་པའི་གར། །ཆད་མེད་བསྟན་པའི་ཉེར་འཚོར་བསྒྱུར་བར་ཤོག །གནས་ཆེན་མང་པོར་སྐུ་གསུང་ཐུགས་རྟེན་སོགས། །དགེ་ཚོགས་བསྐྲུན་པའི་བྱེད་པོ་མ་ལུས་པ། །འདིར་སྣང་བསམ་པའི་རེ་བ་ལྷུན་གྲུབ་ཅིང༌། །ཕྱི་མ་པདྨ་འོད་དུ་སྐྱེ་བར་ཤོག །འདིའི་ཆེད་མཐུན་རྐྱེན་སྦྱོར་རྣམས་ངེས་ལེགས་ལམ། །མ་རྙེད་དེ་སྲིད་རྩ་གསུམ་ལྷ་ཚོགས་ཀྱི། །ཐུགས་རྗེ་སྙིང་གི་ཟ་མ་ཏོག་ཞུགས་པའི། །བཟང་པོའི་སྐལ་པ་ཅན་དུ་བྱིན་གྱིས་རློབས། །ཞེས་གཟུངས་འབུལ་གྱི་སྨོན་ལམ་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་དབོན་པོ་ཆོས་དབྱིངས་ཀྱི་ངོར་ཟ་ཧོར་ཀྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བསམ་གྲུབ་མཐོང་བ་ཕུན་དབང་ངོ༌། །ཤཱཀྱ་སེང་གེའི་འཇིགས་མེད་ང་རོའི་དབྱངས། །རྣམ་གསུམ་ཆོས་ཀྱི་འཁོར་ལོའི་པུསྟ་ཀཿ །བཞེངས་པས་རྒྱལ་བའི་བསྟན་པ་རབ་རྒྱས་ཤིང༌། །འཇིག་རྟེན་ཀུན་ཏུ་བདེ་སྐྱིད་འབྱུང་བར་ཤོག །ཁྱད་པར་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །བློ་བཟང་གྲགས་སྙན་འབར་བའི་ལུང་རིགས་ཀྱིས། །རྒྱ་མཚོའི་གོས་ཅན་ཁྱོན་རྣམས་ཡོངས་ཁྱབ་ཅིང༌། །སྲིད་མཐའི་བར་དུ་མི་འགྱུར་བརྟན་པར་ཤོག །རྒྱུ་སྦྱོར་འདྲི་ཀློག་མཐུན་པའི་རྐྱེན་སྦྱར་ཚོགས། །འདི་ཕྱིར་རྣམ་(༡༧༨བ)


GLG021_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་དཀར་པོ་རབ་འཛག་ཅིང༌། །རིང་པོར་མི་ཐོགས་མི་འཇིགས་བཞི་ལྡན་པའི། །གོ་འཕང་མཆོག་དེ་མངོན་དུ་འགྱུར་བར་ཤོག །ཅེས་པའང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་པོ་ཏི་སོ་སོའི་མཇུག་ཏུ་འདྲི་རྒྱུ་ལ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །སྨྲ་བ་ངག་གི་དབང་ཕྱུག་པའི། །བློ་གྲོས་ཆོས་བཟང་རྒྱ་མཚོ་ལྟར། །གཏིང་དཔོག་ནུས་མིན་བཤེས་གཉེན་གྱིས། །རྒྱུ་སྦྱོར་འཁོར་བཅས་ཤིས་གྱུར་ཅིག །ཅེས་པའང་སྒྱིད་ཐང་ནོར་བུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །བདེ་ལྡན་ཞིང་ཁམས་རྒྱ་མཚོའི་རྣམ་འདྲེན་གྱི། །ཐུགས་གསང་དཔལ་བེ་ལས་འཕྲོས་ཟེར་འཕྲེང་ཐིག །སིནྡྷུའི་ཆུ་གཏེར་འདབ་སྟོང་གེ་སར་རྩེར། །སྒྱུ་འཕྲུལ་རོལ་གར་འཆི་མེད་རིགས་འཛིན་ཀྱེ། །བཀའ་གཏེར་སྨིན་གྲོལ་གདམས་པའི་ལུང་རྟོགས་བསྟན། །སྤེལ་ལ་མགོན་ཁྱོད་གདུང་སོབ་ལེགས་ལྡན་རྗེ། །ཉི་ཟླ་འོད་ཟེར་མཆོག་གི་སྤྲུལ་པའི་སྐུ། །ཚེ་མཐའ་ཡས་པའི་ངོ་བོར་བྱིན་གྱིས་རློབས། །སྤྲོས་པའི་མཚན་མ་ཡོངས་དག་ཀུན་ཏུ་བཟང༌། །ངོ་བོ་ཆོས་དབྱིངས་རིག་རྩལ་ཐུགས་ཀྱི་ཀློང༌། །གཞོན་ནུ་བུམ་སྐུར་རྟག་བརྟན་དངོས་པོའི་གཤིས། །བདག་སོགས་ལུས་ཅན་སྣང་ངོར་འཕོ་མེད་ཤོག །འོད་གསལ་སྒྲོན་མ་དྲུག་གི་རྣམ་པར་འཕྲུལ། །རིགས་ལྔའི་རང་བཞིན་གར་མཁན་དབང་པོའི་གཞུ། །ནམ་ཡང་འཆར་ནུབ་སྤངས་པའི་གཟི་འབར་ཆེ། །གཞན་མིན་འཁོར་ཚོགས་གཟིགས་མོར་མཚར་བར་ཤོག །གངྒཱའི་ཀླུང་གི་རྡུལ་གྱིས་མི་བསྒྲུན་པ། །སྣ་ཚོགས་(༡༧༩ན)


GLG021_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་བསྟན་ལས་སྨན་ལྗོངས་འདིར། ཀུན་ཁྱབ་ཐུགས་རྗེས་ཆོས་རྒྱལ་དབང་པོའི་སྡེའི། །རིང་ལུགས་སྲོག་གི་ཀ་བར་འགྱུར་མེད་ཤོག །བློ་གསལ་གདུལ་བྱའི་སྐལ་པ་བཟང་པོ་ལ། །རབ་སྦྱོར་པདྨ་ཐོད་འཕྲེང་འཕྲིན་ལས་རྩེ། །ཐེག་མཆོག་དབང་གི་རྒྱལ་པོ་ལས་འོངས་པའི། །བགྲང་ཡས་དངོས་གྲུབ་ཆར་ཆེན་རྟག་འབེབས་ཤོག །ཡོངས་འདུ་ལྟ་བུར་འདོད་པའི་རེ་སྐོང་སྡེའི། །སྐུ་ཚེའི་འཕྲང་གེགས་ཡིད་སྲུབ་དཔུང་གི་མུན། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཉིན་བྱེད་ཀྱིས། །མཐར་བསྐྲད་ཕན་བདེའི་སྣང་བ་འབར་བར་ཤོག །དངོས་རྒྱུད་བླ་མའི་ངོ་བོ་པདྨ་འབྱུང༌། །ཡི་དམ་བདེ་གཤེགས་ཀུན་འདུས་བཀའ་བརྒྱད་ལྷ། །བསྟན་སྲུང་ཡོངས་རྫོགས་དཔལ་ལྡན་མགོན་པོ་ཡིས། །བཞེད་པའི་དོན་རྣམས་མ་ལུས་སྒྲུབ་པར་མཛོད། །ཆོས་ཉིད་ཀ་ནས་དག་པའི་ཤེལ་ངོས་སུ། །ཆོས་ཅན་རྒྱུ་འབྲས་རྣམ་བཀྲ་ཚོན་གྱི་རིས། །རྗེན་པར་འཆར་བ་བསླུ་མེད་རྟེན་འབྱུང་མཐུས། །བསམས་པའི་རེ་བ་ཡིད་བཞིན་འགྲུབ་པར་ཤོག །ཅེས་རིགས་འཛིན་སྤྲུལ་པའི་སྐུ་མཆོག་བརྟན་པར་བཞུགས་པའི་བདེན་བརྗོད་ཨེ་ཝཾ་ལྕོག་སྒར་བའི་ཚོགས་འདོན་དུ་འཛུགས་རྩིས་ཀྱི། །རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བགྲང་ཡས་རྒྱུད་སྡེར་མཁྱེན་རབ་དཀྱིལ་འཁོར་རྒྱས། །འགྲོ་ལ་བྱམས་པའི་རི་དྭགས་སྣང་བརྙན་མཛེས། །གསུང་ངག་དབང་ཆུའི་བསིལ་(༡༧༩བ)


