Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
སྡོམ་བརྩོན་འཇམ་དབྱངས་གྲགས་པས་ཉམས་ལེན་གྱི་དད་རྟེན་དུ་དགྱེས་མཛད་རྡོ་རྗེ་གཙོ་བོར་གྱུར་པའི་སྐུ་བརྙན་བཞེངས་ཚེ་རྒྱབ་ཡིག་གནང་བ་སོགས།
 
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousསྡོམ་བརྩོན་འཇམ་དབྱངས་གྲགས་པས་ཉམས་ལེན་གྱི་དད་རྟེན་དུ་དགྱེས་མཛད་རྡོ་རྗེ་གཙོ་བོར་གྱུར་པའི་སྐུ་བརྙན་བཞེངས་ཚེ་རྒྱབ་ཡིག་གནང་བ་སོགས།next

སྡོམ་བརྩོན་འཇམ་དབྱངས་གྲགས་པས་ཉམས་ལེན་གྱི་དད་རྟེན་དུ་དགྱེས་མཛད་རྡོ་རྗེ་གཙོ་བོར་གྱུར་པའི་སྐུ་བརྙན་བཞེངས་ཚེ་རྒྱབ་ཡིག་གནང་བ་སོགས།


GLG021_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བརྩོན་འཇམ་དབྱངས་གྲགས་པས་ཉམས་ལེན་གྱི་དད་རྟེན་དུ་དགྱེས་མཛད་རྡོ་རྗེ་གཙོ་བོར་གྱུར་པའི་སྐུ་བརྙན་བཞེངས་ཚེ་རྒྱབ་ཡིག་གནང་བ་སོགས། མཱུ ལོ ཏྟ ར ཏྲྱཱ ས ནི ཀེ ན ས རྦཻ རྶཱ མཱུ ཧ མ ཎྜ ལྱ ས རེ ཤ ཧེ གོཿ རྩ་བའི་བླ་མ་གདན་གསུམ་ཡོངས་ཚང་བ། །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཀྱེ་རྡོ་རྗེར། །ཨོ ད ཡྻ བཻ ཎོ ཏྟ མ ནཱ ས ཀཱུ ལ སྶཽ ཤོ བྷ ར ཏྣེ བ མ ལ པྲ ཤོ བྷཿ ཤར་བ་རྒྱུད་ལྡན་འདྲེན་མཆོག་རིགས་ཀུན་བདག །སྤེལ་ལེགས་རིན་ཆེན་འཕྲེང་ལྟར་རབ་མཛེས་པ། །ལམ་བཟང་ངེས་གསང་ཐེག་(༢༡༡ན)


GLG021_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉིང་ཁུའི་བཅུད། །ཚེ་འདིར་བཅུ་གསུམ་རྡོ་རྗེའི་སར་བགྲོད་པ། །ས་སྐྱའི་བླ་ཆེན་ཁོ་ནའི་ཁྱད་པར་ཆོས། །ཉམས་སུ་བསྟར་ལ་དམིགས་རྟེན་འདི་ཀོ་རྨད། །གྲུབ་ཐོབ་ཡོངས་ཀྱི་འཁོར་སྒྱུར་བིརཱུ་པའི། །རྣལ་འབྱོར་སྤྱོད་པས་མེ་ཏོག་མངའ་ཅན་སྡེ། །རྒྱ་མཚོའི་མཐར་བསྐྲད་མཆོག་ཐུན་དངོས་གྲུབ་ཀྱི། །བྱིན་རླབས་གཟི་བྱིན་ཉི་མ་སྟོང་ལས་འབར། །མནར་མེད་བུད་ཤིང་སྡིག་ཀྱང་མིང་ཙམ་དུ། །གཏོང་ཞིང་བདེ་ཆེན་མཁའ་སྤྱོད་གྲོང་ཁྱེར་ཆེར། །ཟངས་ཐལ་འཁྲིད་བྱེད་རྗེ་བཙུན་རྣལ་འབྱོར་མ། །ནཱ་རོ་ཏ་པའི་སྙན་བརྒྱུད་ཡིད་བཞིན་ནོར། །རྒྱ་མཚོའི་མཐས་གཏུགས་ལུས་ཅན་ཡོད་དོ་ཅོག །ཆོས་རྒྱལ་འཕགས་པའི་འབངས་སུ་དབང་བསྡུས་པ། །རིག་བྱེད་མ་དང་ཚོགས་བདག་འདོད་རྒྱལ་ཞེས། །ཐུན་མོང་བསྒྲུབས་ཞིར་མཆོག་གི་དངོས་གྲུབ་སྟེར། །ཉམས་ལེན་རྟེན་དུ་དགེ་སྦྱོང་འཇམ་གྲགས་པས། །དབང་རྣོན་ཆོས་ཀྱི་རྗེས་འབྲངས་ལེགས་བཞེངས་པའི། །རི་མོ་འདྲེན་བྱེད་བདུད་རྩི་འཕྲུལ་པོ་ཆེ། །ཟུར་རིགས་འཕྲིན་ལས་རྣམ་པར་རྒྱལ་ངེས་སོ། །དངོས་བརྒྱུད་བླ་མར་རྩེ་གཅིག་གསོལ་བཏབ་མཐུས། །གཞི་ལམ་འབྲས་བུར་གྲོལ་བྱེད་དབང་བཞིའི་རྒྱུན། །མ་ནུབ་ཉམས་བླངས་འདུས་གསུམ་འཕྲང་སྒྲོལ་ནས། །ཟུང་འཇུག་ཚེ་འདིར་འགྲུབ་ནུས་སྐལ་ལྡན་ཤོག །བརྟུལ་ཞུགས་སྤྱོད་པའི་ང་རྒྱལ་བརྟན་པོའི་ངང༌། །ཤངས་སྦུག་དྲག་པོར་རབ་སྤུས་འཐོར་རླུང་གིས། །བར་ཆད་བགེགས་རིགས་ཕ་མཐར་ཉེར་བསྐྲད་དེ། །མཆོག་ཐུན་དངོས་གྲུབ་ལག་རྩེར་སོན་པར་ཤོག །ཚེ་འདིར་མ་གྲོལ་དཔའ་མོས་མཁྲིག་མ་ནས། །བཟུང་སྟེ་མངོན་སུམ་ཁྲིད་པའི་སྐལ་དམན་ན། །སྒྱུ་ལུས་འདོར་དུས་རྡོ་རྗེ་བཙུན་མོ་ཡིས། །མཁའ་སྤྱོད་གནས་སུ་བསུས་ནས་རྗེས་འཛིན་ཤོག །བརྟན་གཡོའི་དངོས་ཀུན་འདར་བྱེད་དམར་འོད་ཞགས། །འཕངས་པའི་མོད་ལ་སྲིད་ཞིའི་ལེགས་ཚོགས་རྣམས། །རང་གིར་བྱེད་(༢༡༡བ)


GLG021_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་དབང་གི་ལྷ་གསུམ་གྱིས། །ཐུགས་རྗེའི་བྱིན་ཆེན་མངོན་སུམ་བདག་ལ་ཕོག །བསོད་ནམས་གངས་བརྩེགས་ཏེ་སེའི་གཙུག་ཏོར་ནས། །ཕན་བདེའི་ཆུ་བོ་སྐྱིད་པའི་ལྷུང་ལྷུང་སྒྲ། །མྱང་འདས་མཚོར་བབས་རླངས་ཀྱི་ཆུ་འཛིན་ཆར། །འགྲོ་ཀུན་བྱང་ཆུབ་ལོ་ཏོག་སྨིན་རྒྱུར་བསྔོ། །ཞེས་པ་འདིའང་སྡོམ་བརྩོན་འཇམ་དབྱངས་གྲགས་པས་ཉམས་ལེན་གྱི་དད་རྟེན་དུ་དགྱེས་མཛད་རྡོ་རྗེ་གཙོ་བོར་གྱུར་བའི་སྐུ་བརྙན་བཞེངས་ཚེ་རྒྱབ་ཡིག་དགོས་ཚུལ་ལྟར་སློབ་བཤད་པ་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཤུ ཀླ ཤུ ཀླ ཤྴ ར ཙྩ ནྡྲ ཀོ ཊཱ ས མེ ཤོ བྷ ཤོ བྷ པྲ ཏཻ ལཱ ཀ ག རྦཾ ཧརཿ དཀར་དཀར་སྟོན་ཟླ་བྱེ་བས་བསྒྲུན་མིན་ཞིང༌། །མཛེས་མཛེས་ཐིག་ལེ་མཆོག་མའི་ཁེངས་པ་འཕྲོག །པཽ ན པཽ ན དྷ མ ཏྲི བི ན མི ཏྟྱ ཏྟི ཛཿ ཀཱ ཤ ཀཱ ཤ རྷི ཙཱ ཡུ རྡ ཙི ཉྩ ཀྲི ཀཱ། ཡང་ཡང་ལྟ་བས་མི་ངོམས་མཚན་དཔེ་གཟི། །གསལ་གསལ་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་མ། །སྙན་སྙན་ཡན་ལག་དྲུག་ཅུའི་(༢༡༢ན)


GLG021_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྒྲ། །ཁྲོལ་ཁྲོལ་རྒྱུད་མང་སྟོང་ལས་དྲངས་པ་བཞིན། །ལྷུང་ལྷུང་རྣ་བའི་བཅུད་དུ་བླངས་པའི་ཚེ། །སིམ་སིམ་ཡིད་ལ་ཕན་བདེའི་འདོད་འཇོ་མཁན། །ཡང་ཡང་ལྐོག་གྱུར་ཤེས་བྱའི་ཕ་མཐའ་རྣམས། །ཞིབ་ཞིབ་མ་འདྲེས་འབྱེད་པ་མཁྱེན་པའི་ཚད། །ངལ་ངལ་ཚངས་པས་བཅལ་ཀྱང་མ་རྙེད་དེ། །འབོལ་འབོལ་སྟན་ལ་བསྐལ་པར་གཉིད་དུ་གཡུར། །མཚན་ཐོས་ཙམ་གྱིས་འཆི་བདག་དཔུང་འཇོམས་ཚེ། །ཚེ་དང་ཡེ་ཤེས་སྩོལ་བའི་ལྷ་མོ་གང༌། །གང་ཞིག་ཏིང་འཛིན་བཟླས་བརྗོད་ལྷུར་ལེན་དངོས། །དངོས་གྲུབ་ཐམས་ཅད་ལྷུན་གྱིས་འགྲུབ་མཛད་མ། །རིང་ནས་ཁྱོད་ཞབས་ཞབས་པད་བསྙེན་པའི་བློ། །སྐོམ་པ་ཆུ་འདོད་འདོད་ཅན་ནོར་ལ་བཞིན། །གསོལ་འདེབས་གདུང་ཤུགས་ཤུགས་དྲག་གིས་འབོད་ན། །བརྩེ་ཆེན་ཐུགས་རྗེས་རྗེས་སུ་འཛིན་ལས་ཅི། །ཐང་ཡངས་མཐའ་སྐོར་ཚང་ཚིངའཁྲིགས་པའི་ནགས། །ཁོ་ར་ཁོར་ཡུག་ཁ་བའི་དོ་ར་འདིར། །མཐར་ཐུག་དོན་རྣམས་ཐོས་བསམ་གྱིས་སྒྲུབ་བསྟན། །འཛིན་མཁས་ཚུལ་ལྡན་ཕ་མཐའ་ཡས་ཁེངས་ཤོག །པད་རྩ་ལྟར་དཀར་ག་བུར་དྲི་ངད་ཅན། །རྩེ་གཅིག་རབ་བསྒྲུབས་འབྲས་བུ་དུས་མིན་པར། །ལྔ་པའི་ལམ་དུ་འགྲོ་ལས་ཉེར་བཟློག་སྟེ། །འཆི་མེད་བདུད་རྩིས་སྙིང་བུམ་གང་བར་མཛོད། །མིང་དང་དོན་མཚུངས་བཅོམ་ལྡན་མ་ཁྱོད་ལ། །མོས་གུས་དང་བས་རྩེ་གཅིག་གསོལ་འདེབས་ན། །མེ་ཏོག་ལྟ་བུར་འཇམ་པའི་ཕྱག་བརྐྱང་སྟེ། །མ་ལུས་འགྲོ་འདྲེན་ས་ལ་ཁྲིད་པར་ཤོག །ཅེས་བརྡ་སྤྲོད་གཞུང་བརྒྱ་སྨྲ་བར་སྤོབས་པ་དགེ་བ་(༢༡༢བ)


GLG021_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདར་པ་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བྲིས་སྐུ་གསར་བཞེངས་ཀྱི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་ལེའུ་དང་པོ་དང་གསུམ་པའི་དགོངས་དོན་ལྟར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །མཚན་ཙམ་གྱིས་ཀྱང་ངེས་ལེགས་ལ་བཀོད་པ། །འཇིག་རྟེན་གསུམ་ན་ཡོངས་གྲགས་དཔལ་གྱི་རྒྱལ། །མགོན་པོ་ཐུགས་རྗེ་ཆེན་པོས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །མ་དག་ལོག་ལམ་འཕྱན་ལས་འདྲེན་མཁས་ཤིང༌། །སྲིད་པའི་ཉེས་བརྒྱ་ཟིལ་གནོན་གཟི་བརྗིད་ཅན། །སྙན་པའི་སྒྲ་དབྱངས་རྒྱལ་པོས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །འཛམ་བུ་ཆུ་བོའི་གསེར་སྦྱངས་བཟང་པོའི་འོད། །མུན་ཚོགས་དྲི་མེད་རིན་ཆེན་སྣང་བ་ཅན། །བརྟུལ་ཞུགས་གྲུབ་པའི་མཐུ་ཡིས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །འཁོར་བ་མྱ་ངན་ཚོགས་ལ་འཇིགས་མེད་པ། །མཆོག་གི་མཛད་པའི་དཔལ་གྱི་རྒྱལ་པོ་ཡིས། །སྐྱེ་རྒུ་ཡོངས་ལ་རྗེས་བརྩེས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །བདེན་གཉིས་ཟུང་འཇུག་ཆོས་སྒྲ་འགྲོ་ཀུན་གྱི། །ཐོས་འཛིན་རྒྱན་དུ་ལེགས་བསྒྲགས་རྒྱ་མཚོ་ཆེའི། །གོས་ཅན་དབྱངས་ཀྱིས་འགེངས་དེས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །ཆོས་ཀྱི་རྒྱ་མཚོར་མཆོག་གི་བློ་གྲོས་རླབས། །ཡོལ་མེད་རྣམ་པར་རོལ་པས་གཞན་གྱི་སེམས། །མངོན་པར་མཁྱེན་པའི་རྒྱལ་པོས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །ཐུགས་རྗེ་སྨན་གྱི་དྲི་ཡིས་སྒྲིབ་གཉིས་ནད། །དྲུང་འབྱིན་འགྲོ་བའི་བླ་མ་བཻཌཱུཪྻའི། །མདོག་བཟང་འོད་ཀྱི་རྒྱལ་པོས་རབ་བཏབ་པའི། །སྨོན་ལམ་བདག་སོགས་འགྲོ་ལ་འགྲུབ་བྱིན་རློབས། །སྙིགས་མ་ལྔ་བདོའི་སྐྱེ་(༢༡༣ན)


GLG021_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒུར་བརྩེ་བ་ཆེས། །བདེ་བར་གཤེགས་པ་བདུན་གྱི་སྨོན་ལམ་མདོ། །ཤཱཀྱ་སེང་གེས་ལེགས་གསུངས་དེ་དོན་བཞིན། །མ་རྒན་འགྲོ་དྲུག་ཀུན་གྱིས་འགྲུབ་པར་ཤོག །གྲུ་འཛིན་རི་བོའི་སྤོ་ནས་དུས་དྲུག་ཏུ། །དཀྱུས་རིང་སྤྱན་ཀྱིས་གཟིགས་པ་ལྷུར་མཛད་པའི། །ཕྱག་ན་པད་དཀར་འཆང་དེས་སེམས་ཅན་རྣམས། །མཐོ་རིས་ཐར་པའི་ལམ་དུ་དྲང་བར་གསོལ། །རྡོ་རྗེ་སློབ་དཔོན་ལུས་ལ་རྒྱལ་བ་ཀུན། །ཚང་བའི་རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་འབྲས། །འདི་དང་ཚེ་རབས་གཏན་གྱི་མདུན་མའི་ཚོགས། །འགྲུབ་པའི་སྐལ་བ་བཟང་པོར་བདག་འགྱུར་ཤོག །ཅེས་པ་འདིའང་དྲུང་འཚོ་ངག་དབང་ལྷག་བསམ་གྱིས་སྨན་བླ་བདེ་གཤེགས་བརྒྱད། སྤྱན་རས་གཟིགས། འདྲ་འབག་རྣམས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་བཞིན་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཚེ་མཐའ་ཡས་པའི་མགོན་པོས་རབ་བསྔགས་པ། །བདེར་གཤེགས་ཀུན་ཡུམ་གཙུག་ཏོར་རྣམ་རྒྱལ་མས། །གཤིན་རྗེའི་ལས་མཁན་མེ་ལོང་འཛིན་པའི་ཁུར། །ཉེར་གཏོང་འཆི་མེད་གྲུབ་པས་མཆོག་སྦྱིན་སྩོལ། །སྐྱབས་གསུམ་སྤྱན་སྔར་འདུས་ཚོགས་བདེན་བརྗོད་མཐུས། །སྨྲ་བ་ངག་གི་དབང་ཕྱུག་བློ་གྲོས་གཏེར། །མཁས་བཙུན་བཟང་པོའི་འཕྲིན་(༢༡༣བ)


GLG021_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱ་མཚོའི་མཐར། །ཡོངས་བརྒལ་གདོང་ལྔས་བཏེག་ཁྲིར་གཡོ་མེད་ཤོག །ཡངས་པའི་བློ་དང་སྐྱེ་མང་ཉེར་གོམས་པའི། །བཟང་པོའི་བག་ཆགས་སད་པའི་མུ་ཏིག་ཆར། །གསེར་ལྡན་ཀུན་ཁྱབ་ས་སྐྱོང་མཐུ་སྟོབས་དབང༌། །རྡོ་རྗེའི་གདན་ལ་མི་འགྱུར་བརྟན་པར་ཤོག །བློ་བཟང་གྲགས་སྙན་བསྟན་པའི་གདུགས་དཀར་པོ། །འཛིན་ལ་ལེགས་བྱས་ཕུང་པོ་རབ་སྤུངས་པས། །མི་འཇིགས་སྦྱིན་པའི་དགའ་སྟོན་ཡོངས་འགྱེད་པ། །སྐྱེ་རྒུའི་གཉེན་དུ་གཡུང་དྲུང་ལྟ་བུར་ཤོག །ཀློག་སྤོང་བྱ་བའི་ཆོས་ཀྱི་འཁོར་ལོ་གསུམ། །བསྐོར་བར་རྒྱལ་བས་ཆེས་བསྔགས་ཁྲིམས་ལྡན་སྡེ། །འཇིག་རྟེན་ཀུན་གྱི་བསོད་ནམས་ཞིང་མཆོག་ཏུ། །བྱམས་བསྟན་མ་ཤར་དེ་སྲིད་དར་བར་ཤོག །ཅེས་འདི་ལྟ་བུ་ཞིག་རྩོམས་ཤིག་པར་ཆོས་འཁོར་རྒྱལ་གྱི་གནས་སྲུང་ཆེན་པོས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཞི་ཁྲོ་ཆེ་མཆོག་ངོ་བོར་ཡོངས་འདུས་པའི། །ཕྱག་རྒྱས་བདུད་དཔུང་ཟིལ་གནོན་བཞད་པ་རྩལ། །རྡོ་རྗེ་སློབ་དཔོན་གཟུགས་སུ་ལེགས་ཤར་བ། །སྲིད་པའི་མཐའ་བསྙེག་དཀྱིལ་འཁོར་མགོན་པོར་བཞུགས། །ཐོད་ཕྲེང་རིགས་ལྔ་རང་སྣང་ཤེས་རབ་མར། །སྙོམས་འཇུག་དངས་མའི་བདུད་རྩིས་རྩ་འཁོར་ཀུན། །གཏམས་པས་ཨ་ཧཾ་སྲོག་གི་ཀ་བའི་ཟུངས། །མི་ཤིགས་རྡོ་རྗེའི་ཁམས་སུ་དེང་བྱིན་རློབས། །མ་(༢༡༤ན)


GLG021_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁའ་འགྲོ་ཆོས་སྐྱོང་ནོར་གྱི་ལྷ། །གཏེར་སྲུང་དམ་ཅན་མཐུ་སྟོབས་ལྡན་རྣམས་ཀྱིས། །ནག་ཕྱོགས་རྩ་ལག་ཕམ་པའི་དཀར་པོའི་དར། །ཚངས་པའི་ཡུལ་སར་འཕྱར་བའི་བཀྲ་ཤིས་སྩོལ། །ཞེས་པ་འདིའང་ལྷ་ས་བྱང་གླིང་པ་བློ་བཟང་ལྷུན་གྲུབ་སྤུན་མ་སྲུ་རྣམས་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་རྒྱུན་འཛུགས་ཀྱི་ཆེད་དུ་ཇི་སྲིད་ཀྱི་བར་ཞིང་ཕུལ་ནས་ཞལ་འདོན་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཕྱག་ན་སྣ་ཚོགས་འགྲོ་འདུལ་རྡོ་རྗེའི་མཚོན། །རབ་འབར་ལངྐ་པུ་རིར་སྲིན་པོའི་རྒྱལ། །འཕྲིན་ལས་རིགས་འཛིན་ཀརྨ་གུ་རུ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། །རྒྱལ་ཀུན་འདུས་པ་ཀརྨ་གུ་རུའི་གར། །ཡང་གསང་དྲག་པོར་ཁྲོས་པའི་སྟང་སྟབས་ཀྱིས། །བདུད་བཞིའི་ཞར་ལ་འདྲེ་སྲིན་འབྱུང་པོའི་ཚོགས། །ཕྱེར་འཐག་མངོན་སྤྱོད་ལས་རྣམས་འགྲུབ་བྱིན་རློབས། །ཞེས་པ་འདིའང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དད་རྟེན་བཞེངས་པའི་རྒྱབ་ཡིག་ཤློ་ཀ་རེ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་མཉྫུའོ། །རྡོ་རྗེ་སློབ་དཔོན་གཟུགས་སྐུའི་ཟ་མ་ཏོག །མངོན་སུམ་གདུལ་བྱའི་དོན་དུ་རྟག་བརྟན་ཅིང༌། །བདག་སོགས་བྱང་ཆུབ་ཐོབ་མིན་དགེ་བའི་བཤེས། མཛད་དེ་ཐེག་མཆོག་ལམ་ལ་འགོད་པར་ཤོག །ཅེས་པའང་(༢༡༤བ)


GLG021_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གླིང་སྔགས་རམས་པ་ངག་དབང་ལེགས་ལྡན་གྱིས་ངོར་ཟ་ཧོར་གྱི་བནྡེས་བཀོད། །སྒྲིབ་གསུམ་རྒྱ་གྲོལ་ཡོན་ཏན་ཡོངས་རྫོགས་པར། །རྣམ་འདྲེན་མཐའ་དག་མཉམ་ཡང་སྙིགས་མ་ལྔ། །ཆེར་བདོའི་འགྲོ་འདུལ་ཐུགས་རྗེ་མཐུ་སྟོབས་རྣམས། །གཞན་ལས་ཁྱད་ཞུགས་སྨན་བླ་མཆེད་བདུན་དགོངས། །དོན་ཀུན་གྲུབ་པའི་མཉེན་འཇམ་ལྗགས་རིང་པོའི། །ཚངས་དབྱངས་སྒྲར་དྲངས་བརྒྱད་བརྒྱའི་གྲངས་ལྡན་མདོར། །རབ་དངར་ཚད་མའི་བཀའ་དེ་མི་བསླུ་བའི། །བདེན་གཏམ་ཡིད་ཆེས་གཏན་ཚིགས་གང་གིས་འགོག །དེ་ཕྱིར་བདེ་གཤེགས་མཆེད་བརྒྱད་ལྷ་ཚོགས་རྣམས། །ཆོས་རྗེས་འབྲངས་དང་དྭངས་ཤེལ་རྩིག་ངོས་ལ། །གཟུགས་སྐུ་བཀོད་པའི་ཚོན་རིས་རྣམ་བཀྲ་བ། །མངོན་སུམ་སྨོན་ལམ་དབང་པོར་དེང་བཞུགས་གསོལ། །ཤཱཀྱ་སེང་གེའི་ལུང་རྟོགས་ཆོས་ཀྱི་མཛོད། །སྤྱི་དང་ཁྱད་པར་མཉམ་མེད་བཙོང་ཁ་པའི། །བསྟན་པ་རིན་ཆེན་རྫོགས་ལྡན་ཤར་མིན་པར། །འཇིག་རྟེན་ཀུན་ཁྱབ་བླ་ནས་བླར་འཕེལ་ཤོག །བརྗོད་པ་རྣམ་དག་ངག་ལ་དབང་ཕྱུག་བློ། །བསྐལ་བཟང་འདྲེན་པ་བཞི་པའི་རྒྱ་ཆེན་གཞུང༌། །འཆད་རྩོད་རྩོམ་པར་མཚོ་བྱུང་དབྱངས་ཅན་མགྲིན། །བཞུགས་དེས་སྲིད་མཐར་ཆོས་འཁོར་བསྐོར་དུ་གསོལ། །གངས་ལྗོངས་དང་པོའི་དཔལ་ལྡན་འབྲས་སྤུངས་སྡེར། །རྒྱན་དྲུག་མཆོག་གཉིས་རྗེས་འབྲངས་བཀའ་པོད་ཚོགས། །བཤད་ཉན་ཀློག་པའི་བྱ་བ་དཀར་(༢༡༥ན)


GLG021_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་ཆར། །རབ་འགྲན་མཁས་བཙུན་ཀུནྡའི་ཚལ་བཞད་ཤོག །སྡུག་བསྔལ་མང་བརྩེགས་ངན་སོང་གསུམ་གྱི་འགྲོ། །འགྱུར་དང་འདུ་བྱེད་ཀྱིས་མནར་ལྷ་མིའི་རྟེན། །རྒྱུ་དང་མི་རྒྱུའི་མཁའ་མཉམ་ལུས་ཅན་རྣམས། །དཀར་མིན་ལས་ཀྱི་ཟུག་རྔུ་ཞི་བར་ཤོག །གནས་སྐབས་སྒོ་གསུམ་བརྣག་དཀའི་མིང་ཙམ་ཡང༌། །གྲག་མིན་སིམ་པའི་ཚོར་བ་རྟག་མྱོང་ཞིང༌། །མཐོ་རིས་ལམ་ལ་གྱེན་ནས་གྱེན་འཛེགས་ཏེ། །ཐར་པའི་སྒོར་ཞུགས་གཏན་བདེར་ལོངས་སྤྱོད་ཤོག །རྒྱ་ཧོར་བོད་དང་ཁྱད་པར་གངས་ལྗོངས་སུ། །གློ་རྡེག་འཆི་བ་ནད་གདོན་འཁྲུགས་བཀྲེན་སོགས། །དུས་ཀྱི་ཆད་རྒྱུ་ཀུན་འབྱུང་དེས་སྐྱེད་པའི། །སྡུག་བསྔལ་བདེན་ལས་རྣམ་པར་གྲོལ་བར་ཤོག །རིང་འཚོ་འདུ་བ་ཆ་སྙོམས་ལོ་ཏོག་སྦྲུམ། །ཁེ་སྤོགས་འགྲོ་དང་མི་འགྲོའི་བྱ་བ་ཀུན། །རྫོགས་ལྡན་ལྟར་འགྲུབ་དེ་རྒྱུ་དགེ་བ་བཅུའི། །ཁྲིམས་ཀྱི་ར་བར་བག་ཡོད་གནས་པར་ཤོག །སྐྱེ་མང་བརྒྱུད་དང་ཚེ་འདིར་རང་དབང་དུ། །གྱུར་དང་མ་གྱུར་མི་ཟད་སྡིག་པའི་ལས། །བསམ་གྲུབ་རྒྱལ་པོས་བསགས་ཀུན་དགེ་བའི་མཐུས། །ཡོངས་དག་འོད་དཔག་མེད་ཞལ་མཐོང་བར་ཤོག །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་གྱི། །བྱ་འདབས་གྲིབ་མར་ངལ་གསོ་བྱང་གླིང་པ། །མི་ནོར་ལོངས་སྤྱོད་འདི་སྣང་རབ་འཕེལ་ཞིང༌། །རིང་པོར་མི་ཐོགས་ངེས་ལེགས་སར་བགྲོད་ཤོག །ཀུན་ཏུ་བཟང་(༢༡༥བ)


GLG021_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྨོན་ལམ་ཇི་ལྟ་བར། །བསགས་དང་བསག་བཞིན་གསོག་འགྱུར་དགེ་བ་རྣམས། །ལུས་ཅན་མཐའ་དག་བྱང་ཆེན་ཐོབ་པའི་རྒྱུར། །བསྔོས་པའི་འབྲས་བུ་དཀོན་མཆོག་མཐུས་སྨིན་ཤོག །བྱང་གླིང་པ་བློ་བཟང་ལྷུན་གྲུབ་མ་སྲུ་རྣམས་ཀྱིས་དགེ་འཕེལ་རི་ཁྲོད་པ་རྣམས་ལ་ཟླ་གཅིག་གི་བར་ཞབས་ཏོག་དང་དེ་ནས་མཐུན་རྐྱེན་སྦྱར་ཏེ་འཛུགས་རྩིས་ཀྱི་རིང་འཚོའི་ཚིགས་བཅད་ཤློཀ་མ་ཉུངས་ཙམ་དགོས་ཚུལ་བྱུང་བ་སྨོན་ལམ་ཁྱབ་ཆེ་བ་ལེགས་པར་མངོན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །གར་དབང་ཚེ་མཐའ་ཡས་པའི་ཐུགས་རྗེའི་མཐུས། །ནོར་འཛིན་སྐྱོང་བ་བློ་བཟང་སྦྱིན་པ་ཡི། །སྐུ་ཚེ་རྡོ་རྗེ་ལྟ་བུར་རབ་བརྟན་ཞིང༌། །ལེགས་བྱས་དབྱར་མཚོ་ལྟ་བུར་འཕེལ་བར་ཤོག །ཅེས་པ་འདི་ནི་རི་སྒོ་དགེ་འདུན་རབ་བརྟན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །མཚོ་ཟླའི་སྲང་གྲངས་དངུལ་དཀར་པདྨའི་དབྱིབས། །དམ་རྫས་གཏོར་མ་ཕྱུར་བུར་སྤུངས་པའི་སྣོད། །ཕུལ་བས་རེ་འབྲས་མི་མཐུན་ཕྱོགས་ཀུན་ཞི། །རིང་མིན་དཔལ་ཆེན་ཧེ་རུ་ཀ་འགྲུབ་ཤོག །ཅེས་པའང་རི་བོ་ཆོས་གླིང་པ་དམ་ཆོས་དབང་རྒྱལ་དགེ་སྐོས་དུས་པད་སྡེར་ཕུལ་བའི་ཁ་བྱང་ཟ་ཧོར་གྱི་བནྡེས་བཀོད། །(༢༡༦ན)


