Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྗེ་བཙུན་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མཆོག་དང་རྗེས་སུ་འབྲེལ་བར་བརྟན་བཞུགས་བྱ་ཚུལ་འདོད་པའི་རེ་སྐོང་སོགས།
   
   
   
   
   
   


 
previousརྗེ་བཙུན་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མཆོག་དང་རྗེས་སུ་འབྲེལ་བར་བརྟན་བཞུགས་བྱ་ཚུལ་འདོད་པའི་རེ་སྐོང་སོགས།next

རྗེ་བཙུན་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མཆོག་དང་རྗེས་སུ་འབྲེལ་བར་བརྟན་བཞུགས་བྱ་ཚུལ་འདོད་པའི་རེ་སྐོང་སོགས།


GLG021_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མཆོག་དང་རྗེས་སུ་འབྲེལ་བར་བརྟན་བཞུགས་བྱ་ཚུལ་འདོད་པའི་རེ་སྐོང་སོགས། །ན་མོ་གུ་རུ་ཤྣ ཡུ རྡ་ཙཱིནྟ ཙཀྲཱ བྷྱཾ། མཚན་ཙམ་དྲན་པའི་མོད་ལ་འཆི་བདག་མུན། །མཐར་བྱས་སྲོག་གི་ཟུངས་ཀྱུར་ཟིལ་དངར་གྱིས། །ཡིད་དབང་སིམ་པའི་ཆོ་ག་རྟག་སྟེར་མཁན། །འཕགས་མ་དགྱེས་པའི་སྤྱན་གྱིས་དུས་ཀུན་གཟིགས། །ཚེ་སྦྱིན་ཟབ་དོན་གངས་ལྡན་རི་བོ་ལས། །དམ་པའི་བཞེས་སྲོལ་བཀའ་བབས་ཆུ་ཀླུང་རྣམས། །མཁྱེན་དཔྱོད་ཟླ་བའི་མ་མར་ལེགས་འཁྱིལ་བའི། །བློ་གསལ་རྒྱ་མཚོ་སྙན་བརྒྱུད་བྱེ་བའི་མཛོད། །ཞལ་ལུང་རྗེས་གནང་ཉམས་ཁྲིད་མན་ངག་སོགས། །ཉེར་སྩོལ་རྡོ་རྗེ་འཆང་དངོས་གནས་གསར་བ། །ཟུར་རིགས་ཀུན་མཁྱེན་ཁྱབ་བདག་ཞ་ལུ་པ། །རྣམ་གསུམ་བླ་མའི་མཛད་པས་ཡིད་རབ་འཕྲོག །བགྲང་ཡས་བདེ་གཤེགས་མ་ལུས་བསྐྱེད་པའི་ཡུམ། །འཆི་མེད་ཚེ་ཡི་མཆོག་སྦྱིན་སྩོལ་བའི་མར། །གསོལ་བཏབ་མཚོན་གྱིས་ལྷ་ཆེན་ཉི་བུའི་ཞགས། །བཅད་དེ་མི་འགྱུར་བརྟན་བདེར་ངེས་པ་བརྙེད། །དེ་ཕྱིར་ཚད་མའི་ཕྱག་བཞེས་མང་མཐོང་དང༌། །ལུང་རིགས་གཏན་ཚིག་ཚོགས་ཀྱིས་བསྒྲུབ་ནུས་པས། །རྡོ་རྗེ་སློབ་དཔོན་འོག་མིན་ཞིང་གཙོ་ལྟར། །བཞུག་ཐབས་འདོད་པའི་རེ་སྐོང་འདི་ན་སྤེལ། །དེའང་བརྟན་བཞུགས་ཀྱི་ཆོ་ག་ཞེས་བྱ་བ་གསང་སྔགས་སྔ་འགྱུར་གྱི་ཕྱོགས་སུ་མཁའ་འགྲོའི་བརྟན་བཞུགས་སོགས་བརྡ་ཆད་གསལ་བར་བྱུང་ཞིང༌། ཕྱི་འགྱུར་དང་མདོ་ཕྱོགས་སུ་དེ་རིགས་ཀྱི་གསལ་ཁ་ཆེར་མ་བྱུང་ནའང་ཡན་ལག་བདུན་པ་རྣམས་ཀྱི་དྲུག་པ་མྱ་ངན་ལས་མི་(༡༨༢བ)


GLG021_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་གསོལ་བ་གདབ་པ་དོན་གྱི་བརྟན་བཞུགས་ཡིན་ལ། འཆི་མེད་རྔ་སྒྲ་སོགས་སུ་འཆི་བླུའི་ཆོ་ག་བཤད་པ་བརྟན་བཞུགས་ཀྱི་དགོས་དོན་འཆི་བདག་གི་གཡུལ་ལས་རྒྱལ་བའི་ཐབས་སུ་དགོངས་པ་གཅིག་ཅིང་རྒྱུ་མཚན་དེ་དག་ལ་བརྟེན་ནས་མཁས་གྲུབ་དུ་མས་ཆོ་ག་ལ་བརྟེན་པ་དང་མ་རྟེན་ཡང་རྟེན་ཅིང་འབྲེལ་བའི་སྒོ་བསྒྲིག་ཐབས་མང་དུ་གསུངས་པའི་ནང་ནས་ཡུལ་དེ་སྐྱེ་འཆི་ལ་དབང་དུ་གྱུར་པ་ཡིན་ན་ཞུ་བ་པོའི་རེ་བ་སྐོང་བའི་སླད་དུ་སྐུ་ཚེ་བྱིན་གྱིས་བརླབ་ལ། གཞན་དག་ལའང་དཀོན་མཆོག་གི་ཐུགས་རྗེ་བསྐུལ་བའི་བྱིན་རླབས་དང་ལྷ་སྔགས་ཡེ་ཤེས་ཀྱི་མཐུ་དང་བདེན་ཚིག་སོགས་ཀྱི་ནུས་པས་བར་ཆད་ལས་རྒྱལ་བས་མཆོག་དམན་བར་པ་གང་ལའང་བྱ་རུང་བར་མངོན་ཞིང་རཀྴ་གཏེར་སྟོན། ཆོས་དབང་རིན་པོ་ཆེ། རཏྣགླིང་པ། དྲི་མེད་ཀུན་དགའ་སོགས་ཀྱི་གཏེར་ཁས་མཚོན་པ་རྣམ་གྲངས་ཇི་སྙེད་པར་མཁའ་འགྲོ་བསུ་བཟློག་གི་ཆོ་ག་དཀྱིལ་འཁོར། མདོས་གཏོར་མར་བརྟེན་པའི་རྒྱས་འབྲིང་བསྡུས་གསུམ་ཤིན་ཏུ་མང་བར་གཞོགས་དྲུང་པ་རྒོད་ཚང་པའི་གསང་ཡུམ་མཁའ་འགྲོ་མ་འགྲོ་བ་བཟང་མོ་ནས་བརྒྱུད་པར་གྲགས་པའི་མཁའ་འགྲོའི་དར་ལམ་གཅོད་པའི་ཡི་གེ་དགས་རྒྱུད་ཤས་ཆེ་བའི་གྲུབ་མཐའ་མང་པོར་དར་བ་མི་འཕྱིང་པ་དང་ཁྱི་མཇུག་མའི་དཔེ་ལྟར་མཚན་ཉིད་དང་མི་ལྡན་པའི་རིགས་དགོས་པ་ཆུང་ཞིང་ཁྱད་པར་སྔགས་གསར་མའི་ཆེ་བ་ལ་སྦྱར་ན་ཉ་དང་ཉུང་མ་བསྲེས་པ་ལྟ་བུའི་དཔྱོད་ལྡན་མགུ་བའི་ཡུལ་དུ་མི་འགྱུར་བར་མཐོང་ལ། དེའང་རྗེ་བཙུན་ཚེ་སྦྱིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་སྐུ་ཚེ་བསྲིང་(༡༨༣ན)


GLG021_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་རླབས་ཆེ་བ་ལོ་རྒྱུས་རྣམས་སུ་གྲགས་པ་དོན་ལའང་གནས་ཤིང་དཀྱིལ་འཁོར་གྱི་ཆོ་གར་མ་བརྟེན་པས་འཇུག་བདེ་དོན་ཚང་གི་དབང་དུ་བགྱིས། དེའི་སྒོ་ནས་རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་བཞུགས་པའི་རྟེན་འབྲེལ་བསྒྲིག་པར་རྗེ་བཙུན་མ་འདི་ཉིད་ལ་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་བཀའ་བབས་བདུན་ལྡན་གྱི་རྗེས་གནང༌། ཉམས་འཁྲིད། ལས་ཁ་ཚར་གྱི་ཡི་གེ་པཎྜིཏ་ངག་དབང་གྲགས་པའི་འཆི་བླུའི་ཡི་གེ་རྣམས་སུ་མི་གསལ་ཡང་ཛེ་ཏཱ་རིའི་ཚེ་དཔག་མེད་དུ་གསུངས་པ་སྤྱིར་གསང་སྔགས་ནང་གཤིན་པས་རྒྱུ་མཚན་དང་འབྲེལ་བའི་རུང་མཐུན་སྦྱར་སྲོལ་ཡང་སྣང་ཞིང་ཁྱད་པར་བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་དང་སྒྲོལ་དཀར་རིགས་ཀྱི་ཡུམ་དུ་གཏོགས་པ་འབྲེལ་ཆགས་པར་མངོན་པས་འདི་ཉིད་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་པའི་རྣལ་འབྱོར་པས་འཆི་བ་བླུ་བའི་ཕྱག་ལེན་ཁ་བསྒྱུར་བར་གཤིན་རྗེའི་གཟུགས་དང་བྲེ་སྲང་སོགས་ཡོ་བྱད་རྣམས་སྟ་གོན་གྲུབ་ནས་མདུན་བསྐྱེད་ཀྱི་ཚོམ་བུ། བུམ་པ། མཆོད་གཏོར་སོགས་ཉེ་བར་མཁོ་བའི་རྫས་དང་ཡོ་བྱད་རྣམས་བསྒྲིག་གཤོམ་དང་བུམ་པ་སྒྲུབ་ཚུལ་སོགས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་ཟིན་ཐོ་དང་དེའི་མཐར་རམ་སྟེགས་གཞན་མ་གང་ཡང་རུང་བར་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་སོགས་བཤམས་ལ་གནས་ཡོ་བྱིན་གྱིས་རླབ། བདག་མདུན་བུམ་གསུམ་བསྐྱེད་ཆོག་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཚེ་འཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་བསྡུས་པའི་སྟེང་ནས་རྗེས་(༡༨༣བ)


GLG021_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གནང་གི་སྐབས་བཞིན་ཉམས་སུ་བསྟར། ལོང་སྐབས་དང་བསྟུན་པའི་བཟླས་པ་དང་ཚོམ་བུ་རྗེ་བཙུན་མར་གསལ་བ་ལ་བླ་མ་དམ་པ་སོགས་འབུལ་ཡུལ་གང་ཡིན་པ་དེའི་སྐུ་ཚེའི་བར་ཆད་ཞི་ཞིང་བསྐལ་བརྒྱར་འཚོ་ཞིང་གཞེས་པར་བྱིན་གྱིས་བརླབས་པའི་འདོད་དོན་གྱི་གསོལ་བ་ནན་ཏན་དུ་གདབ་ཅིང་དཔང་པོ་ཞུ། །ཆོས་སྐྱོང་ལ་གཏོར་སྔོའི་དུས་ཀྱང་འཕྲིན་ལས་འཆོལ། །དེ་ནས་འཆི་བླུའི་ཆོ་ག་མཁན་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པའི་ཚེ་དཔག་མེད་འཆི་མེད་རྔ་སྒྲ་འཆི་བླུ་མཐོང་བས་དོན་གྲུབ་སོར་བཞག་ལ་ལྷ་སྔགས་སོགས་སྐབས་ཐོབ་ཀྱི་འབྱིན་འཇུག་དང་འདོན་པ་བསྒྱུར་བ་རིག་པས་འཕུལ་ཤེས་པར་བྱ། །བརྟན་བཞུགས་དངོས་ལ། དར་རས་སོགས་ལ་བྲིས་པའི་སྣ་ཚོགས་རྡོ་རྗེའི་རི་མོ་ཅན་འབུལ་ཡུལ་གྱི་སྟན་དུ་བཏིང༌། འབུལ་ཡུལ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་གཞོམ་གཞིག་དང་བྲལ་བ་སྣ་ཚོགས་རྡོ་རྗེས་མཚན་པའི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་བདེ་སྟོང་ཟུང་དུ་འཇུག་གང་ཟག་དཀྱུས་མའི་རིགས་ལ་ཆེ་གེ་མོའི་རྣམ་པར་ཤེས་པ་ཞེས་བསྒྱུར། པའི་ངོ་བོ་ཏཱཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་བ་ལས་རྡོ་གང་ཟག་གཞན་ལ་ཚིག་ཟུར་བསྒྱུར། རྗེ་སློབ་དཔོན་རྗེ་བཙུན་ཡིད་བཞིན་འཁོར་ལོ་སྐུ་མདོག །(༡༨༤ན)


GLG021_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ནས་རྒྱས་གདབ་ཀྱི་བར་མདུན་བསྐྱེད་བཞིན་སྙིང་ག་སོགས་ཀྱིས་མཚོན་པའི་འབུལ་ཡུལ་ལ་ཁ་བསྒྱུར། སྦྱར། མཆོད་པ་རྣམས་བྱིན་གྱིས་བརླབ། མཎྜལ་ཚོམ་བུ་སོ་བདུན་མ། ལྷ་རྫས་ལས་གྲུབ་ཡན་ལག་བརྒྱད་ལྡན་ཆུ། །འཐུངས་པས་གདུང་སེལ་མཆོད་ཡོན་ཡིད་འོང་འདི། །ནམ་མཁའ་རབ་འབྱམས་ཁམས་ཀྱིས་མཐའ་གཏུགས་པ། །བཀང་སྟེ་བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །ཨོཾ་གུ་རུ་ཨཱརྱ་ཏཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་སོགས་ཆུ་བཞི། ཉེར་སྤྱོད་རོལ་མོ། གོས་ཟུངས། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་ཆེན་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། འདོད་ཡོན་ལྔ། ཇ་བྲེ། གདུགས། རྒྱལ་མཚན། བ་དན། སིལ་སྙན། མཆོད་པ་ཉི་ཤུ་ལྔ་དང་བཅས་པ་གསང་འདུས་འཇམ་རྡོར་གྱི་སྒྲུབ་ཐབས་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱི་དངོས་སློབ་ཟར་བྱང་ཕུག་པ་ཀུན་དགའ་ལེགས་པས་མཛད་པ་ལྟར་བྱ་ཞིང་མཆོད་ཕྲེང་གི་རིགས་གཞན་ནས་ཇངས་ཀྱང་མི་འགལ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་འཆི་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ནི་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་རྒྱས་གཟུགས་ཀྱི་གདན་སྟེང་ན། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་ཅིང༌། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་(༡༨༤བ)


GLG021_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །བཅུ་དྲུག་ལོ་ལོན་སྐུ་ཉམས་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་དཔལ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པཎྜི་ཏ་ངག་དབང་གྲགས་པས་མཛད་པའི་བསྟོད་པ་འདི་དང་གཞན་ཡང་རྒྱ་བོད་ཀྱི་མཁས་གྲུབ་ཀྱིས་མཛད་པའི་རིགས་ཀྱང་སྤྲོ་ན་བྱ། །སྔ་མ་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཞེས་པ་ནས། །དེའི་ཕྱི་རོལ་ཏུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་འབར་བར་བསམ་པའི་བར་མངོན་རྟོགས་ལྟར་ལ། དེ་ནས་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་སྔ་མ་རྣམས་མངོན་སུམ་དུ་བཞུགས་པར་མོས་ཏེ་ཐུགས་དམ་གྱི་བརྒྱུད་བསྐུལ་བ་ནི། བཅོམ་ལྡན་ཐུབ་པའི་དབང་པོ་ཡང༌། གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱོན་ནས་ཀྱང༌། །དཔལ་ལྡན་ཇ་མ་དམ་པ་ཡི། །སྐུ་ཚེ་བསྐལ་བརྒྱའི་བར་དུ་སྲིངས། །འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ་མཛོད། །ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སངྒུ་རང་དོན་མ་མའི་ཚབ་ཏུ་འབྲུ་གསུམ་བཅུགས་པ་ཡིན། རོ་རཱ་ཡུར་པུ་ཎྱ་ཛྙཱ་ན་པུཥྟིཾ་ཀུ་རུ་སྭཱ་ཧཱ། རྗེ་བཙུན་ཡིད་བཞིན་འཁོར་ལོ་དང༌། །མཁས་པ་ངག་དབང་གྲགས་པ་དང༌། །པཎ་གྲུབ་རྡོ་རྗེ་གདན་པ་ཡང༌། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འགྲེལ་ཆེན་རིན་ཆེན་གྲགས་པ་དང༌། །གྲུབ་པའི་དབང་ཕྱུག་སླེ་ནག་པ།(༡༨༥ན)


GLG021_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

།བཤེས་གཉེན་སྒྲེ་པ་ཆེན་པོ་ཡང༌། །གནས་འདིར་༝། ཆོས་རྒྱལ་ཟླ་འོད་གཞོན་ནུ་དང༌། །སྒམ་པ་ཚུལ་ཁྲིམས་སྙིང་པོ་དང༌། །སྒོམ་ཆུང་ཤེས་རབ་བྱང་ཆུབ་ཀྱང༌། །གནས་འདིར་༝། མཚུངས་མེད་དྭགས་པ་འདུལ་འཛིན་དང༌། །ཆོས་རྗེ་འབྲི་གུང་གླིང་པ་དང༌། །བླ་མ་དམ་ཆོས་གླིང་པ་ཡང༌། །གནས་འདིར་༝། རྣམ་འདྲེན་ཆོས་ཀྱིས་ཚུལ་ཁྲིམས་དང༌། །མཉམ་མེད་བླ་མ་ལྷ་ལུང་པ། །མཁས་གྲུབ་ཐོག་གནས་ཆེན་པོ་ཡང༌། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མཁས་བཙུན་ཆོས་ཀྱི་དབང་ཕྱུག་དང༌། །འདྲེན་མཆོག་བྱང་ཆུབ་བཟང་པོ་དང༌། །ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་ཡང༌། །གནས་འདིར་༝། །སྤྱན་སྔ་བསོད་ནམས་ལྷ་དབང་དང༌། །ཡོངས་འཛིན་དཔལ་ལྡན་རྒྱལ་མཚན་དང༌། །པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཡང༌། །གནས་འདིར་༝། ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང༌། །ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་དང༌། །མཁན་ཆེན་བསླབ་གསུམ་རྒྱལ་མཚན་ཡང༌། །གནས་འདིར་༝། ཁྱབ་བདག་དབང་ཕྱུག་རབ་བརྟན་དང༌། །རྡོ་རྗེ་འཆང་དབང་བཀའ་འགྱུར་བ། །མཁན་ཆེན་ཚེ་དབང་ལྷུན་གྲུབ་ཀྱང༌། །གནས་འདིར་༝། ཞེས་ཚེ་དཔག་མེད་གྲུབ་རྒྱལ་མའི་ཚེ་འཛབ་ཀྱི་གདངས་དང་བཅས་རྩེ་གཅིག་ཏུ་གསོལ་བ་བཏབ་པས་བླ་མ་རྣམས་དང་མདུན་བསྐྱེད་ཀྱི་ཚོམ་བུ་ཐུགས་ཀ་ནས་ཀྱང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ཤིང༌། དེ་དང་དུས་མཉམ་དུ་སྤྱི་བོའི་བླ་མ་འོད་དཔག་མེད་(༡༨༥བ)


GLG021_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། ཞེས་པ་ནས། གདོན་བགེགས་ཐམས་ཅད་བྱ་སྒྲོ་མགར་གྱི་སོལ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ་གྱི་བར་མངོན་རྟོགས་བཞིན་བྱ། དེ་ནས་དམིགས་པ་དང་མ་བྲལ་བར་ཡི་གེ་བཅུ་པ་སྤེལ་ཚིག་ཅན་བརྒྱ་རྩ་ཙམ་ཟླ། བླ་མའི་ཕྱག་ཏུ་རྗེ་བཙུན་མའི་སྐུ་བྲིས་འབུར་གང་ཡང་རུང་བ་ཕུལ་ཏེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་བསྟན་དང་འགྲོ་བའི་དཔུང་གཉེན་དང་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཚེ་མདོའི་གླེགས་བམ་ཕུལ་ཏེ་བསོད་ནམས་ཀྱི་ཞིང་དུ་ཡན་གོང་ལྟར་ལ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་པར་མཛད་དུ་གསོལ། པད་སྤུངས་ཕུལ་ཏེ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་ལ་གཡོ་བ་མེད་པས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དུ་གསོལ། བུམ་པ་བཅུད་ལྡན་ཕུལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་གྱི་ཕུང་པོ་ཟད་མི་ཤེས་པ་ཡིད་བཞིན་གྱི་ནོར་བུ་ལྟར་འགྲོ་བའི་རེ་བ་མ་ལུས་པ་སྐོང་བར་མཛད་དུ་གསོལ། རིགས་ལྔའི་ཕྱག་མཚན་ཕུལ་ཏེ། རིགས་སོ་སོའི་བློ་དང་འཚམ་པར་ཟབ་མོ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་འཕྲིན་ལས་འཁོར་བ་ཇི་སྲིད་ཀྱི་བར་རྒྱུན་མི་ཆད་པ་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་བཞིན་འཇུག་པར་མཛད་དུ་གསོལ། རྒྱལ་(༡༨༦ན)