GLG021_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཡོངས་འཕྲོ་བར། །ལྷུན་གྲུབ་བསྟན་པའི་ཟླ་བ་ཞབས་བརྟན་ཤོག །དཔལ་ལྡན་ཤཱཀྱའི་རིང་ལུགས་རྒྱལ་མཚན་ཆེ། །ལེགས་བསྒྲེང་འདམ་བུ་སྦྱིན་གྱི་འདུས་པའི་སྡེར། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །གདུལ་བྱའི་རེ་བ་མ་ལུས་སྐོང་བར་ཤོག །ནམ་མཁའི་མཐའ་ཀླས་སྐྱེ་རྒུའི་བསོད་ནམ་ཞིང༌། །མི་ནུབ་དབང་གི་ཆུ་བོ་འདྲེན་མཁས་པ། །ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟན་པའི་སྲོག །འཛིན་ཕྱིར་བསྐལ་བརྒྱར་རྡོ་རྗེ་ལྟར་བརྟན་ཤོག །གྲུབ་མཆོག་ཐང་སྟོང་རྒྱལ་པོའི་ཐུགས་རྗེའི་གཟིས། །ངག་དབང་ཉི་ཟླ་བཟང་པོའི་བསྟན་འཛིན་པར། །རྡོ་རྗེའི་ཁྲི་ལ་མི་འགྱུར་རྟག་བཞུགས་ཏེ། །ཕུན་ཚོགས་འཕྲིན་ལས་ཡུན་རིང་རྒྱས་པར་ཤོག །གསུང་ངག་སློབ་བཤད་ཉིན་བྱེད་དཀྱིལ་འཁོར་གྱིས། །གངས་ཅན་རྨོངས་པའི་སྨག་རུམ་ཉེར་སངས་ནས། །སྙན་བརྒྱུད་བཤད་སྒྲུབ་སྣང་བ་འོད་པོ་ཆེས། །ཐུབ་བསྟན་མ་ནུབ་དེ་སྲིད་དར་གྱུར་ཅིག །ཁྱབ་བདག་ཞ་ལུ་བ་ཆེན་པོས་བླ་མ་རྣམ་གསུམ་ལ་གསུང་ངག་གནང་བའི་ཚེ། འདི་ལྟ་བུ་ཞིག་དགོས་ཞེས་བཀའ་སྩལ་པ་བཞིན་ཟ་ཧོར་གྱི་བནྡེས་འཕྲལ་དུ་བཀོད་པའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །གཉིས་མེད་གསུང་བ་མ་ལུས་པའི། །ཡབ་གཅིག་མཁྱེན་པའི་གཏེར་ཆེན་པོ། །གཞོན་ནུ་ཟུར་ཕུད་ལྔ་ལྡན་པས། །དྲི་མེད་སྤྱན་གྱིས་དགྱེས་པར་གཟིགས། །བྱང་ཆུབ་མངོན་དུ་གྱུར་མིན་པར། །ཁྱོད་ཀྱིས་དགེ་བའི་བཤེས་མཛད་ནས། །བླང་དང་དོར་བྱའི་གནས་ཀུན་ལ། །མི་ཟད་བློ་གྲོས་སྤོབས་པ་སྩོལ། །འདིས་མཚོན་བསོད་ནམས་གང་(༡༨༠ན)