GLG021_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་དགའ་བའི་བཤེས་གཉེན་གྱི། །འདྲ་འབག་གསེར་ཟངས་ལས་གྲུབ་པ། །ངག་དབང་འཕྲིན་ལས་ལྷག་བསམ་གྱིས། །བཞེངས་འབྲས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་ཟ་ཧོར་གྱི་བནྡེས་བཀོད། །བགྲང་ཡས་བདེ་གཤེགས་རྣམས་ཀྱི་གསང་བའི་མཛོད། །རབ་འཛིན་ཕྱག་གིས་གཟས་པ་རྡོ་རྗེའི་རྭ། །གདེངས་པས་བདུད་བཞི་ལས་རྒྱལ་ཞི་དུལ་གྱིས། །གར་བསྒྱུར་དྲང་སྲོང་ཆེན་པོ་དྲི་མ་མེད། །སྤྲོས་ཀུན་མཚན་རྟོག་དང་བྲལ་ཆོས་དབྱིངས་ནས། །སྡེ་བརྒྱད་གཉེན་པོར་ཁྲོས་པའི་ཞེ་སྡང་གིས། །ལྕགས་སྲེག་རྔམས་པའི་ཤུགས་དྲག་རྡོ་རྗེའི་ཐོག །མི་སྲུན་འབྱུང་པོའི་ཀླད་པ་ཚལ་བརྒྱར་འགེམ། །ལྷ་སྲིན་མདུན་བཀུག་རྒྱ་གྲམ་བརྗིད་ཀྱིས་མནན། །སྲོག་ཡིད་ཉེར་དྲངས་ཧཱུཾ་གི་གདན་དུ་བྱས། །ལྕེ་ཡི་རྭ་གུར་མེ་འབར་བདུད་དཔུང་བསྲེག །སྙིང་དབུས་རིག་རྩལ་ཆོས་སྐུར་ངོ་འཕྲོད་ཤོག །གནས་པ་རྩ་དང་སྲོག་ཡིག་ཉེ་བར་འདྲེན། །གཅོད་པ་རྩེ་དང་མན་ངག་རང་སེམས་སུ། །ཤེས་ནས་གནས་སྐབས་ལས་བཞི་ཀུན་འགྲུབ་ཅིང༌། །རིང་མིན་ཡེ་ཤེས་ཀློང་དུ་གྲོལ་བར་ཤོག །ལྷོ་ཕྱོགས་ཨིནྡྲའི་ནགས་ཚལ་ཉམས་དགའ་བར། །དྲང་སྲོང་ཚུལ་གྱིས་འགྲོ་བ་ལེགས་འདྲེན་ཀྱང༌། །སྣང་སྲིད་དྲེགས་འདུལ་ཁྲོ་བོའི་དབང་པོ་ཡིས། །དེང་ནས་བྱང་ཆུབ་བར་(༢༡༦བ)


GLG021_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྗེས་ཟུང་ཤིག །ཅེས་པ་འདིའང་དབུ་མཛད་ངག་དབང་ཕུན་ཚོགས་ཀྱིས་ཐང་ཁའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཀུན་རྟོག་པིར་གྱིས་རི་མོར་བྲིས་པའི་གཟུགས། །ཕྲ་རགས་རྣམ་པ་ཐམས་ཅད་མཁྱེན་སྤྱན་ངོར། །གཟིགས་ནས་སྨོན་པའི་དབང་པོར་དུས་གསུམ་རྒྱལ། །སྲས་དང་སློབ་མར་བཅས་པ་མཐའ་དག་དགོངས། །འཇམ་དབྱངས་དགྱེས་པས་ངག་ལ་དབང་ཕྱུག་པ། །བློ་ལྡན་མཁས་བཙུན་བཟང་པོའི་ཟློས་གར་ཅན། །རྒྱ་མཚོའི་གོས་ཀྱིས་འཇིག་རྟེན་བཏེག་པའི་བར། །བགྲང་ཡས་འགྲོ་བའི་གཉེན་དུ་བརྟན་པར་ཤོག །བློ་བཟང་གྲགས་སྙན་ཆོས་སྲིད་འབྲེལ་བའི་བསྟན། །གྱེན་དུ་འདེགས་པའི་མཐུ་སྟོབས་ནུས་ལྡན་དང༌། །བདེ་སྐྱིད་སྦྱིན་པའི་སྒོ་འཕར་འབྱེད་མཁས་པ། །མི་དབང་ཟུང་འཇུག་རྡོ་རྗེ་ལྟར་བརྟན་ཤོག །ཐུབ་དབང་གནས་བརྟན་ཆེན་པོ་བཅུ་དྲུག་བཅས། །སྙིགས་མའི་མགོན་པོ་བདེ་བར་གཤེགས་པ་བདུན། །འཆི་མེད་དྲང་སྲོང་བདེན་ཚིག་འགྲུབ་རྣམས་ཀྱིས། །བརྗོད་པ་དོན་དང་ལྡན་པར་བྱིན་གྱིས་རློབས། །དཔའ་བོ་མཁའ་འགྲོ་འདུ་བ་དཀར་མོའི་ལྗོངས། །སྦས་ཡུལ་ཆོས་འཁོར་རྒྱལ་གྱིས་འདུས་པའི་སྡེ། །ཤཱཀྱའི་བསྟན་པ་ཇི་སྲིད་གནས་ཀྱི་བར། །ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་ཤོག །ཅེས་ངེད་རང་དང་སྡེ་པ་(༢༡༧ན)


GLG021_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རིང་འཚོའི་ཚིགས་བཅད་ཆོས་འཁོར་རྒྱལ་སྤྱི་སོ་ནས་བསྐུལ་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །དག་པ་དོན་དམ་མི་ཟད་འཁོར་ལོའི་མཛོད། །ཤེས་རབ་ཕ་རོལ་ཕྱིན་པ་བཞིན་ལག་སྐུར། །ཉེར་བསྟན་བརྒྱ་ཕྲག་གསེར་སྦྱངས་ཞུན་མ་རུ། །ལེགས་བཞེངས་པད་རྩ་ལྟར་དཀར་དགེ་བའི་འབྲས། །མོས་གུས་མཐར་ཕྱིན་སྟག་ལུང་ཐང་པའི་བསྟན། །རབ་འཛིན་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི། །རིམ་གྲོར་ལྷོད་མེད་བློ་བཟང་ངག་གི་དབང༌། །དལ་བརྒྱད་འབྱོར་བཅུའི་རྟེན་བཟང་རྙེད་པར་ཤོག །སྐྱེ་མང་རྒྱུད་ལ་ཉེར་བགོས་ནག་པོའི་དྲི། །ཡུམ་ཆེན་ཐུགས་རྗེའི་ཀླུང་གིས་རབ་བཀྲུས་ནས། །ཐར་པའི་ས་བོན་བསྐྱེད་བསྲིངས་བྱང་ཆུབ་ཀྱི། །ཕུན་ཚོགས་རོ་བརྒྱའི་སྙེ་མར་ལོངས་སྤྱོད་ཤོག །དམན་ལམ་ཞི་བདེ་རང་ཉིད་འཁོར་བ་ལས། །ཡོངས་ཐར་སྲིད་པའི་ཚོར་བ་རྟག་མྱོང་བར། །མ་ཆགས་སྲིད་ཞིའི་མཐའ་ལས་ཉེར་འདས་པ། །རིང་མིན་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ཇི་ལྟར་སྨོན་ལམ་རབ་བཏབ་དཔང་པོ་རུ། །དུས་གསུམ་རྣམ་འདྲེན་སྲས་བཅས་ལ་གསོལ་ན། །དེ་དོན་མངོན་སུམ་འགྲུབ་པར་གྱུར་ཅིག་ཅེས། །དྲུག་ཅུའི་དབྱངས་སྙན་རྣ་བའི་རྒྱན་དུ་མཛོད། །ཅེས་སྟག་ལུང་(༡༡༧བ)


GLG021_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཛོད་དབུ་མ་པ་བློ་བཟང་ངག་དབང་གི་དོན་དུ་རིགས་བརྒྱུད་རྣམས་ཀྱིས་ཡུམ་ཆེན་མོའི་བརྒྱ་ཐང་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །པདྨ་རཱ་གའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱི་གོས་ཀླུབས་པ། །ཚེ་དང་ཡེ་ཤེས་དཔག་ཏུ་མེད། །སྒྲིབ་བྲལ་སྤྱན་གྱིས་དུས་ཀུན་གཟིགས། །བདེ་གཤེགས་ལྗགས་ཀྱི་པདྨ་ལས། །བསྔགས་བརྗོད་རྐང་དྲུག་སྙན་པའི་ཀླུ། །རྣ་བའི་བཅུད་གྱུར་བཅོམ་ལྡན་འདས། །རྣམ་པར་རྒྱལ་མས་དགེ་ལེགས་སྩོལ། །གསལ་བཏབ་གཟུངས་སྔགས་བཟླས་ཙམ་གྱིས། འཆི་བདག་མེ་ལོང་འཛིན་པ་ཡི། །ངལ་བ་གཏོང་བྱེད་འཕགས་མའི་ཞབས། །ཡིད་བཞིན་འཁོར་ལོས་འགྲོ་འདི་སྲུངས། །བརྗོད་པ་རྣམ་དག་སྨྲ་བའི་ངག །དབང་ཕྱུག་བློ་ལྡན་དགའ་སྐྱིད་བ། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་མགོན། །རྡོ་རྗེ་ལྟ་བུར་བརྟན་པར་ཤོག །ཐེག་ཆེན་ཆོས་ཀྱི་མྱུ་གུ་མཆོག །བྱང་ཆུབ་ལམ་གྱི་རིམ་པ་ཡི། །ལུགས་འཛིན་དགེ་འདུན་འདུས་པའི་གླིང༌། །སྲིད་མཐའི་བར་དུ་དར་བར་ཤོག །འཇིག་རྟེན་གསུམ་གྱི་སྐྱེ་རྒུ་རྣམས། །རིང་པོའི་བར་དུ་འཚོ་བའི་ཚེ། །དཔལ་འབྱོར་ལོངས་སྤྱོད་གནོད་སྦྱིན་ལྟར། །ཉམས་སུ་མྱོང་བའི་སྐལ་ལྡན་ཤོག །རྒྱལ་ཀུན་ངོ་(༢༡༨ན)


GLG021_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བོ་བཙོང་ཁ་པའི། །ཆོས་སྲིད་གཉིས་ལྡན་བསྟན་པ་ཡི། །གདུགས་དཀར་གྲིབ་མར་ལུས་ཅན་ཚོགས། །ངལ་སོར་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་རིང་འཚོ་དང་འབྲེལ་བའི་སྨོན་ལམ་ཚིགས་བཅད་འདིའང་འཕྱོས་པ་ནམ་མཁའ་རྒྱ་མཚོས་ལམ་རིམ་པའི་ཚོགས་སུ་འཛུགས་རྩིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །དྷཱི ཀཱ ཤ པ ཎྜི ཏྱ བ ཧུཾ ས ར པྲ སཱུ ཀྵཱི ཥཱ གྲ ཀཱི རྟི དྷྭ ཛ སཻ ཏ བོ དི བཿ བློ་གསལ་མཁས་མང་རྒྱ་མཚོའི་གཙུག་ཏོར་རྩེར། །མཛེས་རྒྱན་གྲགས་པའི་རྒྱལ་མཚན་ཚངས་གནས་ཡུལ། །སཱུ ཙྪཱ ཡ ཀ རྞོ ས ར རཱ ཤུ དྷཱ ར ཙ ཀྲཻ རྨཽ ནྱ ཙཱ ཏུ རྡྭི བ བ རྟྱ ཧོ སྭ མཱི། ལེགས་བསྒྲེངས་སྙན་བརྒྱུད་གསེར་སྦྱངས་རྩིབས་འཁོར་གྱིས། །ཐུབ་བསྟན་གླིང་བཞིར་དབང་སྒྱུར་ཚར་པ་རྗེ། །(༢༡༨བ)


GLG021_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའི་དོན་དུ་བགྲང་ཡས་དཀྱིལ་འཁོར་ཀུན། །སྤྲོ་དང་བསྡུ་བའི་རྡོ་རྗེ་འཆང་དངོས་ཀྱང༌། །ཐུན་མོང་སྣ་ངོར་དཔལ་ལྡན་ཆོས་སྐྱོང་ནས། །ངོ་མཚར་སྐྱེས་རབས་བཅུ་གཉིས་ཚར་དུ་དངར། །གཉིས་མེད་རྒྱུད་རྒྱལ་དགྱེས་མཛད་ཧེ་རུ་ཀ༔། །བསྟན་སྲུང་བྱེ་བའི་སྡེ་དཔོན་རྡོ་རྗེ་གུར། །རབ་དཀར་ཀཱ་ཤིའི་ངོས་ལ་སྒྱུ་མའི་འཕྲུལ། །ལྷ་ལམ་ངོས་སུ་དབང་པོའི་གཞུ་རིས་བཞིན། །མཐོང་བས་རྣམ་གྲོལ་ཐོས་པས་དོན་ལྡན་པ། །བླ་མ་ཡི་དམ་བསྟན་སྲུང་སྣང་བརྙན་ཚོགས། །དབང་རྣོན་ཆོས་རྗེས་འབྲངས་པའི་དད་པ་ཡིས། །བསོད་ནམས་ཉེར་བྱས་ལྗིད་ཀྱིས་ཀུན་བཟོད་རྡུལ། །འབྲས་བུ་དེང་ནས་སྲིད་བར་རྣམ་ཐོས་བུའི། །ཡོན་ཏན་ཀུན་ལ་མཉམ་པར་ལོངས་སྤྱོད་ཅིང༌། །རིང་མིན་མདུད་པ་གསུམ་གྱི་འཕྲང་གེགས་ལས། །ཡོངས་བསྒྲལ་བཅུ་གསུམ་རྡོ་རྗེའི་ས་བརྙེས་ཤོག །དེ་མ་གྱུར་ཀུན་རྣམ་དག་དགེ་བའི་བཤེས། །དམ་པའི་མགོན་གྱིས་གཅེས་པར་ལེགས་བསྐྱངས་ནས། །ཚད་མ་བཞི་ལྡན་སྙན་བརྒྱུད་སློབ་བཤད་ཀྱི། །སྨིན་གྲོལ་བདུད་རྩིས་ཅི་དགར་མྱོས་པར་ཤོག །མདོར་ན་འདི་ཕྱི་བར་དོའི་གནས་རྣམས་སུ། །མགོན་ཁྱོད་ཐུགས་རྗེའི་ཉི་མ་སྙིང་དབུས་སུ། །ཤར་ནས་ཕན་བདེའི་སྣང་བ་འོད་པོ་ཆེའི། །བཀྲ་ཤིས་དཔལ་གྱིས་རྟག་ཏུ་ཁྱབ་པར་ཤོག །(༢༡༩ན)


GLG021_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ག མྨཱུ ཁ ཏཱ རྟྱཱ ས ན ས རྦ པ ནྣ སཱ དྭཱ གི ནྡྲ དྷཱི པྲོ ཏྤ ཊུ ཀེ སུ ཀ རྨ ཀཻཿ འགྲོ་ངོར་གདན་གསུམ་ཀུན་ཚང་ངག་དབང་བློ། །རབ་ཡངས་མཁས་བཙུན་བཟང་པོའི་འཕྲིན་ལས་ཀྱི། །སཱ རཱ ནྟ བི ཥྤྲ ཧྨ ཎ ཧ ངྶ ཤུ ཀླ ཧཱ ས ྈྐ ནྛ ཛ སྱཱ བྷ ཡ བ ཛྲ སེ ན ཏཱ། །རྒྱ་མཚོའི་མཐར་ཁྱབ་ཚངས་སྲས་ངང་མོ་དཀར། །བཞད་པའི་མགྲིན་ཁྲོལ་འཇིགས་མེད་རྡོ་རྗེའི་སྡེར། །སྒྲོ་བཏགས་མིང་སྙན་ཡང་སྲིད་བཻཌཱུརྱའི། །འཕྲེང་བ་ཚིག་གི་སྲད་བུར་ཉེར་བརྒྱུས་པ། །མཁས་གྲུབ་ཆོས་རྒྱལ་སྣང་བརྙན་ཚར་དངར་བ། །ལེགས་བྱས་མགྲོན་དེ་རིང་ནས་བསུ་བ་བཞིན། །དགྲ་བོའི་སྲོག་ལ་མི་བཟད་ཧ་ལའི་དུག །རྣལ་འབྱོར་ལས་རྣམས་སྒྲུབ་ལ་ཡིད་བཞིན་ནོར། །འདོད་ལྷའི་སྙིང་ལ་བྲོ་བརྡུང་སྟོབས་འཕྲོག་དབང༌། །གཉན་ཞིང་མྱུར་ལ་གྲགས་པ་དོན་ལྡན་ཅན།(༢༡༩བ)


GLG021_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

།དམ་ཚིག་མཚོ་ལ་ཡེ་ཤེས་སེམས་དཔའི་ཆར། །རོ་གཅིག་སྐལ་བར་མི་དབྱེར་ཏིཥྛནྟུ། །བརྒྱ་ཕྲག་མེ་ཏོག་འཐོར་ཚེ་ལྷ་རྣམས་ཀྱི། །མགྲིན་པའི་ལམ་ལས་བཀྲ་ཤིས་གླུ་དབྱངས་ལེན། །ལེགས་བྱས་མཐུ་ཡིས་དེང་ནས་བྱང་ཆུབ་བར། །རྡོ་རྗེའི་སློབ་དཔོན་གཙུག་ཏུ་མི་འབྲལ་བར། །ཁས་བླངས་ཇི་བཞིན་བརྩེ་བས་རྗེས་བཟུང་སྟེ། །མཐར་ཐུག་དོན་རྣམས་འགྲུབ་པར་བདག་བྱིན་རློབས། །མཻ ཏྲཻ རྡ ཡེ ན སྭ པ རཾ ས མོ མ ཧཱ ས ཏྭོ ག །བི ཏྶི དྡྷ མ ཏི ཛྙ བཻ ཙ རཿ བྱམས་བརྩེས་བདག་གཞན་མཉམ་པའི་སེམས་དཔའ་ཆེ། །ངག་དབང་བློ་གྲོས་ཡོངས་གྲུབ་མཁྱེན་དཔྱོད་ཅན། །ཀཱ རུ ཎྱ པུ ཎྱཱ དི ཤ བྷཱ བ བྷཱ ཥ སཱ དྷཻ ཤྴཱ ས ན དྷྭཱ ཛི ཀ ད ཀྵ གོ དྷ རཿ། མཐའ་ཡས་བསོད་ནམས་ཞིང་གྱུར་བཤད་སྒྲུབ་ཀྱི། །ཐུབ་བསྟན་རྒྱལ་མཚན་བསྒྲེང་མཁས་རྡོ་རྗེ་འཛིན། །(༢༢༠ན)


GLG021_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་རྒྱ་མཚོའི་དེད་དཔོན་མཚམས་སྤྲིན་གོས། །ཉེར་ཀླུབས་མི་འཇིགས་བཞི་ལྡན་ཐོབ་མིན་བར། །འཁྲིད་མཛད་ས་མཁན་བསླུ་མེད་གཏན་གྱི་སྐྱབས། །ཟླ་བས་ཡོངས་ལྷག་དམ་པ་བཅུ་ཕྲག་གཅིག །བདེ་ཆེན་མཁའ་ལ་སྤྱོད་པའི་ཕོ་བྲང་དུ། །བཅུ་དྲུག་ལང་ཚོར་དར་བའི་རྗེ་བཙུན་མ། །ཟླ་ཞུན་ཁུ་བས་ལན་བརྒྱར་བྱུགས་པས་ཀྱང༌། །མཚོན་མིན་མིག་གི་བདུད་རྩི་ཚེ་སྦྱིན་ལྷ། །ཁྲག་དྲོན་རྔུབས་པས་མ་ཚིམ་དགྲ་བོའི་སྙིང༌། །རྗེན་པར་ཟ་བ་བེག་ཙེ་ལྕམ་དྲལ་དང༌། །དམ་ཅན་ཁྱུང་ལུང་མཐུ་སྟོབས་རྫུ་འཕྲུལ་གྱིས། །ས་གསུམ་ཅིག་ཅར་འགེམས་ལ་རིངས་པ་བཞིན། །འབད་པའི་ལེགས་བྱས་སློབ་བུ་མཆོག་རྣམས་ལ། །གཅེས་པར་གདམས་པ་ཚད་མ་བཞི་ལྡན་ཆོས། །སྟོན་པས་སྐྱེ་བར་ཡོངས་འཛིན་སྤང་རྟོགས་ཀྱི། །ཡོན་ཏན་དབྱར་མཚོ་ལྟ་བུར་འཕེལ་བར་ཤོག །འཇའ་ལུས་འགྲུབ་དང་རྡོ་རྗེ་བཙུན་མོ་ཡི། །མངོན་སུམ་རྗེས་འཛིན་སྐལ་བཟང་མ་ཐོབ་ན། །སྒྱུ་མའི་སྐྱེས་ཆེན་འདེགས་དུས་རྗེ་བཙུན་མས། །སྐར་མདའ་འཕངས་ལྟར་མཁའ་སྤྱོད་གནས་འདྲེན་ཤོག །འདི་སྣང་ཚེ་དཔལ་སྟོབས་འབྱོར་ལ་འཁུ་ཞིང༌། །དམ་ཆོས་བསྒྲུབ་པའི་བར་གཅོད་དགྲ་དང་བགེགས། །བསྟན་སྲུང་དབང་པོའི་ཚོགས་ཀྱིས་རྐན་སྒྲར་བཅས། །ཆེམ་ཆེམ་ཟ་སོགས་ལས་བཞི་བསྒྲུབ་པར་ཤོག །(༢༢༠བ)


GLG021_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཨི ནྡྲ ཙཱ པེ རུ ཕ ཀྵཱ ར སི དྡྷཱ མྲྀ ཏོ ཌཱ ཀི ནཱི ནྡྲཱ མ ནོ དྷཱ མ ཧཱ གྲཱ མ ཀཱ །འཇའ་ལུས་འཕོ་བ་ཆེ་འགྲུབ་ཐོད་ཕྲེང་རྩལ། །མཁའ་འགྲོའི་དབང་མོ་ཡིད་འཛིན་མཁར་ཆེན་བཟའ། །ག མྦྷི རཱ རྠེ ཎ དྷ རྨ སྱ མཱུ ཁོ དྒྷ ཊ དྭི ཐྱ བཱ དྱཱ ཛྙ ནི དྷྱེ མ མཱ ཧཱ རྦྷི ཀཿ། ཟབ་དོན་ཆོས་ཀྱི་སྒོ་འབྱེད་རྣམ་གཉིས་སོགས། །བཀའ་གཏེར་བརྒྱུད་པ་ངོ་མཚར་འཕྲུལ་པོ་ཆེ། །རྡོ་རྗེ་དྲག་རྩལ་ཞི་ཁྲོ་ཀུན་འདུས་ལྷ། །ངེས་གསང་བསྟན་པ་བསྲུང་བ་རལ་གཅིག་མ། །བོད་སྐྱོང་རྒྱལ་པོའི་སྐུ་ལྷ་དྲི་ཟའི་རྒྱལ། །རྩ་གསུམ་ཡོངས་འདུས་ཤེལ་ལ་ཚོན་བརྒྱ་བཞིན། །འབོད་སྒྲོགས་མགོན་པོའི་གར་དུ་རྔ་ཡབ་གླིང༌། །དངོས་བཞུགས་བོད་ཡུལ་འགྲོ་ལ་དགྱེས་པའི་སྤྱན། །གཡེལ་བ་མེད་ཀྱང་ལྷག་པར་གསོལ་འདེབས་བུར། །ཐུགས་རྗེའི་བྱིན་དབབ་མཆོག་ཐུན་དངོས་གྲུབ་སྩོལ། །རིགས་འཛིན་བརྒྱུད་པའི་ཐུགས་རྗེ་མཁའ་གླང་འཁྲིག །སྒྲུབ་སྡེ་(༢༢༡ན)


GLG021_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་དངོས་གྲུབ་ཆར་དུ་བསྙིལ། །དམ་ཅན་འཕྲིན་ལས་སྙེ་མ་གཡུར་ཟ་བས། །བསམ་དོན་ལྷུན་གྱིས་ཡོངས་འགྲུབ་བཀྲ་ཤིས་ཤོག །བྱང་པ་རིགས་ལྡན་རིམ་བྱོན་གྱི་མདུན་ན་འདོན་ངག་རིག་པ་འདར་བའི་བརྒྱུད་ལས་པཱ་ཎི་ཀ་ཙན་དབྱངས་ཅན་མ་སྟེ་བརྡའ་སྤྲོད་བཞི། སྡེབ་སྦྱོར་སྙན་ཚིག་རྩིས་དཀར་ནག་སོགས་རིག་གནས་མང་པོར་བློ་གྲོས་ཀྱི་སྣང་བ་དཀར་བའི་ལོ་ཆེན་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་གོང་གསལ་ཐང་ཁ་གྲ་ཚར་གསུམ་དང་ཨྱོན་ཆེན་པོའི་ཐང་ཁ་ཆུང་བ་ཞིག་བཅས་བཞེངས་པའི་རྒྱབ་ཡིག་སྤྱི་དང་བྱེ་བྲག་ཏུ་སྐྱེ་བར་རྗེས་འཛིན་དང་མེ་ཏོག་བརྒྱ་ཚར་དགོས་ཚུལ་ལྟར་རིག་བྱེད་པ་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབངདགེ་ལེགས་ཀྱིས་བགྱིས་པ་སརྦཛཱ་མངྒ་ལེ་བྷ་ཝནྟུ། །རྒྱལ་བ་འོད་དཔག་མེད་པ་འགྲོ་ཀུན་སྐྱབས། །སྐྱབས་བཟུང་འཆི་མེད་མཆོག་སྦྱིན་རྣམ་པར་རྒྱལ། །རྒྱལ་ཡུམ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཞབས། །ཞབས་པད་གཙུག་བསྟེན་འདོད་པའི་འབྲས་ཀུན་སྩོལ། །གསལ་གསལ་མཁའ་ལ་སངས་རྒྱས་སྲས་སློབ་རྣམས། །ཡང་ཡང་བདེན་ཚིག་བརྗོད་པའི་དཔང་པོ་རུ། །དུང་དུང་དང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །འཛུམ་འཛུམ་ཞལ་ཁྱིམ་བསྟན་ནས་སྤྱོན་ཞིག་གུ། །དུས་གསུམ་རྒྱལ་ཀུན་ཀུན་མཁྱེན་བཙོང་ཁ་པའི། །རྒྱ་ཆེན་གསུང་རབ་རབ་ཏུ་འབྱམས་ཀླས་པ། །མང་དུ་ལེགས་ཐོས་ཐོས་དོན་བསམ་བསྒོམ་བསྟན། །ཁམས་(༢༢༡བ)


GLG021_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་ལུས་ལུས་མེད་དར་བ་ཤོག །ངག་གི་དབང་པོ་དབང་ཕྱུག་བརྒྱད་ལྡན་ལྷས། །རྗེས་བཟུང་བློ་གྲོས་བློ་གསལ་ཀུན་དགའི་དཔྱིད། །སྐལ་བཟང་དགའ་སྐྱེད་དགའ་སྟོན་རྒྱ་མཚོའི་མཐར། །སྤེལ་མཛད་སྲིད་འདིར་སྲིད་ཞིའི་མགོན་དུ་བཞུགས། །ཡིད་སྲུབས་ཚོགས་ཀྱིས་མཚོན་ཆར་ཕབ་ཀྱང་ཡིད། །འཕམ་བྱེད་མཆོག་གསུམ་ཐུགས་རྗེས་བདུད་སྡེ་འཕམ། །སྲ་བརྟན་མི་འགྱུར་རྡོ་རྗེའི་ཁྲི་འཕང་ས། །གྲུབ་ནུས་སྨོན་ལམ་ཅི་བཏབ་ལྷུན་གྱིས་གྲུབ། །དགའ་བ་བརྒྱ་པ་ལ་སོགས་གཙུག་གི་རྒྱན། །དགའ་བའི་དཔལ་ལྡན་ཐུབ་པའི་གསུང་རབ་ལ། །དགའ་འགུར་སྤྱོད་པ་ཁྲིམས་ལྡན་འདུས་གླིང་གི །དགའ་སྟོན་སྲིད་མཐའི་བར་དུ་རྒྱས་པར་ཤོག །རྣམ་གསུམ་ཆོས་ཀྱི་འཁོར་ལོ་དང་པོའི་དོན། །རྣམ་དག་ཁྲིམས་ལས་ཉེར་སྦྱོར་མཁན་པོ་དང༌། །རྣམ་མཁྱེན་ཡེ་ཤེས་མཆོག་དེ་ཐོབ་མིན་བར། །རྣམ་པ་ཀུན་ཏུ་འབྲལ་མེད་བཀྲ་ཤིས་ཤོག །ཅེས་རྗེས་འཛིན་དང་རིང་འཚོའི་ཚིགས་བཅད་སྨོན་ལམ་དང་བཅས་པ་འདིའང་རྣམ་སྲས་གླིང་པ་བསླབ་གསུམ་རྒྱ་མཚོས་དོལ་གསུང་རབ་གླིང་དུ་འཛུགས་རྩིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ངེས་པའི་དོན་དུ་དྲིན་ཅན་བླ་མ་མཆོག །དཔལ་ལྡན་རྒྱལ་བ་ཡོངས་ཀྱི་གསང་བའི་མཛོད། །འཛིན་མཛད་དྲང་སྲོང་ཆེན་པོ་དྲི་མ་མེད། །གཏུམ་དྲག་ཞེ་སྡང་རྡོ་རྗེའི་རྣམ་རོལ་བ། །དེང་ནས་ཀུན་བཟང་གོ་འཕང་མ་ཐོབ་བར། །(༢༢༢ན)