GLG021_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྣ་བདུན་རིམ་པར་ཕུལ་ཏེ། །ལྷ་རྫས་ལས་གྲུབ་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང༌། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་བའི། །འཁོར་ལོ་རིན་ཆེན་འབུལ་གྱི་བརྟན་པར་བཞུགས། །ཨོཾ་ཙཀྲ་རཏྣ་ནཱིཪྻ་ཏ་ཡ་མི། སོ་སོའི་ཚིག་རྐང་ཐ་མའི་ཟུར་བསྒྱུར་ཞིང་སྔགས་འབྱིན་འཇུག་བྱེད། བཀྲ་ཤིས་རྫས་བརྒྱད་རབ་གནས་ཀྱི་སྐབས་བཞིན་དབུལ། ཚིགས་སུ་བཅད་པའི་བརྟན་བཞུགས་ཀྱི་རིགས་རྣམས་ཀྱིས་གསོལ་བ་བཏབ་རྗེས། ཡུན་ཇི་ཙམ་བཞུགས་ཀྱི་ཞལ་བཞེས་ཞུས་ཏེ་ཞལ་གྱི་བཞེས་པའི་ཡོན་ཏན་དུ་མཎྜལ་དབུལ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མེ་ཏོག་གི་ཆར་དབབ། རྟེན་འབྲེལ་གྱི་ཁྱད་ནས་མདུན་བསྐྱེད་ཀྱི་ཚོམ་བུ་ཞག་གསུམ་ཙམ་གྱི་བར་བསྡུ་ཆོག་མི་བྱ་ཞིང༌། དེ་ནས་མཇུག་ཆོག་སྤྱི་དང་འདྲའོ། །སྨྲས་པ། རྡོ་རྗེ་སློབ་དཔོན་འཁོར་བ་ཇི་སྲིད་བར། །བསྟན་འགྲོའི་དཔུང་གཉེན་དམ་པར་ལེགས་བཞུགས་ཤིང༌། །མི་བདག་ལ་སོགས་མཆོག་དམན་འཆི་བདག་ལས། །མཐར་བྱེད་རྟེན་ཅིང་འབྲེལ་བར་འབྱུང་འདི་མཚར། །སྔོན་རབས་མཁས་པའི་བཞེད་པ་འགའ་མཐོང་བར། །ཡོངས་དཔྱད་ངེས་རྙེད་སྟེར་བའི་ཁུངས་ལྡན་ལས། །གཞན་ཟེར་ཚིག་རྗེས་ཙམ་འབྲེང་འཁོར་བ་ལ། །བརྟེན་པའི་བླུན་པོའི་གདོལ་གཏམ་འདི་མ་ཡིན། །དེ་འདྲ་རྒྱལ་བ་ཀུན་འདུས་གནས་གསར་བའི། །གསུང་གི་བདུད་རྩི་སྙིང་གི་ཟ་མ་(༡༨༦བ)


GLG021_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག །ཡོངས་སུ་འཁྱིལ་བས་བརྗོད་པ་དོན་ཡོད་གླུ། །སྤོབས་པའི་རྒྱུད་མངས་སྒྲ་དང་ལྷན་ཅིག་ལེན། །དགེ་དེས་གདན་གསུམ་ཚང་བའི་འཁོར་ལོའི་མགོན། །ཐ་མལ་གདུལ་བྱའི་སྣང་ངོར་ངུར་སྨྲིག་གར། །ལེགས་བསྒྱུར་དྲིན་ཆེན་འདྲེན་པ་ཞ་ལུ་པ། །འོག་མིན་ཞིང་གཙོའི་མགོན་ལྟར་གཡོ་མེད་ཤོག །ལུས་སུ་སྣང་བ་ཡིད་བཞིན་འཁོར་ལོའི་སྐུ། །ངག་གི་སྒྲ་ཀུན་ཡི་གེ་བཅུ་པའི་གདངས། །ཡིད་ངོར་གང་ཤར་བདེ་ཆེན་ཡེ་ཤེས་ལ། །རྣམ་པར་རོལ་བའི་བཀྲ་ཤིས་དགའ་སྟོན་ཤོག །ཅེས་སྐྱིད་ཤོད་འཛིན་མའི་ཐིག་ལེ་ལྷོ་མོས་གཞིས་ཀར་རིགས་བརྒྱའི་ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་གསང་བ་ལས་ཀྱང་ཆེས་གསང་བ་ལམ་འབྲས་བུ་དང་བཅས་པའི་སྙན་རྒྱུད་ཚད་མ་བཞི་ལྡན་གསང་ཆེན་སློབ་བཤད་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཚེ་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་ཆོས་རྗེ་བཅོ་བརྒྱད་པ་བྱམས་པ་ངག་དབང་ལྷུན་གྲུབ་དང་དྲིན་ཅན་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོའི་རིགས་ཀྱི་དབོན་ནམ་མཁའ་བསོད་ནམས་དབང་གི་རྒྱལ་པོ། ལྕགས་ཟམ་རྗེ་དྲུང་ངག་དབང་བསྟན་འཛིན་ཕུན་ཚོགས་གསུམ་གྱིས་རྗེ་བླ་མ་དམ་པ་ལ་ངེད་མཆེད་གྲོགས་རྣམས་ཀྱིས་བརྟན་བཞུགས་བཟབས་རྒྱས་ཤིག་འབུལ་རྩིས་ཡིན་པ་ཡིད་བསྲུབས་ཀྱི་གཡུལ་ལས་རྒྱལ་བར་གང་ཟབ་ཅིག་ཁྱོད་ཀྱིས་བརྟགས་ནས་ཆོ་ག་སྒྲིགས་ཤིག་པར་གསུང་གིས་བསྐུལ་བ་ན་རྗེ་བཙུན་མ་ཉིད་སྐབས་སུ་བབས་པར་མངོན་ནས་རྒྱལ་བ་ཀུན་(༡༨༧ན)


GLG021_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བར་འཆི་བླུ་དང་བརྟན་བཞུགས་ཀྱིས་མཛེས་རྒྱན་དུ་བྱས་པ་འདོད་པའི་རེ་སྐོང་འདི་ནི་མེ་འབྲུག་ས་ག་ཟླ་བའི་དཀར་ཆའི་ཚེས་བཞི་ལ་ཟ་ཧོར་གྱི་བནྡེས་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་འདིས་ཀྱང་ངེས་གསང་བསྟན་པའི་ཉི་མ་ཕྱོགས་བཅུར་འཆར་བའི་རྒྱུར་གྱུར་ཅིག །སྲང་གྲངས་བཅོ་ལྔའི་རིན་ཆེན་གཉིས་པ་ལས། །ལེགས་གྲུབ་གསང་འདུས་བླ་མའི་སྒྲུབ་གཏོར་སྣོད། །ཆོས་རྗེ་བློ་བཟང་པདྨས་ལེགས་ཕུལ་མཐུས། །ཐོད་ཕྲེང་རྩལ་གྱིས་རྟག་ཏུ་རྗེས་འཛིན་ཤོག །ཅེས་པའང་གྲྭ་ཚང་གི་དགེ་སྐོས་ལས་སྣའི་འཇོག་ཏུ་ཕུལ་བའི་ཟ་ཧོར་གྱིས་བནྡེས་སྦྱར། །འཇོན་དམར་གསེར་ཞུན་ལས་གྲུབ་པའི། །འདྲ་འབག་ངག་དབང་འཇམ་དབྱངས་ཀྱིས། །བཞེངས་འབྲས་འདི་ཕྱི་དུས་ཀུན་ཏུ། །ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་ཟ་ཧོར་གྱིས་བནྡེས་བཀོད། །རིན་ཆེན་ལས་གྲུབ་འདྲ་བའི་གཟུགས། །ཆང་ཁྱིམ་བློ་བཟང་དངོས་གྲུབ་ཀྱིས། །བཞེངས་པས་སྲིད་དང་ཞི་བ་ཡི། །ལེགས་ཚོགས་ཐམས་ཅད་ལྷུན་གྲུབ་ཤོག །ཅེས་པའང་ཟ་ཧོར་བནྡེས་བྲིས།།གཟུགས་བརྙན་རིན་ཆེན་རྒྱུ་ཚོགས་ལས། །དཀར་བྲག་ངག་དབང་བྱམས་པ་ཡི། །རྒྱུ་སྦྱར་འབྲས་བུ་མངོན་མཐོ་དང༌། །ངེས་ལེགས་དོན་ཀུན་འགྲུབ་པར་ཤོག །ཅེས་པའང་ཟ་


GLG021_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་བནྡེས་བཀོད། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། །ལེགས་བཤད་སྦྱིན་པས་གདུལ་བྱ་ཚིམ་མཛད་པ། །བློ་ལྡན་སྐལ་བཟང་དགའ་སྟོན་སྤེལ་བའི་གཉེན། །རྡོ་རྗེ་ལྟ་བུར་མི་འགྱུར་བརྟན་པར་ཤོག །དཀོན་མཆོག་རིན་ཆེན་རྣམ་གསུམ་བྱིན་རླབས་མཐུ། །ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་རྣམས་ཀྱིས། །དེང་འདིར་སྨོན་ལམ་ཇི་ལྟར་བཏབ་པ་བཞིན། །འདོད་པའི་འབྲས་བུ་ཡོངས་སུ་སྨིན་པར་མཛོད། །ཅེས་པ་འདིའང་ཉི་ཐང་སྤྱི་ཚོགས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཟླ་བ་ལན་བརྒྱར་བྱུགས་པའི་ཤེལ་དཀར་གྱིས། །ཆ་ཙམ་བསྒྲུན་མིན་འཕགས་མའི་མཛེས་ཞལ་ཁྱིམ། །བསྟན་ནས་ཚེ་ཡི་མཆོག་སྦྱིན་རྒྱལ་ཀུན་ཡུམ། །ཡིད་བཞིན་འཁོར་ལོས་བགྲང་ཡས་འགྲོ་འདི་སྐྱོངས། །དབང་སྔོན་རལ་ཁུར་གྱིས་དཔལ་འཕྲོག་བྱེད་ཀྱིས། །ལེགས་བཏེག་རྡོ་རྗེའི་རི་མོ་བཀྲ་བའི་ཁྲིར། །རིས་མེད་འགྲོ་བ་འདྲེན་པའི་དེད་དཔོན་དུ། །དཔལ་ལྡན་བླ་མ་བསྐལ་བརྒྱར་བརྟན་པར་ཤོག །རྫོགས་སངས་རྒྱས་དངོས་རྗེ་བཙུན་བཙོང་ཁ་པའི། །རིང་ལུགས་ཆོས་དང་སྲིད་ཀྱི་ཀུན་བཟོད་མཐའ། །བཅིངས་མིན་དེ་སྲིད་བདེ་ལྡན་ཞིང་མགོན་ལྟར། །བཞུགས་གསོལ་འདོད་པའི་རེ་བ་དོན་ཡོད་ཤོག །སྟོབས་ཀྱི་འཁོར་ལོ་ནམ་མཁར་འཕགས་པ་ཡི། །ལེགས་བྱས་དཔུང་གིས་ནོར་འཛིན་རབ་སྐྱོང་བ། །རབ་བརྟན་ཆབ་སྲིད་དཀར་ཆའི་ཟླ་བ་ལྟར། །འཕེལ་བའི་དུས་སྟོན་ལྷུན་གྱིས་གྲུབ་པར་


GLG021_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བཤེས་གཉེན་གར་མི་ཡོན་ཏན་གཡུང་དྲུང་གི །ཀུན་དགའ་ར་བར་ཟུང་འབྲེལ་དྲི་གཙང་ཁང༌། །འདུས་པའི་སྡེ་བཅས་ལྔ་བརྒྱ་ཕྲག་བཅུའི་བར། །མི་ཉམས་བླ་ནས་བླ་རུ་འཕེལ་བར་ཤོག །དགེ་བཅུར་ལོངས་སུ་སྤྱད་པའི་རྣམ་སྨིན་གྱིས། །གསིལ་བའི་ག་བུར་ཟེགས་རྡུལ་ཉེར་བབས་པས། །འཇིག་རྟེན་ཀུན་ཏུ་བདེ་སྐྱིད་ཨུཏྤལ། །དཀར་པོའི་འདབ་མ་ཡོངས་སུ་བཞད་པར་ཤོག །འཇམ་དཔལ་དྲག་པོར་ཁྲོས་པ་མ་ཧེའི་ཞལ། །ལེགས་ལྡན་ནག་པོ་མྱུར་མཛད་ཡེ་ཤེས་མགོན། །སྲིད་གསུམ་དབང་སྒྱུར་དམག་དང་ཟོར་གྱི་ལྷས། །སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་མཛོད། །མི་ཡི་སེང་གེ་ངེས་གསུངས་ལུང་རྟོགས་ཆོས། །ཉེར་འཛིན་སློབ་མར་བཅས་པའི་བྱིན་རླབས་མཐུས། །ལུས་ཅན་ཡོངས་ལ་རྟག་ཏུ་བདེ་ལེགས་ཀྱི། །ཕུན་སུམ་ཚོགས་པས་དུས་ཀུན་ཁྱབ་པར་ཤོག །ཅེས་རྫིང་ཕྱི་ཆོས་སྡེ་སྤྱི་ཚོགས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །འདུས་ཚོགས་བསོད་ནམས་ཞིང་དུ་གྱུར་པའི་ཚལ། །འཁོར་ཡུག་གཉིས་མེད་ཤཱཀྱ་སེང་གེ་བཅས། །སྣང་བརྙན་མཁའ་ལ་འཇའ་ཚོན་ལྟར་བཀྲ་བ། །མིག་གི་བདུད་རྩི་གསར་པའི་དགའ་སྟོན་དཔྱིད། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་བསྐྲུན་པ་དང༌། །ཕྱག་མཆོད་བཀུར་བསྟི་བགྱིད་ལ་མངོན་ཕྱོགས་པའི། །སྒོ་གསུམ་འདུ་བྱེད་ཕྲ་མོའི་ལེགས་བྱས་ཀྱི། །ཕུང་པོ་མི་མཇེད་འཇིག་རྟེན་འདིར་ཤོང་མིན། །རང་རྒྱུད་འདུལ་བར་(༡༨༨བ)


GLG021_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་སློབ་དཔོན་ཆེ། །མཐོ་བཙུན་ཆིང་གིས་གནམ་གྱི་རིགས་ལས་སོན། །བློ་བཟང་དགའ་ལྡན་ལྷག་བསམ་སྟོན་ཟླ་ལྟར། །ཆེས་དཀར་མཐུ་ལས་ཚུལ་བདེ་འབད་པས་བསྒྲུབས། །དགེ་འདིས་རྒྱལ་ཀུན་ཡབ་ཅིག་འཇམ་དཔལ་དབྱངས། །བཤེས་གཉེན་སྒྱུ་དྲའི་རྣམ་འཕྲུལ་བཙོང་ཁ་པའི། །བསྟན་པ་དབུས་འགྱུར་འཆང་དུ་བྱམས་པ་མགོན། །མ་བྱོན་དེ་སྲིད་འཕེལ་ཞིང་རྒྱས་གྱུར་ཅིག །ངག་དབང་དབྱངས་ཅན་ལྷ་མོ་མགྲིན་འཁྱུད་པའི། །བློ་གྲོས་ཡངས་པའི་སྤོབས་པ་བཟང་པོ་ཡིས། །རྒྱ་མཚོ་ལྟར་ཟབ་ལྔ་རིག་གཙུག་ལག་ཀུན། །འཛིན་ཁྱོད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །བློ་བཟང་སྙན་གྲགས་འབར་བའི་རྗེས་སུ་ཞུགས། །དགའ་སྤྲོས་ཐོས་བསམ་ལྷུར་བླངས་དོན་ལྡན་གྱིས། །ཐོག་མ་མེད་ནས་ད་ལྟའི་བར་བསགས་པའི། །སྡིག་ལྟུང་དྲི་མའི་ཚོགས་ཀུན་བྱང་བར་ཤོག །མི་ཁོམ་བགྲོད་དཀའི་ཆུ་བོ་ཆེན་པོ་ལ། །དལ་འབྱོར་རྟེན་གྱི་ཟམ་པ་རབ་བཙུགས་ནས། །ཕ་རོལ་ངེས་ལེགས་གནས་སུ་ཉེར་སོན་ཏེ། །རྟག་དུ་སིམ་པའི་ཚོར་བ་མྱོང་བར་ཤོག །ཞི་བདེ་དམན་ལམ་གོལ་བའི་ཉེས་སྐྱོན་སོགས། །ཤེས་ནས་བདག་གཞན་མཉམ་བརྗེའི་སེམས་བསྐྱེད་དེ། །རིན་མིན་སྟོབས་བཅུ་མངའ་བའི་གོ་འཕང་མཆོག །མངོན་གྱུར་འགྲོ་བ་མ་ལུས་འདྲེན་པར་ཤོག །འདིས་མཚོན་བྱས་སོ་ཅོག་གི་བསོད་ནམས་ཀྱི། །འབྲས་བུ་རང་ཉིད་ཁོ་ན་བསམས་མིན་པ། །མཐའ་དང་ཚད་དུ་བྲལ་བའི་ལུས་ཅན་ཀུན། །ཕན་དང་བདེ་བ་འབྱུང་བའི་རྒྱུ་རུ་བསྔོ། །ཞེས་འདུལ་བ་སློབ་དཔོན་ལྷ་བཙུན་བློ་བཟང་དགའ་ལྡན་གྱིས་སྟོད་ལུང་རྫིང་གའི་ཀུན་(༡༨༩ན)


GLG021_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ར་བར་ལྡེབས་བྲིས་བགྱིས་པའི་དགེ་བ་བསྔོ་བའི་སྨོན་ལམ་འདི་བཞིན་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རིག་རྩལ་འཕོ་མེད་ཆོས་སྐུའི་ཀློང་ཆེན་པོར། །ཡེ་ཤེས་འོད་ལྔའི་མཚན་དཔེ་རྫོགས་པའི་གར། །ཀུན་ཁྱབ་འགྲོ་འདྲེན་མཚོ་སྐྱེས་རྡོ་རྗེ་ཡིས། པདྨ་ཚུལ་ཁྲིམས་རྗེས་བཟུང་ཐར་པར་དྲོངས། །ཉོན་མོངས་རྩ་བ་གཏི་མུག་མུན་པའི་སྨག །ཐུགས་རྗེ་ཉི་མའི་འོད་ཀྱིས་ཉེར་སྦྱངས་ནས། །མེ་ལོང་ཡེ་ཤེས་གསལ་བའི་སྣང་མཛད་ཀྱིས། །པདྨའི་སྦུབས་སུ་ཚུལ་ཁྲིམས་མིང་ཅན་དྲོངས། །རྣམ་པར་སྣང་མཛད་ཐུགས་རྗེའི་ཆུ་རྒྱུན་གྱིས། །ཚེ་འདས་ཐོག་མེད་ནས་བསགས་སྡིག་པའི་དྲི། །རབ་བཀྲུས་དག་པ་བདེ་བ་ཆེན་པོའི་སར། །ལེགས་བཀོད་དོན་གཉིས་མ་ལུས་འགྲུབ་བྱིན་རློབས། །ཞེས་པའང་གསང་མཁར་བས་མའི་དོན་དུ་བྲིས་ཐང་གསུམ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རྒྱལ་བ་ཀུན་འདུས་པདྨ་ཐོད་འཕྲེང་དང༌། །དབྱེར་མེད་དྲིན་ཅན་རྩ་བའི་བླ་མ་ལ། །བྱང་ཆུབ་མ་ཐོབ་བར་དུ་གསོལ་བ་འདེབས། །འདི་ཕྱིའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་གསང་མཁར་བ་བདེ་ཆེན་དབང་རྒྱལ་གྱི་ཁ་ཏོན་དུ་དགོས་ཚུལ་ལྟར་བྲིས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཀུན་ཏུ་བཟང༌། །འཇམ་དཔལ་རྡོ་རྗེ་བཞད་པའི་འཕྲིན་ལས་རྣམས། །ཐོགས་པ་མེད་སྒྲུབ་(༡༨༩བ)