GLG021_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། །དྲིན་གྱིས་བསྐྱངས་པའི་མ་རྒན་རྣམས། །སྟོབས་བཅུ་མངའ་བའི་གོ་འཕང་མཆོག །རིང་མིན་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་རྒྱལ་སྐོར་བ་བསོད་ནམས་དབང་པོའི་ངོར་ཟ་ཧོར་གྱི་བནྡེས་བཀོད། །ངག་དབང་འཇམ་དབྱངས་དགྱེས་པའི་བློ། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་གཉེན། །འདྲ་འབག་ངག་དབང་ནམ་མཁའ་ཡིས། །བཞེངས་འབྲས་བྱངས་ཆེན་རྒྱུ་རུ་བསྔོ། །འཕྱོང་རྒྱས་པ་ངག་དབང་ནམ་མཁས་འདྲ་འབག་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །རྒྱ་སྟོན་ངག་གི་དབང་པོའི་རིང་ལུགས་ཀྱི། །ཀུནྡཱའི་དགའ་བསྐྱེད་བསིལ་ཟེར་མཛའ་ན་མོ། །བཞིན་མཛེས་ཀཏྤུ་ར་རྡུལ་འཛག་པའི་བདེ། །ནམ་ཡང་མི་གཏོང་ལྷུན་གྱིས་གྲུབ་པར་ཤོག །ཐུབ་ཆེན་བསྟན་པ་སི་ཏའི་ཆོམ་རྐུན་མགྲིན། །དགེ་ཚོགས་ལེགས་ལམ་འཕོངས་ཀྱིས་ཉེར་བཅད་པས། །འཁྲུལ་པའི་སྨིག་རྒྱུར་མ་འབྱམས་རཱ་མ་ཎའི། །ཡང་སྲིད་དཔལ་ལྡན་སྐལ་བཟང་རྙེད་པར་ཤོག །ལྷ་གཟིགས་བཀའ་བརྒྱུད་རྣམ་པར་རྒྱལ་བ་ཡི། །ཐུགས་རྗེ་ཨུརྦྷའི་བང་སྟེང་བསྲུབས་པའི་འབྲས། །ཐབས་ཤེས་གངྒཱས་བསྐྱེད་བསྲིངས་གདོང་དྲུག་སྡེ། །སྐྱོང་ཕྱིར་གཙུག་ན་ཟླ་བ་སླར་ཚེས་ཤོག །ཕག་གྲུའི་གཞུང་ལུགས་ཉ་ཕྱིས་ཡངས་པའི་ཁོག །འབྲུག་བསྟན་ཕྱུར་པོར་སྤུངས་པའི་མུ་ཐི་ལ། །ཕྱག་རྒྱའི་དཀྱུས་རིང་རི་དྭགས་མིག་ཅན་མའི། །སྤེལ་ལེགས་རྒྱན་གྱི་བྱེད་པོར་མྱུར་འབྱོན་ཤོག །བརྒྱུད་པ་ཀུན་འདུས་དཔག་བསམ་ཡོངས་འདུའི་(༡༨༠བ)


GLG021_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དབང༌། །དཀོན་ཆོག་གསུམ་དངོས་འཁོར་ལོ་སྡོམ་པ་ཆེ། །མ་མགོན་བྱ་རོག་གདོང་ཅན་མཐུ་སྟོབས་ཀྱིས། །འདོད་པའི་རེ་བ་སྐོང་བའི་འཕྲིན་ལས་མཛོད། །ཅེས་སྤྲུལ་སྐུ་ངག་དབང་ཀུན་དགའ་ལྷུན་གྲུབ་ཐུབ་བསྟན་དགེ་ལེགས་དཔལ་བཟང་པོའི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ལམ་ཞིག་དགོས་ཞེས་གྲ་རིགས་རྣམས་སྤྱི་ཚོགས་ནས་སྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡེ་གེ་པ་ནི་འཕྱོང་རྒྱས་བསམ་མཐོང་པ་ཕུན་ཚོགས་དབང་པོའོ། །བློ་གྲོས་འཇམ་དབྱངས་མཁྱེན་པའི་བདག་ཉིད་ལ། །བཟང་པོའི་ལྷག་བསམ་ཕྱག་ན་པདྨ་དངོས། །མཐུ་སྟོབས་གསང་བདག་གྲགས་པས་ཡོངས་ཁྱབ་སྐུ། །བཞེངས་པས་སྐྱེ་བ་ཀུན་ཏུ་རྗེས་འཛིན་ཤོག །ངག་དབང་ཕྲིན་ལས་ཀྱིས་རྒྱལ་བ་བཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཞེངས་པའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །སྙིགས་དུས་ཐུགས་རྗེའི་མཐུ་དཔུང་འབར་བའི་མེས། །ལུས་ཅན་སྡུག་བསྔལ་སྡོང་དུམ་བསྲེག་མཛད་པའི། །བདེ་བཤེགས་བརྒྱད་ཀྱི་སྣང་བརྙན་ཚར་དངར་བ། །ཐེག་གསུམ་སྐྱེ་འཕགས་སྐུ་པར་སྣ་ཚོགས་བསྐྲུན། །རྒྱལ་བའི་བཀའ་དང་དེ་འགྲེལ་གསུང་རབ་སོགས། །རང་གིས་ཉན་དང་གཞན་ལ་ལེགས་བཤད་མཐུས། །ཐུབ་བསྟན་སྤྱི་དང་མཉམ་མེད་ཙོང་ཁ་པའི། །ལུགས་བཟང་སྲིད་མཐའི་བར་དུ་དར་བར་ཤོག །བསྟན་འཛིན་ཚོགས་འཕེལ་མི་འགྱུར་རབ་ཏུ་བརྟན། །ཡིད་ཅན་ཐམས་ཅད་བདེ་སྐྱིད་དཔལ་ལ་སྤྱོད། །འབྲས་བུ་མ་རྒན་དོན་ཆེད་བྱང་ཆུབ་མཆོག །རིང་མིན་མངོན་དུ་འགྱུར་བའི་(༡༨༡ན)


GLG021_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་རུ་བསྔོ། །སྐྱིད་ཤོད་ཉང་བྲན་ཕ་བོང་ཁའི་གདན་ས་པ་བཤེས་གཉེན་ཆེན་པོ་འཇམ་དབྱངས་གྲགས་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་པའི་ཡེ་གེ་པ་ནི་དགེ་སློང་འཇམ་གྲགས་པའོ། །བདུད་རྩི་འཁྱིལ་སྣོད་སྦྲོན་སྐྱོགས་ཟུང༌། །དངུལ་སྲང་ཉེར་གཉིས་ལས་གྲུབ་པ། །ངག་དབང་ཆོས་འཛིན་གྱིས་ཕུལ་དགེས། །འདི་ཕྱིའི་དོན་ཀུན་གྲུབ་པར་ཤོག །ཅེས་པའང་གྲྭ་ཚང་གི་སྐུ་དྲིན་བསབ་ཆེད་ལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །མཆོག་གསུམ་མཐུ་དང་རྟེན་ཅིང་འབྲེལ་འབྱུང་གི །ཚུལ་ཁྲིམས་བསྲུངས་སོགས་ལེགས་བྱས་རྒྱ་མཚོ་ཡིས། །སྐྱེ་བར་རྣམ་འབྱེད་ཤེས་རབ་ལ་བརྟེན་ནས། །ཐུབ་པའི་བསྟན་པར་ཐོས་བསམ་བགྱི་བར་ཤོག །ངག་དབང་བློ་གསལ་བསྐལ་བཟང་རྒྱ་མཚོའི་མགོན། །གཡུང་དྲུང་ལྟ་བུར་མི་འགྱུར་རྟག་བརྟན་ཞིང༌། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་ནས། །མྱུར་དུ་མཁའ་མཉམ་འགྲོ་བ་འདྲེན་པར་ཤོག །ཅེས་པ་འདི་ལྟ་བུ་ཞིག་དགོས་ཞེས་ཚུལ་ཁྲིམས་རྒྱ་མཚོ་དང་ཤེས་རབ་བསྟན་པ་གཉིས་ཀྱིས་བསྐུལ་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ལྷག་བསམ་ཟླ་བའི་དཀྱིལ་འཁོར་ཉ་གང་ལ། །རིན་ཆེན་ལས་གྲུབ་སྣང་བརྙན་རི་དྭགས་གཟུགས། །རབ་གསལ་བསོད་ནམས་འབྲས་བུ་ཡོངས་སྨིན་ལས། །མགོན་ཁྱོད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །རྒྱུ་སྦྱོར་དེང་ནས་བྱང་ཆུབ་སྙིང་པོའི་ས། །མངོན་དུ་གྱུར་མིན་དེ་སྲིད་འཁོར་(༡༨༡བ)