GLG021_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་ཟེའུ་འབྲུར་འབྲལ་མེད་རྟག་བཞུགས་ཏེ། །མི་བཟད་མཐུ་སྟོབས་འབར་བའི་རྫུ་འཕྲུལ་གྱིས། །བདུད་བཞིའི་གཡུལ་ལས་རྒྱལ་བར་བྱིན་གྱིས་རློབས། །ལག་ན་རྡོ་རྗེའི་བསྐྱེད་རྫོགས་གྲུ་རྫིངས་ལ། །བརྟེན་ནས་འགྲོ་རྣམས་སྲིད་ཞི་ཆུ་གཏེར་མཐར། །སྒྲོལ་ལ་ཆོས་རྒྱལ་མྱ་ངན་མེད་པ་དང༌། །མཚུངས་པའི་སྙིང་སྟོབས་བླ་ནས་བླར་འཕེལ་ཤོག །ཅེས་བླ་མ་དང་ཡི་དམ་དབྱེ་བ་མེད་པར་གསོལ་བ་འདེབས་པ་ཞིག་དགོས་ཞེས་བྲག་སྡོང་སྔགས་རམས་པ་བློ་བཟང་ཚེ་དབང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རྩེས་ཐང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རིག་དང་གྲོལ་བའི་དཔལ་ལྡན་དགེ་འདུན་ཚོགས། །གཙུག་ན་ངེས་པར་ཐམས་ཅད་མཁྱེན་པ་རུ། །ལྷུན་གྱིས་གྲུབ་པ་བསླུ་བ་མེད་པའི་སྐྱབས། །མ་སྨད་ཐུགས་རྗེའི་ལྕགས་ཀྱུས་བདག་བཟུང་ཞིག །སྐྱེ་བར་དགེ་ལེགས་གངས་ཅན་རི་བོ་ལ། །གཅིག་ཏུ་འདུན་པས་མཁས་གྲུབ་རྣམ་དཔྱོད་ཀྱི། །གངྒཱ་ཐུབ་བསྟན་རྒྱ་མཚོར་རྟག་འབབ་པ། །དབྱངས་ཅན་བཞད་པའི་རྡོ་རྗེས་བདག་རྗེས་བཟུང༌། །ཆེན་པོ་ཧོར་དང་བོད་འབངས་སྐྱེ་རྒུ་ཡི། །བསོད་ནམས་བྱེ་བའི་ཞིང་གྱུར་འཕྲིན་ལས་ཀྱིས། །རྒྱ་མཚོའི་མཐའ་ཀླས་ནོར་འཛིན་ཀུན་ཁྱབ་པའི། །མཁྱེན་བརྩེ་ནུས་བྱིན་སྙིང་ལ་རྟག་བཞུགས་མཛོད། །མཐའ་ཡས་ཡོན་ཏན་མཁའ་ལྟར་རྒྱ་ཆེ་(༢༢༢བ)


GLG021_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །མཚོ་ལྟར་གཏིང་ཟབ་བདེ་ཆེན་ཆོས་ཀྱི་རྒྱལ། །ལྷར་བཅས་ལུས་ཅན་ཀུན་གྱི་སྐྱབས་གཅིག་པུ། །བྱང་ཆུབ་ཐོབ་མིན་དེ་སྲིད་མགོན་མཛོད་ཅིག །གསུང་ངག་ཆད་མེད་དབང་གི་ཆུ་རྒྱུན་གྱིས། །རབ་སྨིན་བློ་གྲོས་ལམ་བཟང་ཟབ་རྒྱ་ཆེ། །མཚོ་ལྟར་གཏིང་དཔོག་མི་མངོན་བརྒལ་བ་ལ། །འཇིགས་མེད་ཐོས་བསམ་སྒོམ་པའི་གོ་ཆ་ཅན། །སྒྲིབ་གཉིས་དགྲ་ཚོགས་ཉེར་ཐུབ་ཟས་གཙང་སྲས། །བསྟན་པ་རིན་ཆེན་འཆད་རྩོད་རྩོམ་གསུམ་གྱིས། །ལུང་རྟོགས་ལང་ཚོ་དར་ལ་བབས་པའི་སྡེའི། །གཟུགས་བརྙན་མོས་རྟེན་ཤེལ་ལ་ཚོན་རིས་བཞིན། །རབ་དཀར་འདབ་སྟོང་ཡོངས་བཞད་ཟེའུ་འབྲུ་ལ། །ལག་རྗེས་རི་མོ་རྣམ་བཀྲ་བྷྲ་མ་ར། །དངོས་གྲུབ་ཆེས་དངར་སྦྲང་རྩིའི་བཅུད་ཀྱི་རོ། །མྱང་བའི་སྐལ་བ་བཟང་པོར་འགྱུར་བར་ཤོག །རང་རིག་བླ་མའི་ངོ་བོར་ཐག་ཆོད་ནས། །རང་གཞན་དོན་གཉིས་སྒྲུབ་ནུས་རྡོ་རྗེ་སེམས། །རང་ཞལ་མངོན་དུ་མ་གྱུར་དེ་སྲིད་བར། །རང་དང་ནམ་ཡང་འདུ་འབྲལ་མེད་པར་ཤོག །འབད་པས་བསོད་ནམས་བསགས་པ་བཟང་པོའི་ལས། །ལས་དཀར་རྣམ་སྨིན་མ་གྱུར་སེམས་ཅན་ཚོགས། །ཚོགས་གཉིས་རྫོགས་པའི་ཆེད་དུ་ཡོངས་བསྔོས་འབྲས། །འབྲས་བུ་ཡོངས་དུད་རོ་བདའ་མྱོང་བར་ཤོག །ཅེས་པ་འདིའང་ལྷ་ས་བ་ངག་དབང་དཀོན་མཆོག་གི་བྲིས་ཐང་ལྔ་ཚར་བཞེངས་པའི་སྨོན་ལམ་དུ་ལག་རྗེས་འཁྲུལ་མེད་དང་སྐྱེ་བར་འབྲལ་མེད་ཀྱི་ཚིག་སྦྱོར་དགོས་ཚུལ་ལྟར་ཟ་ཧོར་(༢༢༣ན)


GLG021_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །མར་གད་ལྷུན་པོའི་མཛེས་པ་ཡོངས་འཕྲོག །རྒྱལ་ཡུམ་འཕགས་མའི་སྣང་བརྙན་འདི་ལ། །མེ་ཏོག་བརྒྱ་རྩའི་ཤིས་པ་བརྗོད་མཐུས། །འཇིགས་པ་བརྒྱད་ལས་མྱུར་དུ་སྐྱོབས་ཤིག །སྤེལ་ལེགས་མེ་ཏོག་བརྒྱ་རྩའི་འཕྲེང་མཛེས་པ། །མྱུར་མཛད་ཡེ་ཤེས་མགོན་པོའི་ཟློས་གར་གྱིས། །དགྲ་བགེགས་ཡོངས་ཞི་བར་དོའི་འཇིགས་སྐྱབས་ནས། །ཡང་སྲིད་ཕྱི་མར་གྲུ་འཛིན་ཞིང་བགྲོད་ཤོག །སྲིད་གསུམ་དབང་སྒྱུར་དཔལ་ལྡན་ནམ་གྲུ་མའི། །སྣང་བརྙན་ཤིས་བརྗོད་བརྒྱ་ཕྲག་གིས་སྤུད་པ། །འབྲས་བུ་འཕྲིན་ལས་རྣམ་བཞིའི་དཔལ་ཡོན་ཀུན། །འབད་སྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདིའང་ཕོ་བྲང་གེ་ར་བ་བློ་བཟང་མཁྱེན་བརྩེས་གོང་གསལ་གསུམ་གྱི་བྲིས་སྐུ་བཞེངས་པར་ཐོར་ནས་བརྒྱ་རྩ་ཡོད་ཚུལ་དགོས་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རྩེས་ཐང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །དཀོན་ཅོག་རིན་ཆེན་རྣམ་གསུམ་ཐུགས་རྗེའི་མཐུས། །འདིར་སྣང་འགལ་རྐྱེན་བར་གཅོད་མ་ལུས་ཞི། །ཚེ་དཔལ་སྟོབས་འབྱོར་ལུང་རྟོགས་ཡོན་ཏན་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བར་བྱིན་གྱིས་རློབས། །ཉིང་མཚམས་སྦྱར་ཚེ་འོད་དཔག་མེད་མགོན་གྱི། །ཡེ་ཤེས་ལྕགས་ཀྱུས་བདེ་བ་ཅན་ཞིང་དུ། །ཉེར་དྲངས་པདྨའི་སྦུབས་(༢༢༣བ)


GLG021_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫུས་སྐྱེས་ཏེ། །ས་ལམ་ཡོན་ཏན་མཐའ་དག་ལྷུན་གྲུབ་ཤོག །དཔོན་པོ་ཚེ་རིང་ཀྱི་ཁ་ཏོན་དུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རས་དཀར་ཟླ་བའི་དཀྱིལ་འཁོར་ཉ་གང་ངོས། །དངོས་བརྒྱུད་བླ་མའི་སྣང་བརྙན་རི་དྭགས་གཟུགས། །བྱིན་རླབས་ག་བུར་ཟེགས་མས་སྒྲིབ་གཉིས་དང༌། །བསྐྱེད་འབྲས་ཚ་གདུང་གཞིལ་བའི་ཆོ་ག་མཁན། །དགེ་སྡིག་གཟུགས་བརྙན་མ་འདྲེས་སོ་སོ་རུ། །དབྱེ་བའི་བསོད་ནམས་ཉེར་བྱས་དགའ་བྱེད་ལྷས། །རྣམ་སྨིན་ཆེས་གནག་ལངྐའི་མགྲིན་བཅད་དེ། །གཏན་བདེའི་སཱི་ཏཱར་རྟག་ཏུ་རྩེ་འཇོར་ཤོག །རྫོགས་ལྡན་སྐྱེ་རྒུ་ཇི་བཞིན་རིང་པོར་འཚོ། །དབང་ཐང་ཉ་ཕྱིས་ཁོག་པ་ཡངས་པའི་ནང༌། །སྟོབས་འབྱོར་མུ་ཏིག་ཕྱུར་བུར་ཡོངས་སྤུངས་ནས། །རེ་འབྲས་གྲགས་པ་དོན་དང་ལྡན་པར་ཤོག །ཅེས་སྒྱིད་ཐང་ནོར་བུས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་བཞེངས་པའི་གཙོ་ཐང་གི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །མདོ་ཁམས་སྒང་གསུམ་རབ་ཡངས་ས་ཆེན་པོར། །རྒྱལ་བའི་དབང་པོ་ཀུན་མཁྱེན་བཙོང་ཁ་པའི། །ཆོས་དང་སྲིད་ཀྱི་བསྟན་པས་ལེགས་ཁྱབ་ནས། །འགྲོ་རྣམས་མ་ལུས་བདེ་ཞིང་སྐྱིད་པར་ཤོག །མགོན་དེའི་གསུང་རབ་ལུང་གི་ཆར་ཆེན་པོས། །འགྲོ་རྒྱུད་རྟོགས་པའི་སྙེ་མ་བསྐྱེད་བསྲིངས་པ། །(༢༢༤ན)


GLG021_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་བསམ་སྒོམ་གསུམ་ཉི་མས་སྨིན་བྱེད་མཁན། །ངག་དབང་བློ་བཟང་རྒྱ་མཚོ་བརྟན་གྱུར་ཅིག །འཐབ་རྩོད་དབུལ་ཕོངས་དུས་ཀྱི་ཆད་པ་ཞི། །ལོ་ཏོག་སྦྲུམ་ཞིང་ཚོང་རྣམས་ཁེ་སྤོགས་ཐོན། །ཚེ་དང་བསོད་ནམས་འདོད་དགུ་ལྷུན་གྲུབ་སྟེ། །བདེ་སྐྱིད་དཔལ་གྱིས་ས་སྟེང་ཁྱབ་པར་ཤོག །ཅེས་པ་འདིའང་མདོ་གཞིས་སྡོད་བློ་བཟང་དབང་ཕྱུག་དང་ལོང་པོ་ང་ཕོད་ཨ་བོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྭསྟི་སིདྡྷཾ། དོན་ཀུན་གྲུབ་སོགས་དུས་གསུམ་སངས་རྒྱས་སྲས། །སློབ་མར་བཅས་པ་དཀོན་མཆོག་ཐུགས་རྗེའི་དཔུང༌། །ལྷ་དང་དྲང་སྲོང་བདེན་ཚིག་དམོད་པའི་མཐུས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །རིན་ཆེན་བསོད་ནམས་མཆོག་གྲུབ་བཤེས་གཉེན་ཆེར། །ཚེ་མཐའ་ཡས་དང་ཡིད་བཞིན་འཁོར་ལོ་ཡིས། །དབང་བསྐུར་གཡུང་དྲུང་སྲོག་ཏུ་ལྷུན་གྲུབ་པས། །རབ་བརྟན་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །གུར་མགོན་ལེགས་ལྡན་གདོང་བཞི་རྣམ་ཐོས་སྲས། །དམག་ཟོར་རྒྱལ་མོ་རྡོ་རྗེ་རབ་བརྟན་མ། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་སྲུང་མ་ཡིས། །འདོད་པའི་རེ་འབྲས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་མཁན་ཆེན་ཁྱབ་བདག་ཞ་ལུ་པ་ཆེན་པོ་ཞབས་པད་བརྟན་པའི་བདེན་པའི་ཚིག་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་རིག་པ་བསམ་(༢༢༤བ)


GLG021_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཕུན་ཚོགས་དབང་པོའོ། །བསྐལ་བཟང་འདྲེན་པ་བཞིན་པ་ཤཱཀྱའི་ཏོག །སྣང་བརྙན་བརྒྱ་ཕྲག་བཅུས་བསྒྱུར་གསེར་ཞུན་ལས། །ལེགས་གྲུབ་འདི་ཕྱིར་སིམ་པའི་བྱེད་པོ་རུ། །རབ་བསྐྲུན་འབྲས་བུ་ལྷུན་གྱིས་འགྲུབ་བྱིན་རློབས། །མཛོད་སྤུ་ནས་འཕྲོས་འོད་ཀྱི་སྣང་བ་ཡིས། །བདག་བློ་འདབ་སྟོང་བཞད་པའི་ཟེའུ་འབྲུ་ལས། །ཉེར་འཛག་ཕན་བདེའི་སྦྲང་རྩིར་ཡང་སྲིད་ཀུན། །ལོངས་སྤྱོད་བཟང་པོའི་སྐལ་པ་ལྡན་པར་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས། །རྟག་ཏུ་ཐོས་བསམ་སྒོམ་པ་ལྷུར་བླངས་ཏེ། །འགྲོ་བ་ཀུན་འདྲེན་དེད་དཔོན་ཆེན་པོ་རུ། །འགྱུར་ཕྱིར་དགེ་ཚོགས་བསྔོས་འབྲས་ཟད་མེད་ཤོག །ཅེས་ལྷ་ས་བ་ངག་དབང་མཁས་བཙུན་གྱི་སྐྱཻ་རྟགས་དང་ལྷག་པའི་ལྷར་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་སྟོང་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །པད་དཀར་ཟླ་བ་ཞུན་མ་འཁྱིལ་བའི་སྟེང༌། །མཛེས་སྡུག་ལུས་ཕྲའི་ཉམས་ཀྱི་འཇོ་སྒེག་ཅན། །དྲན་པས་འཆི་བདག་དཔུང་འཇོམས་ཚེ་སྦྱིན་ལྷ། །སྒྲོལ་དཀར་ཡིད་བཞིན་འཁོར་ལོས་དངོས་གྲུབ་སྩོལ། །མཁྱེན་བརྩེ་ནུས་པ་མ་ལ་ཡ་ཡི་དྲིས། །སེང་གླང་མེ་སྦྲུལ་ཆོམ་རྐུན་ལྕགས་སྒྲོག་དང༌། །ཆུ་ཀླུང་ཤ་ཟ་འཇིགས་བརྒྱད་ཚ་གདུང་རྣམས། །ཞི་མཛད་ནགས་ཀྱི་སྒྲོལ་མས་མཐུ་དཔུང་བསྐྱེད། །འཇམ་དཔལ་རྡོ་རྗེ་དྲས་དྲུབས་གོས་མནབས་པ།(༢༢༥ན)


GLG021_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

།རྗེ་བཙུན་བླ་མ་ཀུན་མཁྱེན་ཙོང་ཁ་པའི། །རིང་ལུགས་སྤེལ་མཁས་ངག་དབང་བློ་གྲོས་བཟང༌། །ཐུབ་བསྟན་རྒྱ་མཚོ་གཡུང་དྲུང་ལྟར་བརྟན་ཤོག །མྱུར་མཛད་ཡེ་ཤེས་མགོན་པོས་ཕྱག་དྲུག་པ། །ལས་ཀྱི་གཤིན་རྗེ་ལྷ་ཆེན་ཉི་མའི་བུ། །འདོད་ཁམས་དབང་སྒྱུར་དམག་དང་ཟོར་གྱི་ལྷས། །བསམས་པའི་རེ་བ་བཀོང་བའི་འཕྲིན་ལས་མཛོད། །གཙང་རིས་དཔལ་མགོན་བདུན་ཅུ་ལ་སོགས་པ། །དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་ཡུལ་ཁམས་འདིར། །དགེ་འདུན་སྡེ་རྒྱས་སྐྱེ་རྒུའི་བདེ་སྐྱིད་ཚོགས། །འཕེལ་བའི་བཀྲ་ཤིས་དགའ་སྟོན་སྩལ་དུ་གསོལ། །ཞེས་རིང་འཚོའི་ཚིགས་བཅད་འདི་ནི་བླ་མ་སངས་རྒྱས་བཀྲ་ཤིས་ཀྱི་སྐུ་སྐྱེ་གྲགས་པ་ཆོས་འཛིན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །འབྲལ་མེད་སྤྱི་བོར་བསྒོམས་ནས་གསོལ་འདེབས་ན། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་མ་ལུས་པ། །བདག་སོགས་སྙིང་ལ་འཇུག་པར་བྱིན་གྱིས་རློབས། །གུའུ་ཤི་ཇའི་སང༌། དགེ་ཚུལ། ཆི་ཁུ་ལ། ཐ་བུ་ནོང༌། ཨུ་པ་ཤི་རྣམས་ཀྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །སྟོན་དང་སྐྱབས་དངོས་ཟླ་གྲོགས་མཆོག་གསུམ་མཐུས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་དཔལ། །གདུལ་བྱའི་དོན་དུ་ངེས་པ་ལྔ་ལྡན་ལྟར། །འཚོ་(༢༢༥བ)


GLG021_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཞེས་གསོལ་བཏབ་རེ་བ་དོན་ཡོད་ཤོག །རྒྱ་བོད་ས་མཚམས་ཕུན་ཚོགས་འདོད་དགུའི་སར། །དགའ་ལྡན་བསྟན་པའི་གདུགས་དཀར་གྲིབ་བསིལ་ལ། །རང་གཞན་ཕན་བདེའི་སྲོག་ཟུངས་གཡུང་དྲུང་གཞིར། །རབ་བརྟན་འཛམ་གླིང་རྒྱན་དུ་འཕེལ་བར་ཤོག །སྡེ་འདིར་དཔོན་སློབ་ཡོན་སྦྱོར་དང་བཅས་པ། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །ལྷུན་གྱིས་གྲུབ་པར་དམག་ཟོར་རྒྱལ་མོ་སོགས། །དམ་ཅན་སྲུང་མས་འཕྲིན་ལས་སྤེལ་བར་མཛོད། །དགའ་བ་བརྒྱ་པའི་བསོད་ནམས་གཟི་བྱིན་གྱིས། །མཆེད་གྱུར་སྡེ་བཞིའི་དཔལ་ལྡན་ཕོ་བྲང་ཆེའི། །ཁྲིམས་གཉིས་གསེར་ཤིང་སྐྱེ་རྒུའི་གཉའ་བ་རུ། །རབ་ལྕི་ཆབ་སྲིད་བླ་ནས་བླར་འཕེལ་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །མི་ཕྱུགས་ནད་རིམས་གཡུལ་འཁྲུགས་མཚང་འབྲུས་མཚོན། །རྣམ་སྨིན་ནག་པོར་འཛག་འབྲས་སྙིགས་དུས་ཀྱི། །ཆད་ལས་རྒུད་པ་ནམ་ཡང་མེད་པར་ཤོག །རིང་འཚོའི་སྲོག་གི་ཀ་བ་ཉེར་ཚུགས་ཤིང༌། །ལོ་ཏོག་རབ་སྦྲུམས་ཁེ་སྤོགས་དར་དྲག་སོགས། །འབྱོར་བའི་དབང་ཐང་རྣམ་མང་ཐོས་པའི་བུར། །འགྲན་པའི་སྐལ་བ་བཟང་པོར་སྤྱོད་པར་ཤོག །རྩ་གསུམ་ཐུགས་རྗེའི་མཁའ་ལ་བྱིན་རླབས་སྤྲིན། །ཡོངས་འཁྲིགས་དངོས་གྲུབ་ཆར་གྱིས་མཆོག་མཐུན་གྱི། །འདོད་དགུའི་སྙེ་མ་གཡུར་དུ་ལེགས་ཟ་བའི། །ཕུན་སུམ་ཚོགས་པས་དུས་ཀུན་ཁྱབ་པར་ཤོག །ཅེས་དར་རྩེ་མདོ་དགའ་(༢༢༦ན)


GLG021_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གཞན་ཕན་གླིང་གི་སློབ་དཔོན་ངག་དབང་འཇམ་དབྱངས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བསམ་མཐོང་པ་ངག་རིག་ཕུན་ཚོགས་དབང་པོའོ། །རྣམ་འདྲེན་སྨན་གྱི་བླ་མ་མངོན་པར་མཁྱེན། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་མྱ་ངན་མེད། །རིན་ཆེན་སྣང་བ་སྒྲ་དབྱངས་རྒྱལ་པོ་ཆེ། །མཚན་ལེགས་བདུན་མདོ་དེ་གསུང་ཤཱཀྱ་ཐུབ། །མཐོང་ཐོས་དྲན་པས་རྣམ་པར་གྲོལ་བའི་སྐུ། །རི་མོ་རབ་བཀྲའི་ཆོས་དཀར་ཕུང་པོའི་གཟུགས། །མངོན་སུམ་ནོར་འཛིན་དཔལ་མོའི་ལྟོ་བ་རུ། །མི་ཤོང་ཚངས་པས་གསར་སྣོད་བསྐྲུན་དགོས་འབྲས། །སྒྱུ་སྦྱོར་རིགས་བརྒྱུད་ཚེ་དང་སྟོབས་འབྱོར་སོགས། །ལེགས་ཚོགས་ཡོན་ཏན་བླ་ནས་བླར་འཕེལ་ཏེ། །ཉིང་མཚམས་སྦྱར་ཚེ་བཻཌཱུར་སྣང་ཞིང་གི །པདྨའི་སྦུབས་སྐྱེས་མྱུར་དུ་འཚང་རྒྱར་ཤོག །རྒྱལ་བའི་གཙུག་ཏོར་རྩེ་ལས་ཉེར་འཁྲུངས་པ། །བཅོམ་ལྡན་མ་ཁྱོད་མཐུ་སྟོབས་བྱིན་ཟ་ཡིས། །མི་མཐུན་བགེགས་ཚོགས་བུད་ཤིང་རབ་བསྲེགས་ཤིང༌། །བདེ་སྐྱིད་འོད་ཀྱིས་ཕྱོགས་རྣམས་ཁྱབ་པར་ཤོག །འཇམ་མགོན་བྱིན་རླབས་དཔུང་པས་ཡོངས་བཏེག་པ། །རྣམ་དཔྱོད་ཨུཏྤལ་ཟེའུ་འབྲུ་བཞད་པའི་རྩེར། །མཁྱེན་པའི་རལ་གྲི་རྣོན་པོས་ཆོས་ཀུན་གྱི། །ལོག་རྟོག་དྲ་བ་གཅོད་མཛད་ཙོང་ཁ་པའི། །སྣང་བརྙན་ཀ་ཤིའི་ངོས་ལ་དབང་གཞུའི་ཚོན། །ཉེར་གསལ་བསོད་ནམས་མཐོ་རིས་ཆུ་བོ་ཡིས། །སྡིག་སྒྲིབ་དེ་འབྲས་དུཿཁའི་དྲི་མའི་ཚོགས། །རབ་བཀྲུས་རྨད་བྱུང་བཀོད་པའི་ཞིང་ཁམས་(༢༢༦བ)


GLG021_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །ཁྱོད་ཀྱིས་རྗེས་སུ་འཛིན་པར་བདག་བྱིན་རློབས། །མཁས་དང་གྲུབ་པའི་མཁའ་ལྡིང་ཤུགས་འགྲོའི་རྗེས། །སྒྲོ་བཏགས་ཕ་བོང་བསྙེག་པའི་འཁྲུང་རབས་འཕྲེང༌། །སྤེལ་འདིས་སྐྱེ་བར་ཡོངས་འཛིན་བླ་མ་ཡིས། །འབྲལ་མེད་བརྩེ་བས་བྱང་ཆེན་སར་འཁྲིད་ཤོག །འོལ་དགའ་འབྲི་ལུང་པ་བློ་བཟང་དཔལ་འབྱོར་གྱིས་བདེར་གཤེགས་བརྒྱད། གདུགས་དཀར། རྗེ་བཙུན་བཙོང་ཁ་པ། བློ་བཟང་རྒྱལ་མའི་ནང་གི་བྲིས་ཐང་རྣམས་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བཅོམ་ལྡན་འོད་མཐའ་ཡས་པའི་ཕྱག་སོར་གྱིས། །ལེགས་བཏག་བདུད་རྩིའི་ཆུ་རྒྱུན་སྲོག་ཟུངས་སུ། །སྒྱུར་ནས་རྡོ་རྗེའི་སློབ་དཔོན་འོག་མིན་མགོན། །ཇི་བཞིན་གཡུང་དྲུང་ཁྲི་ལ་གཡོ་མེད་ཤོག །ངག་དབང་འཇམ་དབྱངས་དགྱེས་པའི་བློ་གྲོས་ཀྱིས། །མཁས་བཙུན་བཟང་པོའི་འཕྲིན་ལས་རྒྱ་མཚོ་ལྟར། །གཏིང་མཐའ་དཔོག་པར་ནུས་མིན་བཤེས་གཉེན་མཆོག །རིས་མེད་འགྲོ་བའི་ཉེར་འཚོར་བརྟན་པར་ཤོག །ཕྱི་ལྟར་དུར་ཁྲོད་བརྒྱད་མྱུལ་བྲམ་ཟེའི་གཟུགས། །ནང་ལྟར་རྩ་ཁམས་དག་པ་ཞིང་སྐྱོང་ཆེ། །གསང་བ་སེམས་ཉིད་གསལ་སྟོང་སྟོབས་འཕྲོག་དབང༌། །མཐུ་རྩལ་ནུས་པས་འཕྲིན་ལས་རྣམ་བཞི་སྒྲུབས། །ཞེས་ཡུན་དུ་འཚོ་བའི་ཚིགས་བཅད་དགོན་ཁག་ཚོར་འཛུགས་རྒྱུ་ཞིག་དགོས་ཞེས་རི་ཁུད་བླ་མ་ཤཱཀྱ་ཀུན་དགས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ།། །།(༢༢༧ན)


GLG021_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བཻ ཌཱུཪྻ བ རྞཽ ཛ ས རེ ཙ ལ ཀྴཱནུ བྱ ཉྫ ན པྲ ཏྱ བྷ བ པྲ ཙི ཏྲཾ། བཻཌཱུཪྻ་མདོག་དངས་གསལ་མཚོན་ནང་དུ། །མཚན་དང་དཔེ་བྱད་སྣང་བརྙན་རབ་བཀྲ་བ། །བུ དྡྷེ ན གུ རྭཽ ཥ དྷི སཱུ པྟ སཱ ཀཱ དྷི ཥྠཾ ཕ ལཱི ཧཾ པྲ ཎི དྷཱ ན ཡེ ཥཾ། བཅོམ་ལྡན་སྨན་གྱི་བླ་མས་ལེགས་བཏབ་པའི། །སྨོན་ལམ་འབྲས་བུ་དེང་འདིར་སྨིན་བྱིན་རློབས། །གང་དུ་ཐོབ་པའི་ལུས་ཀུན་ཁོ་ལག་ཡངས། །ཉི་ཟླ་ལས་ལྷག་འོད་ཀྱིས་མུན་པ་སེལ། །འགྲོ་རྣམས་ཟད་མི་ཤེས་པའི་འབྱོར་པར་སྤྱོད། །དམན་ལམ་ལྡོག་དེ་ཐེག་ཆེན་ལམ་འཇུག་ཤོག །ཚུལ་ཁྲིམས་རྣམ་དག་ངན་འགྲོའི་ལམ་ལས་ལྡོག །ནད་སོགས་ལུས་སྐྱོན་ཀུན་བྲལ་དབང་པོ་ཚང༌། །མགོན་སྐྱབས་མེད་རྣམས་ཟུག་རྔུའི་སྡུག་བསྔལ་བྲལ། །བྱང་ཆུབ་བར་དུ་ཡོ་བྱད་ཕུན་ཚོགས་ཤོག །སྐྱེ་བར་སྐྱེས་པའི་རྟེན་བཟང་རབ་རྙེད་ཅིང༌། །བདུད་(༢༢༧བ)