GLG021_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ལྡན་འདྲེན་པ་མཆོག །བསླུ་མེད་སྐྱབས་ཀྱི་ངོ་བོར་གསོལ་བ་འདེབས། །ཆོས་ཀུན་གདོད་ནས་དག་དབྱིངས་འདུ་མ་བྱས། །གསལ་སྟོང་རིག་པའི་ཁྱབ་བདག་རྡོ་རྗེ་སེམས། །བཤེས་གཉེན་གཟུགས་ཀྱི་རྣམ་རོལ་སྲིད་མཐའི་བར། །གཙུག་ཏོར་མཛེས་བྱེད་རྒྱན་དུ་བརྟན་གྱུར་ཅིག །རྡོས་བཅས་ཆོས་ཀུན་ཡེ་དག་འཇའ་འོད་ལུས། །ཟད་སར་འཁྱོལ་ཏེ་བརྗོད་བྲལ་བདེ་བ་ཆེ། །ཐོབ་མིན་སྐྱེ་བར་ཟབ་མོའི་ལམ་བསྒོམས་ནས། །འདི་ཕྱི་གཏན་གྱི་མདུན་མ་འགྲུབ་པར་ཤོག །ཅེས་པའང་ངག་དབང་འཇམ་དབྱངས་ཀྱིས་ཁ་ཏོན་དུ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བསོད་ནམས་ཉེར་བསགས་གྲངས་མེད་སྐྱེ་བའི་མཚོར། །མགོན་ཁྱོད་ཐུགས་རྗེའི་ཟླ་གཟུགས་རྟག་ཤར་ཏེ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་པར། །སྨོན་པའི་རེ་བ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདིའང་གསོལ་དཔོན་གེ་ར་བ་བློ་བཟང་མཁྱེན་བརྩེས་ངེད་རང་གི་འདྲ་འབག་བཞེངས་པའི་ཁ་བྱང་སྐྱེ་བར་རྗེས་འཛིན་གྱི་སྨོན་ལམ། རབ་གནས་བརྒྱ་རྩ་དང་བཅས་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །འགྲིན་པར་ངག་དབང་དབྱངས་ཅན་འཇོ་སྒེག་གིས། །འཆད་རྩོད་རྩོམ་པའི་བློ་ཡིས་སྐལ་བཟང་གི །གདུལ་བྱ་རྒྱ་མཚོར་སྨྲ་བའི་འཇིགས་མེད་གོ །ཆ་གང་ཐུབ་བསྟན་ལང་ཚོའི་སྡེར་གསོལ་འདེབས། །ཚངས་སྲས་ཟླ་ཞིན་བཞད་པའི་འཇུམ་ཟེར་གྱིས། །ལྔ་རིག་ཨུཏྤལ་འདབ་སྟོང་ཡོང་གྲོལ་བས། །བླུན་རྨོངས་ཉེས་བརྒྱ་འཇོམས་པ་རྡོ་རྗེའི་མཚོན། (༡༩༠ན)


GLG021_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

།གདེགས་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཐ་སྙད་གཙུག་ལག་རྣམས་དང་ནང་དོན་གྱི། །མ་མར་ལྟ་བའི་རྣམ་དཔྱོད་གདོང་དྲུག་པར། །བསྙེམས་པའི་སྔོན་མེད་ལང་ཚོར་དར་བབ་ཅན། །བློ་གསལ་ཡིད་དབང་འགུགས་པར་གསོལ་བ་འདེབས། །རྡུལ་མུན་གྱིས་བསྒྲིབས་མཐོར་བརྩེགས་ཁྲི་སྟན་ལ། །མི་ཤིགས་སྐྱིལ་ཀྲུང་གཅིག་གིས་རྗེས་ཤར་བ། །མིག་གསུམ་འཕྲུལ་ཆེ་དེས་ཀྱང་མི་དབྱི་བར། །དོན་གྲུབ་དེ་གསུང་འདུས་པས་དེང་བྱིན་རློབས། །བློ་གྲོས་སྤོབས་པ་ཡངས་པར་འཇམ་པའི་དབྱངས། །མཆོག་ཏུ་དགའ་བས་མཐོན་མཐིང་སྤྱན་རས་ཀྱིས། །མངོན་པར་ཡོངས་བཙའ་མ་འདྲེས་འགྲོ་བའི་བཤེས། །ཉི་མའི་གཉེན་གྱི་བདེན་པས་རབ་བརྟན་ཤོག །གཡོན་འཁྱིལ་ནམ་མཁའི་རང་བཞིན་གཡུང་དྲུང་གི །ཁོག་པར་ཚུགས་པ་སྲོག་གི་ཀ་བ་ལ། །རྡོ་རྗེ་ལུ་གུ་རྒྱུད་ཀྱིས་ཉེར་བསྡམས་པར། །ལྷ་དང་དྲང་སྲོང་དམོད་པ་འདོར་གྱུར་ཅིག །ཐོས་བསམ་མེ་ཏོག་ཆུན་པོ་མ་རྙིངས་པར། །ཐུབ་བསྟན་ལུས་ཕྲར་འཁྱུད་པའི་རྩེ་དགའ་ཅན། །རྣམ་གསུམ་འཁོར་ལོའི་ནུ་མར་སེན་རྗེས་རིས། །བློ་བཟང་གྲགས་པའི་རིང་ལུགས་འཕེལ་བར་ཤོག །རྡུལ་བརྩེགས་ཁ་བའི་དོ་ར་ཡངས་པའི་ནང༌། །རྣམ་སྨིན་དཀར་པོར་འཛག་པའི་ཟློས་གར་གྱིས། །འགྲོ་ཀུན་སིམ་པའི་ཚོར་བས་ཡིད་བརྟས་ཏེ། །སྐྱིད་པའི་དགའ་སྟོན་སྐབས་གསུམ་མཆེད་ཟླར་ཤོག །ས་འོག་ས་སྟེང་ས་བླར་བཅས་པ་ལ། །བཀྲ་ཤིས་བདེ་ལེགས་ཆེན་པོས་ཡོངས་ཁྱབ་པར། །སྐྱབས་གནས་ཚོགས་ལ་ཐལ་སྦྱར་(༡༩༠བ)


GLG021_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་ན། །རེ་འབྲས་དོན་དང་ལྡན་པར་བདག་བྱིན་རློབས། །ཞེས་གསོལ་འདེབས་སྨོན་ལམ་དང་འབྲེལ་བའི་ཚིགས་སུ་བཅད་པ་འདི་ནི་རྟ་ཚགས་རྗེ་དྲུང་རིན་པོ་ཆེ་ངག་དབང་དཀོན་མཆོག་ཉི་མའི་གསུང་གིས་བསྐུལ་བ་ལྟར་འདུ་ཤེས་གསུམ་པ་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ངག་གི་དབང་ཕྱུག་ཙོང་ཁ་པའི། །ཆོས་སྲིད་བསྟན་པ་རིན་པོ་ཆེ། །རབ་སྤེལ་བློ་ལྡན་སྐལ་བཟང་རྟེན། །རྒྱ་མཚོའི་གོས་ཅན་དེ་ལ་འདུད། །བསླུ་མེད་དཀོན་མཆོག་རྣམ་གསུམ་གྱི། །རྨད་བྱུང་ཐུགས་རྗེ་ཆེན་པོའི་མཐུས། །བསྐལ་པར་མགོན་ཁྱོད་རྡོ་རྗེའི་ཁྲིར། །གཡུང་དྲུང་ལྟ་བུར་བརྟན་པར་ཤོག །བདག་སོགས་རྣམས་ཀྱི་བསོད་ནམས་དང༌། །ཚེ་དཔལ་དབང་ཐང་རབ་རྒྱས་ཤིང༌། །སྐྱེ་བར་བདེ་འགྲོའི་རྟེན་རྙེད་ནས། །རིན་མིན་སངས་རྒྱས་ཐོབ་པར་ཤོག །ཅེས་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདིའང་ས་དཀར་འགོ་པ་ལྷུན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ངག་གི་དབང་ཕྱུག་འཇམ་མགོན་ཙོང་ཁ་པ། །བློ་བཟང་གྲགས་པའི་བསྟན་སྲིད་གདུགས་དཀར་གྱིས། །རྒྱ་མཚོའི་གོས་ཅན་ཡོངས་ཁྱབ་འཕྲིན་ལས་ཅན། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །ནད་གདོན་བར་ཆད་མི་མཐུན་ཕྱོགས་ཀུན་ཞི། །ཚེ་དང་བསོད་ནམས་དཔལ་འབྱོར་དབང་ཐང་རྒྱས། །ཕྱི་མ་བདེ་བ་ཅན་དུ་པདྨའི་སྦུབས། །སྐྱེས་ནས་རྣམ་གྲོལ་ལམ་ལ་འགོད་པར་ཤོག །(༡༩༡ན)


GLG021_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་གོང་དཀར་རྟ་ར་མདོ་པ་འཛམ་ལས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །འོད་དཔག་མེད་མགོན་འཁོར་དང་བཅས་པ་ལ། །རྩེ་གཅིག་གདུང་ཤུགས་དྲག་པོའི་ཡིད་བསྟད་མཐུས། །འདི་ནས་ཉིང་མཚམས་བདེ་ལྡན་སྐྱེད་ཚལ་གྱི། །འདབ་སྟོང་ཟེའུ་འབྲུའི་དབུས་སུ་སྦྱོར་བར་ཤོག །ཅེས་རྟ་ར་མདོ་པ་ངག་དབང་ལྷུན་གྲུབ་ཀྱིས་ཉམ་སྒོམ་གྱི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །འབོད་སྒྲོགས་ཟིལ་གནོན་པདྨ་རྒྱལ་པོའི་ཁབ། །དཔལ་གྱི་རི་བོར་དབྱངས་སྐྱིད་ཉེར་དྲངས་ནས། །ཐེག་མཆོག་སྣང་བ་བཞི་ཡི་ལམ་ཟབ་མོར། །ཕུང་པོ་འོད་སྐུར་གྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཡང་དགེ་སློང་འཇམ་དབྱངས་གྲགས་པས་མའི་དོན་དུ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །ཡོན་སྦྱོར་ཐོགས་མེད་ནས་བསགས་སྡིག་ལྟུང་དྲི། །སུམ་ཅུ་རྩ་ལྔའི་སངས་རྒྱས་ཐུགས་རྗེའི་ཆུས། །རབ་བཀྲུས་མྱང་འདས་ཕོ་བྲང་ཉམས་དགའ་བར། །སྤྱོད་པའི་སྐལ་བ་བཟང་པོར་རྗེས་སུ་བཟུང༌། །མ་རིག་འཁོར་འཁྱམས་འཁྲུལ་བའི་འགྲོ་བ་རྣམས། །བདེ་ཆེན་དབྱིངས་སུ་རྣམ་པར་གྲོལ་བྱེད་ལྷ། །ཞི་དང་ཁྲོ་བོའི་སྐྱེད་རྫོགས་རྫོགས་པ་ཆེས། །ཚེ་འདིར་འཕོ་བ་ཆེན་པོ་འགྲུབ་བྱིན་རློབས། །རྒྱ་བོད་མཁས་དང་གྲུབ་པ་དུ་མའི་སྐུ། །རི་མོར་ལེགས་སྤེལ་བསོད་ནམས་མཐུ་བརྟས་པས། །སྐྱེ་བར་དགེ་(༡༩༡བ)


GLG021_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཤེས་དང་མི་འབྲལ་བར། །ཟབ་རྒྱས་ཆོས་རྣམས་ཐོས་བསམ་སྒོམ་པར་ཤོག །དུས་ཀྱི་དགྲ་བོ་གར་དགུའི་གཟི་བརྗིད་ཀྱིས། །འཁོར་འདས་ཕྱག་རྒྱའི་ཚོགས་རྣམས་ཟིལ་གནོན་ལྷས། །འདི་ཕྱི་བར་དོ་ཐམས་ཅད་རྗེས་བཟུང་ནས། །ཀུན་བཟང་འཇམ་དཔལ་མངོན་དུ་འགྱུར་བར་མཛོད། །ཅེས་གྲམ་པ་བློ་བཟང་ངག་དབང་གིས་བྲིས་ཐང་ལ་ཚན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །གང་ཞིག་མོས་པའི་མཚོ་ནང་ཆུ་ཤེལ་དབང༌། །སྣ་ཚོགས་སྒྱུ་འཕྲུལ་དྲ་བ་མཁའ་དབྱིངས་ཀྱི། །ཟླ་གཟུགས་ངོ་བོ་མི་གཏོང་འོད་ཟེར་གྱིས། །བདག་སོགས་གཏན་བདེའི་ཀུནྡ་རྒྱས་པར་ཤོག །ཅེས་པ་འདི་ཡང་འགྲེས་ལྔ་ཆུ་སྐོར་པ་ངག་དབང་འཕྲིན་ལས་ཀྱིས་རྗེ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་དོ། །འཇམ་མགོན་ལྗོངས་འདིར་ངུར་སྨྲིག་ཚུལ་བཟུང་ཡང༌། །ངོ་མཚར་རྨད་བྱུང་བཀོད་པའི་ཞིང་ཁམས་ན། །སེང་གེའི་ང་རོའི་ཚུལ་སྟོན་ཙོང་ཁ་པས། །བྱང་ཆུབ་མ་ཐོབ་བར་དུ་བདག་རྗེས་བཟུང༌། །ཞེས་པའང་འཕྱོང་རྒྱས་པ་བློ་བཟང་དབང་ལྡན་གྱིས་རྗེ་བཙུན་བཙོང་ཁ་པའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་དོ། །མཁའ་སྤྱོད་དག་པའི་ཞིང་ལས་མ་གཡོས་པར། །ཉི་ཤུ་རྩ་བཞིའི་གནས་ཀྱི་གཙོ་མོ་མཆོག །དཔལ་ལྡན་ཁྲོས་(༡༩༢ན)


GLG021_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནག་མོས་རྗེས་བཟུང་ནས། །བདེ་ཆེན་རིགས་འཛིན་ས་རུ་འགོད་པར་ཤོག །འཕགས་བོད་པཎ་གྲུབ་རྒྱལ་བློན་སྣ་ཚོགས་ཀྱི། །སྣང་བརྙན་ཚོན་རིས་དང་ཉེ་ཤེལ་དཀར་བཞིན། །རྣམ་པར་བཀྲ་བའི་བསོད་ནམས་གང་ཐོབ་དེས། །སྲིད་དང་ཞི་བའི་དགེ་ལེགས་འཕེལ་བར་ཤོག །ཆོས་རྣམས་མ་ལུས་བསྐྱེད་མཛད་ཤེར་ཕྱིན་མའི། །མ་སྨད་ཐུགས་རྗེས་ཉོན་མོངས་ཕྲག་དོག་ཚོགས། །ཡོངས་དག་བྱ་བ་གྲུབ་པའི་ཡེ་ཤེས་སྐུར། །བསྟན་འཛིན་མངོན་པར་རྫོགས་པ་འཚང་རྒྱ་ཤོག །ཅེས་ཆོས་རྗེ་རྐན་ཕུ་བ་ཟིལ་གནོན་རྡོ་རྗེས་རང་དང་ནུ་བོའི་དོན་དུ་བྲིས་ཐང་ལེ་ཚན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ལྷ་ཡི་ལྷར་གྱུར་ཤཱཀྱ་སེང་གེའི་ཞབས། །སྤྲུལ་པ་དགྲ་བཅོམ་གནས་བརྟན་བཅུ་དྲུག་ཚོགས། །དགེ་བསྙེན་ཆོས་འཕེལ་ཕྱོགས་སྐྱོང་རྒྱལ་པོ་བཞི། །འཁོར་ཚོགས་འདིར་སྤྱོན་བདེན་པའི་དཔང་པོར་བཞུགས། །བརྗོད་པ་རྣམ་དག་ངག་ལ་དབང་ཕྱུག་བློས། །སྐལ་བཟང་གདུལ་བྱའི་རེ་བ་ཡོངས་སྐོང་བར། །རྒྱ་ཆེན་གཙུག་ལག་མཚོ་ལྟར་གཏིང་ཟབ་མཐའ། །ཉེར་འཇལ་བཤེས་གཉེན་རྡོ་རྗེ་ལྟར་བརྟན་ཤོག །རྩེ་གཅིག་དད་དུངས་ཞིང་ས་གཤིན་པོ་ལ། །བཏབ་པའི་སྨོན་ལམ་སྨྱུ་གུ་བསྐྱེད་བསྲིངས་པ། །རེ་བ་དོན་ལྡན་འབྲས་བུ་རབ་དུད་ཁུར། །ལེགས་སྨོན་རོ་བདའི་ཟས་ལ་སྤྱོད་པར་ཤོག །ཅེས་འདི་ཡང་གཉལ་བ་བློ་བཟང་རྣམ་དག་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །(༡༩༢བ)


GLG021_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ གི ནྡྲཻ ར སུ མ ཏི ར ས མུ དྲ སེ ནེ དཾ བི མྦ ཀ རོ ཏྠི སེ ཕ ལཿ ནཱ། །ཏཾ ན མི ཏཱ བྷ ཀེ བ མཱ ནཱ ཤཱ ཀྱེ ཥུ ཧི གོ རུ བཻ རླ བྷཻ། ངག་དབང་བློ་བཟང་རྒྱ་མཚོའི་སྡེའི། །སྣང་བརྙན་འདི་བསྐྲུན་ལེགས་བྱས་འབྲས། །མགོན་ཁྱོད་ཚེ་མཐའ་ཡས་པ་ལྟར། །གཞོམ་མེད་རྡོ་རྗེའི་སྐུ་བརྙེས་ཤིང༌། །རྒྱུ་སྦྱོར་དེང་ནས་བྱང་ཆུབ་བར། །ཡང་དག་དགེ་བའི་བཤེས་མཛད་དེ། །འདི་ཕྱི་གཏན་མདུན་མ་ལུས་པ། །བསམས་པ་ཇི་བཞིན་འགྲུབ་པར་ཤོག །ཅེས་པའང་དཔལ་གྲོང་སྔགས་རམས་པས་རྟེན་བཞེངས་དུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །འཁོར་ལོའི་མགོན་པོ་ཁྱབ་བདག་རྡོ་རྗེ་སེམས། །དངོས་གྲུབ་ཀུན་སྩོལ་ཕྱག་རྒྱ་ཟིལ་རྡོ་རྗེ་དྲག་པོ་རྩལ། སེང་ལྡེང་ནགས་གྱི་སྒྲོལ་མ། གནོན་ལྷ། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱི། །རྩ་གསུམ་ཡོངས་འདུས་བཤེས་གཉེན་གཟུགས་ཅན་གྱིས། །བདག་(༡༩༣ན)


GLG021_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྣམ་པ་ཐམས་ཅད་མཁྱེན་པའི་སར། །འགྲོ་མིན་ཐར་བའི་ས་མཁན་ལེགས་མཛད་ནས། །འདི་ཕྱི་བར་གྱི་མདུན་མ་གྲུ་བཞི་རུ། །འགྲུབ་པའི་སྐལ་བ་བཟང་པོར་བྱིན་གྱིས་རློབས། །སྒོ་གསུམ་འབད་པའི་ཆོས་དཀར་ཕུང་པོའི་ཚོགས། །རང་ཉིད་གཅིག་པུའི་ཆེད་མིན་མཁའ་མཉམ་གྱི། །འགྲོ་ཀུན་དོན་དུ་དམིགས་པའི་བསོད་ནམས་རྒྱུན། །མཐོ་རིས་ཆུ་བོ་ལྟ་བུར་ཆད་མེད་ཤོག །རྩ་བ་གསུམ་དང་དབྱེར་མེད་དུ་མོས་གདུང་གིས་བྱིན་རླབས་འཇུག་བྱེད་འདི་ལྟ་བུ་ཞིག་དགོས་ཞེས་ལྷ་ས་བ་བློ་གྲོས་ལེགས་པ། ངག་དབང་མཁས་བཙུན། བསྟན་འཛིན་རྒྱ་མཚོ་གསུམ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རང་སེམས་དྲི་བྲལ་མེ་ལོང་གཙང་མའི་ངོས། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ངུར་སྨྲིག་གར། །བསྒྱུར་བར་ངེས་རྙེད་འཇམ་དབྱངས་དགའ་བའི་བཤེས། །དཔལ་ལྡན་བླ་མ་དམ་པར་གསོལ་བ་འདེབས། །མགོན་ཁྱོད་སྐྱེ་རྒུའི་བསོད་ནམས་ཞིང་མཆོག་ཏུ། །རྟག་པར་འགྱུར་བ་མེད་པ་གཡུང་དྲུང་གི །དངོས་པོར་སྐུ་ཚེ་འཚོ་ཞིང་ཉེར་གཞེས་པའི། །སྨོན་ལམ་མཆོག་གསུམ་མཐུ་ཡིས་འགྲུབ་བྱིན་རློབས། །བདག་སོགས་ཚེ་འདིར་བདེ་སྐྱིད་དཔལ་ལ་སྤྱོད། །ཡང་སྲིད་ཕྱི་མར་མངོན་མཐོ་ངེས་ལེགས་ཀྱི། །ཐེམ་སྐས་རིམ་བགྲོད་ཟུང་འཇུག་རྡོ་རྗེ་འཆང༌། །མངོན་གྱུར་འགྲོ་བ་མ་ལུས་འདྲེན་གྱུར་ཅིག །ཅེས་པ་འདིའང་རབ་འབྱམས་པ་བློ་བཟང་ཆོས་ལྡན་གྱི་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །(༡༩༣བ)