GLG021_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི། །ལེགས་ཚོགས་ཡོན་ཏན་མ་ལུས་བླ་ནས་བླར། །མཐོན་པོར་སྤྱོད་པའི་དགའ་སྟོན་འཕེལ་བར་ཤོག །སྐྱེ་བར་དལ་བརྒྱད་འབྱོར་བཅུའི་རྟེན་བཟང་ཐོབ། །དམ་པའི་མགོན་གྱིས་རྟག་ཏུ་རྗེས་བཟུང་ནས། །ཟབ་རྒྱས་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཅིང༌། །མ་རྒན་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་གསོལ་དཔོན་གེ་རེ་བ་བློ་བཟང་མཁྱེན་བརྩེས་འདྲ་འབག་བཞེངས་པའི་ཚེ་འདི་བཞིན་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཆེ་མཆོག་ལ་སོགས་ཞི་ཁྲོ་རབ་འབྱམས་ཀུན། །འདུས་པའི་དཀྱིལ་འཁོར་མགོན་པོ་རྡོ་རྗེ་འཛིན། །ཐོགས་མེད་རིག་སྔགས་ལྷུན་གྱིས་གྲུབ་པའི་མཐུས། །འཁོར་འདས་ཟིལ་གནོན་བཞད་པ་རྩལ་ལ་འདུད། །འཁོར་ལོས་ལེགས་མཚན་འཇིགས་པ་མེད་པའི་ཁྲིར། །འགྱུར་མེད་བརྟན་པར་བཞུགས་ནས་བདུད་སྡེའི་དཔུང༌། །མི་བཟད་ཕ་མཐར་བྱས་ནས་ར་གུར་དུ། །ཉེར་ཆུད་སྒོ་གསུམ་གཡོ་བ་མེད་བྱིན་རློབས། །དེང་ནས་ངེས་པར་ལེགས་པའི་ལམ་ཟབ་མོ། །མངོན་དུ་གྱུར་མིན་དེ་སྲིད་མགོན་ཁྱེད་ཀྱིས། །རྗེས་བཟུང་སྲིད་དང་ཞི་བའི་ལེགས་ཚོགས་ཀུན། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཅེས་བློ་བཟང་དོན་ཡོད་ཀྱི་ཁ་ཏོན་དུ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །དངུལ་དཀར་བཅོ་བརྒྱད་སྲང་ལས་ཉེར་གྲུབ་པའི། །ཕུད་ཕོར་ཟུང་ལྡན་དམ་རྫས་གཏོར་མའི་སྣོད། །དགའ་གདོང་སྔགས་རམས་དོན་གྲུབ་རྒྱ་མཚོ་ཡིས། །ཕུལ་བས་འདི་ཕྱིའི་དོན་ཀུན་འགྲུབ་པར་ཤོག །ཅེས་པའང་ཟ་ཧོར་གྱི་བནྡེས་སྦྱར། །


previousགདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱི་ཞལ་འདོན་དུ་གནང་བའི་སྨོན་ལམ་ཚིགས་བཅད་སོགས།next