GLG021_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་འཆིང་གྲོལ་ཡང་དག་ལྔ་དང་ལྡན། །རླབས་ཆེན་སྤྱོད་པས་བྱང་ཆུབ་འཚོལ་ལ་སྦྱོར། །བགྲང་ཡས་གནོད་པས་འཚེ་ལས་གྲོལ་བར་ཤོག །བཀྲེས་རྣམས་བཟའ་བཅའ་བཏུང་བ་ཆོས་ཀྱིས་ཚིམ། །བརྣག་དཀའི་ཚོར་བ་མེད་པར་བདེ་བ་མྱོང༌། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་ཞིང༌། །ཉོན་མོངས་ཚོགས་བྲལ་རྣམ་གྲོལ་ས་ཐོབ་ཤོག །འདི་ནས་འཕོས་ཚེ་བཻ་ཌཱུཪྻ་འོད་ཞིང༌། །པདྨའི་སྙིང་པོར་རྫུས་ཏེ་ཉེར་སྐྱེས་ནས། །བཟུངས་དང་ཏིང་འཛིན་ལ་སོགས་ཡོན་ཏན་ཐོབ། །རྒྱལ་བས་བྱིན་རླབས་རྫུ་འཕྲུལ་མངའ་བརྙེས་ཤོག །བསླུ་མེད་ཤཱཀྱ་སེང་གེའི་ལྗགས་རིང་ལས། །ལེགས་གསུངས་མདོ་ཆོག་འདྲེན་པ་སྨན་གྱི་བླའི། །བཅུ་གཉིས་སྨོན་ལམ་དོན་རྣམས་ཉམས་མྱོང་པ། །ཉིས་སྟོང་སྐུ་བརྙན་བཞེངས་མཐུས་ལྷུན་གྲུབ་ཤོག །ཅེས་པ་འདིའང་དཔོན་ས་བུ་ཁྲིད་རྒྱལ་མོ་སྐྱེ་གནས་ངན་པ་ལས་ལྡོག་པའི་ཆེད་དུ་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་མ་བུ་གཉིས་ཀྱིས་སྟོང་ཐང་ཚར་རེ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རྒྱལ་བས་ལུང་བསྟན་སྦས་ཡུལ་དཀར་མོ་ལྗོངས། །ལེགས་བཤད་སྒྲོག་པའི་དགེ་འདུན་ཚོགས་རྣམས་ཀྱིས། །སྟོན་དང་སྐྱབས་དངོས་ཟླ་བཅས་དཔང་བཞག་ནས། །བདེན་པའི་ཚིག་གིས་ཉེར་བརྗོད་སྨོན་ལམ་མཐུས། །མགྲིན་པར་འཇམ་དབྱངས་དབྱངས་ཅན་ལེགས་ཞུགས་ངག །དབང་ཕྱུག་དོན་ཀུན་ཀུན་ནས་བསྒྲུབ་པའི་བློ། །དཔལ་ལྡན་(༢༢༨ན)


GLG021_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་བཟང་པོའི་བག་ཆགས་སད། །ཐུབ་བསྟན་མཛེས་བྱེད་བྱེད་པོ་བརྟན་པར་ཤོག །བརྒྱ་ཕྲག་ལོར་བྱོན་ཤཱཀྱ་སེང་གེ་ཡི། །རྒྱ་ཆེན་སྡེ་སྣོད་གསུམ་དང་རྒྱུད་སྡེའི་དོན། །མཚོ་ལྟར་གཏིང་ཟབ་བརྒལ་ལ་འཇིགས་མེད་པ། །རྣམ་དཔྱོད་གོ་ཆ་མནབས་ཁྱོད་ཞབས་བརྟན་ཤོག །སྒྲིབ་གཉིས་དགྲ་ཚོགས་མ་ལུས་ཉེར་ཐུབ་ཅིང༌། །མ་སྨད་བསྟན་པ་ལང་ཚོ་དར་དྲག་པའི། །སྡེ་བཞིའི་སྦྱིན་པ་རིས་མེད་འགྲོ་བ་ལ། །གཏོང་ཕྱིར་སྲིད་མཐའི་བར་དུ་བརྟན་པར་ཤོག །འཕྲུལ་སྣང་བྱ་འདབས་འོད་ཀྱིས་རབ་བསྐྱངས་པའི། །བྱང་གླིང་བསམ་འགྲུབ་རྒྱལ་པོ་གནས་ངན་ལས། །ཡོངས་གྲོལ་དལ་འབྱོར་རྟེན་ཐོབ་རིང་མིན་དུ། །མྱ་ངན་འདས་པའི་ས་དེར་ཕྱིན་པར་ཤོག །ཤུལ་ན་མཆིས་སོགས་ཚེ་དཔལ་མངའ་ཐང་གིས། །ལེགས་མཚོན་འདི་སྣང་ཡོན་ཏན་མ་ལུས་པ། །བླ་ནས་བླར་འཕེལ་མངོན་པར་མཐོ་བའི་ལམ། །རིམ་བརྒྱུད་ཐར་པའི་གྲོང་ཁྱེར་ལ་བགྲོད་ཤོག །མི་འགྱུར་ལྷུན་གྲུབ་ཆོས་འཁོར་རྒྱལ་གྱི་སྡེ། །གངས་ཅན་ཕན་བདེ་བཞད་པའི་ཉེར་འཚོའི་གཞིར། །བྱམས་པའི་འདུས་པ་དང་པོ་འཕགས་ཡུལ་དུ། །མ་བྱོན་དེ་སྲིད་ཉི་ཟླ་ལྟར་གསལ་ཤོག །ཅེས་པ་འདིའང་ལྷ་ས་བྱང་གླིང་པས་སྦུག་ཆོལ་གྱི་སྤྱི་འབུལ་སོགས་རྙེད་བསྐུར་དང་བཅས་ཆོས་འཁོར་རྒྱལ་དུ་འཛུགས་རྒྱུའི་སྨོན་ལམ་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །(༢༢༨བ)


GLG021_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རབ་བཀྲའི་སྲད་བུ་ཉེར་བཏགས་པ། །དྲ་བ་དྲ་ཕྱེད་འཇའ་ཚོན་རི་མོ་ཅན། །བགྲང་ཡས་ཞི་ཁྲོ་འདུས་པའི་དཀྱིལ་འཁོར་ཆེ། །བར་སྣང་མཛེས་བྱེད་རྒྱན་དུ་ལེགས་སྤུད་ཆུས། །དགེ་བའི་མྱུ་གུ་བླ་ནས་བླར་འཕེལ་བ། །ངེས་ལེགས་ཁྲི་ཤིང་རབ་རྒྱས་རྩེ་མོ་རུ། །བྱང་ཆེན་སྙེ་མ་རོ་མདའ་མྱངས་བའི་རྒྱུན། །འགྲོ་ལ་མཆོད་སྦྱིན་སྟེར་བའི་མ་མར་ཤོག །སྔོན་བསགས་སྡིག་སྟུང་དྲི་འཁྲུད་མཐོ་རིས་ཀླུང༌། །འདི་དང་སྐྱེ་མང་བརྒྱུད་པ་རྐང་པའི་རྩེར། །བདེ་བའི་ཏོག་མཛེས་ཉེར་སྐྱིད་ལྷབ་ལྷུབ་གོས། །རྒྱུ་སྦྱོར་འཕྲོག་བྱེད་ཞབས་སུ་བསིལ་བར་ཤོག །ཐབས་མཁས་འཕྲུལ་གྱིས་སྐྱེ་རྒུའི་ཟུག་རྔུ་རྣམས། །དྲུངས་ནས་འབྱིན་པ་ལྷ་ཡི་རྗེ་བོ་གང༌། །བསྐལ་པར་འཚོ་བའི་ཚེ་དང་དབང་ཐང་སོགས། །ལེགས་པའི་ཡོན་ཏན་དབྱར་མཚོ་ལྟར་འཕེལ་ཤོག །འདིས་མཚོན་བསགས་དང་བསག་འགྱུར་བསག་བཞིན་པའི། །བསོད་ནམས་ཕུང་པོ་ས་འཛིན་དངོས་རྒྱུ་བ། །ནམ་མཁའ་ཕ་མཐའ་དེས་ཀྱང་མཇལ་དཀའ་བའི། །འགྲོ་རྣམས་ཀུན་མཁྱེན་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་འཚོ་བྱེད་ཐབས་མཁས་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྙན་དར་བརྒྱ་སྐོར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །འདྲེན་མཆོག་བཞི་པ་ཤཱཀྱ་སེང་གེ་ཡི། །ལེགས་གསུང་རྣམ་གསུམ་ཆོས་ཀྱི་འཁོར་ལོའི་དོན། །ལྷུན་གྲུབ་གདུལ་བྱ་རྒྱ་མཚོར་འདོམས་མཛད་པ། །བཤེས་གཉེན་དམ་པའི་(༢༢༩ན)


GLG021_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་གསོལ་བ་འདེབས། །ཐོག་མཐའ་བར་དུ་བཀྲ་ཤིས་ལུང་རྟོགས་བསྟན། །ཕུན་ཚོགས་སྒོ་བརྒྱ་མང་པོ་ཡོངས་ཕྱེ་བ། །བགྲང་ཡས་འདུས་པའི་ཉེར་འཚོར་མགོན་པོ་ཁྱོད། །རྡོ་རྗེ་ལྟ་བུར་རབ་ཏུ་བརྟན་པར་ཤོག །སྙིང་ནས་མི་ཕྱེད་དད་པས་གསོལ་བཏབ་ན། །ནམ་ཡང་བསླུ་བ་མེད་པ་དཀོན་ཅོག་གསུམ། །ཕུལ་བྱུང་ཐུགས་རྗེའི་འཕྲིན་ལས་ཉལ་འགྲོའི་རྒྱུན། །བདག་སོགས་མོས་ལྡན་ཡོངས་ལ་འཇུག་པར་ཤོག །ཅེས་སྒོ་མངས་སློབ་དཔོན་དོན་གྲུབ་རྒྱ་མཚོའི་གསོལ་འདེབས་བརྟན་ཞུགས་འདི་ནི་གྲྭ་ཚང་སྤྱི་སོས་སྐྱེས་དང་བཅས་ཏེ་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རིགས་འཛིན་རྡོ་རྗེ་ཐོགས་མེད་རྩལ། །གང་གིས་རང་རིག་ཀུན་ཏུ་བཟང༌། །མངོན་གསུམ་རང་ངོ་མ་འཕྲོད་བར། །རྗེས་བཟུང་དོན་གཉིས་འགྲུབ་བྱིན་རློབས། །འདིའང་སྔགས་འཆང་བློ་གྲོས་རྒྱལ་བས་འདྲ་འབག་བཞེངས་པའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བཀོད། །རབ་དཀར་ལྷག་བསམ་སིནྡྷུ་རྒྱ་མཚོའི་ཀློང༌། །འདབ་བརྒྱད་སྙིང་དབུས་ཀེ་ས་ར་ཡི་རྩེར། །དྲིན་ཅན་བླ་མ་པད་འབྱུང་མནྠ་རར། །མཉམ་སྦྱོར་བདེ་ཆེན་དབྱིངས་སུ་རྟག་བཞུགས་གསོལ། །གཞོན་ནུ་བུམ་སྐུར་ངོ་བོ་ཆོས་སྐུའི་གདངས། །རང་བཞིན་མཚན་དཔེའི་འཇའ་རིས་ལོངས་སྤྱོད་རྫོགས། །ཀུན་ཁྱབ་ཐུགས་རྗེའི་སྤྲུལ་པ་མཐའ་ཀླས་ཀྱང༌། །ཞིང་འདིར་བདག་སོགས་འགྲོ་ངོར་བརྟན་པར་ཤོག །(༢༢༩བ)


GLG021_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་གར་དབང་རྒྱ་གར་པཎ་ཆེན་གྱི། །འཕྲིན་ལས་གངས་ཅན་སྨིན་ལེགས་ལྟོར་འགེང་ཆེད། །གདོད་ནས་འགྱུར་མེད་འཕོ་བ་ཆེན་པོའི་སྐུ། །གྲུབ་པས་རྡོ་རྗེའི་རང་རྩལ་དེང་སྟོན་ཤོག །ཟབ་གཏེར་ཆོས་ཀྱི་བདག་པོར་གླིང་པའི་མཚན། །རིམ་བརྒྱུད་ཐུགས་རྗེའི་འོད་འབར་ཉིན་མོར་བྱེད། །བོད་ཡུལ་སྨག་རུམ་སེལ་བར་དངོས་བྱོན་པ། །འཆར་ནུབ་དང་བྲལ་བསྟན་པའི་མཁར་གསལ་ཤོག །དུག་ལྔ་ཡོངས་དག་ཡེ་ཤེས་རྣམ་ལྔའི་གཟུགས། །ཀུན་འདུས་རིགས་བརྒྱའི་བདག་པོར་རབ་བཞེངས་ནས། །གང་སྣང་ལྷ་སྐུར་ཤར་བྱེད་བུམ་དབང་གིས། །སྐལ་བཟང་སྤྲུལ་སྐུར་བསྒྱུར་ཕྱིར་ཞབས་བརྟན་ཤོག །གནམ་ཞལ་ཡུམ་གྱི་མཁར་བསྐྱིལ་བྱང་ཆུབ་སེམས། །དཀར་དམར་དངས་མས་གདུལ་བྱའི་རྩ་ཁམས་རྣམས། །ལེགས་ཁྱབ་གཏུམ་མོའི་དྲོད་འབར་ལོངས་སྐུའི་སར། །ཁྲིད་མིན་དེ་སྲིད་རྡོ་རྗེ་ལྟར་བརྟན་ཤོག །ཐབས་ཤེས་ཟུང་དུ་འཇུག་པ་དགའ་བཞིའི་འགྲོས། །བཅུ་དྲུག་ཕྱེད་ཕྱེད་རྫོགས་པའི་བདེ་བ་ཆེ། །ཕོ་ཉའི་ལམ་གྱིས་སྐལ་ལྡན་ཆོས་སྐུའི་འབྲས། །མྱོང་མིན་བར་དུ་གཡུང་དྲུང་ལྟ་བུར་ཤོག །ཡེ་ནས་སངས་རྒྱས་རིག་པ་སྒྱིད་རྡོའི་གསེར། །ཉེར་གྲུབ་རང་ངོ་མངོན་གསུམ་ངོ་སྤྲད་དེ། །བརྗོད་བྲལ་ཀུན་བཟངངོ་བོ་ཉིད་ཀྱི་སྐུ། །འགྲོ་བཀོད་མ་གྱུར་འོག་མིན་མགོན་བཞིན་ཤོག །འཚོ་རྒྱལ་ཞིང་འདིར་ཟངས་མདོག་དཔལ་རི་ནས། །དངོས་བྱོན་དྷཱུ་ཏཱིའི་མདུད་པ་ཡོངས་བཀྲོལ་མཐུས། །གངས་ཅན་ཕན་བདེའི་དཔྱིད་དུ་(༢༣༠ན)


GLG021_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་གཏེར། །སྒོ་འཕར་འབྱེད་པའི་རྟེན་འབྲེལ་ལྷུན་གྲུབ་ཤོག །མ་དང་མཁའ་འགྲོའི་བཀའ་རྟགས་ཕྱག་གི་རྒྱ། །འགྲོལ་བའི་དུས་བབས་ཆོས་ཀྱི་འཕྲིན་ལས་ལ། །མཐོ་འཚམ་བདུད་སྡེའི་སྙིང་གར་རྩ་བ་གསུམ། །རབ་ཁྲོས་གཏུམ་དྲག་འབར་བའི་བྲོ་ཆེན་རྡུངས། །སངས་རྒྱས་ཀུན་འདུས་རྔ་ཡབ་གླིང་པ་ཡིས། །བོད་འབངས་འགྲོ་བའི་དོན་བཏབ་སྨོན་ལམ་འབྲས། །ཕུན་ཚོགས་རོ་བདའ་སྨིན་པའི་དཔག་བསམ་ལྗོན། །ཐུགས་རྗེའི་གྲིབ་མར་ཡིད་ཅན་ངལ་གསོར་ཤོག །ཚེ་མཐའ་ཡས་སོགས་དཀོན་མཆོག་རིན་ཅེན་གྱི། །གསང་གསུམ་མི་ཟད་འཁོར་ལོའོ་གཟི་བྱིན་དང༌། །འབར་མ་མ་ནིང་བསྟན་སྲུང་རྒྱ་མཚོ་ཡིས། །ཞི་རྒྱས་དབང་དྲག་བཞེད་པའི་དོན་ཀུན་སྒྲུབས། །འཕྲིན་ལས་རྒྱལ་མཚན་མགོན་ཁྱོད་ཕྱག་སོར་གྱིས། །ཉེར་བཟུང་བཀའ་གཏེར་ཛམ་བུའི་གསེར་ཏོག་རྩེར། །བཤད་སྒྲུབ་ཡིད་བཞིན་ནོར་ལས་དངོས་གྲུབ་ཆར། །ཕྱོགས་དུས་ཀུན་ཏུ་བསྙིལ་བའི་བཀྲ་ཤིས་ཤོག །ཅེས་སློབ་དཔོན་ཆེན་པོ་བཻ་རོ་ཙ་ནའི་རྣམ་འཕྲུལ་སྤྲུལ་པའི་སྐུ་ཆོས་རྒྱལ་གཏེར་བདག་གླིང་པའི་བརྟན་བཞུགས་ཀྱི་ཚིགས་སུ་བཅད་འདི་ནི་དམར་སེར་ཅན་གྱི་ལོ་མགོ་ཟླའི་ཡར་ངོ་ཚེས་བཅུའི་མཆོད་པའི་ཚེ་ཟ་ཧོར་གྱི་བནྡེས་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བྲིས་པ་སུ་སིདྡྷི་རསྟུ། །(༢༣༠བ)


GLG021_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་འཁོར་ལོ་དགྱེས་ཞལ་ཉི་ཟེར་གྱིས། །ངག་ལ་སྨྲ་བའི་འདབ་བརྒྱ་བཞད་པའི་དབུས། །མ་ནུབ་དབང་གི་ཆུ་བོ་ཟེའུ་འབྲུའི་བཅུད། །གདུལ་བྱ་བུང་བའི་དགའ་སྟོན་རྒྱས་མཛད་བསྔགས། །བློ་གྲོས་རྣམ་པར་ཡངས་པས་གསེར་མངལ་དུ། །མཁས་བཙུན་བཟང་པོའི་རིག་བྱེད་བཞི་ལྡན་ལྷ། །ཡོངས་སྨིན་ཐུབ་བསྟན་མི་མཇེད་ཞིང་གི་གཙོ། །མཚུངས་མེད་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། །རྒྱ་ཆེན་མདོ་དང་རྒྱུད་སྡེ་མ་ལུས་པ། །མཚོ་ལྟར་གཏིང་མཐའ་དཔོག་པར་ནུས་མིན་གནས། །སྨྲ་ལ་སྤོབས་པའི་མགྲིན་པ་གཟེངས་མཐོ་བ། །ཟླ་བྲལ་དགེ་བའི་བཤེས་ལ་གསོལ་བ་འདེབས། །སྒྲ་ཆད་གཟོ་གསོ་ལ་སོགས་གཙུག་ལག་གི །དཀའ་གནད་ཚིག་དོན་རྒྱུད་མངས་ལས་དྲངས་པ། །བརྗོད་པ་རྣམ་དག་གླུར་འབབ་དབྱངས་ཅན་མ། །སྙིང་དབུས་པདྨར་བཞུགས་ལ་གསོལ་བ་འདེབས། །ཚད་དུ་འཆིང་ལ་ནམ་མཁའི་སྐ་རགས་ཀྱང༌། །ཐུང་ངུར་བྱེད་པ་མ་གྱུར་འགྲོ་བའི་དོན། །སྒྲུབ་པར་འཇིགས་མེད་ལྷག་བསམ་བཙན་པོའི་གོ །དཀར་ཆའི་ཟླ་རྗེས་འགྲོ་ལ་གསོལ་བ་འདེབས། །སྒྲིབ་གཉིས་ཀུན་ཐུབ་རྒྱལ་བ་ཟས་གཙང་སྲས། །ལུང་རྟོགས་བསྟན་པའི་ལང་ཚོ་བླ་ནས་བླར། །ཐོས་བསམ་སྒོམ་པས་རབ་སྤེལ་རྣམ་དཔྱོད་སྡེ། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །མཚན་ཙམ་ཐོས་པའི་མོད་ལ་དུས་མིན་གྱི། །འཆི་བདག་གཡུལལས་རྒྱལ་བའི་སྨོན་ལམ་མཐུ། །ལེགས་གྲུབ་ཚེ་མཐའ་ཡས་པའི་ལྷ་ཚོགས་རྣམས། །བདེན་ཚིག་གྲུབ་པའི་དཔང་པོ་མཛད་དུ་གསོལ། །ངག་དབང་འཇམ་དབྱངས་དབྱངས་ཅན་དགའ་བའི་བློ།(༢༣༡ན)


GLG021_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

།བསྐལ་བཟང་འདྲེན་མཆོག་མཆོག་གྱུར་བཞི་པའི་བསྟན། །སྤེལ་ནུས་རྣམ་དཔྱོད་དཔྱོད་ལྡན་ཡིད་དབང་འཕྲོག །ཡོངས་ཁྱབ་སྙན་གྲགས་གྲགས་འབར་ཞབས་བརྟན་ཤོག །རྒྱ་མཚོའི་གོས་ཀྱིས་ཉེར་བཏེག་ལུས་ཅན་ལ། །འཇིགས་མེད་སྐྱབས་ཀྱི་སྦྱིན་པས་ལེགས་སྨན་ཞིང༌། །གཞན་ཕན་ཕྲག་པར་ལེན་པའི་སེམས་བསྐྱེད་ཀྱིས། །མ་རྨད་གོ་ཆ་བགོས་ཁྱོད་ཞབས་བརྟན་ཤོག །ཐུབ་བསྟན་ལང་ཚོ་དར་བའི་སྒོ་འཕར་ནས། །སྡེ་བཞིའི་ལོངས་སྤྱོད་འགྲོ་ལ་གཏོང་མཁས་པ། །མ་འདྲིས་སྐྱེ་རྒུའི་གཉེན་ཁྱོད་རྡོ་རྗེའི་ཁྲིར། །བསྐལ་བརྒྱར་བཞུགས་ལ་གདུལ་བྱའི་རེ་སྐོང་གསོལ། །དཔལ་ལྡན་ནཱ་ལནྡ་ཡི་འདུས་སྡེ་ཆེར། །དགེ་འདུན་བཤད་སྒྲུབ་དར་ཞིང་དབང་ལུང་ཁྲིད། །རྗེས་གནང་རིག་གཏད་ཆོས་འཁོར་བསྐོར་མཛད་པའི། །ངེས་པར་བསྟན་འཛིན་ཚོགས་རྣམས་ཞབས་བརྟན་ཤོག །གཉིས་མེད་རྒྱུད་སྡེའི་རིགས་བདག་ཀྱེ་རྡོ་རྗེའི། །བསྟན་སྲུང་བྱེ་བའི་སྡེ་དཔོན་གུར་གྱི་མགོན། །མཐུ་ཆེན་སྟོབས་འཕྲོག་ལེགས་ལྡན་ནག་པོ་སོགས །དམ་ཅན་རྒྱ་མཚོས་བསམས་པའི་རེ་བ་སྐོངས། །དྲན་པས་ཁམས་གསུམ་དབང་སྡུད་རིག་བྱེད་མ། །ཚོགས་ཀྱི་བདག་པོ་འདོད་པའི་རྒྱལ་པོ་ཡིས། །སྲིད་ཞིའི་དགེ་ལེགས་མ་ལུས་རབ་བཀུག་སྟེ། །བཀྲ་ཤིས་དཔལ་གྱིས་དུས་ཀུན་ཁྱབ་པར་ཤོག །ངེད་རང་གི་གསོལ་འདེབས་རིང་འཚོའི་ཚིགས་བཅད་ཤློ་ཀ་བཅུ་གསུམ་ཙམ་ཡོད་པ་ཞིག་དགོས་ཞེས་རྒྱུད་སྡེ་རྒྱ་མཚོར་མི་འཕྲོགས་པའི་མཁྱེན་(༢༣༡བ)


GLG021_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རབ་མཆོག་ཏུ་ཡངས་པའི་མཁས་གྲུབ་ཆེན་པོ་བཅོ་བརྒྱད་ཆོས་ཀྱི་རྗེ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཁྱོད་ཞབས་འཁོར་ལོའི་རི་མོ་འགྲོ་ཀུན་གྱི། །གཙུག་ཏོར་རྩེར་འཛེགས་འདྲེན་མཆོག་ཤཱཀྱའི་རྒྱལ། །ཐུགས་རྗེའི་ཉི་འོད་བདག་སྙིང་པདྨ་ལ། །ཉེར་ཞུགས་སྲིད་ཞིའི་མདུན་མ་ལྷུན་གྲུབ་ཤོག །རྣམ་མཁྱེན་སྲང་ལ་ཤེས་བྱའི་ཕུང་པོ་དང༌། །ཁྱོད་ཀྱི་བློ་གྲོས་གཞལ་ཚེ་ལྕི་ཡང་དུ། །མི་མངོན་བསྐལ་བཟང་བཞི་པའི་ལུང་རྟོགས་ཆོས། །གྲགས་པ་ཕྱོགས་བརྒྱར་བསྒྲགས་དེས་བདག་བྱིན་རློབས། །ལུས་ངག་ཡིད་དབང་གླང་སྣར་བག་ཡོད་བློའི། །ལྕགས་ཀྱུས་ཡོངས་བཏབ་མཁས་བཙུན་བཟང་པོའི་གར། །བསྒྱུར་བའི་འཕྲིན་ལས་རྒྱ་མཚོའི་མཐར་ཁྱབ་པས། །དོན་གཉིས་གྲུབ་པའི་དཔལ་ལ་བདག་འགོད་གསོལ། །ཞེས་དཔོན་ས་བུ་ཁྲིད་རྒྱལ་མོའི་དད་རྟེན་དུ། །ཐུབ་དབང༌། རྒྱལ་བ་ཙོང་ཁ་པ་ངེད་རང་གི་འདྲ་འབག་རྣམས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྟག་ཏུ་ཡིད་ལ་དད་པའི་རི་མོ་བྲིས། །དམ་བཅས་གཟུངས་བཀླགས་འབྲས་བུ་མ་ཕམ་མགོན། །མངོན་འཚང་རྒྱས་ཚེ་བདག་དང་ཐོས་སོ་ཅོག །བཙལ་ཏེ་བྱང་ཆུབ་ལུང་བསྟན་དབུགས་དབྱུང་ཤོག །ངན་སོང་སྡུག་བསྔལ་མངལ་གྱི་དྲི་མ་དག །སྟོང་ཕྲག་བསྐལ་པར་འཁོར་ལོས་སྒྱུར་རྒྱལ་འཐོབ། (༢༣༢ན)


GLG021_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

།དགེ་བཅུ་དང་ལྡན་བསམས་པའི་དོན་ཀུན་འགྲུབ། །ནམ་ཡང་མི་བརྗེད་ཞལ་འཆེས་འབྲས་སྨིན་ཤོག །སྡིག་པའི་སྟོབས་བསྐྱེད་ཐོན་ཀའི་གནས་ངན་དུ། །སྐྱེས་ཀྱང་ཉི་མའི་གཉེན་ལ་གསོལ་བའི་དོན། །ཇི་བཞིན་རྗེས་སུ་བཟུང་ནས་བདག་སོགས་རྣམས། །བྱང་ཆུབ་མ་ཐོབ་བར་དུ་བཤེས་མཛོད་ཅིག །བྱམས་པས་དམ་བཅས་པའི་གཟུངས་ཀྱི་རྗེས་སུ་འདོན་རྒྱུའི་སྨོན་ལམ་ཚིགས་བཅད་ཅིག་དགོས་ཞེས་གཞིས་ཀ་ཤར་རྒྱལ་མོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དུས་གསུམ་རྒྱལ་བའི་ངོ་བོ་ཐོད་ཕྲེང་རྩལ། །ཞི་ཁྲོ་ཀུན་འདུས་བཀའ་བརྒྱད་དཀྱིལ་འཁོར་ལྷ། །མ་ནིང་ཆོས་སྐྱོང་ཡོངས་རྫོགས་གཏེར་སྲུང་ཚོགས། །ཐུགས་རྗེ་མཐུ་སྟོབས་ནུས་པའི་དཔུང་སྐྱེད་ལ། །པདྨ་ཀ་རའི་འཕྲིན་ལས་སྤེལ་བའི་སྡེ། །མཁའ་འགྲོའི་གླིང་དུ་བསུ་བའི་ཕོ་ཉ་མོའི། །དར་ལམ་བཅད་ནས་མི་གཡོ་རྡོ་རྗེའི་ཁྲིར། །བཞུགས་པར་བྱིན་གྱིས་བརླབ་ཅིང་ལས་ཀུན་སྒྲུབས། །མཆོག་གསུམ་ཐུགས་རྗེ་ཆོས་ཉིད་འགྱུར་བ་མེད། །ཆོས་ཅན་རྒྱུ་འབྲས་མི་སླུའི་རྟེན་འབྲེལ་མཐུས། །རིགས་འཛིན་ཆེ་ཁྱོད་སྐུ་ཚེའི་འཕྲང་བསྒྲལ་ནས། །གཡུང་དྲུང་ལྟར་བརྟན་བདེན་ཚིག་འགྲུབ་པར་ཤོག །ཅེས་པ་འདིའང་ཐུབ་བསྟན་རྡོ་རྗེ་བྲག་ཏུ་རིགས་འཛིན་སྤྲུལ་པའི་སྐུ་མཁའ་འགྲོའི་བསུན་མ་སོགས་འཕྲང་གེགས་ཀྱི་སྐུ་ཚེའི་དོག་གཞི་ཆེ་ཞིང་སྐུ་ཁམས་ནན་ཏར་མི་བདེ་བའི་དུས་ཟ་ཧོར་གྱི་བནྡེས་བདེན་ཚིག་(༢༣༢བ)


GLG021_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྗོད་པའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེའི་མཐུས། །ཚེ་རབས་ཀུན་ཏུ་སྐྱེས་པའི་རྟེན་རྙེད་པར། །དལ་འབྱོར་ཚང་ཞིང་བསྟན་ལ་རབ་བྱུང་སྟེ། །ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་དཔལ་ཐོབ་ཤོག །རང་བློར་འཚམ་པའི་ཐེག་གསུམ་ཆོས་ཀྱི་སྒོ། །འཁྲུལ་བ་མེད་སྟོན་བཤེས་གཉེན་དམ་པ་ཡིས། །རྗེས་བཟུང་ལམ་བཟང་ཐེམ་སྐས་རིམ་བགྲོད་ནས། །མྱ་ངན་འདས་པའི་ཁང་པར་རབ་འཇུག་ཤོག །མདོར་ན་དེང་ནས་བྱང་ཆུབ་མངོན་གྱུར་བར། །འཁོར་བའི་སྡུག་བསྔལ་མཚོ་ལས་ལེགས་བྱས་གྲུས། །བསྒྲལ་ཏེ་བདེ་སྐྱིད་རིན་ཆེན་གླིང་ཡངས་པོར། །འཛད་མེད་སིམ་པའི་བདོག་པར་ལོངས་སྤྱོད་ཤོག །ཅེས་པ་འདིའང་རྒྱ་མཚོ་དགེ་ཚུལ་མས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མཚོ་སྐྱེས་རྡོ་རྗེ་དར་ནག་བེར་ཆེན་སྐུ། །སྲིན་པོའི་རྒྱལ་པོར་ཀརྨ་གུ་རུའི་གར། །ཡང་གསང་དྲག་ཏུ་ཁྲོས་པ་བྲིས་ཐང་དུ། །སྒོ་གསུམ་འབད་པས་བཞེངས་པའི་ལེགས་བྱས་འབྲས། །གནམ་ལྕགས་ཕུར་བུས་བདུད་བཞིའི་སྙིང་གཟེར་བའི། །མོད་ལ་རལ་འགྲིའི་དབལ་གྱིས་བཅད་པའི་མགོ། །དོ་ཤལ་རིང་པོར་འཕྱང་ནས་ཕྱོགས་ཀུན་ལས། །རྣམ་པར་རྒྱལ་བའི་འཕྲིན་ལས་འགྲུབ་པར་ཤོག །ཉིང་མཚམས་སྦྱར་ཚེ་རང་ཉིད་ཐོད་ཕྲེང་རྩལ། །ཆེས་ཕྲ་རླུང་གི་བཞོན་པ་ལ་བརྟེན་ཏེ། །ལངྐའི་རྒྱལ་ཁབ་ཆེར་(༢༣༣ན)