GLG021_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀ ལྐ དུ རྑ སྱ ན ཀྟོ ད ཡཻ རྨཻ ཏྲ ཧཱ ཡོ པ ནཱ ཀཱ རུ ཎཱ ཤེ ནྡ བོ ར སྨི ནཱ། ཤྲཱ མ བྷཱ ནཱུ ཏྶ བེ བཱ ར དོ པ དྷྱ ཡཱ ཥྟ ནྭི ནཱ ཡཱ དྱ ཧེ ག མྱ བྷི པྲཱ ཡ ཀཿ ཆེར་སྙིགས་དུ༔ཁའི་སྨག་ཏུ་བྱམས་བརྩེའི་རྟས། །ཉེར་དྲངས་ཐུགས་རྗེའི་ཆ་གང་ཟླ་ཟེར་གྱི། །བདེ་སྐྱིད་སྣང་བའི་དགའ་སྟོན་མཆོག་སྦྱིན་མཁན། །རྣམ་འདྲེན་བརྒྱད་ཀྱི་བདག་སོགས་འགྲོ་ལ་དགོངས། །ཐོག་མེད་འཁོར་འཁྱམས་སུ་བསགས་ལས་ཉོན་དྲི། །འཁྲུད་པའི་བྱིན་རླབས་ཆུ་བོ་ལྷབ་ལྷུབ་སྟེང༌། །གཏན་བདེ་འཕྲོག་བྱེད་རྐང་པའི་ཏོག་བརྗིད་པ། །ངེས་ལེགས་འཆི་མེད་ཁང་རྩེར་བསྒྲེང་བར་ཤོག །མགོན་པོ་རྣམས་ཀྱིས་སྨོན་ལམ་གང་བཏབ་པའི། །འབྲས་བཟང་རོ་བརྒྱ་འབར་བར་བདག་ཉིད་ཙམ། །མིན་པར་མཁའ་མཉམ་འགྲོ་ཀུན་ལོངས་སྤྱོད་རྒྱུར། །ཉེར་བསྔོས་བྱང་ཆུབ་མཆོག་བར་འཛད་མེད་ཤོག །རྒྱལ་གཞན་གྱིས་སྤངས་གདུལ་དཀའ་འདུལ་(༡༩༤ན)


GLG021_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །མ་སྨད་ཐུགས་རྗེའི་མཐུ་དཔུང་ཟླ་མེད་པ། །བུ་རམ་ཤིང་པ་ཁྱོད་བསྟན་རབ་འཛིན་པས། །རྒྱན་དྲུག་མཆོག་གཉིས་སྙན་པའི་གྲགས་པ་དཀར། །གསེར་གྱི་མདོག་ཅན་འཁོར་ལོས་མཚན་པའི་ཕྱག །རིང་པོ་རྒྱུ་སྦྱོར་གྱིས་མཚོན་ལུས་ཅན་གྱི། །སྤྱི་བོར་བཀོད་ནས་སྲིད་ཞིའི་འཇིགས་པ་ལས། །དབུགས་དབྱུང་ཕན་བདེའི་ས་ལ་སྦྱོར་བྱིན་རློབས། །ཤིང་རྟ་ཆེ་གཉིས་རྗེས་འབྲངས་གཞུང་ལུགས་ལ། །དེང་ནས་སྐྱེ་བར་ཐོས་བསམ་སྒོམ་པའི་འབྲས། །རིང་མིན་ཀུན་མཁྱེན་ཡེ་ཤེས་མངོན་གྱུར་ནས། །མཁའ་མཉམ་འགྲོ་འདྲེན་དེད་དཔོན་བགྱིད་པར་ཤོག །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོའི་སྤྲུལ་པའི་གར། །ངོ་མཚར་འཕྲེང་བར་སྤེལ་ལེགས་མཛེས་རྒྱན་དུ། །མར་མེ་མཛད་དཔལ་རྒྱལ་དབང་བཙོང་ཁ་པའི། །སྣང་བརྙན་མཐོང་ན་མི་མཐུན་མེད་བཀོད་ཅིང༌། །མོས་བློའི་དངས་མཚོར་ཤར་གཟུགས་མཁའ་ཟླའི་གྲལ། །ཉེར་བསྒྲིགས་ངག་དབང་བརྟན་པའི་འཁོར་ལོ་ཡིས། །རྗེས་བཟུང་བློ་གསལ་སྐལ་བཟང་རྒྱ་མཚོའི་མཐར། །ཡོངས་ཁྱབ་འདྲེན་རློམས་འདྲ་འབག་ལེགས་བྲིས་དགེས། །ཟོ་ཆུན་འཁྱུད་ལྟར་འཁོར་བའི་སྲིད་ལམ་ལས། །བགྲོད་དེ་ཐར་པའི་གྲོང་དུ་མ་སླེབས་བར། །ཡང་དག་དགེ་བའི་བཤེས་ཀྱི་ས་མཁན་དང༌། །ནམ་ཡང་འབྲལ་མེད་རྗེས་སུ་འཛིན་པར་ཤོག །ཡོན་སྦྱོར་བྱེད་པོ་འདི་སྣང་མཐོ་རིས་ཀྱི། །བདག་པོའི་ཚེ་དང་དཔལ་འབྱོར་ལ་སྤྱོད་ཅིང༌། །མྱུར་དུ་མཐའ་མེད་འཁོར་བ་མཐའ་ཅན་(༡༩༤བ)


GLG021_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །བྱས་ཏེ་མི་འཇིགས་བཞི་ལྡན་མངོན་གྱུར་ཤོག །ཅེས་འཕྱོང་རྒྱས་སྤུན་བདུན་པ་ལྷུན་གྲུབ་རྒྱ་མཚོས་སྨན་བླ་བདེ་གཤེགས་བརྒྱད། ཐུབ་དབང་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ། རྗེ་དགེ་འདུན་གྲུབ་པའི་འཁྲུངས་རབས་ཏེ་གསུམ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །བདེ་གཙོ་ཐང༌། གཤེགས་ཡོངས་འདུས་གསང་གསུམ་མི་ཟད་པ། །རྒྱན་གྱི་འཁོར་ལོ་ཡོངས་རྫོགས་ཞི་དང་ཁྲོའི། །སྟང་སྟབས་གར་ལ་རྡོ་རྗེ་སློབ་དཔོན་ཆེ། །ཉེར་བཞེངས་ཐུགས་རྗེ་བྱང་ཆུབ་བར་འཇུག་ཤོག །རྒྱུད་ཐིག་ལེ་བཅུ་དྲུག །སྡེ་རྣམ་བཞིའི་ལྷ་དང་ཇ་མ་ཀུན། །བཅུ་དྲུག་ཐིག་ལེར་ཤར་བའི་གནད་གཅིག་ལ། །ཐུབ་བསྟན་ཡོངས་སུ་རྫོགས་པ་ཉམས་ལོངས་པར། །ཇོ་འབྲོམ་ཡབ་སྲས་རྣམས་ཀྱིས་བདག་བྱིན་རློབས། །དུག་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག །ལྔ་ཡེ་དག་ཕུང་པོ་རྣམ་པ་ལྔ། །གནས་བསྒྱུར་ཡེ་ཤེས་ལྔ་ཡི་ཚོན་རིས་མདངས། །འཇིག་རྟེན་དབང་ཕྱུག་གཙོ་འཁོར་རྟེན་བརྟེན་པར། །སྣང་བས་ཆེར་སྙིགས་འགྲོ་རྣམས་ཐར་ལམ་དྲོངས། །རིགས་བཀའ་བརྒྱད་རིགས་འཛིན་ཞལ་ལུང་འཛིན་བྱིན་རླབས་ས་བོན་སྙིང་དབུས་སར། །སྨིན་འབྲས་རིག་པ་སྒྲུབ་སྡེ་བརྒྱད་ཀྱི་སྐུར། །རང་ཤར་ལྷུན་གྲུབ་ཡེ་ཤེས་འོད་ལྔའི་ཟེར། །ཡོངས་ཁྱབ་འཕྲིན་ལས་འགྲོ་ལ་རྟག་འསྔུག་ཤོག །ངོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་མཚར་བཀོད་པའི་ཆོ་འཕྲུལ་(༡༩༥ན)


GLG021_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཀླས་དིང༌། །བརྒྱད་གྲངས་མཚན་སྙན་ལྷ་ཚོགས་འབོད་སྒྲོགས་མགོན། །བསྟན་དེས་དཔལ་གྱི་རི་ནས་གངས་ཅན་འགྲོར། །གཟིགས་ཏེ་ཐུགས་རྗེའི་འབླུག་པ་ཆད་མེད་མཛོད། །ཀུན་བཀའ་བརྒྱད་ཞི་ཁྲོ་རྣམ་རོལ། ལ་རྗེས་ཆགས་ཁྲག་གིས་མྱོས་པའི་གར། །བདེ་ཆེན་སང་རོལ་དཔལ་དགུ་ཝཾ་ཡིག་ཐབས། །སྟོང་ཉིད་ཤེས་རབ་ཨེ་དབྱིངས་མཉམ་སྦྱོར་བས། །ཚེ་འདིར་རིག་ངོ་འཕྲོད་ནས་རང་གྲོལ་ཤོག །མ་རུངས་རྟ་མགྲིན་དམ་སྲི་ཟིལ་གནོན། དམ་སྲིའི་སྙིང་ག་འདམ་ལྟ་བུར། །བརྫི་བའི་དྲག་པོའི་བྲོ་ཡིས་ནག་ཕྱོགས་དཔུང༌། །ཟིལ་གནོན་སྲིད་གསུམ་ཁྱབ་པའི་རྟ་སྐད་སྒྲས། །ཁྱབ་མཛད་དབང་ཆེན་ལྷ་དེས་བདག་རྗེས་བཟུང༌། །ཚེ་ཚེ་དཔག་མེད་འཆི་མེད་མཆོག་སྦྱིན། ལྷ་རིགས་འདུས་ལྔ་ལྡན་འཆི་མེད་རྒྱུན། །མཆོག་ཏུ་སྦྱིན་མཛད་དཔལ་ལྡན་གར་དབང་ལྷ། །དངོས་གྲུབ་བྱེ་བའི་གཏེར་མཛོད་སྒོ་འཕར་བརྒྱ། །ཕྱེ་ནས་བདག་སོགས་ཕན་དང་བདེ་ལ་སྦྱོར། །ཉོན་ཡང་གསང་ཀརྨ་དྲག་པོ། མོངས་དུག་ལྔ་ལྷོང་ལྷོང་འཚུབ་དུས་འདིར། །བདུད་བཞིའི་སྙིང་ལ་གནམ་ལྕགས་ཕུར་བའི་དཔལ། །གཟིར་མཛད་ཡང་གསང་དྲག་པོའི་ལྷ་ཚོགས་ཀྱིས། །མཐུ་སྟོབས་ནུས་རྩལ་གཟི་བྱིན་བསྐྱེད་དུ་གསོལ། །མཚོ་སྐུ་གསུམ་སྒྱུ་འཕྲུལ་རོལ་པ། སྐྱེས་རྡོ་རྗེ་གཅིག་པུ་ཉིད་ཀྱི་གར། །དུ་མར་བསྒྱུར་བ་སྐུ་གསུམ་སྒྱུ་མའི་འཕྲུལ། །གཅིག་ཏུ་བརྩེན་པའི་ངོ་མཚར་རོལ་གར་གྱིས། །མཁའ་མཉམ་འགྲོ་ཀུན་རྒྱུད་ལ་བྱིན་ཆེན་ཕོབ། །ཕྱག་ཕྱག་རྡོར་དྲེགས་འདུལ་བདུད་སྡེ་ཕྱེར་འཐག(༡༩༥བ)


GLG021_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་རབ་འབར་མཚོན་རྣོན་རྡོ་རྗེ་ཡི། །རི་མོ་འཇིག་རྟེན་དྲེགས་པ་མཐའ་དག་གི །གཙུག་ཏུ་འཆར་བ་མཐུ་ཆེན་གསང་བདག་ཀྱེ། །སྡེ་བརྒྱད་ཀུན་འདུལ་ནུས་དབང་སྩལ་དུ་གསོལ། །བགྲང་རྡོ་རྗེ་གྲོ་ལོད། ཡས་རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་མགོན། །འཆོལ་བའི་ཁྲོ་རྒྱལ་གཏུམ་དྲག་གྲོ་བོ་ལོད། །རྡོ་རྗེ་ཉེར་གཟས་ཕུར་པ་ཕྱིར་གདེངས་རྩེ། །དགའ་རབ་དབང་ཕྱུག་སྡེ་བཅས་སྙིང་ལ་གཟིར། །ཐབས་ཚེ་དཔག་མེད་དངས་མ་བཅུད་འདྲེན། ཤེས་ཟུང་འཇུག་དགའ་བ་བཞི་ཡི་ཆ། །དངས་མ་བཅུད་དུ་དྲངས་པས་འཆི་བའི་དངོས། །ཉེར་བཅོམ་སྲོག་གི་ཀ་བ་གཡུང་དྲུང་དུ། །འགྲུབ་པར་ཚེ་དཔག་མེད་ཀྱིས་བྱིན་གྱིས་རློབས། །རྟ་རྟ་མགྲིན་ཁམས་གསུམ་ཟིལ་གནོན། ཞལ་མགྲིན་ནས་འཚེར་བ་སྐད་བསངས་སྒྲ། །འབྲུག་སྟོང་ལྟ་བུར་བསྒྲགས་པས་ཁམས་གསུམ་ཀུན། །ཁྱབ་ཚེ་སྣང་སྲིད་དྲེགས་པ་ཟིལ་གནོན་པའི། །མཐུ་རྩལ་དབང་བསྐུར་བདག་ལ་དེང་སྩོལ་ཞིག །རྡོ་དཔལ་ལྡན་ལྷ་མོ་རྗེ་དབྱིངས་ཕྱུག་སྲིད་པའི་རྒྱལ་མོ་རུ། །རྣམ་པར་སྤྲུལ་པ་འདོད་ཁམས་དབང་སྒྱུར་མ། །དམག་དང་ཟོར་གྱིས་མི་བསྲུན་དགྲ་སྡེ་ཀུན། །འསྔོམས་མཛད་རེ་མ་ཏཱི་ཡིས་ལས་རྣམས་སྒྲུབས། །ཨེ་མ་ཆོས་ཀུན་རྫུན་པའི་རང་དཔལ་ལྡན་ལྷ་མོ། འཚང་ལ། །མིག་འཕྲུལ་བྱིས་པ་ཇོ་འདྲིད་ངེས་པར་བརྫུན། །འོན་ཏེ་རྩ་གསུམ་ལྷ་ཚོགས་ལེགས་བཞེངས་པའི། །བསོད་ནམས་ཕ་མཐའ་ནམ་མཁས་གཞལ་ནུས་མིན། །དེ་ཕྱིར་རྒྱ་བོད་ཡིག་རིགས་ལ་སྦྱངས་ཤིང༌། །ཚད་མ་བཞི་ལྡན་ཆོས་ཀྱིས་རྒྱུད་སྨིན་པ། །འཇམ་དབྱངས་བསྟན་(༡༩༦ན)


GLG021_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཇོ་བརྩོན་གཏོང་ཕོད་ཀྱིས། །གཙུག་ལག་གཉིས་པ་ཤེས་འགའ་བརྟེན་ནས་བསྐྲུན། །དགེ་འབྲས་རྒྱལ་བསྟན་དར་ཞིང་དེ་འཛིན་ཀུན། །ཞབས་བརྟན་ཕ་མས་གཙོ་བྱས་མཁའ་མཉམ་འགྲོ། །མཐོ་རིས་ཐེམ་སྐས་ལ་འཛེགས་མི་རིང་བར། །མྱ་ངན་འདས་པའི་གྲོང་དུ་འསྔུག་པར་ཤོག །ཡོན་སྦྱོར་ལས་བྱེད་ཕན་པར་བསྒྲུབས་པ་ཀུན། །སྐྱེ་བར་མི་ཁོམ་གནས་བྲལ་དལ་འབྱོར་ཐོབ། །ཟབ་རྒྱས་ཆོས་ལ་ཐོས་བསམ་སྒོམ་བྱས་ནས། །མྱུར་དུ་ཟུང་འཇུག་སྐུ་བཞི་མངོན་གྱུར་ཤོག །ཅེས་གོང་དཀར་གནས་གསར་བ་སྔགས་བཙུན་འཇམ་དབྱངས་བསྟན་འཛིན་གྱིས་འབད་པ་ཆེན་པོས་ཡོ་བྱད་རྣམས་འདུ་བྱས། ལྷ་བྲིས་པ་གསང་སྔགས་མཁར་དབུ་མཛད་ཚེ་འཕེལ། བྱམས་པ་རྒྱལ་མཚན། བསོད་ནམས་དོན་འགྲུབ། བསོད་ནམས་མགོན་པོ། གོས་བཟོ་པ་དགོས་པ། དོན་ཆེན་པ་རྣམས་ཀྱིས་བྱས་ཏེ་རྒྱ་ཅན་གྱི་བྲིས་ཐང་བཞེངས་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་རབ་དཀར་དང་བའི་ཡིད་ཀྱིས་སྤྱི་འབུལ་བྱས་པའི་རྒྱབ་ཡིག་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཛ་ཡནྟུ། །དད་མཚོར་གདན་གསུམ་ཚང་བའི་ངག་གི་དབང༌། །བློ་བཟང་སྐལ་ལྡན་རྒྱ་མཚོའི་སྣང་བརྙན་ལ། །ཤཱཀྱ་སེང་གེ་གནས་བརྟན་བཅུ་དྲུག་དང༌། །རྒྱལ་ཆེན་སྡེ་བཞི་དགེ་བསྙེན་ཧ་ཤང་བཅས། །སྲིད་གསུམ་ཟིལ་གནོན་པདྨ་ཐོད་འཕྲེང་རྩལ། །ཐམས་ཅད་མཁྱེན་དངོས་ཀུན་(༡༩༦ན)


GLG021_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཙོང་ཁ་པས། །ཉེར་མཚོན་སྐྱབས་གསུམ་འདུས་ཚོགས་རབ་བཀྲ་བ། །བློ་བཟང་ཆོས་ལྡན་བརྩོན་པས་ཡོངས་བསྐྲུན་དགེས། །སྐྱེ་བར་རྗེས་འཛིན་ནུས་པར་སྨོན་པའི་འབྲས། །འགྲུབ་སྟེ་འདི་ཕྱིར་བདེ་སྐྱིད་དཔལ་ལ་སྤྱོད། །རིང་པོར་མི་ཐོགས་མཁའ་མཉམ་ལུས་ཅན་ཀུན། །སྟོབས་བཅུ་མངའ་བའི་ས་ལ་རབ་སྦྱོར་ཤོག །ཅེས་བྱིང་པ་བློ་བཟང་ཆོས་ལྡན་གྱིས་ངེད་རང་གི་འདྲ་འབག་ལ་གནས་བཅུ་སོགས་ལྷ་མགྲོན་དུ་མས་བསྐོར་བའི་བྲིས་ཐང་གི་རྒྱབ་ཡིག་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བྱུ་རུའི་ལྷུན་པོ་ཉི་འོད་གོས་ཀླུབས་པས། །གཟི་འབར་ཚེ་མཐའ་ཡས་པའི་མགོན་པོ་ཡིས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་བརྟན་བྱིན་རློབས། །ལྷ་ཡི་རྗེར་གྱུར་གསོ་རིག་རྒྱ་མཚོ་ལ། །ཡངས་པའི་བློ་ཡིས་སྐལ་བཟང་གདུལ་བྱའི་མགོན། །ཆོས་ཀྱི་སྙན་གྲགས་འཕྲིན་ལས་ཡོངས་ཁྱབ་པ། །མཚུངས་མེད་མཁས་པའི་དབང་པོར་གསོལ་བ་འདེབས། །སྨན་བླ་དྲང་སྲོང་རིགས་འཛིན་སྲུང་མ་ཡིས། །འདྲེན་པ་མཆོག་ཁྱོད་རྡོ་རྗེ་ལྟར་བརྟན་ཞིང༌། །དཔལ་ལྡན་རྒྱུད་བཞི་ཆ་ལག་བཅས་པའི་གཞུང༌། །འཆད་ཉན་དར་ཞིང་གོ་འཕང་རྒྱས་པར་ཤོག །ཅེས་འདི་གར་རིང་འཚོ་དང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱི་གསོལ་འདེབས་བརྟན་བཞུགས་ཤིག་དགོས་ཞེས་འཚོ་བྱེད་ངག་དབང་སྐལ་ལྡན་སོགས་(༡༩༧ན)