GLG021_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་མགོན་པོའི་ཐུགས། །བདེ་སྟོང་ཆོས་སྐུའི་ངང་དུ་རོ་གཅིག་ཤོག །ཅེས་པའང་ཕོ་བྲང་གནང་བྱུང་བ་སྔགས་འཆང་བློ་བཟང་མཁྱེན་བརྩེའི་དམིགས་རྟེན་དུ་ཡང་གསང་དྲག་པོའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡིགེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བློ་བཟང་ཐོགས་མེད་ལྷག་བསམ་དག་པའི་མཁར། །འདྲ་འབག་ཟླ་བའི་དཀྱིལ་འཁོར་རབ་བཞེངས་པས། །དུཿཁའི་སྨག་རུམ་ཀུན་སངས་སྲིད་དང་ཞིའི། །བདེ་སྐྱིད་སྣང་བའི་འོད་ཀྱིས་ཁྱབ་པར་ཤོག །ཅེས་གསེར་སྐུ་བཞེངས་པའི་ཁ་བྱང་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བཀོད། །རྟ་མཆོག་རོལ་པ་བསྙེན་ཅིང་བསྒྲུབས་པའི་མཐུས། །བདུད་སྡེའི་བར་ཆད་གཡུལ་ལས་རྣམ་རྒྱལ་ཏེ། །དེང་ནས་ཀུན་མཁྱེན་ཡེ་ཤེས་ཐོབ་མིན་པར། །བཤེས་གཉེན་དམ་པའི་མགོན་གྱིས་རྗེས་འཛིན་ཤོག །ཅེས་པའང་ལེགས་བཤད་གླིང་ཆོས་རྗེའི་ཞལ་འདོན་དུ་ཟ་ཧོར་གྱི་བནྡེས་བྲིས། །ཕྱེད་ཀྱིས་ལྷག་པའི་དངུལ་སྲང་བཅུ་བཞི་ལས། །ལེགས་གྲུབ་བ་ལིཾ་བདུད་རྩི་འཁྱིལ་བའི་གནོད། །ངག་དབང་ཚུལ་ཁྲིམས་ཀྱིས་ཕུལ་དགེ་ཚོགས་འབྲས། །མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ་པར་ཤོག །ཅེས་པའང་གྲྭ་ཚང་གི་དགེ་བསྐོས་ལས་སྣེའི་འཇོག་ལ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བཀོད་པ་སིདྡྷི་རསྟུ། །འཇམ་ཞིང་ཆེས་དུལ་ངུར་སྨྲིག་གོས་ཀྱིས་ཀླུབས།(༢༣༣བ)


GLG021_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

།དམ་ཆོས་དབྱངས་སྙན་སྐྱེ་རྒུའི་རྣ་ལུང་འཇེབས། །གྲགས་པས་ཀུན་ཁྱབ་བཤེས་གཉེན་ཞིང་གཞན་དུ། །གཤེགས་ཀྱང་བདག་སོགས་འགྲོ་ལ་ཐུགས་རྗེས་གཟིགས། །ཇི་ལྟར་བཞེད་པའི་རྣམ་དཀར་འཕྲིན་ལས་རྒྱུན། །ནམ་མཁའི་ཕ་མཐར་བསྙེགས་པའི་ཡིད་ཅན་གྱིས། །རྒྱུད་ལ་ཉེར་ཞུགས་མངོན་པར་མཐོ་བ་དང༌། །ངེས་ལེགས་ལམ་དེར་མྱུར་དུ་བཀྲི་བར་ཤོག །དངོས་སུ་བཤམས་དང་ཡིད་ཀྱིས་རབ་སྤྲུལ་པའི། །མཆོད་པའི་སྤྲིན་གྱིས་སྲི་ཞུར་བརྩོན་བྱེད་ན། །བསོད་ནམས་བྱེ་བའི་ཞིང་གྱུར་བླ་མ་ཡིས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །ཅེས་པ་འདིའང་སྐྱིད་ཤོད་སྤྲུལ་པའི་སྐུའི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འསྔམ་དབྱངས་གྲགས་པའོ། །རིས་མེད་ཀུན་ལ་རྗེས་སུ་ཆགས་པའི་མདངས། །མཚན་དཔེའི་འཇའ་འོད་དང་འདྲེས་མཛོད་སྤུའི་ཟེར། །བདུད་རྩིའི་ཟེགས་མ་ལེགས་འབབ་འགྲོ་ཀུན་གྱི། །ཨ་ཧཾ་མི་ཤིགས་སྲོག་གི་ཀ་བ་ཚུགས། །ཞལ་ཁྱིམ་ཕྱག་ཞབས་མཐིལ་དུ་རབ་གསལ་སྤྱན། །དཀྱུས་རིང་ཆོས་ཀྱི་ཕ་མཐའ་འཇལ་འདྲ་བས། །ཤེས་བྱར་སྲིད་ལ་མ་བསྒྲིབས་ཡེ་ཤེས་ཀྱི། །འདྲེན་བྱེད་འགྲོ་ལ་མངོན་སུམ་དངོམ་པ་བཞིན། །རྣམ་འདྲེན་ལྗགས་རིང་པདྨའི་ཟེའུ་འབྲུའི་རྩེར། །ཆེད་དུ་བཇགས་པའི་མཚན་སྙན་བུང་བའི་གླུས། །གཤིན་རྗེའི་ལས་ཀྱི་མེ་ལོང་ངལ་གསོ་རུ། །བྱས་ཞེས་ཕྱོགས་བྲལ་རྣ་བར་ལེན་པ་བཞིན། །རྒྱལ་ཀུན་སྤང་རྟོགས་ཐུགས་རྗེར་ལྕི་དང་ཡང༌། །(༢༣༤ན)


GLG021_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་སྲང་ལ་གཞལ་ཚེ་རྙེད་མིན་ཀྱང༌། །སྔོན་གྱི་སྨོན་ལམ་དམ་བཅས་འཆི་བདག་གཡུལ། །ཕམ་པར་གཅིག་ཏུ་དཔའ་རྣམས་དཔང་པོར་གསོལ། །རྣམ་དག་ངག་ཡིད་ཚངས་པའི་རལ་ཀླུང་ནས། །དབང་བཞིའི་གངྒས་གདུལ་བྱའི་བློ་ཡི་དྲི། །རབ་བཀྲུས་ལྔ་ལྡན་ཡེ་ཤེས་བསྐལ་བཟང་དུ། །བསྒྱུར་ཏེ་བསྐལ་པར་མངོན་སུམ་ཡུལ་འགྱུར་ཤོག །ཟབ་དང་རྒྱ་ཆེ་ཐུབ་གཞུང་གཏིང་དཔོག་པར། །མཚོ་བྱུང་དྲིན་ལས་མི་འཇིགས་སྤོབས་པ་ཡིས། །ཡོད་མེད་མཐའ་བྲལ་དབུ་མར་གནས་པའི་གོ །ཆ་གང་དཀར་ཕྱོགས་ཟླར་མཚུངས་འགྲིབ་མེད་ཤོག །སྒྲིབ་གཉིས་དགྲ་ཚོགས་ཉེར་ཐུབ་ལུང་རྟོགས་ཀྱི། །བསྟན་པའི་ལང་ཚོ་དར་ལ་བབ་པའི་སྡེ། །མཁའ་སྦྱོར་ལོངས་སྤྱོད་བདུན་ལྡན་ཇི་བཞིན་དུ། །འཁོར་མཐའ་རྙེད་མིན་ཆོས་འཁོར་བསྐོར་དུ་གསོལ། །འཇམ་དཔལ་དབྱངས་ཀྱིས་དགའ་མགུར་བརྩེ་བའི་ལྷ། །ཡིད་འཕྲོག་དྲི་ཟའི་བུ་མོས་བཤེས་མཛད་གང༌། །རིས་མེད་འགྲོ་བའི་གཉེན་དུ་གཡུང་དྲུང་གི །ལེགས་མཚན་ཁྲི་ལ་གཡོ་བ་མེད་པར་ཤོག །ཉམས་འགྱུར་སྟོང་གི་བརྗོད་པ་རྣམ་དག་གླུར། །ཚངས་པའི་སྲས་མོ་དགྱེས་པས་ཉེར་བཞད་ལས། །འཆད་རྩོད་རྩོམ་པའི་རྡོ་རྗེས་རབ་རྨོངས་པའི། །ས་འཛིན་བགྲོད་བྱེད་མཐར་མཛད་བརྟན་པར་ཤོག །དགའ་བཞིའི་འགྲོས་ལྡན་གསང་ཆེན་སྔགས་ཀྱི་ལམ། །རྨད་བྱུང་ཐེག་མཆོག་རིག་འཛིན་འདུས་པའི་གླིང༌། །རིམ་གསུམ་འཁོར་ལོའི་བྱ་བ་སྲིད་མཐའི་བར། །དབྱར་གྱི་ཆུ་(༢༣༤བ)


GLG021_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བཞིན་དུ་འཕེལ་བར་ཤོག །དགའ་ལྡན་རྣམ་པར་རྒྱལ་བའི་ཕོ་བྲང་ཆེའི། །ཁྲིམས་གཉིས་རྩིབས་སྟོངས་གསེར་གྱི་འཁོར་ལོ་ཡིས། །ཀུན་བཟོད་ཕ་མཐའི་ཁྱོན་ལ་མངའ་སྒྱུར་ཏེ། །འཛམ་གླིང་ཡོངས་ཀྱི་གཙུག་ན་མངོན་མཐོར་ཤོག །གསེར་མདོག་ཞྭ་ཡི་ཅོད་པན་འཆང་བའི་བསྟན། །ལུས་ཅན་ཡོངས་ཀྱི་བསོད་ནམས་ཞིང་མཆོག་ཏུ། །མ་ཕམ་མགོན་གྱི་རིང་ལུགས་འཕགས་པའི་ཡུལ། །བྱོན་མིན་འཇིག་རྟེན་གསུམ་གྱི་མུན་སེལ་ཤོག །མཁའ་ལ་དཀོན་མཆོག་ཐུགས་རྗེའི་ཉི་འོད་བརྡལ། །བར་སྣང་ལྷ་རྣམས་བཀྲ་ཤིས་མེ་ཏོག་འཐོར། །ས་ལ་འགྲོ་ཀུན་བདེ་སྐྱིད་རྩེད་འཇོར་རོལ། །དགའ་མགུར་སྤྱོད་ཅིང་མཆེད་ལྕམ་སྤུན་གྲོགས་རྣམས། །ཞེས་པ་འདིའང་དགའ་ལྡན་གསང་སྔགས་གླིང་སློབ་དཔོན་ངག་དབང་ནོར་བུ་གཉེར་པ་གྲྭ་དམངས་དང་བཅས་པས་ནན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་པའི་ཡི་གེ་པ་ནི་སྙན་ཚིག་སྨྲ་བ་ལྕང་གསེབ་པ་བསྟན་འཛིན་དབང་པོའོ། །སོར་རྟོག་ཡེ་ཤེས་རང་གདངས་ཟད་མི་ཤེས། །སྣང་བ་མཐའ་ཡས་མཚན་དཔེའི་སྒྱུ་འཕྲུལ་ཕྱག །བདུད་རྩིའི་བུམ་བཟང་བཏེག་ནས་འགྲོ་ཀུན་ལ། །འཆི་མེད་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །ངག་དབང་བློ་ཡི་ཉི་མས་རྨོངས་པའི་མུན། །ཉེར་སངས་མཁས་བཙུན་བཟང་པོའི་འདབ་སྟོང་བཅུད། །རབ་མྱོང་གདུལ་བྱ་བུང་བས་རྒྱ་མཚོའི་མཐའ། །ཡོངས་ཁྱབ་སྲིད་པའི་ཕ་མཐར་མི་གཡོ་ཤོག །ཚངས་སྲས་ལྷ་མོས་བདུངས་པའི་པི་ཝཾ་རྒྱུད། །མགྲིན་པར་(༢༣༥ན)


GLG021_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲོལ་བས་དཔྱོད་ལྡན་ལེགས་བཞད་པས། །དྷཱུ་ཏཱིའི་ཀ་བ་གཞོམ་མེད་རྡོ་རྗེ་རུ། །འགྲུབ་པར་ཚེ་མཐའ་ཡས་པས་བྱིན་གྱིས་རློབས། །འཁྲུལ་བྲལ་ལམ་སྟོན་རྒྱུད་ལ་མངོན་བྱེད་སྐྱབས། །ཟླ་གྲོགས་མཆོག་གསུམ་ཐུགས་རྗེའི་ཆུ་འཛིན་སྦུབས། །བདེན་ཚིག་དབྱར་རྔས་སྐལ་ལྡན་རྨ་བྱའི་ཚོགས། །དགའ་བའི་སྒོ་གཤོག་ཟླུམ་པོར་གར་བྱེད་ཤོག །ལྷག་བསམ་ཆུ་གཏེར་ནང་ལྷུངས་བསོད་ནམས་ཀྱིས། །འཛམ་བུའི་སྙེ་མ་གསེར་དུ་བསྒྱུར་བའི་དཔྱས། །ཕན་བདེའི་དཔལ་འབྱོར་མཛོད་ལ་ལུས་ཅན་ཀུན། །སྤྱོད་པར་མི་འཛད་གཏེར་གྱི་རྒྱུ་རུ་བསྔོ། །ཞེས་རིང་འཚོའི་ཚིགས་བཅད་ཅིག་དགོས་ཚུལ་གྲུབ་རིགས་རྒྱ་མཚོའི་གཙུག་ཏོར་རྩེ་མོར་ཞབས་སེན་གྱི་ཟླ་བ་མངོན་པར་ཚེས་པ་དཔལ་སྟག་ལུང་པ་ཆེན་པོ་རྣམ་རྒྱལ་ལེགས་གྲུབ་ཀྱི་བཀའ་སྩལ་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པོའོ། །མཁྱེན་བརྩེ་ནུས་པ་མངའ་བས་དོན་གཉིས་གྲུབ། །འགོག་ལམ་ལྡན་པས་སྲིད་ཞིའི་འཆིང་ལས་གྲོལ། །མྱ་ངན་འདས་པར་ལེགས་བཀྲི་ཟླ་གྲོགས་ཅན། །བསླུ་མེད་མཆོག་གསུམ་ཐུགས་རྗེ་ཆེན་པོའི་མཐུས། །བག་ཡོད་ཁྲིམས་ཀྱིས་རང་རྒྱུད་འཇམ་ཞིང་མཉེན། །འཆད་རྩོད་རྩོམ་པའི་སྒྲ་དབྱངས་ཕྱོག་བཅུར་ཁྱབ། །ཡོངས་སྙན་གྲགས་པ་རབ་འབར་དགེ་བའི་བཤེས། །ལྗོངས་འདིར་ཡང་སྲིད་མྱུར་དུ་འབྱོན་བྱིན་རློབས། །ཞིང་གཞན་གང་འཚམ་འཇུག་པའི་འཕྲིན་ལས་ཀྱིས། །ནམ་མཁའི་མཐའ་(༢༣༥བ)


GLG021_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེག་ཟད་པ་མེད་ན་ཡང༌། །བདག་སོགས་བསམ་པའི་འདོད་པ་ལེགས་འཇོའི་ཆེད། །གངས་ཅན་ཡུལ་དུ་གསལ་པོར་སྟོན་པར་ཤོག །མངོན་གྱུར་ཉོན་མོངས་འདུལ་བ་ཚུལ་ཁྲིམས་ཀྱི། །ལྷག་པའི་བསླབ་པས་ཐུགས་རྒྱུད་ཉེར་གཏམས་པ། །འདུས་སྡེའི་ཚོགས་ཀྱིས་བདེན་ཚིག་རབ་བརྗོད་མཐུས། །འབྲས་བུ་རིང་པོར་མི་ཐོགས་སྨིན་པར་ཤོག །ལེགས་ལྡན་མ་ཧཱ་ཀཱ་ལ་ཕྱག་དྲུག་པ། །བཀའ་སྡོད་བདུད་ཀྱི་མགོན་པོ་ཏྲག་ཤད་དང༌། །དཔལ་ལྡན་དུང་སྐྱོང་དབང་མོ་ལ་སོགས་པས། །བསམས་པའི་དོན་ཀུན་གྲུབ་པའི་འཕྲིན་ལས་མཛོད། །སློབ་དཔོན་འཇམ་དབྱངས་གྲགས་པའི་སྐུ་སྐྱེ་མྱུར་འབྱོན་གྱི་ཚིགས་སུ་བཅད་པ་ཞིག་དགོས་ཞེས་དབོན་པོ་བློ་བཟང་མཁས་བཙུན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཤེས་བྱ་ཀུན་མཁྱེན་ངག་དབང་ལྷག་པའི་ལྷས། །ཕུལ་བྱུང་བློ་གྲོས་བཟང་པོའི་མཆོག་སྦྱིན་པས། །གཙུག་ལག་རྒྱ་མཚོར་སྤོབས་པ་རབ་དགེ་བའི། །སྣང་བརྙན་ངོ་མཚར་དད་རྟེན་འདི་བསྐྲུན་མཐུས། །སྒོ་གསུམ་གདུང་བའི་ཚོར་བ་དང་བྲལ་ཞིང༌། །བདེ་སྐྱིད་སུམ་རྩེན་བདག་པོའི་དཔལ་ལ་འགྲན། །འཁོར་བ་ཆུ་སྲིན་འབྱུང་གནས་ལས་ཐར་ཏེ། །མྱ་ངན་འདས་པའི་གྲོང་ཁྱེར་ལ་འཇུག་ཤོག །སྐྱེ་བ་རིམ་བརྒྱུད་མགོན་ཁྱོད་ཞམ་རིང་དུ། །སྐྱེས་ནས་ངེས་གསང་ཆོས་ཀྱི་བང་མཛོད་ལ། །ལོངས་སུ་སྤྱད་པས་རང་རྒྱུད་ལེགས་སྨིན་ཅིང༌། །གཞན་རྒྱུད་འགྲོལ་བའི་སྨོན་པ་ལྷུན་གྲུབ་ཤོག །འཇམ་མགོན་ངུར་སྨྲིག་འཆང་བ་(༢༣༦ན)


GLG021_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཙོང་ཁ་པའི། །མདོ་སྔགས་ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཀུན། །ཐོས་དོན་ལེགས་བསམས་སྒོམ་པ་མཐར་ཕྱིན་ཏེ། །གང་གི་འཕྲིན་ལས་བདག་རྒྱུད་ལ་འཇུག་ཤོག །རྒྱལ་བ་སྨན་གྱི་བླ་མ་མཆེད་བདུན་གྱི། །ཐུགས་རྗེས་འདི་སྣང་དགའ་སྐྱིད་ཕུན་སུམ་ཚོགས། །ཉིང་མཚམས་སྦྱར་ནས་བདེ་ལྡན་དག་ཞིང་དུ། །འོད་དཔག་མེད་པའི་སྲས་སུ་སྐྱེ་བར་ཤོག །མཆོག་མཐུན་དངོས་གྲུབ་སྒྲུབ་ཚེ་བདུད་སྡེའི་སྙིང༌། །དཔལ་ཆེན་ཕྱག་ན་བསྒྲིལ་བའི་ཕུར་པ་ཡིས། །ཐལ་བྱུང་ཕུག་སྟེ་བར་ཆད་ལས་རྒྱལ་བའི། །འཕྲིན་ལས་རྣམ་བཞི་བདེ་བླག་འགྲུབ་བྱིན་རློབས། །འཆི་བདག་དཔུང་ཚོགས་འཇོམས་བྱེད་གཤིན་རྗེའི་གཤེད། །གར་དགུའི་ཉམས་ཀྱི་རོལ་པའི་སྟང་སྟབས་ཞབས། །ཡིད་སྲུབས་སྡེར་བཅས་སྙིང་ལ་བྲོ་བརྡུངས་པས། །དགྲ་བགེགས་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །ཅེས་ངེད་རང་གི་འདྲ་འབག་གཙོ་ཐང་དུ་བྱས་པའི་བྲིས་ཐང་ལྔ་ཆར་བཀྲས་རབ་དཀའ་བཅུ་བ་བློ་བཟང་ལྷུན་གྲུབ་ཀྱིས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཉེར་གསུམ་སྲང་ལྡན་རིན་ཆེན་གཉིས་པ་ལས། །ལེགས་གྲུབ་ཀོང་བུར་ཡོངས་སྦར་སྒྲོན་མེ་ཡིས། །དཀོན་མཆོག་མཆོད་པས་འཁོར་འདས་གདུང་བའི་མུན། །རབ་བཅིལ་བདེ་སྐྱིད་སྣང་བས་ཁྱབ་པར་ཤོག །ཅེས་པ་འདིའང་འཕྱོང་རྒྱས་པ་བློ་བཟང་ཐུགས་རྗེས་སྔགས་རམས་པ་བྱས་སྐབས་གྲྭ་ཚང་དུ་དངུལ་ཀོང་ཕུལ་བའི་ཚེ་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་(༢༣༦བ)


GLG021_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེས་བཀོད་པ་མངྒ་ལཾ། །རྟག་ཏུ་བཀྲ་ཤིས་དབྱངས་སུཉེར་སྒྲོག་གླུ། །ཨོཾ་ཡིག་ཟོལ་གྱིས་ལེན་པའི་ཞལ་གི་སྒོའི། །མཁུར་ཚོས་ནས་བརྡོལ་ཨཱ་ཐས་དྲན་གསོས་པ། །ཚེ་ཡི་རིག་བྱེད་སྲོག་གི་ཟུངས་འགྱུར་ཤོག །འཆི་མེད་སོར་མོས་གཏོར་བ་མནྡ་རའི། །སྤེལ་ལེགས་ཆར་དུ་བསྙིལ་དང་ལྷན་ཅིག་ཏུ། །བདེན་བརྗོད་གྲུབ་པར་མཆོག་གསུམ་དྲང་སྲོང་སོགས། །མཐུན་འགྱུར་ཚིག་གི་རྒྱུད་མང་འཁྲོལ་བར་ཤོག །བརྗོད་པ་རྣམ་པར་དག་པ་ངག་གི་དབང༌། །བློ་གཏེར་དྲི་ཟའི་ལུས་ཕྲ་ངང་མོ་དཀར། །མགྲིན་པའི་རྫིང་བུར་རྟག་རོལ་བསྐལ་བཟང་གཏམ། །རྒྱ་མཚོའི་གོས་ཅན་ཁྱབ་ལ་གསོལ་བ་འདེབས། །འཇམ་དབྱངས་བློ་བཟང་གྲགས་པའི་ཆོས་སྲིད་བསྟན། །སྤེལ་ལ་དགའ་བ་བརྒྱ་བའི་ཤེ་མོང་གིས། །གནམ་གྱི་མཐོངས་ནས་དབང་བསྐུར་བཤེས་གཉེན་མཆོག །གཡུང་དྲུང་ལྟ་བུར་འགྱུར་མེད་བརྟན་པར་ཤོག །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འགྲོ་ཀུན་གྱི། །ཕྲག་པར་རབ་ལྕི་ནོར་འཛིན་སྐྱོང་བ་ཡི། །སྐུ་ཚེ་མངའ་ཐང་ཆབ་སྲིད་བླ་ནས་བླར། །མཐོར་བརྩེགས་ཚངས་པའི་ཡུལ་སར་བསྙེག་པར་ཤོག །རྒྱན་དྲུག་མཆོག་གཉིས་ཐུགས་ལ་མངའ་བའི་གཞུང༌། །རིས་མེད་ཐོས་དང་བསམ་པར་བྱེད་པའི་གྲ། །ཕྱོགས་བྲལ་ཀུན་ནས་ཚང་བ་འདུས་ཚོགས་སྡེ། །རྫོགས་ལྡན་གསར་འབྱུང་དེ་སྲིད་དར་བར་ཤོག །ངེས་པའི་དོན་དུ་རྡོ་རྗེ་དབྱིངས་ཕྱུག་མ། །ཐུན་མོང་གདུལ་བྱར་ས་བཅུ་མངོན་གྱུར་ཚུལ། །ཐུབ་བསྟན་བསྲུང་ལ་དམག་དང་ཟོར་གྱི་ལྷ། །འདོད་ཁམས་བདག་མོས་ལས་བཞི་སྒྲུབ་ཏུ་གསོལ།(༢༣༧ན)


GLG021_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

། གསོལ་འདེབས་སྨོན་ལམ་གྱི་ཤིས་པ་བརྗོད་པ་འདིའང་མངའ་རིས་གྲྭ་ཚང་སློབ་དཔོན་བློ་བཟང་ནོར་བུས་ཆེད་གཉེར་དུ་བསྐུལ་བ་ལ་བརྟེན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པའོ། །དཔལ་ལྡན་ཤཱཀྱའི་སྐྱེས་མཆོག་ཟས་གཙང་སྲས། །རྒྱལ་ཚབ་ས་བཅུའི་བདག་ཉིད་བྱམས་པ་མགོན། །འཇིག་རྟེན་དབང་ཕྱུག་པད་དཀར་འཆང་ལ་སོགས། །སྲས་བཅས་རྣམ་འདྲེན་ཐམས་ཅད་དེང་འདིར་དགོངས། །བརྒྱ་ཕྲག་མཆོད་པ་དངོས་སུ་བཤམས་པ་དང༌། །མོས་དང་ཏིང་འཛིན་སྟོབས་ལས་ལེགས་སྤེལ་ཏེ། །ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཟང་དུ། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ལྟར་ཕྱེའི་མཐུས། །ལུས་ཅན་ཀུན་ལ་སྨན་ཡོན་འབྱུང་བའི་གཞི། །ཐུབ་བསྟན་སྙིང་པོ་བཤད་དང་སྒྲུབ་པའི་དཔལ། །འཛིན་མཛད་དགེ་འདུན་སྡེ་རྣམས་དར་བ་དང༌། །འཇིག་རྟེན་མ་ལུས་བདེ་ཞིང་སྐྱིད་པར་ཤོག །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ཡི། །ཞབས་ཟུངས་རྡོ་རྗེའི་ཁྲི་ལ་རྟག་བརྟན་ཅིང༌། །དགའ་བའི་དཔལ་ལྡན་སྡེ་བཞིའི་ཕོ་བྲང་གི །ཆབ་སྲིད་མངའ་ཐང་འཕེལ་ཞིང་རྒྱས་པར་ཤོག །ཟང་ཟིང་བདོག་པའི་རྒྱུ་ཚོགས་གཏོང་བ་དང༌། །ཆེད་དུ་བསྒྲུབ་ཚུལ་གཡོས་སུ་བྱ་བ་སོགས། །མི་དང་དུད་འགྲོས་མཐའ་བརྟེན་གཏོགས་སོ་ཅོག །ནད་གདོན་དབུལ་ཕོངས་རྒུད་ཚོགས་ཞི་བར་ཤོག །བརྒྱ་ཕྲག་ལོར་གནས་སྟོན་བརྒྱའི་འབྲུ་བཅུད་མྱང་། །འདོད་དགུའི་དཔལ་འབྱོར་དབྱར་གྱི་ཆར་བཞིན་འབབ། །སིམ་པའི་ཚོར་བས་ལུས་ངག་ཡིད་གསུམ་ལ། །བདེ་བར་སྤྱོད་པའི་བསོད་ནམས་འཐོབ་པར་ཤོག །ཐོས་བསམས་(༢༣༧བ)


GLG021_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ལ་བློ་གྲོས་རབ་ཏུ་ཡངས། །བག་ཡོད་དང་ལྡན་རྣམ་དཀར་ས་བོན་ཚོགས། །བསྔོ་བ་སྨོན་ལམ་བརླན་གཤེར་གྱིས་བསྐྲུན་པས། །བྱང་ཆུབ་བར་གྱི་མྱུ་གུ་སྨིན་པར་ཤོག །རྣམ་འདྲེན་བཞི་པ་ཤཱཀྱ་སེང་གེ་ཡི། །ཕྱག་མཐིལ་འཁོར་ལོའི་རི་མོ་རབ་བཀྲ་བ། །བདག་སོགས་ལུས་ཅན་ཀུན་གྱི་སྤྱི་བོ་རུ། །བཞག་ནས་དབུགས་དབྱུང་བྱང་ཆུབ་ལུང་སྟོན་ཤོག །མ་ཕམ་མགོན་ཁྱོད་རིས་སུ་མ་ཆད་པར། །རབ་སྙོམས་བྱམས་པའི་ཆུ་རྒྱུན་བདག་རྒྱུད་ལ། །ཞུགས་ཏེ་རྗེས་བརྩེའི་མེ་ཏོག་ཆུན་པོ་ཡིས། །བདུད་སྡེའི་དཔུང་ཚོགས་འཆིང་བའི་ནུས་ལྡན་ཤོག །རིགས་གསུམ་སྒྱུ་དྲའི་གར་མཁན་ཆོས་ཀྱི་རྒྱལ། །མེས་དབོན་རིམ་བྱོན་གྱིས་བཞེངས་གཙུག་ལག་ཁང༌། །རྟེན་དང་བརྟེན་པར་བཅས་ལ་ཚེ་རབས་ཀུན། །བསོད་ནམས་ཞིང་དུ་སྲིད་ཞུ་བསྐྲུན་ནུས་ཤོག །ཉིང་མཚམས་སྦྱར་ཚེ་བདེ་བ་ཅན་ཞིང་དུ། །པདྨའི་སྦུབས་སུ་རྫུས་ཏེ་ལེགས་སྐྱེས་ནས། །འོད་དཔག་མེད་གསུང་ཆོས་ཐོས་རབ་གྲོལ་བས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །སྐལ་དམན་དག་ཞིང་སྐྱེ་བར་མ་ནུས་ན། །མི་ཁོམ་གནས་སུ་ནམ་ཡང་མི་འགྲོ་ཞིང༌། །དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་པོ། །ཐོབ་ནས་ཐེག་ཆེན་ཆོས་ལ་སྦྱོར་བར་ཤོག །བསྐལ་པ་མང་པོར་བྱ་དཀའི་སྤྱོད་པ་ཡིས། །ས་ལམ་ཚོགས་ཀྱིས་བསྒྲུབ་ལ་མི་བལྟོས་པར། །གསང་སྔགས་སྨིན་ཅིང་གྲོལ་བའི་གདམས་པ་ཡིས། །མྱུར་དུ་ཟུང་འཇུག་སྐུ་བཞི་མངོན་འགྱུར་ཤོག །ནམ་མཁའི་མཐས་ཀྱང་སྙེད་པར་མི་ནུས་པའི། །མ་རྒན་མཐའ་དག་བསྡུ་བ་རྣམ་པ་བཞིས། །(༢༣༨ན)