GLG021_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བླ་མ་དགྱེས་མཛད་རྡོ་རྗེ་གུར་གྱི་མགོན། །སྟོབས་འཕྲོག་དབང་པོ་ལ་སོགས་མཁའ་འགྲོ་ལྔས། །ངག་དབང་མཁྱེན་བརྩེའི་བདག་ཉིད་རབ་བརྟན་ཞིང༌། །གསང་ཆེན་བསྟན་པའི་ཉི་འོད་གསལ་བར་ཤོག །ཅེས་པའང་སྐུ་ཞང་དབོན་བརྒྱུད་གསར་ཚེས་ཀྱི་རྟེན་འབྱུང་དུ་ཟ་ཧོར་གྱི་བནྡེས་སྦྱར། །སྒྲིབ་བྲལ་ཡེ་ཤེས་སྤྱན་གྱིས་ཤེས་བྱའི་ཁྱོན། །མངོན་སུམ་གཟིགས་པ་ལྔ་ལྡན་ཟུར་ཕུད་ཅན། །ངུར་སྨྲིག་གར་གྱི་སྒྱུ་འཕྲུལ་བཙོང་ཁ་པ། །གཡེལ་མེད་ཐུགས་རྗེའི་འཇུག་པ་སྐུལ་བྱེད་ན། །རབ་འབྱམས་སྨྲ་བ་དགེ་འདུན་ཆོས་འཕེལ་གྱིས། །བཀའ་དང་བསྟན་བཅོས་པར་དུ་གསར་བསྐྲུན་པ། །ཤོག་གྲངས་ཆིག་ཁྲི་དྲུག་སྟོང་བཞི་བརྒྱ་ལྷག །ཞིབ་མོར་དཔྱད་དེ་ཞུས་དག་བགྱིས་པ་དང༌། །དགེ་གཞོན་བློ་གྲོས་བརྟན་པས་དེའི་ཆེད་དུ། །སྐུ་གསུང་ཐུགས་རྟེན་ཆེས་མང་བཞེངས་པའི་མཐུས། །སྐྱེ་བར་མངོན་མཐོའི་ཐེམ་སྐས་ལ་འཛེགས་ནས། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །ཅེས་པའང་པར་ཞུས་པ་བློ་གྲོས་བརྟན་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བསམ་མཐོང་པ་ཕུན་ཚོགས་དབང་པོའོ། །ཀུན་ཁྱབ་ཀུན་བཟང་པདྨ་ཚེ་དབང་རྩལ། །རང་རིག་རང་གསལ་གཞོན་ནུ་བུམ་པའི་སྐུར། །ཡེ་ནས་ཡེ་ཤེས་ཆེན་པོར་ལྷུན་གྲུབ་མཐུས། །རྟག་ཏུ་རྟག་པའི་རྡོ་རྗེ་བཞུགས་(༡༩༧བ)


GLG021_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རློབས། །ཆེ་མཆོག་ཞི་ཁྲོ་འདུས་པའི་སྲིད་ཞིའི་ཚོགས། །ཟིལ་གནོན་འཇམ་དཔལ་འགྲུབ་པའི་བཞད་པ་རྩལ། །རྩ་བ་གསུམ་གྱི་བསྐལ་པ་རྒྱ་མཚོའི་བར། །གཞོམ་མེད་ཁྲི་སྟེང་འོག་མིན་མགོན་ལྟར་ཤོག །ལྷ་སྲས་མངྒའི་མཚན་ཅན་འཕྲིན་ལས་ཆ། །ཨེ་ཝཾ་ལྕོག་སྒར་འདུས་གྲ་མ་དང་བུ། །གསང་སྔགས་ཆོས་འཁོར་གླིང་ཟུར་འབྲེལ་བའི་སྡེ། །སྲིད་མཐའི་བར་དུ་བླ་ནས་བླར་འཕེལ་ཤོག །པདྨ་ཀ་ར་འཕགས་ཡུལ་རིགས་འཛིན་བརྒྱད། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་སོགས། །མཁས་གྲུབ་རིམ་བྱོན་ཡི་དམ་བསྟན་སྲུང་གིས། །འདོད་པའི་རེ་འབྲས་ཡོངས་སུ་སྨིན་པར་མཛོད། །སྭསྟི་ཀ་ཡི་རྒྱུད་མངས་ལས་དྲངས་པ། །དུས་ཀུན་བཀྲ་ཤིས་སྙན་པའི་གླུ་དབྱངས་ཀྱིས། །ཡངས་པའི་འཇིག་རྟེན་ཁམས་རྣམས་ལེགས་ཁྱབ་སྟེ། །བདེ་སྐྱིད་ཟློས་གར་རྟག་ཏུ་རྩེ་བར་ཤོག །ཅེས་པ་འདིའང་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བ་དང་ཡར་འབྲོག་སྟག་ལུང་གསང་སྔགས་ཆོས་འཁོར་བ་མ་བུའི་འདུས་ཚོགས་ཀྱི་ཞལ་འདོན་དུ་རིགས་འཛིན་སྤྲུལ་པའི་སྐུ་མཆོག་གིས་རྩོམས་ཤིག་པའི་གསུང་དང་དུ་བླངས་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དྲུག་ཅུ་ལྷག་བཅས་པཉྩ་ལི་ཀའི་དར། །དབང་གཞུ་ལྟ་བུར་བཀྲ་བའི་ལྡ་ལྡིའི་ཚོགས། །རྣམ་ལྔའི་མཁའ་འགྲོ་དགྱེས་པའི་མཆོད་སྤྲིན་དུ། །མི་ཟད་ནམ་མཁའ་མཛོད་བཞིན་སྤེལ་བའི་མཐུས། །མཐའ་ཀླས་འགྲོ་ལ་བདེ་སྐྱིད་འབྱུང་བའི་གཞི། །ལུང་རྟོགས་བསྟན་པ་དེ་འཛིན་སྐྱེས་བུ་དང༌། །(༡༩༨ན)


GLG021_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་སྡེ་རྣམས་དཀར་ཆའི་ཟླ་བ་ལྟར། །བླ་ནས་བླར་ཡང་ཆ་ཤས་ཀུན་འཕེལ་ཞིང༌། །རྒྱུ་སྦྱོར་འདི་སྣང་ལྷ་མིའི་བདེ་སྐྱིད་མྱོང༌། །སྐྱེ་བར་རྩ་བ་གསུམ་གྱིས་རྗེས་བཟུང་ནས། །རིང་མིན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ། །མངོན་གྱུར་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་དན་འབག་བློ་བཟང་དབང་རྒྱལ་གྱིས་ཕན་བདེ་ལེགས་བཤད་གླིང་དུ་སྙན་དར་དྲུག་ཅུ་ལྷག་བཅས་ཕུལ་བའི་ཚེ་ཁ་བྱང་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཚེ་དཔག་མེད་སོགས་དུས་གསུམ་རྒྱལ་ཀུན་གྱི། །ཐུགས་རྗེའི་མཐུ་ལས་ངག་དབང་བློ་ཡི་གཏེར། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན་གྱུར་པ། །གཞོམ་མེད་གཡུང་དྲུང་ལྟ་བུར་གནས་པར་ཤོག །ངག་གི་དབང་ཕྱུག་རྗེ་བཙུན་བཙོང་ཁ་པའི། །འཕྲིན་ལས་ནམ་མཁའི་ཕ་མཐར་ཁྱབ་མཛད་པས། །འཇམ་དབྱངས་རབ་དགྱེས་ངོ་མཚར་སྤྲུལ་པའི་སྐུ། །བསྐལ་པ་རྒྱ་མཚོར་འཚོ་གཞེས་ཞབས་བརྟན་ཤོག །དཀོན་མཆོག་རྣམ་གསུམ་ཐུགས་རྗེའི་དཔུང་ཚོགས་དང༌། བསྟན་སྲུང་དམ་ཅན་རྒྱ་མཚོའི་ནུས་པའི་སྟོབས། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས། །ཇི་ལྟར་སྨོན་པ་ལྷུན་གྱིས་གྲུབ་པར་ཤོག །ངེད་རང་དང་དེ་མོ་སྤྲུལ་པའི་སྐུ་ངག་དབང་ནམ་མཁའ་འཇམ་དབྱངས་ཀྱི་བརྟན་བཞུགས་འདི་ལྟ་བུ་དགོས་ཞེས་སྤོ་བོ་སྐུ་སྐྱེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ལྷ་སྔགས་ཡེ་ཤེས་རྡོ་རྗེ་རྩེ་བརྒྱ་པ། །ཡིད་སྲུབས་ལྷ་མིན་འཇོམས་ལ་ཐོགས་མེད་དུ། །ཉེར་གདེངས་(༡༩༨བ)


GLG021_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་གྲུབ་པའི་རྩལ་འཆང་བ། །འཁོར་ལོའི་མགོན་པོ་མཆོག་ལ་གསོལ་བ་འདེབས། །རྨ་བྱ་བརྒྱད་ཀྱིས་རབ་བཏེག་རིན་ཆེན་ཁྲི། །པདྨ་ཉི་ཟླ་འོད་ཟེར་འབར་བའི་དབུས། །མགོན་ཁྱོད་རྩ་གསུམ་འདུས་པའི་ཐོད་ཕྲེང་རྩལ། །ཚེ་དབང་རིགས་འཛིན་ངོ་བོར་རྟག་བཞུགས་གསོལ། །བཻ་རོའི་རྣམ་སྤྲུལ་འགྱུར་མེད་རྡོ་རྗེ་རྩལ། །མགྲིན་པའི་འཁོར་ལོ་གྲོལ་བའི་ངག་གི་དབང༌། །རྒྱལ་དབང་པདྨའི་བསྟན་སྲོག་འཛིན་པའི་ཆེད། །བསྐལ་པ་རྒྱ་མཚོར་གཡོ་མེད་བརྟན་པར་ཤོག །རིགས་འཛིན་གཏེར་བདག་གླིང་པའི་རང་སྐལ་དུ། །ཟབ་རྒྱས་ཆོས་དད་དམ་རྫས་ཡོད་དོ་ཅོག །གེགས་མེད་སྤྱན་དྲངས་ཁ་བའི་སྨན་ལྗོངས་འདིར། །ཕན་བདེ་ཉི་མའི་དངོས་བརྒྱ་འབར་བར་ཤོག །ཨྱོན་མཁན་པོ་པདྨ་འབྱུང་གནས་ཀྱི། །སྨིན་གྲོལ་རིང་ལུགས་འཛིན་པ་འདུས་པའི་གླིང༌། །རྣམ་གསུམ་འཁོར་ལོའི་རིམ་པ་བླ་ནས་བླར། །དཀར་ཆའི་ཟླ་བ་ཇི་བཞིན་འཕེལ་བར་ཤོག །བཀའ་གཏེར་དངོས་བརྒྱུད་བླ་མའི་ཚོགས་རྣམས་དང༌། །ཡི་དམ་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ། །མ་མགོན་དྲེགས་པའི་སྡེ་དཔོན་བཅས་པ་ཡིས། །བསམ་དོན་མ་ལུས་གྲུབ་པར་མཛད་དུ་གསོལ། །མཆོག་ཏུ་མི་འགྱུར་བདེ་ཆེན་མཁའ་དབྱིངས་ངོས། །མཆོག་གསུམ་ཐུགས་རྗེའི་ཆུ་འཛིན་ཁྲིགས་པ་ལས། །མཆོག་དང་ཐུན་མོང་དངོས་གྲུབ་འདོད་དགུའི་ཆར། །མཆོག་དམན་བར་མའི་འཇིག་རྟེན་ཀུན་ཁྱབ་ཤོག །ཅེས་པ་འདིའང་རྒྱལ་དབང་པདྨའི་གདུང་འཚོབ་ཆོས་རྒྱལ་གཏེར་བདག་གླིང་པའི་དབོན་ཀུན་དགའ་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་(༡༩༩ན)


GLG021_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྲོང་སྔགས་རམས་པའོ། །ངོ་མཚར་ཞིང་ཁམས་བདེ་ལྡན་སྐྱེད་ཚལ་དུ། །འདབ་སྟོང་ཟེའུ་འབྲུར་ཀུན་ཕན་ཉ་གང་སྟེང༌། །མཚན་དཔེའི་གཟི་འབར་པད་རཱག་མདངས་འོད་ཅན། །མགོན་པོ་ཚེ་མཐའ་ཡས་པའི་ཐུགས་རྗེའི་མཐུས། །ངག་གི་དབང་ཕྱུག་བློ་བཟང་གྲགས་སྙན་བསྟན། །རྒྱ་མཚོའི་གོས་ཀྱི་ཕ་མཐའ་དེ་སྲིད་བར། །སྤེལ་ཕྱིར་འགྱུར་མེད་གཡུང་དྲུང་རང་བཞིན་དུ། །སྨོན་པའི་རེ་འབྲས་ལྷུན་གྱིས་འགྲུབ་པར་ཤོག །སྟོབས་བཅུ་མངའ་བ་བཞི་ལྡན་མངོན་གྱུར་བར། །འཁོར་བ་མྱ་ངན་ཐང་ལས་ཉེར་བསྒྲལ་ཏེ། །ཐར་པའི་རིན་ཆེན་གླིང་དུ་ཡོངས་བགྲོད་ནས། །འགྲོ་རྣམས་ཕན་བདེའི་འདོད་དགུས་ཚིམ་བྱེད་ཤོག །ཅེས་པ་འདིའང་རི་སྒོ་ཤག་ལྷོ་པ་བློ་བཟང་མཁས་བཙུན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཚངས་གནས་འཁོར་ལོའི་ལྟེ་བར་སེང་ཁྲིའི་སྟེང༌། །འཇམ་དཔལ་དབྱངས་དངོས་དགའ་བའི་བཤེས་གཉེན་ལ། །སྙིང་ནས་མི་ཕྱེད་གུས་པས་གསོལ་བ་འདེབས། །མགོན་ཁྱོད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །དཀོན་མཆོག་རིན་ཆེན་རྣམ་གསུམ་མ་ལུས་པ། །འདུས་པའི་ངོ་བོར་རབ་མོས་བྱིན་རླབས་མཐུས། །བདག་སོགས་འདི་ཕྱི་བར་དོ་ཐམས་ཅད་དུ། །བདེ་སྐྱིད་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་ལྷ་བྲིས་པ་ལེགས་པ་རྒྱལ་མཚན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་བཀོད། །བཞི་ཡིས་ལྷག་པའི་བཅུ་ཕྲག་དངུལ་དཀར་ལས། །པདྨའི་(༡༩༩བ)


GLG021_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཅན་དམ་རྫས་གཏོར་མའི་སྣོད། །སྔགས་བན་བློ་བཟང་ངག་དབང་གིས་ཕུལ་མཐུས། །མཆོག་ཐུན་དངོས་གྲུབ་མ་ལུས་ཆར་དུ་ཕོབ། །ཅེས་གྲམ་པ་བ་བློ་བཟང་ངག་དབང་གིས་དགེ་སྐོས་ཀྱི་འཇོག་ལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །ཨེ ཀྵ ར པྲ ཛྙ པ དྨ སྱ ཀེ སཱ ར རཱ སཾ བ མ ཀྵ ཪྻ བཱ རོ པ ཡ སྭཱ དུ རཿ ཨེ་དབྱིངས་ཤེས་རབ་པདྨའི་ཟེའུ་འབྲུའི་བཅུད། །ཝཾ་ཡིག་ཐབས་མཆོག་བྷྲ་མ་རས་མྱངས་པས། །སུ ཁྱ ཤཱུ ནཱ དཤུ མཱ དྷོ ཧ མོ ནཱ དྱ དྷཱུ ཏཱ བ བྷཱི ཥྟཱ ཀྲྀ ཌ པྲཱི ཡ ཏོ མི ཏྲི ཀཱ། བདེ་སྟོང་དངས་མའི་སྦྲང་རྩི་ཧཾ་གི་རྒྱུན། །དྷཱུ་ཏཱིར་མངོན་འདོད་རྩེ་དགའི་མཛའ་ན་མོ། །ཕྱི་རུ་གནས་གསུམ་ཌཱ་ཀཱི་ཡོངས་ཀྱི་གཙོ། །ནང་གི་རྡོ་རྗེ་བཙུན་མོ་ཝཾ་གི་དབྱིབས། །གསང་བ་སེམས་ཉིད་གཅིག་པུའི་རྣམ་འཕྲུལ་གྱི། །གསལ་སྟོང་མཁའ་ལ་སྤྱོད་པའི་སྨིན་ལེགས་མ། །བླ་མེད་ཐེག་པའི་གནད་ཀུན་དབང་བཞི་རུ། །ཚང་པ་རྒྱལ་(༢༠༠ན)


GLG021_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཁྱོད་ཀྱི་བསྐྱོད་རྫོགས་ལམ། །ཉམས་བསྟར་ཉེ་སྙིང་བཀླགས་པ་དམ་བཅའི་གཟུགས། །རི་མོ་ཡིད་མཁར་ནམ་ཡང་མ་ཡལ་མཐུས། །དྲིལ་བུའི་ཞབས་དང་རྗེ་བཙུན་ནཱ་རོ་པ། །འཁོན་རིགས་འཇམ་མགོན་ཚར་པ་ཡབ་སྲས་སོགས། །གོང་མའི་རྣར་ཐར་བདག་གིས་ཉེར་འཁྱོངས་ནས། །རྟེན་འདིར་རབ་མཛེས་ལྷ་མོས་ཞལ་སྟོན་གསོལ། །སྐལ་དམན་ཚེ་གཅིག་མཁའ་སྤྱོད་མ་འགྲུབ་ན། །སྒྱུ་མའི་སྐྱས་ཆེན་འདེགས་དུས་རྗེས་བཙུན་མས། །སེམས་གྱི་ཁྱེའུ་ཆུང་དཔའ་བོ་དཔའ་མོའི་གྲོང༌། །ཁྲིད་ནས་ཟུང་འཇུག་གོ་འཕང་མངོན་འགྱུར་ཤོག །མིང་བཏགས་སྐྱེ་བའི་གྲགས་སྐམ་མ་ཡིན་པར། །གངྒཱའི་ཀླུང་རྡུལ་སྙེད་ཀྱི་སྤྲུལ་པའི་གར། །ཞིང་ཁམས་རྒྱ་མཚོར་བསྒྱུར་ནས་འགྲོ་འདྲེན་པ། །འཕགས་ཆེན་དམ་པའི་རྣམ་ཐར་འཛིན་པར་ཤོག །བཤད་ཡམས་བློས་བྱས་ཟོག་རྫུན་དང་བྲལ་བ། །སྙན་བརྒྱུད་ཚད་མ་བཞི་ཡིས་བརྒྱན་པའི་ཆོས། །རྣམ་དག་བསྟན་པས་སྐལ་བཟང་གདུལ་བྱ་ཀུན། །འདྲེན་པའི་དེད་དཔོན་མཆོག་ཏུ་བདག་འགྱུར་ཤོག །ཅེས་པ་འདིའང་ལེགས་སྦྱར་གྱི་བསྟན་བཅོས་པཱ་ཎི་པ་སོགས་གཙུག་ལག་རྒྱ་མཚོར་བློ་གྲོས་གྱི་འཇུག་པ་ཡངས་པ་སེ་སྐར་རིགས་ཀྱི་ཐེག་ལེ་འདར་ལོ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས། དགེ་སྦྱོར་གྱི་དམིགས་རྟེན་དུ་རྡོ་རྗེ་བཙུན་པོའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་སློབ་བཤད་པ་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ངག་གི་དབང་ཕྱུག་འཇམ་དཔལ་(༢༠༠བ)