GLG021_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་བྱས་ཏེ་ཕ་རོལ་ཕྱིན་དྲུག་གི །རླབས་ཆེན་སྤྱོད་པའི་ཚུལ་ལ་སྤྱོད་པར་ཤོག །མདོར་ན་ཇི་སྙེད་བསགས་པའི་ཆོས་དཀར་གྱི། །འབྲས་བུས་སྐྱེ་རྒུ་མཐའ་དག་སྟོབས་བཅུའི་རྩལ། །ཡོངས་རྫོགས་ཐེག་པ་ཆེན་པོའི་མི་སློབ་ལམ། །རིང་མིན་སྔོན་དུ་འགྱུར་བའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་ས་རྟ་ཆོ་འཕྲུལ་ཆེན་མོའི་ཐོག་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བརྒྱ་མཆོད་ཕུལ་བའི་དུས་ངག་འདོན་དུ་བྱས་ཆོག་པ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པོའོ། །དུག་གསུམ་དེས་བསྐྱེད་ནད་འཇོམས་གསེར་མདོག་དང༌། །ལྷུང་བཟེད་ཟིལ་མངར་བཅུད་ཀྱིས་ཉེར་གཏམས་པས། །ལུས་ཅན་ཡོངས་ཀྱི་སྡུག་བསྔལ་གཞིལ་མཛད་པ། །བཻ་ཌཱུཪྻ་འོད་ཡེ་ཤེས་སྤྱན་གྱིས་གཟིགས། །འཇམ་དབྱངས་དགའ་བའི་ན་ཆུང་ཚངས་སྲས་ཐུགས། །རྣམ་དཔྱོད་ལང་ཚོས་ཕྲོགས་པས་ཡོངས་བཞད་པའི། །བཤེས་གཉེན་རྡོ་རྗེ་རྩེ་བརྒྱས་རྒོལ་ངན་རི། །མཐར་བྱེད་འགྲོ་བའི་ཉེ་འཚོར་བརྟན་བྱིན་རློབས། །ལུས་ངག་ཡིད་གསུམ་དྲི་འཁྲུད་དབང་བཞིའི་ཆུས། །བློ་གྲོས་མྱུ་གུ་ཡེ་ཤེས་ལྔ་འབྲས་སུ། །སྨིན་པས་སྐལ་བཟང་གདུལ་བྱའི་འདྲེན་པ་མཆོག །རྒྱ་མཚོའི་གོས་ཅན་གཞི་འདིར་བརྟན་པར་ཤོག །སྲོག་འཚོའི་རིག་བྱེད་གངྒཱའི་ཡབ་ཅིག་ལས། །འཆི་མེད་གྲུབ་རྒྱུན་ཕྱོག་བཞིར་སྦགས་པའི་ཀླུང༌། །དྲང་སྲོང་འདུས་པ་ཟླ་བའི་མ་མའི་གླིང༌། །བསྐལ་པའི་ཕ་མཐའ་དེ་སྲིད་འབབ་པར་ཤོག །གནོད་སྦྱིན་སྡེ་དཔོན་རྡོ་རྗེ་བདུད་འདུལ་དང༌། །ངག་(༢༣༨བ)


GLG021_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནུས་ཐོབ་ལྷ་མིའི་རིག་འཛིན་གྱིས། །ཇི་ལྟར་སྨོན་པའི་རེ་བ་ལྷུན་གྲུབ་པ། །ཡོངས་འདུའི་གྲིབ་མར་རྟག་ཏུ་ངལ་གསོར་ཤོག །ཅེས་སྨན་བླ་དང་འབྲེལ་བའི་བདེན་བརྗོད་ཀྱི་ཚིགས་བཅད་ལྔ་ཙམ་ཡོད་པ་ཞིག་དྲང་སྲོང་འདུས་པའི་གླིང་དུ་འཛུགས་རྩིས་ཀྱི་ལྷའི་རྗེ་བོ་ཚངས་རིས་གྲུབ་པའི་སྨན་པ་ཚ་རོང་པ་སྤུན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པོའོ། །ལྗགས་བཟང་བཀྲམ་པའི་རྒྱུད་མང་གླུར། །མདོ་ཆོག་སྒྲ་འཁྲོལ་ཉི་མའི་གཉེན། །བསོད་ནམས་དར་རྒྱས་མངོན་མཐོ་དང༌། །ངེས་པར་ལེགས་པའི་ལམ་ལ་སྦྱོར། །བཻ་ཌཱུཪྻ་འོད་རྒྱལ་པོ་ཡིས། །ཐུགས་བསྐྱེད་སྨོན་པའི་དོན་ཇི་བཞིན། །བསོད་ནམས་དེར་རྒྱས་སྡུག་ཀུན་གྱི། །བདེན་ལས་རྣམ་པར་གྲོལ་བྱིན་རློབས། །མངོན་མཁྱེན་རྒྱལ་པོའི་ཐུགས་རྗེའི་ཟླ། །ཡོངས་བསིལ་ཟེགས་མ་འབུམ་ཕྲག་གིས། །བསོད་ནམས་དར་རྒྱས་འཁོར་བ་ཡི། །སྲེག་བྱེད་ཚ་གདུང་མཐའ་དག་གཅིལ། །ཆོས་གྲགས་རྒྱ་མཚོའི་དབྱངས་སྙན་པོས། །སྐྱེ་བར་ཡིད་ལ་ལེགས་སིམ་སྒྲས། །བསོད་ནམས་དར་རྒྱས་ཐོས་འཛིན་དུ། །འཇེབས་པའི་དགའ་སྟོན་མྱོང་བར་མཛོད། །མི་བཟད་མྱ་ངན་མིང་ཙམ་ཡང༌། །མེད་པ་ཡིད་བདེའི་ཚོར་བ་ལ། །བསོད་ནམས་དར་རྒྱས་སྐྱེ་བ་ཀུན། །སྤྱོད་པར་མཛོད་ཅིག་མཆོག་གི་དཔལ། །ལེགས་བྱས་བསགས་པའི་ཛམྦུའི་འབྲས། །གསེར་བཟང་སྙེ་མར་ཡོངས་བསྒྱུར་ཏེ། །བསོད་ནམས་དར་རྒྱས་སྲིད་པ་ཡི། །ཟུག་རྔུའི་དྲི་མ་མེད་པར་ཤོག །ཚོགས་གཉིས་ཡིད་བཞིན་རིན་(༢༣༩ན)


GLG021_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལས། །རྡུལ་བྲལ་སྟོན་ཀའི་ཟླ་འོད་ལྟར། །བསོད་ནམས་དར་རྒྱས་ཆོས་དཀར་གྱིས། །བརྒྱ་ཕྲག་བྱུགས་པས་ཆེས་གསལ་ཤོག །སྲིད་ཞིའི་མཐའ་བྲལ་སངས་རྒྱས་མཚོན། །ལེགས་པར་ཡོངས་བསྒྲགས་ལུང་བསྟན་གྱིས། །བསོད་ནམས་དར་རྒྱས་རིང་མིན་དུ། །སྟོབ་བཅུ་མངའ་བ་བརྙེས་པར་ཤོག །གྲུ་འཛིན་ལ་དགྱེས་པད་དཀར་འཆང༌། །བྱམས་དང་བརྩེ་བའི་སྤྱན་རས་ཀྱིས། །བསོད་ནམས་དར་རྒྱས་སྲིད་མཚོ་ལས། །སྒྲོལ་བའི་གཟིགས་པ་ལྷོད་མེད་སྩོལ། །རྒྱལ་རྣམས་པདྨའི་འདབ་སྟོང་དབུས། །ལེགས་བྱུང་གཏན་གྱི་སྐྱབས་གནས་ཀྱིས། །བསོད་ནམས་དར་རྒྱས་རང་རིང་རྩལ། །ཀུན་བཟང་ངོ་འཕྲོད་དེ་སྲིད་སྐྱོངས། །སྟོང་ཉིད་སྙིང་རྗེའི་ཉམས་ཀྱི་གར། །མཛེས་སྡུག་ཕྱག་རྒྱ་མནྡ་རས། །བསོད་ནམས་དར་རྒྱས་མཁའ་འགྲོའི་གྲོང༌། །ཁྲིད་ལ་བདེ་ཆེན་ལམ་དུ་དྲོངས། །མཁའ་ལ་མཁའ་ཡི་སྦྱོར་བ་བཞིན། །རྡོ་རྗེ་བཙུན་མོ་འཚོ་རྒྱལ་མས། །བསོད་ནམས་དར་རྒྱས་པདྨ་འོད། །དག་པའི་ཞིང་དེར་དྲང་དུ་གསོལ། །ཝཾ་ཡིག་པདྨ་འབྱུང་གནས་སྐུར། །ཨེ་དབྱིངས་གཟུངས་མ་ལེགས་འཁྲིལ་བས། །བསོད་ནམས་དར་རྒྱས་དགའ་བཞིའི་འགྲོས། །ཚེ་གཅིག་རྡོ་རྗེ་འཆང་བརྙེས་མཛོད། །རྣམ་དག་ཚུལ་ཁྲིམས་དྲི་ངད་ཀྱིས། །ཡོངས་ཁྱབ་པདྨ་སམ་བྷ་ཝས། །བསོད་ནམས་དར་རྒྱས་བག་ཡོད་སོགས། །ཡོན་ཏན་སྣ་ཚོགས་ལ་སྦྱོར་གསོལ། །ཇི་ལྟ་ཇི་སྙེད་ཀུན་གཟིགས་པའི། །མཁས་པ་བློ་ལྡན་མཆོག་སྲེད་ཀྱིས། །བསོད་ནམས་དར་རྒྱས་ཤེས་བྱའི་གནས། །ངེས་པར་ཐམས་(༢༣༩བ)


GLG021_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པར་ཤོག །པདྨ་རཱ་གའི་མདངས་འཛིན་པ། །འཁོར་འདས་ཡོངས་ཀྱི་རྒྱལ་པོ་ཡིས། །བསོད་ནམས་དར་རྒྱས་སྲིད་ཀུན་ཏུ། །ལེགས་ཚོགས་མ་ལུས་དབང་དུ་སྡུས། །བྱིན་རླབས་ཉི་མའི་དཀྱིལ་འཁོར་ལས། །ཐུགས་རྗེའི་འོད་ཟེར་རྨད་པོ་ཆེས། །བསོད་ནམས་དར་རྒྱས་རིང་མིན་དུ། །འགྲོ་རྣམས་འདུལ་བའི་མགོན་པོར་མཛོད། །མཚན་དཔེའི་དཔལ་གྱི་གཟི་འབར་བ། །བཅོམ་ལྡན་ཤཱཀྱ་སེང་གེའི་མཐུས། །བསོད་ནམས་དར་རྒྱས་བདུད་བཞི་ཡི། །གཡུལ་ལས་རྣམ་པར་རྒྱལ་བྱིན་རློབས། །འཇིགས་པ་དང་བྲལ་སེང་གེའི་སྒྲ། །རབ་སྒྲོག་ཁྲོ་བོ་དྲག་ཤུལ་ཅན། །བསོད་ནམས་དར་རྒྱས་མུ་སྟེགས་སོགས། །ལྟ་ངན་གནོད་བྱེད་ཚོགས་ཀུན་སྐྱོབས། །གཏུམ་དྲག་རྡོ་རྗེ་གྲོ་བོ་ལོད། །ཟ་བྱེད་རྔམས་པའི་སྟང་སྟབས་ཀྱིས། །བསོད་ནམས་དར་རྒྱས་སྐྱེ་བ་ཀུན། །འབྱུང་པོའི་གདོན་བགེགས་ལས་མཐར་མཛོད། །འཇམ་དཔལ་དགེ་སློང་ཚུལ་འཆང་བ། །འདྲེན་མཆོག་བློ་བཟང་གྲགས་པ་ཡིས། །བསོད་ནམས་དར་རྒྱས་བྱང་ཆེན་ས། །མ་ཐོབ་བར་དུ་རྗེས་སུ་གཟུང༌། །ཡོངས་རྫོགས་བསྟན་པའི་མངའ་བདག་ཆེ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། །བསོད་ནམས་དར་རྒྱས་ཐར་པ་ཡི། །ཕོ་བྲང་ཆེན་པོར་དྲང་བར་གསོལ། །ངག་དབང་ཚངས་སྲས་བློ་གྲོས་ལ། །སྤྱོད་པའི་སྐལ་བཟང་རྒྱ་མཚོའི་སྡེས། །བསོད་ནམས་དར་རྒྱས་གཏན་གྱི་བདེར། །འགོད་སྨོན་མཆོག་གསུམ་དཔང་པོར་གསོལ། །ཞེས་སྒེམ་བུ་བ་བསོད་ནམས་དར་རྒྱས་ཀྱི་ཆེད་དུ་རྒྱལ་ཕུར་རབ་བརྟན་སོགས་ཤུལ་མི་རྣམས་ཀྱིས་སྨན་བླ་བདེ་(༢༤༠ན)


GLG021_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བརྒྱད་ཚར་གཉིས། བཅུ་གཅིག་ཞལ་གུ་རུ་མཚན་བརྒྱད་དང་ཇོ་མོ་གཉིས། རྒྱལ་བ་ཙོང་ཁ་པ་གཉིས། པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས། ངེད་རང་གི་འདྲ་འབག་བཞི་རྣམས་གསེར་ཟངས་ལས་བཞེངས་པའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །སྨིན་བྱེད་བདུད་རྩི་མཛེས་འཁྱིལ་བའི། །དངུལ་དཀར་བུམ་བཟང་རབ་འབྱམས་པ། །བསོད་ནམས་རྒྱལ་མཚན་གྱིས་ཕུལ་འབྲས། །ཡེ་ཤེས་སྣ་ལྔ་མངོན་གྱུར་ཤོག །ཅེས་འཕྱོས་པ་སྔགས་རམས་པ་བསོད་ནམས་རྒྱལ་མཚན་གྱིས་གྲ་ཚང་དུ་ཞོ་དགུས་ལྷག་པའི་དངུལ་སྲང་ཉི་ཤུ་རྩ་གཉིས་ཡོད་པའི་བུམ་པ་ཕུལ་བའི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་བཀོད་པ་སིདྡྷི་རསྟུ། །ཁྱབ་བདག་པདྨ་ཀ་རའི་བྱིན་རླབས་ཀྱིས། །རིག་སྔགས་ལྷུན་གྲུབ་འཇམ་དབྱངས་ཆོས་ཀྱི་རྒྱལ། །རྣལ་འབྱོར་སྤྱོད་པའི་རྡོ་རྗེ་གདུལ་བྱའི་དོན། །སྤྲུལ་སྐུའི་ཡང་སྲིད་མྱུར་དུ་འབྱོན་པར་ཤོག །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དང༌། །ལེགས་ལྡན་འབར་མ་མ་ནིང་བསྟན་སྲུང་སོགས། །དྲེགས་པའི་སྡེ་དཔོན་ཟབ་གཏེར་སྐྱོང་རྣམས་ཀྱིས། །རྣམ་པར་དཀར་བའི་འཕྲིན་ལས་འབད་མེད་སྒྲུབ། །གཞོན་ནུའི་བུམ་སྐུར་ངོ་བོ་དག་པའི་དབྱིངས། །ཡེ་རྫོགས་ཆོས་སྐུ་རྩལ་སྣང་ལོངས་སྐུའི་ཞིང༌། །རང་བཞིན་ཉི་མའི་དཀྱིལ་འཁོར་འོད་ཀྱི་ཟེར། །ཐུགས་རྗེ་མཆོག་དམན་ཀུན་ལ་ཁྱབ་པར་ཤོག །རྫོགས་པ་ཆེན་པོའི་རྣལ་འབྱོར་པ་(༢༤༠བ)


GLG021_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དྲེས་པ་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེའི་སྤྲུལ་སྐུ་མྱུར་བྱོན་གྱི་ཚིགས་བཅད་ཅིག་དགོས་ཞེས་གཞན་ཕན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །གྲུ་དཀར་ནོར་བུའི་ཕྲ་བཀོད་གསེར་སྦྱངས་རྒྱན། །མི་ཕྱེད་དད་པས་ཕུལ་བའི་དགེ་ལེགས་འབྲས། །དགོས་པ་ནོར་བུ་བསོད་ནམས་ཕུན་ཚོགས་གསུམ། །མངོན་མཐོའི་རྟེན་བརྒྱུད་སངས་རྒྱས་ཉེར་ཐོབ་ཤོག །རྒྱུ་སྦྱོར་བསོད་ནམས་དཔལ་མོ་ཚེ་འདིར་བདེ། །ལྷ་མིའི་རྟེན་བཟང་རིམ་རྙེད་མ་ཕམ་མགོན། །མཆོག་གི་སྤྲུལ་སྐུར་གྱུར་དུས་འདུས་པ་རུ། །སྐྱེས་ནས་རྣམ་པར་གྲོལ་བ་ཐོབ་པར་ཤོག །ཀ་བརྒྱད་སྦུག་བསོད་ནམས་དཔལ་མོས་གཙུག་གཡུ་འགངས་ཆེ་བ་ཇོ་བོ་རིན་པོ་ཆེའི་སྐུ་རྒྱན་དུ་ཕུལ་བའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའོ། །རྣམ་འདྲེན་ཡོངས་ཀྱི་མཁྱེན་བརྩེ་ནུས་སྟོབས་གཟུགས། །མཚམས་སྤྲིན་བླ་གོས་རབ་ཀླུབས་འཇམ་དཔལ་དབྱངས། །བློ་བཟང་གྲགས་པའི་ཐུགས་རྗེའི་ཉི་འོད་ཀྱིས། །ཕན་བདེའི་སྣང་བ་ཆེས་ཆེར་འབར་གྱུར་ཅིག །ཁེད་ཤོད་ཁུན་འདུ་ལུར་འབོད་ཨུ་བ་ཤ །རིགས་རྒྱུད་བསྟན་འཛིན་ཧུང་གི་མིང་ཅན་སོགས། །སྤུན་ཟླ་ཚ་བོར་བཅས་རྣམས་ལེགས་བྱས་ཀྱི། །དགེ་བའི་འབྲས་བཟང་མངོན་སུམ་མྱོང་བར་ཤོག །ཞྭ་སེར་ཅོད་པན་འཆང་བའི་བསྟན་པའི་ཞབས། །བླ་ནས་བླར་འདེགས་ཡོན་གྱི་བདག་པོ་རུ། །ཡོངས་གྱུར་འདི་དང་ཕྱི་མའི་དོན་ཆེན་ཚོགས། །འབད་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །བཤེས་གཉེན་དམ་པ་(༢༤༡ན)


GLG021_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་པད་རྟག་བརྟན་ཅིང༌། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་བཟུང་སྟེ། །བླང་དང་དོར་བྱའི་གནས་ཀུན་མ་ལུས་པ། །སྟོན་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །འཐབ་རྩོད་ནད་མུག་རྒུད་པའི་འཚེ་བ་རྣམས། །རྗེ་འབངས་ཡོངས་ལ་མིང་ཡང་མི་གྲག་ཅིང༌། །རྫོགས་ལྡན་དཔྱིད་ཀྱི་དཔལ་མོ་རབ་འབོད་པ། །གཞན་གསོས་མགྲིན་རྔ་སྙན་པོ་འཁྲོལ་བར་ཤོག །ཨེར་ཁེ་དའི་ཆིང་གི་བུ་རབ་འབྱམས་པ་བློ་བཟང་བཀྲ་ཤིས་དང་བསྟན་འཛིན་ཧུང་ཐའི་ཇིའི་མི་སྣ་ཆེ་ཆེན་ཆོས་རྗེ་གཉིས་ཀྱིས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ངག་གི་དབང་ཕྱུག་གྲུབ་པའི་བློ་གྲོས་ཀྱི། །མཁས་བཙུན་བཟང་པོར་རྣམ་རོལ་འཕྲིན་ལས་རྒྱུན། །རྒྱ་མཚོའི་གོས་ཀྱི་མཐའ་སྙེད་ཡོངས་བརྙེས་པ། །བཤེས་གཉེན་མཆོག་གི་མགོན་ལ་གསོལ་བ་འདེབས། །བདག་སོགས་གདུལ་བྱའི་ལེགས་བྱས་མཆོད་སྡོང་གཞིར། །རྡོ་རྗེའི་ཁྲི་ལ་འཁོར་བ་སྟོངས་མིན་བར། །ཚེ་མཐའ་ཡས་པའི་མགོན་དང་དབྱེར་མེད་དུ། །གསོལ་བཏབ་ཡོངས་སྨིན་རེ་བ་འབྲས་ལྡན་ཤོག །བྱང་ཆུབ་མཆོག་གི་གྲོང་ཁྱེར་ཉམས་དགའ་བར། །བདག་སོགས་བགྲོད་མིན་དེ་སྲིད་མགོན་ཁྱོད་ཀྱིས། །རྗེས་བཟུང་འཁོར་འདས་ཡོན་ཏན་མ་ལུས་པ། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །ཅེས་པ་འདིའང་རྒྱལ་མོ་ནོ་ཡོན་དྷ་རའི་ངག་འདོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་(༢༤༡བ)


GLG021_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རམས་པའོ། །གསུང་ངག་དབང་ཆུ་བློ་གྲོས་མཐོ་རིས་ལམ། །ལེགས་བརྒྱུད་བསྐལ་བཟང་སྙིང་གི་ཟ་མ་ཏོག །རབ་འཁྱིལ་སྨིན་གྲོལ་རྒྱ་མཚོ་ལྟར་ཟབ་པས། །རང་གཞན་དོན་གཉིས་འགྲུབ་ལ་གསོལ་བ་འདེབས། །འོག་མིན་ཞིང་གི་ཞིང་ཁམས་གཙོ་བོ་རུ། །ཉེར་བཞུགས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་བཞིན། །ལྔ་བརྒྱའི་ལུས་ཅན་ཉེར་འཚོར་རྡོ་རྗེ་ཡི། །སྲོག་སོང་འགྱུར་བ་མེད་པར་བརྟན་གྱུར་ཅིག །བདག་སོགས་རྣམས་ཀྱི་སྲིད་ཞིའི་ལེགས་ཚོགས་ཀུན། །དབྱར་གྱི་ཆུ་གཏེར་ལྟ་བུར་རབ་འཕེལ་ཞིང༌། །ཀུན་མཁྱེན་ཡེ་ཤེས་མངོན་དུ་མ་གྱུར་བར། །འབྲལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་མདོ་པ་དབོན་ཆུང་གིས་ནན་ཏན་དུ་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །འོད་དཔག་མེད་མགོན་རྒྱལ་སྲས་འཁོར་བཅས་ལ། །མི་ཕྱེད་དང་བའི་དད་པས་རྩེ་གཅིག་ཏུ། །ཀུན་ཏུ་བཟང་པོའི་སྨོན་ལམ་ཤུགས་དྲག་པོར། །བཏབ་པའི་དོན་བཞིན་མངོན་སུམ་འགྱུར་བར་ཤོག །ཡིད་འཕྲོག་ལྟ་བས་མི་ངོམས་ཞིང་གི་མཆོག །བདེ་བ་ཅན་དུ་པདྨ་སྦུབས་ནང་དུ། །རྫུས་སྐྱེས་སྣང་བ་མཐའ་ཡས་ཞལ་མཐོང་ནས། །ཡན་ལག་དྲུག་ཅུའི་སྒྲ་དབྱངས་རྣར་སིམ་ཤོག །ཐོས་པའི་མོད་ལ་བདག་རྒྱུད་རྣམ་གྲོལ་ཏེ། །ནམ་མཁའི་ཕ་མཐར་འཇལ་བྱེད་སེམས་ཅན་རྣམས། །འཁོར་བའི་མཚོ་ལས་ཉེར་བསྒྲལ་ཐར་གླིང་དུ། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཅེས་པའང་ཨེར་ཁེ་(༢༤༢ན)


GLG021_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེས་བསྐུལ་བའི་ངོར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ངག་གི་དབང་ཕྱུག་ཀུན་མཁྱེན་ཙོང་ཁ་པའི། །དྲི་བྲལ་བསྟན་པ་རིན་ཆེན་རྗེས་ཞུགས་ནས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་དགེ་བའི་གཤེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྣམ་མང་གདུལ་བྱར་ཆོས་ཀྱི་འཁོར་ལོའི་རྒྱུན༌། །ཆད་མེད་བསྐོར་ཕྱིར་མི་གཡོ་རབ་བརྟན་ཅིང༌། །ཐོས་བསམ་ཚུལ་བཞིན་བསྒྲུབ་པ་འདུས་པའི་གླིང༌། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་ཤོག །ཅེས་པ་འདིའང་བི་ལིག་རབ་འབྱམས་པ་བློ་བཟང་ཆོས་འཕེལ་གྱི་ངོར་ཟ་ཧོར་གྱི་བནྡེས་སྦྱར། །པད་རཱག་ཞུན་འཁྱིལ་ཧྲཱི་ཡིག་ཚེག་དྲག་ཅན། །མི་འགྱུར་དང་མའི་སྲོག་རྩ་ཀ་བའི་དབྱིབས། །ཟླ་ཉིའི་རང་བཞིན་ཨ་ཧཾ་བསྐལ་བརྒྱའི་བར། །འཆི་མེད་གྲུབ་པའི་རྣམ་པར་རྟེན་བྱིན་རློབས། །མཁའ་ཁྱབ་བཞུགས་པའི་ཕྱོགས་གསུམ་རིན་ཆེན་ལ། །བླ་གོས་ཁྲག་གཟར་པུས་བཙུགས་ཡན་ལག་འདབ། །སྙིང་གའི་ཐད་ཟུམ་མོས་གུས་གདུང་ཤུགས་ཀྱིས། །སྨོན་ལམ་བཏབ་པས་འབྲས་བུ་དེར་སྨིན་ཤོག །ཚེ་མཐའ་ཡས་པས་ཕྱག་གི་བུམ་དབང་བསྐུར། །གོས་དཀར་མ་སོགས་མགྲིན་པའི་རྒྱུད་མང་འཁྲོལ། །སེམས་པ་བརྒྱད་ཀྱི་མེ་ཏོག་ཆར་དུ་ཕོབ། །ཁྲོ་བོའི་སྟང་སྟབས་ལྷ་མོས་ཉེར་སྤྱོད་སྦྲེང༌། །འཆི་མེད་ཟིལ་མངར་མཐོ་རིས་ཆུ་བོའི་རྒྱུན། །ཆད་མེད་ཕུང་ཁམས་སྐྱེ་མཆེད་ཡོངས་བཏབ་པས། །གཞོམ་(༢༤༢བ)


GLG021_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཡུང་དྲུང་ངོ་བོར་གྱུར་བའི་ལྷག །འགྱུར་མེད་རིགས་བདག་སྣང་མཐའ་རྟག་ཞུགས་གསོལ། །རྒྱལ་གསུང་མཐར་ཐུག་ཐེག་མཆོག་ངག་གི་གླུར། །ལེགས་ཁུགས་དབང་གི་རྒྱུད་མང་བློ་ལྡན་རྣར། །སིམ་པའི་སྐལ་བཟང་རྒྱ་ཆེན་མཚོ་བྱུང་མའི། །དྲིན་ལས་བརྙེད་དེ་རྡོ་རྗེ་ལྟར་བརྟན་ཤོག །ཕུན་ཚོགས་འདོད་དགུ་དར་བའི་ཡང་རྩེའི་མདོར། །སུམ་རྩེན་བདག་པོའི་དགའ་སྟོན་དཔལ་ལྡན་པ། །རིས་མེད་གཞན་ཕན་རབ་བསྒྲུབས་འདུས་གླིང་སྡེ། །ནམ་མཁའ་གཞན་གྱུར་དེ་སྲིད་འཕེལ་བར་ཤོག །བཅུ་གཉིས་གོ་ལའི་ཁྱིམ་གྱི་རྒྱུད་ལམ་དུ། །གཟའ་སྐར་འཕྲོད་དགེ་དུས་ཀྱི་སྦྱོར་བ་བཟང༌། །འབྲུ་བཅུད་ལྗོན་པས་ནོར་འཛིན་མངལ་ཁུར་ལྕི། །ལེགས་བྱས་འབྲས་བུ་དར་བའི་བཀྲ་ཤིས་ཤོག །ཅེས་པ་འདིའང་ས་དཀར་འགོ་པ་ལྷུན་གྲུབ་བརྒྱ་མཚོས་མདོ་དགའ་ལྡན་གཞན་ཕན་གླིང་དུ་འཛུགས་རྒྱུའི་རྟེན་འབྱུང་གི་ཚིགས་བཅད་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམས་དབྱངས་གྲགས་པའོ། །དངུལ་དཀར་རིན་ཆེན་རྒྱུར་གྲུབ་བདེ་གཤེགས་ཀྱི། །ངོ་མཚར་བཀྲ་ཤིས་སྒོ་མང་ཆེ་བའི་ནང༌། །སྨན་མདོ་ལས་གསུངས་ལྷ་ཚོགས་ཉེ་སྲས་བརྒྱད། །འཕགས་པའི་གནས་བརྟན་བཅུ་དྲུག་ཚེ་སྦྱིན་སྐུ། །གཏོང་དང་དད་པའི་ལང་མཚོ་ཆེར་བརྟས་པ། །འཕྲུལ་སྣང་བྱ་འདབས་ཆུ་མིག་ཁར་གྲགས་ནས། །ཨ་བསོད་རྒྱལ་མོའི་བགྲང་ཡས་སྐྱེ་བའི་སྡིག །འཁྲུལ་བྱེད་མཐོ་རིས་ཉལ་འགྲོ་དེང་འདིར་བབས། །ཆོས་དཀར་འབྲས་བུ་མངོན་མཐོའི་ཐེམ་སྐས་ལ། །གོམ་སྟབས་ལྷོད་པོར་བཀོད་(༢༤༣ན)


GLG021_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ངེས་ལེགས་ཀྱི། །རིན་ཆེན་ཁང་པར་བཞུགས་པའི་སྨོན་པ་ཀུན། །འགྲུབ་པར་སྲས་བཅས་རྒྱལ་བས་བྱིན་གྱི་རློབས། །ཞེས་པའང་ལྷ་ས་ཆུ་མིག་ཁ་པ་ཨ་བསོད་རྒྱལ་མོས་སྒོ་མངས་མཆོད་རྟེན་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །མཁྱེན་སྤྱན་དགུ་ཚོགས་ཞགས་པས་ཤེས་བྱའི་མཁའ། །བཅིངས་ཚེ་དབྱངས་ཅན་ལྷ་མོ་ཉེར་བཞད་པས། །ཕས་རྒོལ་འཇོམས་པའི་རྡོ་རྗེ་ཐམས་བཅད་གཟིགས། །དགེ་འདུན་དཀོན་མཆོག་རྒྱ་མཚོའི་བདག་ཉིད་སྐུར། །སྣ་ཚོགས་འདོད་ལྷས་ཡོངས་སྐོར་རས་དཀར་ངོས། །མ་བྲིས་རང་བྱུང་ཤར་འདྲ་འཕྲུལ་པོ་ཆེ། །སྒྱུ་མའི་ཁེངས་པ་བག་ཞར་ལྷ་ཡུལ་ནས། །བི་ཤྭ་ཀརྨ་གོམ་བཀོད་ལས་གཞན་ཅི། །འབྲས་བུ་བྱང་ཆུབ་སེམས་པ་ཆེན་པོ་ཡི། །རྣམ་པར་སྤྲུལ་པའི་ལུགས་གཉིས་བཞེད་པ་ཀུན། །འབད་དང་རྩོལ་བར་བལྟོས་མིན་སྤྱི་བོ་སྐྱེས། །གཉིས་པའི་ངོ་མཚར་འཛིན་ནུས་བྱིན་གྱི་རློབས། །སྲིད་པར་ཟོ་ཆུན་ལྟར་འཁོད་བྱིས་བློ་ཅན། །བཟང་པོའི་བག་ཆག་ཙམ་ལ་བྱི་བའི་ལུས། །གླང་པོར་མིང་བཏགས་དྲི་བཞོན་གྱིས་བཏེག་སྒྲོའི། །ཚུལ་བཟུང་ཟ་ཧོར་བནྡེའི་འདྲ་འབག་འདི། །རྒྱལ་སྲས་སྤྲུལ་སྐུ་གང་སྣང་ལྷར་ཤར་བར། །དམ་པར་གསལ་བའི་བསླུ་མེད་རྟེན་འབྱུང་མཐུས། །མཁའ་ཉམས་འགྲོ་འདྲེན་བཞེད་པའི་འཕྲིན་ལས་ཀྱི། །ཕ་མཐའ་ནམ་མཁའི་ཚད་ལས་བརྒལ་བར་ཤོག །རྒྱ་གར་དགྲ་ལྷ་མི་ཡུལ་ཆོས་སྲུང་ཆེ། །མ་རུ་ཙི་ཡི་དུར་ཁྲོད་གནས་ཀྱི་བདག །དབང་ཕྱུག་མ་ཧཱ་དེ་ཝའི་བཀའ་ཉན་ཅན།(༢༤༣བ)


GLG021_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

། གཤིན་རྗེ་ལས་མཁན་གནོད་སྦྱིན་བཤན་པ་ཡི། །རིས་མེད་འགྲོ་ལ་བརྩེ་ལྡན་སེམས་པ་ཆེའི། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པའི། །ཡོན་ཏན་མཐའ་དག་དབྱར་གྱི་ཆུ་གཏེར་བཞིན། །འཕེལ་བའི་འཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད། །ཅེས་དབུས་རུ་སྟོད་སེམས་པ་ཆེན་པོ་བློ་གྲོས་རྒྱལ་མཚན་གྱི་སྤྲུལ་སྐུ་ངག་དབང་ཕུན་ཚོགས་ཀྱིས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། ངེད་རང་གི་འདྲ་འབག །གནོད་སྦྱིན་བེག་ཙེ་གསུམ་ལ་འདོད་ལྷ་སྣ་ཚོགས་ཀྱིས་བསྐོར་བའི་སྐུ་བརྙན་བསྐྲུན་པའི་རྒྱབ་ཡིག་བྲིས་ཤིག་པར་གསུང་གི་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གི་པ་ནི་དགེ་སློང་འཇམས་དབྱངས་གྲགས་པའོ། །ཤཱཀ་ཐུབ་ཐོས་སྒྲོག་བཅུ་དྲུག་ཆོས་འཕེལ་དང༌། །ཧྭ་ཤང་རྒྱལ་ཆེན་བཞི་ཡི་སྣང་བརྙན་ཟླ། །ཀ་ཤིའི་དངས་མཚོར་ཤེལ་ཚོན་ལྟར་ཤར་བ། །པད་རྩའི་རྗེས་འགྲོ་ལྷག་བསམ་གྱི་བསྐྲུན་མཐུས། །གནས་ངན་སྡོང་དུམ་དཀར་མིན་འཐོར་རླུང་གིས། །སྦར་བའི་བརྣག་དཀའ་ཚ་རེག་ཞུགས་ཀྱི་དབལ། །ཐུགས་རྗེ་ས་འཛིན་རྩེ་ནས་བྱིན་རླབས་ཆབ། །ཤུགས་དྲག་རྦས་གཞིལ་གསུམ་ཡགས་བདེར་སྦྱོར་ཤོག །ཐུབ་དབང་རྒྱལ་ཚབ་རྣམ་གཉིས་གནས་བརྟན་ཆེ། །གཟོད་མ་ཉིད་ནས་རིས་བྲལ་འགྲོ་བ་ལ། །རྗེས་ཆགས་འགྲོ་འདྲེན་མ་དོར་དམ་བཅའི་ཁུར། །ཡོལ་མེད་ཐུགས་རྗེའི་མཐུ་དཔུང་དེང་འདིར་བསྐུལ། །འཁོར་བ་ཆུ་སྲིན་ཆེན་པོའི་དབའ་ཀློང་དུ། །ཡང་སྲིད་གྲུ་རྫིངས་བྱིང་འདེགས་ནང་གནས་པ། །སུམ་ཡག་དགེ་ཚོགས་འདོད་པའི་རླུང་ཤུགས་ཀྱིས། །ཐར་པ་ནོར་བུའི་གླིང་མཆོག་(༢༤༤ན)


GLG021_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པར་ཤོག །གཏུམ་ཆེན་ལག་ན་འབར་བ་རྡོ་རྗེའི་མཚོན། །གདེངས་དང་ལྷན་ཅིག་སུམ་ཡགས་ཐོག་མེད་ནས། །བསགས་པའི་སྡིག་འབྲས་མུན་ཁུང་སྒྲོན་མེ་བཞིན། །མིང་གི་ལྷག་མ་ཙམ་ཡང་ལུས་མིན་ཤོག །རྣམ་འདྲེན་ལྗགས་ཀྱི་རྩེ་མོས་ལྷ་མོ་ལྔའི། །རྒྱུན་ཆགས་ལེགས་པར་གསུང་པའི་དོན་གྱི་འབྲས། །དམིགས་ཡུལ་བསྒྲུབ་བྱ་ཡང་སྲིད་ཐམས་ཅད་དུ། །འགྲུབ་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཅེས་སུམ་ཡགས་ཀྱི་དོན་དུ་འཕྱོང་རྒྱས་ལྐོག་པ་ལྷ་དབང་གྲུབ་པའིབློ་ལྡན་དུ་འབོད་པའི་རིག་བྱེད་པས་གནས་བཅུ་ཚར་གཉིས་དང་ཕྱག་རྡོར་ལ་གྲ་ལྔས་བསྐོར་བའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམས་དབྱངས་གྲགས་པའོ། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་སྙིང་པོའི་དོན། །ཡེ་དག་འཇམ་དཔལ་རིགས་ལྡན་ལྷུན་རྫོགས་པ། །རང་རིག་འདོད་མའི་རང་བཞིན་མངོན་གསུམ་དུ། །ཚེ་འདིར་རྟོགས་གྲོལ་དུས་གཅིག་འབྱུང་བྱིན་རླབས། །པདྨའི་ཐུགས་བཅུད་སྟག་ཚང་བསམ་གྲུབ་ནས། །སར་ཕན་ཟླ་བྲལ་གྱིས་དྲངས་རིགས་འཛིན་ཚོགས། །བརྒྱུད་ལྡན་ཞལ་དྲོད་དངར་པོར་འཐུལ་བྱེད་པ། །རྒྱལ་ཀུན་སྤྱི་གཟུགས་རྗེ་བཙུན་པདྨ་དབང༌། །བཀའ་དྲིན་འཁོར་མེད་ཕ་རྒོད་བླ་མ་དེའི། །བསྐྱེད་རྫོགས་རྫོགས་ཆེན་སྙིང་གི་དཔལ་བེའུར། །འཁྱིལ་བའི་གང་ཤར་རང་སར་ཉེར་གྲོལ་བ། །ཟ་ཧོར་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ། །དྲན་པའི་མོད་ལ་བདུད་སྡེའི་དཔུང་(༢༤༤བ)


GLG021_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས། །འཇོམས་དང་ཆབས་ཅིག་མཆོག་མཐུན་དངོས་གྲུབ་ཀུན། །སྩོལ་བར་ཟླ་བྲལ་སྲིད་གསུམ་དབང་སྒྱུར་མ། །རྩ་གསུམ་འདུས་པའི་སྣང་བརྙན་འདི་རྨད་བྱུང་། །ཆེད་བཏབ་ས་བོན་སྨོན་ལམ་དྲོད་གཤེར་གྱིས། །སྨིན་འབྲས་གཞོན་ནུ་བུམ་སྐུར་རིགས་པའི་གཤིས། །ཀ་དག་ཉི་མའི་སྙིང་པོ་དྲི་བྲལ་གདངས། །ལྷུན་གྲུབ་འཇམ་དཔལ་རིགས་ལྔ་མངོན་གྱུར་ཤོག །སྐལ་དམན་ཚེ་འདིར་འོད་སྐུར་མ་གྲོལ་ན། །ཐེག་མཆོག་ལམ་འདི་སྟོན་པའི་བཤེས་གཉེན་གྱིས། །སྐྱེ་བར་རྗེས་སུ་བཟུང་ནས་ཀུན་བཟང་གི །ས་ལམ་ཡོན་ཏན་མྱུར་དུ་མཐར་ཕྱིན་ཤོག །མཚོ་སྐྱེས་རྡོ་རྗེ་དེས་གསུངས་དམ་པའི་ཆོས། །སྒྲུབ་པའི་རིགས་སྔགས་འཆང་དུ་དཀོན་མཆོག་གསུམ། །འདུས་པར་ངེས་རྙེད་སྐྱབས་གཞན་མི་འཚོལ་བས༌། །བྱིན་རླབས་སྙིང་ལ་ཞུགས་པའི་བཀྲ་ཤིས་ཤོག །སྙེ་མོ་བ་བློ་བཟང་ཚེ་དབང་གིས་འཇམ་དཔལ་རིགས་ལྔའི་བྲིས་ཐང་རྒྱབ་ཡིག་དང་རྒྱུན་དུ་ཁ་ཏོན་སྦྲགས་མ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་སྔགས་འཆང་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངསགྲགས་པའོ། །འོད་དཔག་མེད་མགོན་ཁྱོད་ཞབས་སྙིང་དབུས་སུ། །རྟགས་ཏུ་གོམས་པའི་བསམ་གཏན་ལ་བརྟེན་ནས༌། །ཞིང་ཁམས་རྒྱ་མཚོའི་དབང་ཕྱུག་བདེ་བ་ཅན། །དག་པའི་གནས་དེར་ཉིང་མཚམས་སྦྱོར་བྱེད་ཤོག །འཇམ་མཉེན་པདྨའི་དབུས་སུ་ཐལ་སྦྱར་ཏེ༌། །གང་གསུང་ལྷང་ལྷང་རྣ་བར་ཉེར་ཐོས་མོད། །སྒྲིབ་གསུམ་འཆིང་རྒྱ་ཡོངས་དབྲལ་འགྲོ་བ་རྣམས། །འདྲེན་པའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག(༢༤༥ན)


GLG021_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

།གཅིག་ལས་དུ་མར་ཤར་བ་ཆུ་ཟླ་བཞིན། །གང་གའི་རྡུལ་གྱི་གྲངས་སྙེད་འཇིགས་རྟེན་ཀུན། །ཁྱབ་པའི་འཕྲུལ་གྱིས་མཐའ་ཡས་ལུས་ཅན་རྣམས། །ཕན་བདེ་ལ་སྦྱོར་སྨོན་ལམ་འགྲུབ་པར་ཤོག །ཅེས་པའང་རབ་འབྱམས་པ་བསམ་གཏན་རྒྱ་མཚོའི་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམས་དབྱངས་གྲགས་པའོ། །དབྱངས་ཅན་ལྷ་མོས་མགྲིན་འཁྱུད་འཇམ་དཔལ་དབྱངས། །དགའ་བའི་བློ་གྲོས་དཔྱོད་ལྡན་ཚོགས་ཀུན་དགའ། །གཤེས་གཉེན་སྟོན་པའི་རྗེས་ཞུགས་རིས་མེད་བཤེས། །དད་པས་གསོལ་འདེབས་བྱིན་རླབས་འཇུགས་ལ་དད། །དུང་དུང་ཡིད་ཀྱི་མོས་པ་བརྟན་པོ་དང༌། །ལྷང་ལྷང་ཚིག་གི་གསོལ་བ་འདེབས་བྱེད་ན། །མང་མང་བསྐལ་པར་བགྲང་ཡས་སྐྱེ་རྒུའི་དོན། །བརྟན་བརྟན་གཡུང་དྲུང་ལྟ་བུར་འགྱུར་མེད་ཤོག །འཇམ་འཇམ་སྙིང་རྗེ་ཆེ་ལས་མ་གཡོས་ཀྱང༌། །འཇིགས་འཇིགས་སྲིན་པོའི་གཟུགས་ཅན་ཕྱག་དྲུག་པས། །རིང་རིང་སངས་རྒྱས་ཞེས་བྱའི་སྒྲ་བོ་ཆེ། །རྙེད་རྙེད་དེ་སྲིད་མགོན་སྐྱབས་དཔུང་གཉེན་མཛོད། །ཅེས་པའང་བཀའ་བཅུ་བློ་བཟང་རྒྱ་མཚོའི་ངོར་ཟ་ཧོར་གི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།།གར་དབང་ཐུགས་ཟེར་གཙང་བྱེད་པདྨའི་སྦུབས། །མཚན་དཔེའི་གཟི་འབར་འཁོར་འདས་ཡོངས་ཀྱི་མེས། །གདུལ་དཀའི་གཉེན་པོར་རྔ་ཡབ་གླིང་པ་ཞེས། །སྲིད་གསུམ་ཀུན་ཁྱབ་མཚོ་སྐྱེས་གྲུབ་པས་སྐྱོངས། །ཤེས་རབ་སྟོང་ཉིད་རང་གདངས་མཁར་(༢༤༥བ)


GLG021_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཟའི། །དག་སྣང་ཟབ་གཏེར་དུ་མར་ལུང་ཟིན་པ། །བརྗོད་པ་རྣམ་དག་ངག་གི་དབང་པོའི་མཐུས། །པདྨའི་འཕྲིན་ལས་སྤེལ་དེ་ཞབས་བརྟན་ཤོག །གན་ཇག་ཐང་ཏའི་རིགས་སྤྲུལ་རསྨིའི་ཞབས། །ཐུགས་སྲས་ཀརྨ་ཀུན་ཏུ་བཟང་པོའི་གདུང༌། །དཀོན་མཆོག་ཆོས་ཀྱི་དབང་ཕྱུག་གྲགས་པའི་དཔལ། །ཡང་སྲིད་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །ཡོན་ཏན་འོད་ཟེར་ལེགས་ལྡན་རྡོ་རྗེ་མཆེད། །བཀའ་གཏེར་རིང་ལུགས་ཡོངས་འཛིན་འབྲི་གུང་པ། །རིན་ཆེན་ཕུན་ཚོགས་བརྒྱུད་པར་བཅས་པའི་བསྟན། །བཀའ་བབས་ཇི་བཞིན་གཟུང་ཕྱིར་གཡོ་མེད་ཤོག །ཟངས་མདོག་དཔལ་གྱི་རི་བོ་གཉིས་པའི་སྤོར། །རིགས་སྔགས་འཆང་བའི་དགེ་འདུན་སྡེ་རྣམས་དང༌། །ཟུང་འབྲེལ་མཆིམས་ཕུ་གསུང་གི་ཡང་དབེན་བཅས། །སྔ་འགྱུར་བསྟན་པའི་བཙས་སུ་རྒྱས་པར་ཤོག །ཟབ་གཏེར་ཆོས་སྐྱོང་སྲུང་མའི་ཚོགས་སྤྱི་དང༌། །ཁྱད་པར་རྡོ་རྗེ་གཤོག་རྒོད་གཡུ་སྒྲོན་མས། །འདོད་པའི་བསམས་པ་ཐམས་ཅད་ཡིད་བཞིན་དུ། །རེ་སྐོང་འཕྲིན་ལས་རྣམ་བཞི་ལྷུན་གྲུབ་མཛོད། །གངས་ཅན་ར་བའི་ཁོར་ཡུག་སྨན་ལྗོངས་འདིར། །དུ༔ཁའི་མུན་བཅིལ་བདེ་སྐྱིད་ཕུན་ཚོགས་པ། །མཁན་སློབ་ཆོས་རྒྱལ་རྣམ་གསུམ་བཞེད་པ་ཡི། །སྨོན་པའི་འབྲས་བུ་རབ་སྨིན་བཀྲ་ཤིས་ཤོག །ཅེས་པ་དཔལ་རི་གྲ་ཚང་སྤྱི་སོས་ངེད་རང་དང་སྤྲུལ་སྐུ་ཟུང་འབྲེལ་དུ་བརྟན་བཞུགས་ཤིག་དགོས་ཚུལ་བྱུང་བ་འདི་གར་དམིགས་པའིཚིགས་བཅད་སྤྲུལ་སྐུ་ཉིད་ཀྱིས་སྔོན་ནས་བསྐུལ་སོང་གཤིས་བསྐྱར་བལྡབ་ལ་བརྗོད་དོན་ལྷག་པོར་མ་མཐོང་བས་དངོས་དོན་ཇི་བཞིན་ཚིགས་སུ་བཅད་པ་འདིའང་ཟ་ཧོར་(༢༤༦ན)


GLG021_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྨྱོན་གྱིས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཕུན་ཚོགས་བློ་གསལ་དགེ་འདུན་འདུས་པའི་དབུས། །བཤད་སྒྲུབ་རྒྱལ་མཚན་བསྒྲེང་བའི་བཤེས་གཉེན་ཆེ། །མི་འགྱུར་མཆོག་གི་བདེ་བ་ཆེན་པོའི་ཀློང༌། །ཟག་མེད་དགོངས་པ་ཡོངས་སུ་རྫོགས་པར་ཤོག །ཅེས་པའང་གཞི་བ་སློབ་དཔོན་ཕུན་ཚོགས་བསྟན་འཕེལ་གྱིས་བསྐུལ་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་དབང་ངོ༌། །ངག་གི་འོ་མཚོར་དབྱངས་ཅན་ངང་མོ་དཀར། །རྐང་གདུབ་དྲིལ་ཆུང་འཁྲོལ་ལ་ཉེར་དབང་བས། །བློ་གྲོས་ཛམ་བུའི་སྙེ་མ་གསེར་བཟང་ཁམས། །ཐོས་བསམ་རྒྱ་མཚོར་སྨིན་དེས་རྟག་ཏུ་སྐྱོངས། །སྟེས་དབང་བྱ་སྒྲོ་མཐོན་པོར་གཡེངས་པའི་རྗེས། །བགྲོད་ཀྱང་སྤངས་རྟོགས་ཕུན་ཚོགས་སུ་ཝརྣ། །ར་གན་གུར་ཀུམ་མདངས་བསྒྱུར་འདྲ་འབག་ལ། །འཕགས་ཆེན་དམ་པའི་སྣང་བརྙན་ཚར་དུ་དངར། །དགེ་ལེགས་རྡུལ་མངས་བརྩེགས་པ་ལྷུན་པོའི་སྤོར། །འགྲན་བཟོད་བཀའ་གདམས་གཙང་མའི་རྣམ་ཐར་ལ། །སྐལ་ལྡན་གདུལ་བྱ་རབ་འདུན་བདེར་སྦྱོར་བའི། །མཁས་གྲུབ་རིམ་བྱོན་སྐྱེས་རབས་ཕྲེང་སྤེལ་བར། །སྟོན་མཚན་ཟླ་འདྲའི་དད་དང་བརྩོན་པ་ཡིས། །རྒྱུ་སྦྱོར་ནོར་བུ་ཁྱོ་ཤུགས་རིགས་བརྒྱུད་རྣམས། །འདི་སྣང་ཚེ་དཔལ་མངའ་ཐང་འབྱོར་པ་ཀུན། །སྐབས་གསུམ་བདག་པོའི་སྐལ་བ་དང་མཉམ་ཤོག །མངོན་པར་མཐོ་བའི་བཤུལ་རིང་ལམ་བརྒྱུད་དེ། །གཏན་གྱི་བདེ་བ་མི་གནས་མྱང་འདས་གྲོང༌། །ཉེར་བཞུགས་ནམ་མཁའི་མཐའ་སྙེག་སེམས་ཅན་(༢༤༦བ)


GLG021_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །སྒྲོལ་ནུས་མི་འཇིག་བཞི་ལྡན་བརྙེད་པར་ཤོག །གྲོང་ཁྱེར་ཕོ་བྲང་རྩེ་མོ་ནས། །བསིལ་ལྡན་འགྲོ་འདྲེན་དུས་བབ་རྗེར། །རྣམ་རོལ་སྲོང་བཙན་སྒམ་པོ་ཞེས། །ཕན་དང་བདེ་བའི་འབྱུང་གནས་རྒྱལ། །ལྷ་ཆོས་བདུན་ལྡན་བསྟན་པ་ཡི། །མེས་པོ་དགེ་བསྙེན་ཚུལ་བཟུང་ཡང༌། །དོན་གྱི་ཚངས་སྤྱོད་དཔལ་འཛིན་པ། །འབྲོམ་སྟོན་ཆོས་ཀྱི་རྒྱལ་པོར་བསྔགས། །རྒྱན་དྲུག་མཆོག་གཉིས་གཞུང་ལུགས་ཀུན། །འཆད་ལ་རྣམ་དཔྱོད་སྤོབས་པའི་རྩལ། །འཇིགས་མེད་སེང་གེའི་ང་རོ་ཅན། །དགེ་འདུན་གྲུབ་ཞབས་བཙུག་ན་བསྟེན། །ཚངས་པའི་སྲས་མོ་དབྱངས་ཅན་མ། །མགྲིན་པར་ཞུགས་པའི་ལེགས་བཤད་ཀྱི། །འདོད་པ་འཇོ་བའི་དཔག་བསམ་དབང༌། །དགེ་འདུན་རྒྱ་མཚོས་བདག་རྗེས་བཟུང༌། །གསེར་གྱི་རྒྱལ་པོ་ལ་སོགས་པའི༌། །ཆེ་རྒུའི་གཙུག་ཏོར་རལ་པའི་རྩེར། །ཞབས་སེན་ཟླ་བ་རྟག་འཆར་བ། །བསོད་ནམས་རྒྱ་མཚོས་དེང་བྱིན་རློབས། །གདུལ་དཀའི་འགྲོ་བ་འདྲེན་པའི་ཆེད། །ཚེ་རིང་གནམ་གྱི་ཤེ་མོང་རྒྱུད། །བསམ་བཞིན་སྲིད་པ་ལེགས་བཟུང་བ། །ཡོན་ཏན་རྒྱ་མཚོས་ཤིས་པར་སྐྱོངས། །ཞེས་སྒྱིད་ཐང་ནོར་བུས་དགེ་འདུན་གྲུབ་པའི་འཁྲུངས་རབས་བྲིས་ཐང་བདུན་ཚར་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྣ་ཚོགས་ནད་བྲལ་དབང་པོ་ཀུན་ཚང་སོགས། །མཚན་ལེགས་ཡོངས་གྲགས་དཔལ་གྱི་ཞལ་འཆེས་པའི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །འཁོར་འཁྱམས་སྡུག་བསྔལ་དང་(༢༤༧ན)


GLG021_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བདེར་སྤྱོད་སོགས། །མཁས་པ་གཟི་བརྗིད་སྒྲ་དབྱངས་རྒྱལ་པོ་ཡི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །དུས་མིན་འཆིས་མཚོན་དུཿཁ་ཀུན་བྲལ་སོགས། །གསེར་བཟང་དྲི་མེད་རིན་ཆེན་སྣང་བ་ཡི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །མཐའ་ཀླས་སྡུག་བསྔལ་ཀུན་དང་བྲལ་བ་སོགས། །མྱ་ངན་མེད་པ་མཆོག་གྱུར་དཔལ་ལྡན་པོའི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །ལོག་པར་བལྟ་སོགས་སྒྲིབ་གཉིས་འབྲས་བྲལ་བར། །བཅོམ་ལྡན་ཆོས་གྲགས་རྒྱ་མཚོའི་དབྱངས་སྙན་གྱི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །དགེ་ལ་རྟག་སྦྱོར་སྡིག་དང་ཡོངས་བྲལ་སོགས། །ཆོས་ཀུན་རྒྱ་མཚོ་མཆོག་བློས་མངོན་མཁྱེན་པའི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །མཚན་དཔེ་ལྡན་སོགས་ཡོན་ཏན་ཀུན་རྫོགས་པར། །བཻཌཱུཪྻ་འོད་རྒྱལ་པོ་སྨན་གྱི་བླའི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །ཡངས་པ་ཅན་གསུངས་བརྒྱད་བརྒྱ་སྨན་མདོའི་དོན། །ཤཱཀྱ་སེང་གེས་ལེགས་པར་བཀའ་སྩལ་བའི། །སྨོན་ལམ་ཡོངས་གྲུབ་འགྲོ་རྣམས་ཁྱོད་དྲུང་དུ། །བརྫུས་ཏེ་སྐྱེས་ནས་མཁའ་ཁྱབ་འགྲོ་སྒྲོལ་ཤོག །བཞིན་བཟང་ཚོན་རིས་ཡིད་ཀྱི་ཤེལ་དཀར་ངོས། །ཤར་བའི་མོད་ལ་འཆི་བདག་ཀུན་འཇོམས་པ། །ཚེ་མཐའ་ཡས་པའི་ཞལ་བཞེས་སྨོན་ལམ་འབྲས། །རོ་བརྒྱ་བདག་སོགས་འགྲོ་ཀུན་རྗེས་མྱོང་ཤོག །ཀུན་བཟང་སྨོན་ལམ་དོན་བཞིན་གང་གི་སྐུར། །རྩེ་གཅིག་མི་གཡོའི་ཏིང་འཛིན་བརྟན་པོ་ཡིས། །ཉིང་མཚམས་སྦྱར་ཚེ་བདེ་ལྡན་དག་ཞིང་དུ། །ལུས་ཅན་མཐའ་དག་ཐོགས་པ་མེད་སྒྲོལ་ཤོག །སྡིག་ལྟུང་ཤིང་ལས་སྦྱར་བ་ངན་འགྲོའི་མེ། །ཐུགས་རྗེའི་ཆར་གྱིས་གཞིལ་མཛོད་བཅོམ་ལྡན་འདས། །མི་འཁྲུགས་རྒྱལ་པོས་མཁའ་མཉམ་སེམས་ཅན་རྣམས། །མངོན་དགའི་ཞིང་གི་བདེ་བར་ཡོངས་སྦྱོར་ཤོག །གཟུང་ཇགས་ཐོས་པ་ཙམ་གྱིས་མཐའ་བརྟན་(༢༦༧བ)


GLG021_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གནས་ངན་ལས་གདོན་དམ་བཅས་མི་ཕམ་མགོན། །མཆོག་གི་སྤྲུལ་སྐུར་བཞེངས་ཚེ་བདག་སོགས་འགྲོ། །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག །ཁྱོད་ཞབས་རྡུལ་དམར་ལྷུངས་པས་གངས་ཅན་གྱི། །ཉེས་པའི་དྲི་བཀྲུས་རྒྱལ་བསྟན་གསལ་མཛད་པ། །པདྨ་ཀ་རས་བདུད་སྡེའི་དཔུང་བཅོམས་ནས། །འཕོ་མེད་རྡོ་རྗེའི་སྐུ་རུ་འགྱུར་བར་ཤོག །དྷཱིཿཡིག་ཞུན་འཁྱིལ་སྔ་གོས་མཚམས་སྤྲིན་སྦུབས། །ཤེས་བྱ་ཐམས་ཅད་གཟིགས་པའི་ཉིན་མོར་བྱེད། །ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཙོང་ཁ་བས། །ཇ་མེད་བྱང་ཆུབ་བར་དུ་རྗེས་འཛིན་ཤོག །ངག་དབང་དབྱངས་ཅན་མཐུ་ལས་ཇོ་གྲོས་ཀྱི། །བཟང་པོའི་སྐལ་ཐོབ་ཐུབ་བསྟན་རྒྱ་མཚོའི་སྡེ། །འཁོར་ལོའི་མགོན་པོར་ངེས་རྙེད་དད་པའི་མཐུས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །རྨུག་འཛིན་པདྨ་ར་གའི་འོད་གཟི་ཡིས། །སྲིད་ཞི་དབང་སྡུད་ནེའུ་ལིའི་མགྲིན་པ་ནས། །འཛད་མེད་ནོར་བུའི་ཕུང་པོ་འཁྲིག་པའི་དབྱངས། །ལེགས་ཆགས་འདོད་རྒུའི་དཔལ་འབྱོར་རྒྱས་པར་ཤོག །རིན་ཆེན་ཁུ་བས་བྲིས་པ་ཐུབ་གསུང་རྩེར། །གསེར་ཞུན་མཛོད་ལྡན་ཏོག་གི་འོད་འབར་སོགས། །སྲི་ཞུར་བསྐྲུན་པའི་དགེ་བ་བྱང་ཆུབ་བར། །ལེགས་མྱོང་བཀྲ་ཤིས་དགའ་སྟོན་འཕེལ་བར་ཤོག །ཅེས་པ་འདིའང་མཆོད་དཔོན་ངག་དབང་ཤེས་རབས་ཀྱིས་ཁྲ་འབྲུག་དང་སྒེར་གཞིས་སུ་རྟེན་བཞེངས། །རི་བོ་ཆོས་གླིང་དུ་བཀའ་འགྱུར་དང་གན་འཇིར་ཕུལ་བའི་སྨོན་ལམ་ཚོགས་འདོན་དུ་གཙུག་ཆོག་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ལྕང་གསེབ་པ་བསྟན་འཛིན་དབང་པོའོ། །(༢༤༨ན)