GLG021_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས། །བློ་བཟང་གྲགས་པའི་ཆོས་སྲིད་བསྟན། །རྒྱ་མཚོའི་གོས་ཅན་མཐར་སྤེལ་བའི། །མགོན་ཁྱོད་ཚེ་དཔག་མེད་པ་ལྟར། །འཁོར་བ་མ་སྟོངས་བར་བཞུགས་ནས། །འགྲོ་ཀུན་ཕན་དང་བདེ་བ་ཡི། །ཕུལ་བྱུང་དགའ་སྟོན་རྟག་སྦྱོར་ཤོག །ཞྭ་སེར་ཅོད་པན་འཆང་བའི་བསྟན། །དེ་འཛིན་དགེ་འདུན་འདུས་པའི་སྡེ། །རྒྱ་ཧོར་བོད་ཡུལ་ཡོངས་ཁྱབ་ཅིང༌། །ལུས་ཅན་ངལ་གསོར་འགྱུར་བར་ཤོག །ས་སྐྱོང་རྒྱལ་པོའི་སྐུ་ཚེ་དང༌། །མངའ་ཐང་ཆབ་སྲིད་མཚན་ཇུས་རྒྱས། །ངག་གིས་འདི་བསྐུལ་མཆོད་སྤྲིན་སྦྱོར། །དབང་བའི་ཤེས་རབ་རབ་ཏུ་རྒྱལ། །དཔལ་ལྡན་མྱུར་མཛད་ཡེ་ཤེས་མགོན་པོ་དང༌། །དབྱེར་མེད་བླ་མ་སྙིང་གའི་པདྨ་རུ། །བྱང་ཆུབ་བར་དུ་མི་འབྲལ་རྟག་བཞུགས་ནས། །མཆོག་མཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་པའང་བསམ་བློ་ཆོས་རྒྱ་མཚོའི་ངོར་ཟ་ཧོར་བནྡེས་སྦྱར། །ངག་ལ་བརྗོད་པ་རྣམ་དག་དབང་ཕྱུག་བློས། །སྐལ་བཟང་རྒྱ་མཚོ་དགའ་བསྐྱེད་འདྲེན་པ་མཆོག །འོག་མིན་ཞིང་མགོན་ལྟ་བུར་རྟག་བཞུགས་ནས། །ཕན་བདེའི་ཉི་མས་འཇིགས་རྟེན་གསུམ་ཁྱབ་ཤོག །གསུང་ངག་ཆད་མེད་དབང་དང་གྲོལ་བའི་ལམ། །ལེགས་སྟོན་བླ་མ་ཡི་དམ་ཆོས་སྲུང་ཚོགས། །ཀུན་བཟང་མཆོད་པས་མཉེས་བྱེད་ཤེས་རབ་ཀྱིས། །མ་སྨད་རི་མོ་ཐགས་སུ་བསྐྲུན་འདི་མཚར། །ཞེས་པའང་ཝཱ་གིནྡྲ་པྲ་ཛྙཱས་རྩོལ་བས་བསྒྲུབས་པའི་ཚེ་མྲྀ་དུ་སྭ་ར་པྲི་ཡ་སྱ་མི་ཏྲས་བྲིས་པ་དགེ་བར་གྱུར་ཅིག །གཙང་(༢༠༡ན)


GLG021_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འདབ་སྟོང་ཀེ་ས་ར་ཡི་དབུས། །མཚན་དཔེའི་ལང་ཚོ་མིག་གི་གཟིལ་དངར་ཅན། །གཞོམ་མེད་འཕོ་བ་ཆེན་པོའི་སྐུ་འགྲུབ་པའི། །ཐོད་ཕྲེང་རྩལ་སོགས་རྩ་བརྒྱུད་བླ་མ་དང༌། །ཞི་ཁྲོ་འདུས་སོ་ཅོག་གི་རྟེན་བརྟེན་པར། །ཡོངས་སུ་རྫོགས་པའི་ཁྱབ་བདག་ཧེ་རུ་ཀ༔ །ཆེ་མཆོག་དཔལ་དགུའི་ཡེ་ཤེས་སྒྱུ་མའི་འཕྲུལ། །རྣམ་གསུམ་ཡོ་གར་འབྱམས་ཀླས་ཡི་དམ་ལྷ། །ཕོ་རྒྱུད་མོ་རྒྱུད་སྣང་སྲིད་དྲེགས་པའི་ཚོགས། །གཉིས་མེད་རིག་པའི་རང་རྩལ་ཁྲག་འཐུང་དབང༌། །དགྲ་སྲོག་གཅོད་ལ་དཔལ་མགོན་མ་ནིང་ནག །གནམ་ལྕགས་སྤུ་གྲི་ངར་མའི་བསྟན་སྲུང་ཀྱི། །དིང་དུས་པད་འབྱུང་གསུང་གི་སྲས་གཅིག་པུ། །བཻ་རོའི་རྣམ་སྤྲུལ་ཟབ་གཏེར་ཆོས་ཀྱི་སྒོ། །འབྱེད་མཛད་རྡོ་རྗེ་སེམས་དཔའ་མི་ཡི་ཟོལ། །ཉེར་འཛིན་གང་གི་བཞེད་པའི་སྙིང་པོའི་དོན། །དངོས་ཉམས་གཏེར་བྱོན་ལུང་བསྟན་ལས་བྱུང་ལྟར། །ཨྱོན་སྨིན་གྲོལ་གླིང་ཞེས་རིག་སྔགས་སྡེའི། །གནྡྷོ་ལ་དང་དཔའ་བོའི་གྲོང་ཁྱེར་གྱི། །དགོན་གནས་ལས་ཀྱི་འཁོར་ལོའི་མཛད་པའི་འབྲས། །རྒྱལ་བསྟན་སྙིང་པོའི་ཡང་སྙིང་ཐེག་པའི་རྩེ། །བཀའ་གཏེར་ཟུང་འཇུག་སྔ་འགྱུར་རིང་ལུགས་ཀྱིས། །ཁ་བའི་སྨན་ལྗོངས་དོག་པོར་ཡོངས་བཀོད་མཐུས། །ཨཽཌྜི་ཡ་ནའི་གླིང་དང་མཚུངས་པར་ཤོག །རྒྱལ་སྲས་གཏེར་བདག་གླིང་པའི་སྐུ་ཚེ་འཕྲེང༌། །ཀུན་སྒྲོལ་ཕ་མཐར་ཕྱིན་ནས་རང་སྐལ་གཏེར། །རྫོགས་པར་གདན་དྲངས་དེ་འཛིན་སྨིན་གྲོལ་གླིང༌། །ཆོས་སྲིད་མཐའ་དག་བླ་ནས་བླར་འཕེལ་ཤོག །པདྨ་འབྱུང་གནས་དགྱེས་(༢༠༡བ)


GLG021_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་རས་ཀྱི། །གཟིགས་པ་མི་ཡོལ་རྡོ་རྗེ་ཐོགས་མེད་རྩལ། །ཟིལ་གནོན་འཇམ་དཔལ་གྲུབ་པའི་རིག་པ་འཛིན། །ཨ་ཧཾ་སྲོག་གི་ཀ་བ་ཚུགས་པར་ཤོག །མི་བསྲུན་བརླང་པོར་སྤྱོད་པ་དགྲ་བགེགས་དཔུང༌། །ཕྱོགས་མཚམས་སྟེང་འོག་གར་གནས་མ་ལུས་པ། །རྩ་གསུམ་མཐུ་སྟོབས་འབར་བའི་ཐོག་མདའ་ཡིས། །ཕྱེར་བཏགས་མིང་གི་ལྷག་མར་གཏོང་བར་ཤོག །གནམ་བསྐོས་དགའ་བ་ལྡན་པའི་ཕོ་བྲང་ནས། །ཡངས་པའི་ས་ཆེན་སྐྱོང་བ་རྒྱལ་པོའི་ཁྲིམས། །གསེར་གྱི་གཉའ་ཤིང་མཆོག་དམན་མཐའ་དག་གི །ཕྲག་པར་ནམ་ཡང་མི་འགྱུར་ལྕི་བར་ཤོག །བོད་ཡུལ་སཱ་ལའི་ལྗོངས་འཁོད་འབངས་རྣམས་ཀུན། །གཡུལ་འཁྲུག་དབུལ་ཕོངས་ནད་རིམས་རྩོད་པའི་སྐྱོན། །ཡོངས་བྲལ་རིང་པོའི་ཚེ་དང་རྣམ་ཐོས་བུའི། །དཔལ་འབྱོར་ལ་སྤྱོད་རྫོགས་ལྡན་དུས་ལྟར་ཤོག །རིགས་འཛིན་རྗེ་ལ་དངོས་བརྒྱུད་འབྲེལ་ཐོགས་ཚོགས། །སྐྱེ་བར་སྒྲིབ་པའི་ལུས་ཀྱི་འཆིང་རྒྱ་ལས། །གྲོལ་ནས་ཞི་བའི་གོ་འཕང་བདེ་བ་ཆེ། །མྱོང་བའི་བཟང་པོའི་སྐལ་པ་ཅན་འགྱུར་ཤོག །དེ་ལྟར་བདེན་བརྗོད་སྨོན་ལམ་ས་བོན་རྣམས། །མཆོག་གསུམ་ཐུགས་རྗེའི་བརླན་གཤེར་གྱིས་སྨིན་པས། །བཞེད་དོན་དཔག་བསམ་ཡོངས་འདུ་ས་བརྟོལ་འབྲས། །ལས་ལྡན་འཆི་མེད་དགའ་སྟོན་ལ་སྤྱོད་ཤོག །ཅེས་པ་འདིའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་གླིང་པ་སོགས་གཏེར་སྟོན་རིམ་པར་བྱོན་པའི་ཡང་སྲིད་སྤྲུལ་པའི་སྐྱེ་མཆོག་པདྨ་དབང་འགྱུར་མེད་རྡོ་རྗེ་རྩལ་གྱིས་གཡོ་རུ་གྲ་ཕྱི་ཡོན་ཏན་དུ་མས་བརྒྱན་པའི་ཡུལ་གྲུར་ཨྱོན་སྨིན་གྲོལ་གླིང་པར་གྲགས་པའི་སྔགས་(༢༠༢ན)


GLG021_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྡེའི་རྟེན་བརྟེན་པ་མཐའ་དག་འཕྲིན་ལས་ཀྱི་ཆ་ཤས་ལས་ལེགས་པར་བསྐྲུན་པའི་ཚེ་གཟུངས་འབུལ་གྱི་སྤེལ་ཚིག་དང་ཚོགས་འདོན་གྱི་ཆེད་དུ་རྩོམས་ཤིག་པར་བཀས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཞོ་བཞིས་ལྷག་པའི་ཉེར་གཉིས་སྲང་གི་དངུལ། །ལས་གྲུབ་ཀོང་བུ་ཕུལ་བས་མ་རིག་མུན། །གསལ་བྱེད་ཡེ་ཤེས་སྒྲོན་མེས་འཇིག་རྟེན་གསུམ། །ཕན་བདེའི་སྣང་བ་མཆོག་ལ་འགོད་པར་ཤོག །ཅེས་པ་རྩེས་དང་བྲག་གདོང་པ་བློ་བཟང་ཚེ་དབང་གིས་སྔགས་རམས་པ་བྱས་སྐབས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་དོ། །མཁྱེན་བརྩེ་རབ་ཏུ་ཡངས་པའི་བློ་ལྡན་མས། །རྡོ་རྗེ་བཙུན་མོ་སྒྲུབ་པ་ཉེ་བའི་ལམ། །བསྟར་པའི་འབྲས་བུས་མ་དང་དཔའ་བོའི་གླིང༌། །མཁའ་སྤྱོད་ཞིང་དུ་ཐོགས་མེད་བགྲོད་བྱིན་རློབས། །ང་རྒྱལ་སེར་སྣའི་ལས་སྒྲིབ་བག་ཆགས་ཀུན། །ཡོངས་དག་ཚར་བའི་ཕུང་པོ་གནས་བསྒྱུར་ཏེ། །མཉམ་ཉིད་ཡེ་ཤེས་ངོ་བོར་སངས་རྒྱས་ནས། །ནམ་མཁའི་མཐའ་སྙེད་འགྲོ་རྣམས་སྒྲོལ་བར་ཤོག །སློབ་ལམ་སྤྱོད་ཚེ་ཚད་མ་བཞི་ལྡན་ཆོས། །སྟོན་པའི་རྡོ་རྗེ་སེམས་དངོས་བཤེས་གཉེན་གྱིས། །རྗེས་བཟུང་འདུས་པ་གསུམ་གྱི་འཕྲང་བསྒལ་ཏེ། །རིང་མིན་ཟུང་འཇུག་ཡེ་ཤེས་མངོན་འགྱུར་ཤོག །ཅེས་འ་ཞ་མཁྱེན་རབ་བློ་ལྡན་གྱི་ཕྱི་རྟེན་དུ་འ་ཞ་མཁྱེན་རབ་རྣམ་རྒྱལ་གྱིས་རྗེ་བཙུན་མཁའ་སྤྱོད་དབང་མོར་རིན་འབྱུང་གིས་བསྐོར་བའི་བརྒྱ་ཐང་བཞེངས་པའི་ཚེ་དགོས་ཚུལ་ལྟར་(༢༠༢བ)


GLG021_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་གྲགས་སོ། །ཟིལ་གནོན་འཇམ་དཔལ་དཔའ་བོ་བཞད་པ་རྩལ། །འཁོར་ལོའི་མགོན་པོར་ངེས་ནས་གསོལ་འདེབས་ན། །གཡོ་མེད་རྡོ་རྗེ་ལྟར་བརྟན་བྱིན་རླབས་ཀྱིས། །བདུད་རྩིས་བདག་སྙིང་ཟ་མ་ཏོག་འགང་ཤོག །ཅེས་པའང་ནམ་མཁའ་རྒྱ་མཚོས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །དགའ་ལྡན་རྣམ་པར་རྒྱལ་བའི་འདུས་གླིང་གི །སངས་རྒྱས་གཉིས་པ་རིམ་བྱོན་རིན་ཆེན་ཁྲིའི། །མཛེས་རྒྱན་སྤྲུལ་པའི་ཟློས་གར་ངག་གི་དབང༌། །བློ་བཟང་བསྟན་པ་འཛིན་ལ་གསོལ་བ་འདེབས། །མགོན་ཁྱོད་སྤྱི་དང་ཁྱད་པར་མཐའ་འཁོབ་ཀྱི། །འགྲོ་རྣམས་ཐར་པར་ཁྲིད་པའི་དེད་དཔོན་དུ། །ཚེ་དཔག་མེད་མགོན་ལྟ་བུར་རབ་བརྟན་ཞིང༌། །ཆོས་འཁོར་རྒྱུན་ཆད་མེད་པར་སྐོར་བར་ཤོག །ཅེས་ཤར་ཁང་ཆོས་ཀྱི་རྒྱལ་པོའི་བརྟན་བཞུགས་འདི་ནི་འཇམ་དབྱངས་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མ་འདྲིས་ལུས་ཅན་ཀུན་གྱི་གཉེན་གཅིག་པུ། །ལྔ་བརྒྱའི་མགོན་པོ་ཤཱཀྱ་སེང་གེ་ཡི། །བསྟན་པའི་གྲིབ་མར་འགྲོ་རྣམས་ངལ་གསོ་བ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །དད་པའི་མེ་ལོང་ངོས་སུ་ཐུགས་རྗེའི་གཟུགས། །མངོན་སུམ་ཤར་བའི་བྱིན་རླབས་རྨད་པོ་ཆེས། །སྐྱེ་བར་དལ་འབྱོར་ཚང་བའི་རྟེན་རྙེད་ནས། །རིང་མིན་སྟོབས་བཅུ་མངའ་བ་ཐོབ་པར་ཤོག །ཅེས་པའང་ཨུ་ཆུ་མུ་ཆུ་ཆེ་ཆེན་ཆིང་དབང་གི་དེ་ཤི་དང༌།(༢༠༣ན)


GLG021_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རོ་གཉིས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །དབྱེར་མེད་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །གསོལ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །གླང་ཆེན་སེང་གེ་མེ་དང་སྨྱོན་པ་སྦྲུལ། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོའི་འཇིགས་གྲོལ་ཏེ། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་སོགས། །ཐུན་མོངའདོད་པའི་རེ་བ་ཡོངས་འགྲུབ་ཤོག །སྐྱེ་བ་ཀུན་ཏུ་མི་ཁོམ་གནས་བརྒྱད་སྤངས། །མཐོ་རིས་སྐས་ལས་ཐར་པའི་ཁང་པར་ཞུགས། །ཉིང་མཚམས་སྦྱར་དུས་བདེ་ལྡན་ཞིང་ཁམས་སུ། །སྐྱེས་ནས་འོད་དཔག་མེད་ཀྱི་རྗེས་འཛིན་ཤོག །ཅེས་པའང་སྒྱིད་ཐང་ནོར་བུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རང་ལུས་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་རུ། །མངོན་སུམ་ངོ་སྤྲད་ཁྱབ་བདག་བླ་མ་དང༌། །དབྱེར་མེད་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ། །རིག་པའི་རང་ངོར་ངེས་པས་གསོལ་བ་འདེབས། །མ་རིག་མལ་དུ་མི་ཁོམ་གཉིད་པོ་ཆེ། །སང་བྱེད་རྩ་གསུམ་ཐུགས་རྗེའི་སྐྱ་རེངས་མས། །ཡང་སྲིད་བཅུ་གཉིས་ཁྱིམ་ཀུན་མངོན་མཐོ་དང༌། །ངེས་ལེགས་སྣང་བའི་རྩེད་འཇོར་རོལ་བར་ཤོག །སྐྱབས་མཆོག་བླ་མ་ལྷར་བཅས་བྱིན་རླབས་ཀྱིས། །གནས་སྐབས་ནད་གདོན་དབུལ་ཕོངས་དགྲ་ལས་རྒྱལ། །རིང་འཚོའི་ཚེ་དང་ལོངས་སྤྱོད་དབང་ཐང་རྣམས། །འཆི་མེད་བདག་པོའི་དཔལ་དང་སྐལ་(༢༠༣བ)


GLG021_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཤོག །རང་རིག་པད་འབྱུང་གདོད་ནས་ལྷུན་གྲུབ་གདངས། །མ་འདྲེས་འོད་ལྔར་མངོན་སུམ་ཤར་བའི་རྩལ། །ཆོས་ཉིད་ཟད་སར་འཁྱོལ་ནས་འཕོ་བ་ཆེ། །ཚེ་འདིར་ཉམས་སུ་མྱོང་བར་བདག་བྱིན་རློབས། །དྲུག་ལྡན་རྩ་བརྒྱུད་བླ་མ་ཡི་དམ་དང༌། །ཆོས་ནོར་གཏེར་སྲུང་མཐུ་ལྡན་ཚོགས་རྣམས་ཀྱིས། །མཆོག་ཐུན་དངོས་གྲུབ་ཆར་ཀྱིས་བདག་རྒྱུད་ཞིང༌། །ཉེར་བརླན་གཏན་བདེའི་མྱུ་གུ་སྨིན་པར་ཤོག །ཅེས་གྲ་ཕྱི་སྨོན་གྲུབ་པ་རིན་ཆེན་བཀྲ་ཤིས་ཀྱིས་བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ཉམས་ལེན་དང་འབྲེལ་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྒྱལ་ཀུན་ངོ་བོ་ཚེ་དབང་རིགས་འཛིན་དང༌། །དབྱེར་མེད་ཆེས་ཆོག་འདུས་རྩལ་བླ་མ་རྗེ། །སྙིང་དབུས་པདྨར་བཞུགས་ལ་གསོལ་འདེབས་ན། །བྱང་ཆུབ་བར་དུ་བྱིན་གྱིས་བརླབ་ཏུ་གསོལ། །རྩ་གསུམ་ཐུགས་རྗེ་རྟེན་འབྲེལ་མི་བསླུ་དང༌། །བདག་སོགས་རྣམས་ཀྱིས་དད་མཐུས་མགོན་པོ་ཁྱོད། །སྐུ་ཚེ་གཡུང་དྲུང་རང་བཞིན་ལྟར་གྱུར་ནས། །བཞེད་པའི་དོན་ཀུན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་རྟ་དཔོན་རྣམ་འཇོམས་ཀྱིས་རིང་འཚོའི་རྟེན་འབྱུང་བསྒྲིགས་པའི་ཚེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བདེ་ལྡན་ཞིང་མགོན་ཕྱག་གི་བུམ་བཟང་ལས། །ཟག་མེད་བདུད་རྩི་ཚེ་ཡི་སྙིང་པོའི་བཅུད། །རེག་པའི་མོད་ལ་འགྲོ་རྣམས་འཆི་བདག་གི། །མེ་ཏོག་མདའ་ཅན་གཡུལ་ལས་རྒྱལ་བར་མཛོད། །(༢༠༤ན)


GLG021_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་སེང་གེའི་རིང་ལུགས་འཛིན་པའི་རྗེ། །མི་ཤིགས་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ནས། །མི་འགྱུར་མཆོག་ཏུ་ཡངས་པའི་བདེ་བ་ཆེར། །མི་སོགས་ལྷར་བཅས་འགྲོ་ཀུན་སྦྱོར་བར་ཤོག །ཚངས་སྲས་ངག་གི་དབང་ཕྱུག་ངང་མོ་དཀར། །བློ་གྲོས་འོ་མའི་རྫིང་བུར་རྟག་རྒྱུ་བས། །མཁས་བཙུན་བཟང་པོའི་འཕྲིན་ལས་རྒྱ་མཚོ་ཆེས། །མཐའ་ཀླས་བསྐལ་པའི་བར་དུ་ཁྱབ་པར་ཤོག །ཕ་རོལ་རྒོལ་བར་འཇིགས་མེད་འཆད་རྩོད་དང༌། །རྩོམ་པའི་གོ་ཆ་བརྟན་པོས་ཐུབ་བསྟན་གྱིས། །ལང་ཚོ་སླར་འཕེལ་ཐོས་བསམ་སྒོམ་པའི་སྡེ། །འཇམ་དབྱངས་དགའ་བའི་བཤེས་ཁྱོད་ཞབས་བརྟན་ཤོག །དགའ་ལྡན་ཡིད་དགའ་ཆོས་འཛིན་གཉིས་པའི་གཟུགས། །གཙང་རོང་སར་འཕོས་བྱམས་ཆེན་འདུས་ཚོགས་གླིང༌། །སྲིད་མཐའི་བར་དུ་བཤད་དང་སྒྲུབ་པ་ཡིས། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །འཇིག་རྟེན་ཀུན་ཏུ་འགྲོ་རྣམས་ནད་མཚོན་དང༌། །དབུལ་ཕོངས་ཉེས་བརྒྱའི་དྲི་མ་ཉེར་ཞི་ཞིང༌། །རྫོགས་ལྡན་དུས་ལྟར་བདེ་སྐྱིད་ཕུན་ཚོགས་ལ། །སྤྱོད་པའི་སྐལ་བ་བཟང་པོར་བདག་འགྱུར་ཤོག །ཅེས་རིང་འཚོའི་ཚིགས་བཅད་འདིའང་གསོ་རིག་གཙུག་ལག་འཛིན་པ་སྒོ་མོ་རབ་པ་རཏྣ་ཨཱི་ཤས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །དཔའ་གཏུམ་སྟག་སྟེང་གར་དགུའི་ཉམས་འགྱུར་ཅན། །འཆོལ་བའི་ཁྲོ་རྒྱལ་གནམ་ལྕགས་ཕུར་བུ་ཡིས། །བདུད་དཔུང་ཚར་བཅད་ཚེ་ཡི་བར་གཅོད་ཀུན། །བརྟུལ་(༢༠༤བ)


GLG021_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་དྲག་པོའི་སྟོབས་ཀྱིས་ཐལ་བར་རློག །མཚོ་སྐྱེས་རིགས་འཛིན་བླ་མའི་ཐུགས་རྗེའི་མཐུས། །འཁོར་ལོའི་མགོན་པོ་རྡོ་རྗེ་ཐོགས་མེད་རྩལ། །མི་འགྱུར་སྲོག་གི་ཀ་བ་གཡུང་དྲུང་གི །ངོ་བོར་བྱིན་རླབས་བསམས་དོན་ལྷུན་གྲུབ་ཤོག །ཅེས་པ་འདིའང་ལྷ་ས་བ་བློ་བཟང་རབ་བརྟན་གྱིས་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཁ་ཚར་ཕུན་ཚར་དང་ལྡན་ཟ་འོག་གི །རྣམ་བཀྲ་ངོ་མཚར་རི་མོ་བཀོད་ལེགས་ཅན། །སྐྱབས་གསུམ་དམ་པར་བསྐྲུན་པའི་སྲི་ཞུ་ཡིས། །ཚོགས་གཉིས་ཕུང་པོ་བླ་ནས་བླར་མཐོ་ཤོག །བགྲང་ཡས་ཞི་ཁྲོ་དགེ་འདུན་དཀོན་མཆོག་གཟུགས། །སྐྱེ་རྒུའི་མིག་ལ་མངོན་སུམ་རབ་གསལ་བར། །བཀུར་སྟིའི་ཆེད་དུ་གནམ་རྒྱན་ཡོངས་སྤེལ་བས། །འཁོར་འདས་ཡོན་ཏན་དབྱར་མཚོ་ལྟར་འཕྱུར་ཤོག །མཆོད་དཔོན་ངག་དབང་ཤེས་རབ་སྤུན་ཚས་ཕུལ་བའི་ཁ་བྱང་ཟ་ཧོར་གྱི་བནྡེས་བཀོད་པ་དགེ །དཔལ་ལྡན་རྩ་གསུམ་མཐུ་བྱིན་རབ་འབར་བས། །བདུད་སྡེའི་གཡུལ་ལས་རྣམ་པར་ཡོངས་རྒྱལ་བ། །སྲིད་ཞིའི་ཕན་བདེའི་འབྱུང་གནས་རྡོ་རྗེའི་ཐེག །ལེགས་བཤད་དབྱངས་སྙན་འཁྲོལ་བའི་འདུལ་གླིང་དུ། །རྒྱ་ཧོར་བཟང་གོས་སྣ་ཚོགས་ཉེར་བསྒྲིགས་ནས། །ནམ་མཁའི་རྒྱན་དུ་སྒོ་འཕར་ཕྱེ་བའི་མཛོད། །མཆོད་སྤྲིན་སྤྲོ་བྱེད་ངག་དབང་ཤེས་རབ་ཀྱི། །སྟོན་མཚན་ཟླ་འདྲའི་ལྷག་བསམ་གྱིས་ཕུལ་མཐུས། །ཐུབ་བསྟན་དེ་འཛིན་སྡེར་བཅས་མཐའ་ཀླས་འགྲོའི། །བསོད་(༢༠༥ན)


GLG021_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བྱེ་བའི་ཞིང་དུ་ཉེར་འཕེལ་ཞིང༌། །རྒྱུ་སྦྱོར་འདི་དང་གཏན་གྱི་ལེགས་ཚོགས་ཀུན། །རབ་རྒྱས་འདོད་པའི་རེ་བ་ཡོངས་སྐོང་ཤོག །དམར་སེར་ཅན་ཞེས་པ་མེ་མོ་སྦྲུལ་གྱི་ལོར་དིང་ཕོན། ཧོར་གོས་བར་སྣང་མཛོད་ལེ་ཚན། རྒྱ་གོས་ཐོན་ཐི་ཚོན་ཁྲ། རྒྱན་བཞི་སོགས་གོས་སྣ་ཚོགས་ལས་གྲུབ་པའི་རྒྱུར་གྲ་རྒན་དང་ལྷ་ས་གནས་ཚད་ཀྱིས་གསུམ་བཅད་འབྲིང་པོར་བརྩིས་པའི་གོང་ཐང་གསེར་ཞོ་བརྒྱད་བརྒྱ་རི་བ་འབྲས་སྤུངས་གསང་སྔགས་ཕོ་བྲང་གི་ཁྲིའི་སྟེང་ལྷོ་ཏལ་རྒྱུད། ཤར་གླིང་གཉིས། ནུབ་གླིང་གཉིས། བྱང་གླིང་གཅིག་བཅས་འདུ་ཁང་ཁེབས་པའི་བླ་བྲེ་ཡར་ཀླུངས་ཁེ་གསུམ་པ་མཆོད་དཔོན་ངག་དབང་ཤེས་རབ་སྤུན་ཚས་ཕུལ་བའི་ཚེ་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པ་ལཀྵྨཱི། །སྒྲིབ་ཤར་གླིང་གཉིས་པ་བྲལ་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས། །རིས་མེད་འགྲོ་འདྲེན་རྗེས་སུ་ཉེར་འཇུག་པས། །ཀུན་ར་ཡོངས་ཁྱབ་གནམ་རྒྱན་འདིའི་ཆེད་དུ། །འབད་རྣམས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་ནུབ་གླིང་དང་པོ་བ་ཞི་ཁྲོའི་རོལ་གར་བསྟན་པའི་སྐུ། །རབ་བཞུགས་ཕོ་བྲང་མཁའ་ཁྱབ་མཛེས་རྒྱན་གྱི། འབྲས་བུ་འཁོར་དང་མྱང་འདས་རྣམ་པར་སྨིན། །ཆེས་དཀར་བྱང་ཆུབ་བར་དུ་མྱོང་བར་ཤོག །རྫོགས་ནུབ་གླིང་གཉིས་པ། ལྡན་སྐྱེ་རྒུ་ལྟ་བུའི་རིང་པོའི་ཚེ། །ཕུན་ཚོགས་འབྱོར་པར་མྱོང་བའི་བདེ་སྐྱིད་ལ། །ཡོན་སྦྱོར་ཕན་པ་སྒྲུབ་ཀུན་ལོངས་སྤྱོད་པར། །སངས་རྒྱས་སྲས་དང་བཅས་པས་བྱིན་གྱིས་རློབས། །གནོད་བྱང་གླིང༌། བྱེད་གཟུགས་(༢༠༥བ)


GLG021_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཟུགས་མེད་ནག་པོའི་མུན། །རྩ་གསུམ་ཐུགས་རྗེ་ཆེན་པོའི་ཉི་འོད་ཀྱིས། །མིང་གི་ལྷག་མར་བྱས་ནས་ཕན་དང་བདེའི། །སྣང་བ་དམ་པའི་གཟི་བྱིན་འབར་བར་ཤོག །རིགས་རྣམས་ཀུན་གྱི་རྒྱལ་སྲིད་ཆེན་པོའི་ཁྲིར། །ཧོར་གོས་ལྷབ་ལྷུབ་མཉེ་ཤུན་ལེགས་བསྐྲུན་པའི། །དགེ་ཚོགས་བདེ་ཕྱི་བར་གྱི་མདུན་མ་དག །ལྷུན་གྱིས་གྲུབ་པར་མཆོག་གསུམ་མཐུས་བྱིན་རློབས། །ཞེས་པའང་གསང་སྔགས་ཕོ་བྲང་གི་ཁྲིའི་མཉེ་འབོལ་དང་འབོལ་ཤུན་ཁེབས་དང་བཅས་ཧོར་གོས་ལས་གྲུབ་པ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་ཕུལ་བའི་ཁ་བྱང་ཟ་ཧོར་གྱི་བནྡེས་བཀོད་པ་དགེ ། གོང་གསལ་དང་སྔོན་མའི་གནམ་རྒྱན་གྱི་ཨ་ལོང་རྒྱབ་ཤ་བླ་བྲེའི་ཤམ་བུ་སོགས་ཁྱོན་བསྡོམས་རིན་ཐང་གསེར་ཞོ་སྟོང་དང་སོ་བདུན་སོང་ངོ༌། །ཟ་འོག་སྣ་ཚོགས་རི་མོ་རབ་མཛེས་པ། །དབང་གཞུ་ལྟར་བཀྲ་སྤེལ་ལེགས་འཕན་གྱི་འཕྲེང༌། །རྒྱལ་བ་རྒྱ་མཚོའི་ཞིང་ཁམས་འཕྲུལ་སྣང་གི །རྟེན་དང་བརྟེན་པར་བཅས་ལ་ཕུལ་བའི་དགེ །ཟུར་རིགས་སྔགས་འཆང་གུ་རུ་སྤུན་ཟླ་བརྒྱུད། །ཁྱོ་ཤུགས་མཐའ་དག་ཚེ་འདིར་རྫོགས་ལྡན་ལྟར། །བདེ་སྐྱིད་དཔལ་ལ་ཡུན་དུ་སྤྱོད་པ་དང༌། །བགྲང་རིང་སྐྱེ་བར་ལྷ་མིའི་ལུས་ཐོབ་ནས། །རང་གཞན་དོན་གཉིས་གྲུབ་པ་སངས་རྒྱས་ཀྱི། །གོ་འཕང་མངོན་གྱུར་འདིས་མཚོན་དགེ་བ་ཀུན། །མི་མཛད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་གཞིས་ཀ་ཤར་པ་ཨ་གུར་ནང་མིར་བཅས་པའི་གོན་པའི་ཕྱི་ཤ་སོགས་བཟང་གོས་སྣ་ཚོགས་ལས་གྲུབ་པའི་འཕན་མེ་(༢༠༦ན)


GLG021_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམ་གྱི་ཉིན་འཕྲུལ་སྣང་དུ་ཕུལ་བའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའོ། །མཆོད་ཁང་སྤྱི། གང་གི་ཡོན་ཏན་ཆ་ཙམ་དྲན་པའི་མོད། །འཁོར་འདས་གདུང་གཅིལ་ཀུན་མཁྱེན་ཉི་མའི་གཉེན། །སྲས་དང་སློབ་མར་བཅས་ལ་སྲི་ཞུའི་གོས། །བླ་བྲེ་ལྷག་བསམ་དག་པས་ཡོངས་ཕུལ་དགེས། །ཟད་པའི་མཐའ་བྲལ་མར་གྱུར་འགྲོ་བ་རྣམས། །སྡུག་བསྔལ་གསུམ་ལས་རྣམ་གྲོལ་ངེས་ལེགས་ཀྱི། །རིན་ཆེན་ཁང་པར་བདེ་བ་ཆེན་པོ་ལ། །ལོངས་སུ་སྤྱོད་བྱིན་རློབས་ཤིག་འཕགས་མཆོག་ཀྱེ། །བསོད་ནམས་བྱས་འབྲས་འཛད་མེད་ཆུ་གཏེར་ཆེ། །ཉེས་ཚོགས་རོ་དང་ལྷན་ཅིག་མི་གནས་ཤིང༌། །ཚེ་དང་དབང་ཐང་གཏན་མདུན་ཐར་པའི་བདེའི། །ཡིད་བཞིན་ནོར་གྱི་འདོད་དགུ་བསྙིལ་བར་ཤོག །ཇོཤཱཀ་རྣམ་སྦྱར། ཐུབ་དབང་ཞལ་སྐྱིན་མཐོང་བས་དོན་ལྡན་པར། །གོས་བཟང་བླ་གོས་ཕུལ་བས་སྐྱེ་བ་ཀུན། །རྣམ་དག་ཆོ་ག་ལ་བརྟེན་རབ་བྱུང་ནས། །གཙང་མའི་ཚུལ་ཁྲིམས་བསྲུང་བར་བདག་བྱིན་རློབས། །བྱམས་པ་ཆོས་འཁོར། ཡིད་དགའ་ཆོས་འཛིན་མགོན་པོ་འཛམ་གླིང་འདིར། །དངོས་བྱོན་ལྟ་བུའི་སྣང་བརྙན་འོད་སྲུངས་ཆེས། །ཡེ་ཤེས་སེམས་དཔའ་བཅུག་པའི་བྱམས་ཆེན་མེས། །བདུད་བཞིའི་ཚང་ཚིང་མ་ལུས་བསྲེག་པར་ཤོག །བྱམས་པ་ཁྲུས་མཛད། ལྷ་གཅིག་སྲོང་བཙན་ཡབ་ཡུམ་ཁྲུས་གསོལ་བའི། །སྨན་འདམས་ལས་གྲུབ་མ་ཕམ་མགོན་པོ་ཡིས། །སྤྱི་དང་ཁྱད་པར་གངས་ཅན་དུ༔ཁའི་(༢༠༦བ)


GLG021_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མུན། །མཐར་བྱས་ཕན་བདེའི་འོད་ཀྱིས་འགེང་བར་མཛོད། །རྗེ་བཙུན་སྒྲོལ་མ། རྒྱལ་བ་ཀུན་ཡུམ་ཨཱཪྻ་ཏཱ་རཱ་ཀྱེ། །བདག་སོགས་འགྲོ་ལ་གཟིགས་པའི་སྤྱན་རས་ཀྱིས། །འཇིགས་ཆེན་བརྒྱད་མཚོན་ཉེས་ཚོགས་ལས་སྐྱབས་ནས། །དགའ་ཞིང་སྐྱིད་པའི་དཔལ་ལ་རྟག་ཏུ་སྦྱོར། །བཀའ་འགྱུར་རིན་པོ་ཆེ། ཐུབ་རྣམས་མཛད་པའི་ཡང་རྩེ་ལུང་གི་ཆོས། །གླེགས་བམ་གཟུགས་ཤར་འགྱུར་རོ་རོ་ཅོག་གི་བཀའ། །མཐོང་ཐོས་དྲན་དང་རེག་པས་རྣམ་གྲོལ་བའི། །དོན་བཟང་བདག་སོགས་འགྲོ་རྒྱུད་ལ་འཇུག་ཤོག །གནས་བཅུ། འགྲོ་ངོར་ཉན་ཐོས་ཚུལ་གྱིས་ཐུབ་པའི་བསྟན། །འཛིན་ཀྱང་ཚོགས་གཉིས་ཡོངས་རྫོགས་སངས་རྒྱས་དངོས། །འཕགས་པའི་གནས་བརྟན་རྣམས་ཀྱིས་ཉེས་བརྒྱའི་མུན། །མཐར་བྱས་སྒོ་གསུམ་སིམ་པ་མྱོང་བྱིན་རློབས། སྨན་བླ་བདེ་གཤེགས་བརྒྱད། མཚན་ལེགས་རིན་ཆེན་ཟླ་བ་གསེར་བཟང་དང༌། །མྱ་ངན་མེད་དཔལ་ཆོས་སྒྲགས་མངོན་པར་མཁྱེན། །སྨན་བླ་ཤཱཀྱ་ཐུབ་པའི་ལྷ་ཚོགས་ཀྱིས། །བདག་སོགས་སྙིགས་མའི་ལུས་ཅན་རྗེས་སུ་བཟུང༌། མཆོད་རྟེན་གངས་ལ་ཉི་ཤར། མི་འགྱུར་ཆོས་སྐུ་བདེ་གཤེགས་ཐུགས་ཀྱི་རྟེན། །བྱིན་རླབས་གཟི་བྱིན་རབ་འབར་རྨད་པོ་ཆེ། །གངས་ལ་ཉི་མ་ཤར་ལྟར་མཁའ་མཉམ་འགྲོའི། །དུག་ལྔའི་སྨག་རུམ་དཔུང་ཚོགས་ཕ་མཐར་མཛོད། །དམར་སེར་ཅན་གྱི་ལོ་ས་ག་ཟླ་བའི་ནང་དུ་སྟོད་ཧོར་གྱི་གོས་རྒྱ་གོས་ཚོན་ཁྲ་ཁྱད་མཚར་དྲང་གསེར་གཞི་མ་གཉིས་ཀྱིས་གཙོས་པའི་བེར་ཉེར་གཅིག་ནང་ལྡན། ར་ས་འཕྲུལ་སྣང་དང་ར་མོ་ཆེའི་གནམ་རྒྱན་དུ་ཕུལ་ཞིང་འགན་སྦྱར་གཉིས་ལ་བླ་གོས་ཀྱི་ཚལ་བུས་བརྒྱན་ཏེ་ཇོ་ཤཱཀ་གཉིས་ལ་ཕུལ་བའི་ཆེ་བ་བྱང་དུ་ཟ་ཧོར་གྱི་བནྡེས་སྦྱར་(༢༠༧ན)


GLG021_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །གཅད་བྱེད་འདབ་སྟོང་གྲོལ་ལས་སྤྲུལ་པའི་གར། །རྒྱལ་ཀུན་ཡོངས་འདུས་རྔ་ཡབ་གླིང་པ་ཡི། །ཐུགས་གསང་བྱིན་ཆེན་ཉེར་འཕྲོས་འོད་ཟེར་གྱིས། །འཇིག་རྟེན་གསུམ་སྣང་དགེ་བའི་ཤིས་པ་སྩོལ། །པདྨ་ཐོད་ཕྲེང་རིང་ལུགས་འཛིན་པའི་གཙོ། །སྐད་གཉིས་སྨྲ་བ་བཻ་རོའི་སྒྱུ་མའི་འཕྲུལ། །ལེགས་བསྟན་མཁས་གྲུབ་ཡང་སྲིད་གངས་ལྗོངས་མཁར། །ངོ་མཚར་སྤྲུལ་པའི་ཟླ་བ་ཚེས་པར་ཤོག །བསླུ་མེད་རྟེན་འབྲེལ་མཐུ་ཡིས་རྩ་གསུམ་དང༌། །ཆོས་སྲུང་ཕྲིན་ལས་ས་བོན་རབ་སྨིན་པས། །སྨོན་ལམ་དཔག་བསམ་ལྗོན་པ་རྒྱས་པའི་རྩེར། །འདོད་དོན་འབྲས་བཟང་སྙེ་མས་དུད་གྱུར་ཅིག །ཅེས་རྩེ་ལེ་སྤྲུལ་པའི་སྐུ་པདྨ་ལེགས་གྲུབ་ཀྱི་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ་དགོས་ཚུལ་བུ་སློབ་སྤྱི་ཚོགས་ནས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་གྲགས་པའོ། །རྒྱུད་མངས་གླུ་ལས་ཆོས་ཀྱི་དབྱངས་སྙན་སྒྲ། །འཁྲོལ་ཡང་སྲིན་མོའི་གཟུགས་ཅན་རེ་མ་ཏཱི། །ཞི་བའི་ལས་ལ་དུང་སྐྱོང་སྟོན་ཟླའི་བཞིན། །འཆི་མེད་ལུས་ཕྲའི་ལང་ཚོའི་དཔལ་འཕྲོག་ཀྱེ། །འཁོར་ལོའི་རི་མོ་རྣམ་པར་བཀྲ་བའི་གདུགས། །དངོས་བཤམས་ཡིད་སྦྲུལ་མཆོད་དང་ཆབས་ཅིག་པར། །དབང་ལྔའི་ཡུལ་དུ་ཟག་བྲལ་བདེ་བའི་གདངས། །ཡོངས་ཤར་བསོད་ནམས་ཚངས་པའི་ཡུལ་བརྒལ་དེས། །ལས་གཞི་གསེར་སྒོང་ཡོངས་སུ་སྨིན་པའི་སྦུབས། །གངས་ཅན་བསྟན་འགྲོའི་བདེ་སྐྱིད་ཞལ་སྒོ་ལས། །ཆོས་ནོར་འདོད་ཐར་དགའ་སྟོན་ལ་སྤྱོད་བའི། །རེ་སྐོང་དཔག་བསམ་སྙེ་མ་(༢༠༧བ)


GLG021_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པར་མཛོད། །ཅེས་སྣྲོན་ཟླའི་བཟང་པོའི་ཚེས་ལ་དཔལ་ལྡན་དུང་སྐྱོང་མར་དབུ་ཁེབས་བུམ་གདན་མ་ཕུལ་བའི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའོ། །སྲིད་ཞིའི་འཇིགས་པ་ཀུན་སྐྱོབ་ལྷ་ཡི་ལྷ། །མཐོང་བས་རྣམ་གྲོལ་ཤཱཀྱ་མུ་ནེའི་སྐུར། །བཀྲ་ཤིས་འཁོར་ལོའི་རི་མོ་རབ་བཀྲ་བ། །ངུར་སྨྲིག་གོས་ཟུངས་ཕུལ་བའི་ལེགས་བྱས་འབྲས། །མཐའ་དང་ཚད་དུ་གཞལ་དཀའི་མ་གྱུར་འགྲོ། །འཁོར་བའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །སྟོབས་བཅུ་མངའ་བའི་གོ་འཕང་མྱུར་ཐོབ་ནས། །ངེས་ལེགས་རིན་ཆེན་གླིང་དུ་འཁྲིད་བྱིན་རློབས། །བསིལ་ལྡན་སྐྱེ་རྒུའི་ཕན་བདེའི་རྩ་ལག་གཞི། །བློ་བཟང་སྙན་པའི་གྲགས་འབར་ཆོས་སྲིད་ཀྱི། །བསྟན་པའི་ཉི་མ་འཇིག་རྟེན་གསུམ་གྱི་མཁར། །རྟག་ཏུ་འཆར་བའི་འོད་སྣང་འབར་བར་ཤོག །ཅེས་མེ་སྦྲུལ་སྣོན་ཟླའི་བཟང་པོའི་ཚེས་ལ་ཇོ་བོ་ཤཱཀྱ་མུ་ནེའི་ན་བཟའ་བུམ་གདན་མ་ཕུལ་བའི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོའོ། །བསླུ་མེད་དཀོན་མཆོག་རིན་ཆེན་ཐུགས་རྗེ་དང༌། །མི་ཕྱེད་དད་པའི་རྟེན་ཅིང་འབྲེལ་འབྱུང་མཐུས། །ནམ་མཁའི་མཐའ་ཁྱབ་འགྲོ་བ་འདྲེན་པ་ལ། །རྣམ་པ་རབ་བཀྲ་རྟག་ཏུ་ཤིས་པར་ཤོག །ཡང་སྲིད་ཕྱི་མར་འདྲེན་བྱེད་སྤྱོད་ཡུལ་དུ། །བཤེས་གཉེན་དམ་པས་མངོན་སུམ་ཉེར་བལྟ་བར། །ལེགས་སྨིན་ས་བོན་ཡོངས་དུད་ཨ་མྲའི་ཤིང༌། །རེ་བའི་འབྲས་བུ་རོ་བརྒྱའི་དཔལ་ལྡན་ཤོག །ཅེས་པ་འདིའང་བྱ་ལུང་བླ་མ་ནམ་མཁའ་བཀྲ་ཤིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །(༢༠༨ན)


GLG021_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དྲྀ ཥྟེ ན ཀཱུ ལཱ སུ ནི མི ཏྟ བ ཌཱོ ཌ ཤྱཻ ཪྻུ བཱ ངྴེ ཥུ སུ པཱུ རྞ ཛཿ མཐོང་ན་མི་མཐུན་མེད་པའི་མཚན་བཟང་ཅན། །བཅུ་དྲུག་ལང་ཚོའི་ཆ་ཤས་གང་བའི་གཟིས། །ནོ མྲྀ ཏྱ བཱ ལཱ ཧི ག །ཎི ཀྱ ན ཀྟ ཏྲ སྱཱ བྷི བྷཱུ ཡཱ ཛ ཡ མཱ ཏ རཱ ཪྻེ། འཆི་མེད་ལུས་ཕྲ་རྒྱུ་སྐར་ཚོགས་ཀྱི་ཟིལ། །གནོན་མཛད་རྒྱལ་བ་ཀུན་ཡུམ་འཕགས་མ་ཀྱེ། །བསྐལ་མང་ཐིབས་པོར་སྤུངས་པ་མུན་པའི་སྨག །ཉི་མའི་དཀྱིལ་འཁོར་གཅིག་ཤར་སངས་པ་བཞིན། །སྒྲིབ་གཉིས་དེས་བསྐྱེད་སྲིད་ཞིའི་སྡུག་བསྔལ་རྣམས། །བཅོམ་ལྡན་འདས་མའི་ཐུགས་རྗེས་གཞིལ་བར་མཛོད། །འདོད་ཞེན་ཉེར་འཇུངས་ང་རྒྱལ་ཞེ་སྡང་བ། །ཕྲག་དོག་ལྟ་ངན་ཐེ་ཚོམ་ཉེས་ཀུན་གཞི། །གཏི་མུག་འཇིགས་ཆེན་བརྒྱད་ཀྱིས་འཁོར་བའི་མཚོར། །འཕྱན་ལས་མྱུར་དུ་སྒྲོལ་ཞིག་རྗེ་བཙུན་མ། །མཐོ་རིས་ཡོན་ཏན་བཅུན་ཚང་རྟེན་བཟང་པོ། །ཆད་མེད་ལེགས་ཐོབ་བདེ་ལྡན་དག་ཞིང་དུ། །(༢༠༨བ)


GLG021_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་འོད་མཐའ་ཡས་པས་རྗེས་བཟུང་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པར་བདག་བྱིན་རློབས། །སྣང་བརྙན་འདི་སྒྲུབ་བྱེད་པོར་གཏོགས་སོ་ཅོག །དཔལ་མོ་ཁྱོད་ཞབས་དྲན་པའི་མོད་ཉིད་ལ། །འཁོར་འདས་འཇིགས་ཀུན་མིང་ཡང་མི་གྲག་པར། །སྲིད་དང་ཞི་བའི་ཕུན་ཚོགས་སླར་འཕེལ་ཤོག །ཅེས་མེ་སྦྲུལ་སྣོན་གྱི་ཟླ་བར་རྗེ་བཙུན་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྐུ་བརྙན་དད་རྟེན་དུ་རི་མོ་བ་དབུ་མཛད་རག་ཁ་ཨ་བར་དང༌། དགོས་བསམ་གཉིས་ཀྱིས་བཟབས་བྲིས་སུ་བྱས་པའི་ཚེ་རྒྱབ་ཡིག་གི་སྨོན་ལམ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་སརྦྦཱརྠནིརཱབྷོགབྷཝནྟུ། །ཀྱེ་མ་སྲོག་གཅོད་སྤངས་པའི་རྣམ་པར་སྨིན། །གཅིག་ཏུ་དཀར་པོར་འཛག་པ་མུ་ཐི་ལ། །ཚེ་ཡི་གཡུང་དྲུང་ཉ་ཕྱིས་ཁོག་ཡངས་པོར། །ལེགས་འཁྱིལ་རྟེན་ཅིང་འབྲེལ་འབྱུང་སླུ་མེད་ཤོག །ལུས་ངག་ཡིད་གསུམ་བག་ཡོད་ར་བ་རུ། །ཉེར་བཅུག་བསོད་ནམས་དར་དྲགས་ས་སྲུང་དབང༌། །བློ་མིག་སྟོང་ལྡན་ཐུབ་བསྟན་ཆོས་བཟང་གི །རིན་ཆེན་ཁྲི་ལ་རྟག་ཏུ་འགྱིང་བར་ཤོག །རྒྱ་ཆེའི་གཙུག་ལག་རྒྱུད་མང་གླུར་འདྲེན་པ། །མཚོ་བྱུང་མགྲིན་ཆགས་འཆད་རྩོད་རྩོམ་པ་ལ། །འཇིགས་པ་མེད་པར་རྣམ་དཔྱོད་ཡངས་པའི་གོ །དཀར་ཆའི་ཟླ་བ་ལྟར་འཕེལ་བརྟན་པར་ཤོག །བདུད་བཞི་ཉེར་ཐུབ་ཤཱཀྱ་སེང་གེའི་བསྟན། །ཐོས་བསམས་རབ་བསྒོམས་ལང་ཚོ་རྒྱས་པའི་སྡེ། །ཁྲིམས་ལྡན་འདུས་པའི་ཚོགས་ཀྱིས་རྩེ་གཅིག་ཏུ། །སྨོན་པའི་འབྲས་བུ་ཡོངས་སུ་སྨིན་པར་ཤོག །རྒྱལ་(༢༠༩ན)


GLG021_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཉན་རང་གཙང་རིས་མགོན་རྣམས་ཀྱི། །བདེན་ཚིག་མཐུ་ཡིས་ཀུན་མཁྱེན་ཙོང་ཁ་པའི། །བསྟན་པ་གདུགས་དཀར་གྲིབ་མར་འཇིག་རྟེན་གསུམ། །བདེ་བའི་སྟེགས་ལ་དགའ་སྐྱིད་ངལ་གསོར་ཤོག །ཅེས་རྟེན་འབྱུང་གི་ཚིགས་བཅད་འདི་ནི་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་གྲ་ཚང་བླ་སྤྱི་ཐུན་མོང་ནས་དོན་གཉེར་ཆེན་པོས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྟོན་མཚན་ཟླ་བས་བསྒྲུན་མིན་བཞིན་རས་ཀྱི། །དཀྱུས་རིང་སྤྱན་རས་གཟིགས་པའི་མོད་ཉིད་ལ། །འཆི་བའི་དངོས་ཀུན་འཇོམས་པ་འཕགས་མའི་ཞབས། །ཡིད་བཞིན་འཁོར་ལོས་ཕུན་ཚོགས་དགའ་སྟོན་སྩོལ། །རྒྱལ་དབང་བློ་བཟང་གྲགས་པའི་བསྟན་སྲིད་རྒྱུན། །མི་འཛད་མཆོད་སྦྱིན་སྒོ་བརྒྱ་འབྱེད་མཁས་པ། །ས་སྤྱོད་ཁྲིམས་གཉིས་སྲོང་བའི་འགྱུར་མེད་ཁྲིར། །གཡུང་དྲུང་ལྟ་བུར་ཞབས་ཟུང་རྟག་བརྟན་ཤོག །རྣམ་དག་བརྗོད་པའི་བདེན་ཚིག་ཁུག་པ་ལ། །མཆོག་གསུམ་ཐུགས་རྗེའི་ལྕགས་ཀྱུ་ཡོངས་བཏབ་པས། །སུམ་རྩེན་སར་སྙེག་རིང་འཚོའི་སྐུ་ཚེ་ཡི། །སྐལ་པ་འཇིག་རྟེན་མེས་པོ་དང་མཉམ་ཤོག །ཅེས་ས་སྐྱོང་བློ་བཟང་སྦྱིན་པའི་བརྟན་བཞུགས་འདི་ཤར་ཕྱོགས་དྭགས་གྲ་ཚང་བླ་སྤྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །འཇམ་དབྱངས་དགའ་བའི་བཤེས་གཉེན་ངག་གི་དབང༌། །བློ་བཟང་གྲགས་སྙན་རབ་འབར་བསྟན་པ་ཡི། །རྒྱ་མཚོའི་གོས་ཅན་ཀུན་བཟོད་ཡངས་(༢༠༩བ)


GLG021_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐའ། །འཆིང་མཛད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཆུ་སྲིན་རྒྱལ་མཚན་དཔུང་ལ་འཇིགས་མེད་པ། །འགྲོ་ལ་རྗེས་ཆགས་བྱམས་བརྩེའི་གོ་ཆ་ཡིས། །ཐུབ་བསྟན་ལང་ཚོ་རྒྱས་པའི་དཔྱོད་ལྡན་སྡེ། །མཚུངས་བྲལ་ཡོངས་འཛིན་མཆོག་ལ་གསོལ་བ་འདེབས། །འཇམ་མཉེན་པདྨ་ཟླ་བ་ཉ་གང་སྟེང༌། །ཚེ་མཐའ་ཡས་པའི་སྐུར་གསལ་ཚངས་དབྱངས་སྒྲས། །གདུལ་བྱར་དགའ་སྟོན་སྤེལ་བའི་མ་འདྲིས་བཤེས། །སྐྱེ་རྒུའི་དཔུང་གཉེན་བསྐལ་བརྒྱར་མི་གཡོ་ཤོག །ངག་དབང་མཁྱེན་པའི་འོད་ཀྱིས་བློ་མུན་མཐར། །ཉེར་བསྐྲད་དོན་བཟང་རྒྱ་ཆེའི་རྗོད་བྱེད་གཞུང༌། །མཚོ་ལྟར་གཏིང་དཔག་དཀའ་ལ་འཇིགས་མེད་མགོན། །རྡོ་རྗེའི་ཁྲི་ལ་འགྱུར་བ་མེད་པར་ཤོག །གཞན་ཟེར་ཚིག་རྗེས་མི་འབྲང་གྲུབ་མཐའ་བཞིའི། །བཞེད་སྲོལ་གོ་རིམ་མ་འཁྲུགས་ཆ་རྫོགས་པས། །ཐུབ་དབང་བསྟན་པའི་སྙིང་པོ་ཐོས་བསམ་སྒོམ། །སྤེལ་ཕྱིར་འོག་མིན་མགོན་ལྟར་བརྟན་པར་ཤོག །ལང་ལོང་གཡོ་བའི་སྤྲིན་དབུས་དབྱར་རྔའི་སྒྲས། །རྨ་བྱ་མངལ་ཁུར་འཛིན་ཚོའི་དགའ་བསྐྱིད་ན། །སཱ་ལའི་སྨན་ལྗོངས་སྡེ་བཞིའི་སྒོ་འཕར་བརྒྱ། །འབྱེད་ཆེད་གསོལ་བཏབ་རེ་བ་འབྲས་ལྡན་ཤོག །བགྲང་རིང་བགྲོད་དཀའི་སྐྱེ་བ་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་ཉེར་བསྟན་དམ་པའི་ཆོས། །ཟབ་རྒྱས་ཉམས་སུ་བསྟར་བས་གནས་སྐབས་དང༌། །མཐར་ཐུག་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །ཁྱད་པར་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡིས། །རྗེས་བཟུང་འཕྲིན་ལས་ཕུར་པའི་རིགས་འཛིན་དུ། །གྱུར་ནས་བདུད་སྡེའི་གཡུལ་ལས་རབ་རྒྱས་ཞིང༌། །རང་(༢༡༠ན)


GLG021_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དཔལ་ཆེན་རང་ངོ་མྱུར་འཕྲོད་ཤོག །མདོར་ན་དུས་གསུམ་བསགས་པའི་ལེགས་བྱས་མཐུས། །འབྲས་བུ་རོ་བརྒྱ་བདའ་བར་མཁའ་མཉམ་གྱི། །མ་གྱུར་འགྲོ་དང་ལྷན་ཅིག་ལོངས་སྤྱོད་པར། །ཀུན་ཏུ་བཟང་པོའི་སྨོན་ལམ་ཇི་བཞིན་བསྔོ། །ཞེས་པ་འདིའང་བྱ་རིགས་རྣམ་སྣང་གི་བཙུན་པ་རྣམ་གླིང་ཆོས་མཛད་ངག་དབང་བློ་གསལ་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་ཡི་གེ་པ་ནི་གནས་བརྟན་འཇམ་གྲགས་པའོ། །ཕུན་ཚོགས་ངོ་མཚར་རྨད་བྱུང་བཀོད་པར་དེང༌། །སེང་གེའི་ང་རོར་བསྟན་ཀྱང་ཐུགས་རྗེའི་ཉི། །འཇིག་རྟེན་གསུམ་མཁར་འཆར་ནུབ་ཉེར་སྤངས་པ། །ཀུན་མཁྱེན་ཙོང་ཁ་པ་དེས་དགེ་ལེགས་སྩོལ། །མགོན་དེའི་བཤད་སྒྲུབ་བསྟན་ལ་ངག་གི་དབང༌། །བློ་གྲོས་ལང་ཚོ་རྒྱས་པའི་སྐལ་བཟང་ཅན། །གཙུག་ལག་རྒྱ་མཚོར་ལྟ་བའི་མིག་ཡངས་པ། །རིས་བྲལ་སྐྱེ་རྒུའི་གཉེན་དུ་མི་གཡོ་ཤོག །ངག་གི་དབང་ཕྱུག་དཀོན་མཆོག་རྣམ་གསུམ་དང༌། །དབྱེར་མེད་བསྟན་པའི་ཉི་མ་ཡོངས་འདུའི་ལྗོན། །བསྐལ་བརྒྱར་ཞབས་བརྟན་རིབ་མར་གདུལ་བྱ་རྣམས། །ངལ་གསོས་བདེ་སྐྱིད་དགའ་སྟོན་མྱོང་ཐོབ་ཤོག །གངས་ཅན་ར་བས་ཡོངས་བསྐོར་སྟོད་སྨད་ཀྱི། །རིགས་ལམ་སྨྲ་བ་གཞན་གྱིས་ཟླ་བྲལ་བ། །ཆོས་གྲགས་རིང་ལུགས་སྣང་བ་འོད་པོ་ཆེས། །ཀུན་ཁྱབ་འདུས་སྡེ་རྟག་ཏུ་དར་བར་ཤོག །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བ་ཡི། །དངོས་བརྒྱུད་བླ་མ་ཡི་དམ་སྲུང་མར་བཅས། །བདེན་ཚིག་གྲུབ་པ་རྣམས་ཀྱི་ནུས་པའི་མཐུས། །སྨོན་ལམ་ཅི་བཏབ་རེ་འབྲས་འགྲུབ་པར་ཤོག །འདི་ལྟ་བུ་ཞིག་དགོས་ཞེས་འཕྱོས་པ་སྐུ་སྐྱེ་བསྟན་འཛིན་རྒྱ་མཚོས་བསྐུལ་བའི་ངོར་(༢༡༠བ)
ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འཇམ་དཔལ་རྡོ་རྗེ་ཙོང་ཁ་པའི། །སྣང་བརྙན་ལྷག་པའི་བསམ་པ་ཡིས། །ལེགས་བསྐྲུན་དགེ་བས་ཚེ་རབས་སུ། །རྗེས་བཟུང་དམ་ཆོས་འཛིན་པར་ཤོག །མོས་ངོར་གདན་གསུམ་ཡོངས་ཚང་བ། །ངག་དབང་བློ་བཟང་རྒྱ་མཚོའི་སྡེས། །སྐྱེ་བ་ཀུན་ཏུ་བཤེས་མཛད་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །ཅེས་རབ་འབྱམས་པ་བློ་བཟང་སྐྱེས་མཆོག་གིས་དད་རྟེན་བཞེངས་པའི་ཁ་བྱང་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་བཀོད། །


previousརྗེ་བཙུན་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མཆོག་དང་རྗེས་སུ་འབྲེལ་བར་བརྟན་བཞུགས་བྱ་ཚུལ་འདོད་པའི་རེ་སྐོང་སོགས།next