GLG021_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་གྲུབ་དཔལ་ལྡན་ཆོས་སྐྱོང་ཞལ་གྱི་དྲོད། །གསུང་ངག་དབང་ཆུ་བློ་གྲོས་བུམ་བཟང་དུ། །རྒྱ་མཚོ་ལྟར་འཁྱིལ་འཇམ་དབྱངས་དགའ་བའི་བཤེས། །ཚངས་སྲས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །དགྱེས་མཛད་རྡོ་རྗེའི་ངོ་བོར་བླ་མ་ཀུན། །ཡོངས་འདུས་གདན་གསུམ་ཚང་བྱིན་སྙིང་ཞུགས་པས། །ལམ་དུས་དབང་བཞིའི་འགྲོས་ཀྱིས་ཕྲང་གསུམ་བརྒལ། །ཟུང་འཇུག་གྲུབ་མཐའ་ཚེ་འདིར་སྙོག་པར་ཤོག །གུར་མགོན་ཙ་ཏུ་རྨུ་ཁ་ལས་མཁན་བཅས། །གསང་རྟེན་ལུས་སྦའི་གནད་ཀྱི་བྱང་ཆུབ་བར། །མི་འབྲལ་མཆོག་མཐུན་དངོས་གྲུབ་འཕྲིན་ལས་རྣམས། །ཐོགས་མེད་གྲུབ་པའི་རྟེན་འབྲེལ་ལྷུན་གྲུབ་ཤོག །ཤློ་ཀ་གསུམ་ཙམ་ཡོད་པའི་ཞལ་འདོན་ཞིག་རྩོམས་ཞེས་ཁྱབ་བདག་བླ་མ་བཀའ་འགྱུར་བ་ཆེན་པོའི་རིགས་དང་ཆོས་ཀྱི་དབོན་རིན་པོ་ཆེ་ངག་དབང་བློ་གསལ་མཆོག་ལྡན་གྱི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བསྟན་འཛིན་དབང་པོའོ། །རྩ་གསུམ་དགྱེས་སྐྱེད་བ་ལིཾ་ཏ། །ཟག་མེད་བདུད་རྩི་ལེགས་འཁྱིལ་སྣོད། །རྒྱུ་སྦྱོར་ཕུན་ཚོགས་ལྷུན་གྲུབ་ཀྱི། །ལེགས་བྱས་བྱང་ཆུབ་བར་འཕེལ་ཤོག །དགེ་སྐོས་ཀྱི་འཇོག་ཏུ་དངུལ་སྲང་བཅུ་བཞི་ལས་བསྐྲུན་པ་ཕུལ་བའི་སྨོན་ལམ་ཟ་ཧོར་གྱི་བནྡེས་བཀོད་པ་ཤུ་བྷཾ། །བཟང་པོའི་སྐལ་བར་འགྲོ་འདྲེན་སྟོང་གི་ནང༌། །སྙིང་སྟོབས་ཆེན་པོས་དཔའ་བ་ཤཱཀྱའི་བསྟན། །འཛིན་ལ་ཟླ་བྲལ་འཇམ་མགོན་ཙོང་ཁ་པས། །བྱང་ཆུབ་བར་དུ་རྗེས་བཟུང་བྱིན་གྱིས་རློབས། །ངག་དབང་དབྱངས་ཅན་མགྲིན་པར་འཇོ་སྒེག་གིས།(༢༤༨བ)


GLG021_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གསལ་བྱེ་བའི་གཙུག་ཏོར་རྩེ་མོ་རུ། །མཁས་བཙུན་བཟང་པོའི་ཟླ་ཚེས་ཆ་འཕེལ་བའི། །ཐོས་བསམ་སྒོམ་པའི་རྒྱ་མཚོ་རྒྱས་ལ་འདུད། །སྙིང་དབུས་འདབས་སྟོང་ཟེའུ་འབྲུ་ཉེར་བཞད་སྟེང༌། །དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་ལ། །མི་ཕྱེད་དད་པས་གསོལ་བ་རབ་བཏབ་མཐུས། །ཐུགས་རྗེའི་འཇུག་པ་དུས་ལས་ཡོལ་མེད་ཤོག །ཚེ་དང་བསོད་ནམས་སྟོབས་འབྱོར་མཐའ་དག་ལ། །དབང་ཐང་མེས་པོའི་བསྐལ་བ་དང་མཉམ་ཞིང༌། །ཆོས་སྲིད་བསྟན་པ་བླ་ནས་བླར་འདེགས་པར། །མྱ་ངན་མེད་པའི་སྤུན་ཟླར་འགྱུར་བར་ཤོག །བགྲོད་དཀའི་སྐྱེ་བའི་ཕྲང་ལ་བཤེས་གཉེན་གྱིས། །སྐྱེལ་མའི་མགོན་སྐྱབས་མཛད་ནས་མངོན་མཐོའི་རྟེན། །བདེ་བར་ཉེར་ཁྲིད་བླ་མེད་བྱང་ཆུབ་ཀྱི། །གྲོང་ཁྱེར་ཆེན་པོར་མྱུར་དུ་འཇུག་པར་ཤོག །ཅེས་གསོལ་འདེབས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་དད་སྟོབས་ལྡན་པ་དགའ་ལྡན་དཱ་ཆིན་བོ་ཤོག་ཐུ་ཇུ་ནོང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམ་པ་ངག་དབང་དགེ་ལེགས་སོ། །འཆི་གསོས་བདུད་རྩིས་མཐའ་ཀླས་ནད་ཀྱི་རིགས། །དྲུངས་ནས་ཕྱུང་དང་ལྷན་ཅིག་སྒྲིབ་གཉིས་ཀྱི། །ཟུག་རྔུ་རྣམ་པར་གྲོལ་ནས་ལུས་ཅན་ཀུན། །གཏན་གྱི་བདེ་བར་རྟག་ཏུ་སྤྱོད་པར་ཤོག །ས་སྐྱོང་བློ་བཟང་སྦྱིན་པས་ཁུར་བཞེས་ཡར་སྟོད་དར་མོ་སྨན་རམས་པས་ལག་ལེན་བྱས་ནས་རིན་ཆེན་གྲང་སྦྱོར་འདི་རབ་བྱུང་བཅུ་གཅིག་པའི་ནང་གི་ས་རྟ་ཟླ་བ་ལྔ་པའི་ཚེས་བཅུ་དགུ་ལ་དབུ་བཙུགས་ཤིན་ཏུ་རུ་ང་བའི་ཧོར་ཟླ་བདུན་པའི་ཚེས་བཅུ་སྐོར་ལ་གྲུབ་པར་ལྷག་བསམ་གྱི་སྨོན་ལམ་ཟ་ཧོར་གྱི་བནྡེས་(༢༤༩ན)


GLG021_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པས་འགྲོ་བ་མཐའ་དག་ནད་ཀྱི་འཇིག་པ་ལས་གྲོལ་བར་གྱུར་ཅིག །རིན་ཆེན་རྟ་རི་མ་སྦྱོར་སྡེ་ཤིན་ཏུ་རྒྱས་པ་འདི་ཉིད་སྡེ་པ་བློ་བཟང་སྦྱིན་པས་ཁུར་བཞེས་ཡར་སྟོད་དར་མོ་སྨན་རམ་པ་བློ་བཟང་ཆོས་གྲགས་ཀྱི་ལག་ལེན་བྱས་ནས་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟའི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུ་དགུ་ནས་དབུ་བཙུགས་ཏེ་སྦྱར་བའི་དགེ་བས་ལུས་ཅན་མཐའ་དག་བཞི་བརྒྱ་རྩ་བཞིའི་ནད་དང་སྐྱེ་མཆེད་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་གྱུར་ཅིག །དབང་ཕྱུག་ཆེན་པོའི་གསུང་རྒྱུད་མེ་ལྕེ་འབར་མའི་དུག་འཇོམས་དབང་པོའི་རིལ་བུ་འདི་ཉིད་སྡེ་པ་བློ་བཟང་སྦྱིན་པས་ཁུར་བཞེས་ཡར་སྟོད་དར་མོ་སྨན་རམ་པ་བློ་བཟང་ཆོས་གྲགས་ཀྱིས་ལག་ལེན་བྱས་ནས་རབ་བྱུང་བཅུ་གཅིག་པའི་ས་ཕོ་རྟའི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅུ་དགུ་ནས་དབུ་བཙུགས་ཏེ་སྦྱར་བའི་དགེ་བས་ལུས་ཅན་མཐའ་དག་བཞི་བརྒྱ་རྩ་བཞིའི་ནད་དང་སྐྱེ་མཆེད་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་གྱུར་ཅིག །རྣམ་དཀར་དགེ་ལ་འདུན་པའི་གོམས་སྟབས་ཀྱིས། །དོན་ཀུན་གྲུབ་པའི་རྟེན་ལ་སླར་འཇུག་པ། །ས་སྲུང་ཐོས་བསམ་སྒོམ་པའི་རྒྱན་ལྡན་གང༌། །མངོན་སུམ་རྒྱུ་བར་མཆོག་གསུམ་མཐུས་བྱིན་རློབས། །ཞེས་པའང་ལེགས་པ་རྒྱལ་མཚན་གྱི་ངོར་ཟ་ཧོར་བནྡེས་སྦྱར། །མཐིང་ཞུན་ཉིན་བྱེད་དངོས་བརྒྱ་ལེགས་འབར་གཟི། །མཚན་དཔེའི་རི་མོ་རབ་གསལ་མཐོང་བའི་མོད། །རྣམ་འདྲེན་སྨན་གྱི་བླ་མའི་སྤྱན་རས་ཀྱི། །བྱང་ཆེན་བར་དུ་ལྷོད་པ་མེད་པར་སྐྱོངས། །(༢༤༩བ)


GLG021_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་རིགས་བྱེད་ཉེར་དྲན་སྐྱེ་དགུའི་བདག །གཙུག་ན་ཟླ་སོགས་ལྷ་དང་དྲང་སྲོང་ཆེ། །འཆི་གསོས་གྲུབ་པའི་བཅུད་ལེན་འགྲོ་ཀུན་ལ། །ཡོངས་སྩལ་བདེ་བའི་ངལ་གསོ་སྦྱིན་རྣམས་རྒྱལ། །འཚོ་བྱེད་གཞོན་ནུ་མ་ཁོལ་ཟླ་མངོན་ཞབས། །རིས་མེད་སྐྱེ་འགྲོའི་སྲོག་ཟུངས་གཡུ་ཐོག་མགོན། །གཙུག་ལག་གཉིས་པ་རབ་ཤེས་མཁས་མང་གི །མཛད་པའི་ཤིང་རྟས་དཔྱོད་ལྡན་ཡིད་དབང་འདྲེན། །རིན་ཆེན་གྲང་སྦྱོར་དེའི་མཆེད་རྟ་རི་མ། ལྷ་ཆེན་གསུང་རྒྱུད་ལས་འོངས་དུག་འཇོམས་རིལ། །སྲོག་གི་ཆད་འཐུད་རྡོ་རྗེ་བཞུ་བླུགས་པ། །བདུད་རྩི་སྙིང་པོའི་བཅུད་ཀྱི་ཡང་ཞུན་མཚར། །ས་ཁམས་ཅང་ཤེས་བགྲང་བྱའི་སྣྲོན་ཟླ་ནས། །མཁའ་ཀླུའི་ཞག་པར་དཔོན་ཚང་དར་མོ་བ། །བློ་བཟང་ཆོས་གྲགས་སུམ་ཅུའི་སློབ་བུར་བཅས། །སྒོ་གསུམ་གཅིག་དྲིལ་སྤེལ་བའི་དགེ་ཚོགས་ཀྱིས། །ངག་དབང་བློ་བཟང་སྐལ་བཟང་རྒྱ་མཚོའི་སྡེས། །ཉེར་མཚོན་བཤེས་གཉེན་རྣམས་དང་གསོ་རིག་ལ། །ཟླ་མེད་སློབ་དཔོན་བློ་བཟང་ཆོས་གྲགས་ཀྱིས། །སྐྱེ་བར་མི་འབྲལ་རྗེས་སུ་འཛིན་པར་ཤོག །བག་ཡོད་ཁྲིམས་ལྡན་ཤེས་བྱའི་གནས་སྤྱི་དང༌། །ཁྱད་པར་གསོ་རིག་གཙུག་ལག་མཐར་སོན་ཞིང༌། །རྒྱལ་སྲས་སྤྱོད་ལ་འཇུག་པའི་སེམས་བསྐྱེད་ཀྱིས། །འགྲོ་བའི་དཔག་ཡས་ཟུག་རྔུ་ཡོངས་འབྱིན་ཤོག །བྱེ་བྲག་བདག་གཞན་མཐའ་དག་རྒྱུ་བ་དང༌། །མི་རྒྱུའི་དུག་དཔལ་འཇོམས་ལ་གསེར་གྱི་མདོག །སྨན་མཆོག་རྣམ་པར་རྒྱལ་བའི་རོ་ནུས་པ། །ཞུ་རྗེས་ཡོན་ཏན་མ་ལུས་དེར་སྨིན་ཤོག །རང་བྱུང་བཅོས་མའི་སྦྱོར་ངན་ལ་(༢༥༠ན)


GLG021_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི། །བཞི་བརྒྱ་རྩ་བཞིའི་ནད་བསྐྱེད་ལས་ཉོན་དང༌། །རབ་བྲལ་དེ་རྒྱུས་ཚུགས་མིན་སྨན་པ་མཆོག །བཻ་ཌཱུཪྻ་འོད་རྒྱལ་པོ་འགྲུབ་པར་ཤོག །སྨོན་ལམ་དེང་བཏབ་བསམ་པ་ཇི་བཞིན་དུ། །མཆོག་གསུམ་ལེགས་བྲིས་དྲང་སྲོང་ཕྱི་ནང་གི །ཚེ་ཡི་རིག་བྱེད་འཛིན་དང་ཞང་བློན་སོགས། །མཐུ་ལྡན་སྲུང་མས་ལྷུན་གྱིས་གྲུབ་པར་མཛོད། །ལུས་ངག་ཡིད་ལ་ཁོད་སྙོམས་ལེགས་བཀྲམ་པ། །བདེ་བའི་ས་བོན་བཏབ་སྨིན་མྱུ་གུའི་ལྗོན། །དར་དྲག་སིམ་པའི་ཚོར་བ་མྱོང་བའི་འབྲས། །རོ་བརྒྱར་ལོངས་སྤྱོད་བཀྲ་ཤིས་དཔལ་འབར་ཤོག །ཅེས་རབ་བྱུང་བཅུ་གཅིག་པ་ས་ཕོ་རྟའི་ལོ་དར་མོ་དཔོན་ཚང་བློ་བཟང་ཆོས་གྲགས་སློབ་བུར་བཅས་པས་རིན་ཆེན་རིལ་བུ་གྲང་སྦྱོར། དབང་ཕྱུག་ཆེན་པོའི་གསུང་རྒྱུད་མེ་ལྕེ་འབར་མ་ལས་བྱུང་བའི་དུག་འཇོམས་རིལ་བུ། རིན་ཆེན་རྟ་རི་མ་རྒྱས་པ་རྣམས་ཞག་བརྒྱད་བཅུའི་བར་སྒོ་གསུམ་འབད་པ་ཆེན་པོས་དངོས་གཙང་བར་བསྐྲུན་པའི་ཚེ་དཀར་ཆག་ཏུ་གསལ་བའི་སློབ་མ་རྣམས་ཀྱིས་བཀྲས་བཏགས། གསེར་ཞོ་གང་བཟང་ཇ་བར་ཁག་དང་བཅས་དོན་གཉེར་ཆེ་བས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བྱང་ཆེན་མཆོད་རྟེན་དངུལ་དཀར་ལས་གྲུབ་པ། །བུ་ཁྲིད་རྒྱལ་མོས་ལྷག་བསམ་རྣམ་དག་མཐུས། །བཞེངས་འབྲས་སྐྱེ་བར་ལྷ་མིའི་རྟེན་རྒྱུད་ནས། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །དད་པའི་མེ་ལོང་ངོས་སུ་ཐུགས་རྗེའི་གཟུགས། །ལེགས་འཆར་དཔལ་ལྡན་བླ་མས་སྐྱེ་བ་ཀུན། །འབྲལ་མེད་རྗེས་འཛིན་དགེ་བའི་བཤེས་མཛད་ནས།(༢༥༠བ)


GLG021_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

།མཐོ་རིས་ཐར་པའི་ལམ་དུ་འདྲེན་པར་ཤོག །དཀོན་མཆོག་བྱིན་རླབས་རྟེན་ཅིང་འབྲེལ་འབྱུང་མཐུས། །བདག་སོགས་རིགས་བརྒྱུད་བཅས་རྣམས་གནས་སྐབས་དང༌། །མཐར་ཐུག་ཕན་བདེའི་བསོད་ནམས་དཔལ་འབར་བ། །སྐྱིད་པའི་ཉི་མ་དགུང་ནས་འཆར་བ་ཤོག །ཅེས་དཔོན་ས་བུ་ཁྲིད་རྒྱལ་མོས་དངུལ་གྱི་བྱང་ཆེན་མཆོད་རྟེན་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཨོཾ་ཨཱ་ཐ། །བཱ གི ནྡྲ ཀཱ ནཱ ག མ བ ཀྟྲ ཏོ མ ཏེ རྶཽ ཀུ མྦྷ ནེ སཱ རི ཀ ཀུ ཎྜུ བཻ ཙ རེ། ངག་དབང་ཚངས་སྲས་ཞལ་ལུང་བློ་གྲོས་ཀྱི། །བུམ་བཟང་རྒྱ་མཚོ་ལྟར་འཁྱིལ་རྣམ་དཔྱོད་ལ། །མ ཉྫུ སྭ ར པྲཱི ཡ ཀ མཻ ཏྲ ཎྜི ཏོ བི མྦཱ ནྟ སི དྡྷཱ ལི ཀ ར ཏྣ བྲྀ དྡྷ ཧོ། །འཇམ་དབྱངས་དགའ་བའི་བཤེས་གཉེན་སྣང་བརྙན་མཐར། །མཁས་གྲུབ་རིན་ཆེན་འཕྲེང་མཛེས་སྤེལ་འདི་མཚར། །དད་པའི་ཟླ་བར་(༢༥༡ན)


GLG021_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རི་དྭགས་གཟུགས། །ཡོངས་གསལ་རལ་དཀར་རྫིང་བུར་ཉེར་ཤར་བ། །རིག་བྱེད་འཛིན་པ་ཕུན་ཚོགས་དབང་པོ་ཞེས། །ལྷ་དབང་གྲུབ་པའི་བློ་གྲོས་ལྡན་དེས་སོ། །ངས་སྲིད་ཀུན་ཏུ་འབྲལ་མེད་རྗེས་འཛིན་བར། །རང་མཐུ་དམན་ཡང་མཆོག་གསུམ་ཐུགས་རྗེ་ཡིས། །ཡོངས་སྨོན་ཁས་འཆེའི་དཔག་བསམ་ལྗོན་པའི་འབྲས། །བྱང་ཆེན་ཐོབ་མིན་བར་དུ་སྤྱོད་པར་ཤོག །དགེ་འདུན་འདུས་པའི་གཙུག་ན་མཁས་གྲུབ་ཀྱི། །ཞབས་སེན་ཟླ་ཚེས་དོན་ལྡན་ཐམས་ཅད་མཁྱེན། །སྐུ་བརྙན་རྣམ་སྤྲུལ་གར་གྱིས་རབ་བསྐོར་བའི། །བྱིན་རླབས་བུང་བ་བདག་སྙིང་པདྨར་གཞུག །དགེ་ལེགས་ལུས་ཕྲར་ཡིད་འདུན་ཐོས་བསམ་གྱི། །མངོན་འདོད་རྒྱ་མཚོ་འཕེལ་ལ་དབྱངས་ཅན་མ། །བཞད་པ་རྡོ་རྗེ་སྐྱེས་ཆེན་ཕྲེང་བ་ཡིས། །ཡོངས་བསྐོར་བསྐྲུན་པའི་བསོད་ནམས་མཁར་བསྙེག་ཤོག །བློ་གྲོས་བསྐལ་བཟང་འདྲེན་པ་བཞི་བསྟན་སྲོག །ཟུངས་འགྱུར་གྲགས་པས་འཇིག་རྟེན་གསུམ་ཁྱབ་པར། །དངོས་གྲུབ་ཉེར་སྩོལ་འདོད་ལྷ་ཤེལ་ཚོན་བཞིན། །ཤར་བའི་གཟི་བྱིན་སྐྱེ་བར་གསལ་གྱུར་ཅིག །བདེ་གཤེགས་མཆེད་བརྒྱད་བྱིན་རླབས་ཉིན་བྱེད་ཀྱིས། །སྲིད་ཞིའི་ཉེས་བརྒྱའི་སྨག་རུམ་ཀུན་བསངས་ནས། །ཇི་ལྟར་ཞལ་འཆེས་སྨོན་ལམ་རོ་བདའི་ཟས། །སྤྱོད་པའི་སྐལ་བ་བཟང་པོར་བདག་འགྱུར་ཤོག །ཅེས་འཕྱོང་རྒྱས་ལྐོག་པ་བསམ་མཐོང་བ་ལྷ་དབང་གྲུབ་པའི་བློ་ལྡན་གྱིས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། དགེ་འདུན་རྒྱ་མཚོ། འདི་གའི་འདྲ་འབག་གསུམ་གཙོ་ཐང་དུ་བྱས་པར། ས་སྤྱོད་མཁས་གྲུབ་ལོ་པན་གྱི་འཕྲེང་བ་མཚར་དུ་(༢༥༡བ)


GLG021_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དངར་བ། །རྒྱལ་བ་བཙོང་ཁ་པ་ཆེན་པོ་དང༌། སངས་རྒྱས་སྨན་གྱི་བླར་འདོད་ལྷས་སྐོར་བའི་བྲིས་ཐང་ལྔ་ཚར་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིདྡྷི་རསྟུ། །ཨ བྱ ཡཱ ར སྱ བ ཀྟྲེ ཀ རཻ ྈྐ རྨ མཱཡ ཀྵ རེ ཝཾ པ རཱ ནྟཱ ཪྻ ཀཻ རྦྷོ ཊ ཀཿ མི་ཟད་འགྲོ་ངོར་མཛད་འཕྲིན་སྒྱུ་མའི་འཕྲུལ། །རྣམ་འགྱུར་ཕ་མཐའ་ཡས་ཀྱང་འཕགས་བོད་ཡུལ། །ཨ ཥྟ ནཱ མེ ཤ ཏཾ ས རྒ ནཻ དྷྱ ཀྵ རཱ ཧོ བྻུ ཧ ཀྵེ ཏྲ ཀཱཀྵམྲྀ ཏཱ ནཱཾ གུ རུཿ མཚན་བརྒྱད་སརྒ་བརྒྱ་རྩའི་ཐང་ཡིག་གི །ངོ་མཚར་ཞིང་བཀོད་མིག་གི་བདུད་རྩིའི་དཔྱིད། །གྲངས་མེད་མཁས་གྲུབ་རྟོགས་བརྗོད་དམན་བློ་དང༌། །མཚམ་པའི་ཟོལ་སྦྱོར་འཕྲུལ་ལ་ཡ་མཚན་ཅི། །སངས་རྒྱས་གཞན་ལས་ཆེ་བའི་ཡོན་ཏན་ཚོགས། །པདྨ་ཀ་ར་ཁོ་ནའི་ཁྱད་པར་ཙམ། །རྒྱལ་རྣམས་ཚོགས་གཉིས་ཟླ་བའི་དཀྱིལ་འཁོར་ལ། །གཅིག་ཏུ་མཚུངས་(༢༥༢ན)


GLG021_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆེར་རྙིགས་སྐྱེ་རྒུ་ཡི། །བསམ་ངོ་བཅོ་ལྔའི་ཚེས་ཀྱི་ནམ་མཁའ་ལ། །ཐུགས་རྗེའི་ཉ་གང་དང་འདྲ་གཞན་དུ་མིན། །མགོན་ཁྱོད་ཁོ་ནར་འབད་པའི་སྲི་ཞུ་ཡིས། །རྣམ་འདྲེན་ཀུན་ལ་ཉེར་བྱས་བསོད་ནམས་འབྲས། །ཐོབ་ཕྱིར་ཨ་ཕྱི་དབྱངས་ཅན་སྒྲོལ་མ་གང༌། །འཁོར་བ་མཐའ་ཅན་ཐར་ལམ་བགྲོད་པར་ཤོག །དམིགས་པའི་ཡུལ་དང་ཡོན་སྦྱོར་ལས་བྱེད་ཀུན། །པདྨ་འོད་ཀྱི་ཕོ་བྲང་ཉམས་དགའ་བར། །རིགས་འཛིན་གྲལ་ཆུད་རང་རིག་རྫོགས་སངས་རྒྱས། །གཞན་ནས་མི་འཚོལ་རང་ངོ་འཕྲོད་པར་ཤོག །སྔགས་ཀྱི་རྣལ་འབྱོར་བདུད་འཇོམས་རྡོ་རྗེ་ལ། །མདོ་ཙམ་བསྟན་པ་སིནྡྷུ་རྒྱ་མཚོ་མའི། །བཀོད་པ་འདི་བཞིན་མས་གཙོས་འགྲོ་བ་རྣམས། །མགོན་ཁྱོད་རྣམ་ཐར་དང་མཚུངས་འཇུག་ནུས་ཤོག །སྡེ་བརྒྱད་གཉེན་པོར་རྡོ་རྗེ་སྲིན་པོའི་སྐུར། །ཐུགས་སྒྲུབ་རྣམ་གསུམ་ལོ་རྒྱུས་གསེར་རྡོར་འཕྲེང༌། །མཛེས་པས་རྒྱུ་སྦྱོར་ལུས་ཀྱི་རྩ་འཁོར་ལ། །ཞི་ཁྲོའི་ལྷ་ཚོགས་མངོན་སུམ་རྫོགས་པར་ཤོག །འབོད་སྒྲོགས་གྲོང་ཁྱེར་ཡངས་པའི་ཁོར་ཡུག་དབུས། །ཙིཏྟིའི་དབྱིབས་ཅན་དཔལ་གྱི་རི་བོའི་རྩེར། །རྩ་གསུམ་རབ་འདུས་དཀྱིལ་འཁོར་ལེགས་བྲིས་མཐུས། །ཉིང་མཚམས་སྦྱར་ཚེ་ཞིང་དེར་སྐྱེ་བར་ཤོག །རྒྱ་བོད་སྐྱེས་ཆེན་སྒྱུ་སྐར་ཉེར་བརྒྱད་མཐར། །སོ་སྐྱེའི་གཟུགས་བརྙན་དུད་པ་ཉེར་འཐུལ་བ། །འཁྲུལ་ངོར་གངས་རི་སྔོན་པོར་སྣང་བ་བཞིན། །དམ་པར་མོས་འབྲས་ཐུགས་རྗེ་འཇུག་པར་ཤོག །ཅེས་གྲྭ་ཕྱི་སྨོན་གྲུབ་པ་རིན་ཆེན་བཀྲ་ཤིས་ཀྱིས་ཨ་ཕྱི་དབྱངས་ཅན་སྒྲོལ་མའི་དོན་དུ་ཨོ་(༢༥༢བ)


GLG021_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཆེན་པོ་མཚན་བརྒྱད་རྣམས་གཙོ་བོར་བྱས་པའི་གྲ་ཚར་དགུ་ལ། ཐང་ཡིག་ཤེལ་བྲག་མའི་བཀོད་པ། གཙོ་བོ་སློབ་དཔོན་ཆེན་པོ་ལ་སིནྡྷུ་རྒྱ་མཚོའི་ཞིང་བཀོད། རྡོ་རྗེ་དྲག་པོ་རྩལ་ལ་ཐུགས་སྒྲུབ་གསུམ་གྱི་ལོ་རྒྱུས། མནལ་ལམ་གསེར་གྱི་རྡོ་རྗེ་མས་བསྐོར་བ། ཟངས་མདོག་དཔལ་རིའི་ཞིང་བཀོད། ངེད་རང་གི་འདྲ་འབག་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་ཀྱིས་བསྐོར་བའི་བྲིས་ཐང་བཅས་བཅུ་གསུམ་གྱི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིངྔྷི་རསྟུ། །ངག་གི་དབང་ཕྱུག་བློ་བཟང་གྲགས་པ་ཡི། །རིང་ལུགས་རྒྱ་མཚོའི་ཕ་མཐའ་ཡོངས་སྤེལ་བ། །འཇམ་དབྱངས་དགའ་བའི་བཤེས་ལ་གསོལ་བ་འདེབས། །བགྲང་ཡས་སྐྱེ་བར་རྗེས་སུ་འཛིན་པར་ཤོག །རྒྱལ་བ་ཀུན་ཡུམ་སེང་ལྡེང་ནགས་སྒྲོལ་མ། །སྐྱབས་སོང་སྙིང་ནས་གསོལ་བ་འདེབས་བྱེད་ན། །སེང་གེ་གླང་ཆེན་རྐུན་པོ་མེ་དང་སྦྲུལ། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོའི་འཇིགས་ལས་སྐྱོབས། །མདོར་ན་སྔོན་ལས་འཕྲལ་རྐྱེན་གྱིས་བསྐྱེད་པའི། །མི་མཐུན་ཉེར་འཚེ་ཐམས་ཅད་རབ་ཞི་ཞིང༌། །ཚེ་དང་བསོད་ནམས་དཔལ་འབྱོར་མ་ལུས་པ། །ཡར་ངོའི་ཟླ་ལྟར་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་འདིའང་དགའ་ལྡན་ཨེ་ཏེ་ན་ཨུ་ཆེན་གྱིས་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །བདེ་ལྡན་ཞིང་ཁམས་རྒྱ་མཚོའི་མགོན་མཆོག་གི །ཐུགས་རྗེའི་འོད་ཀྱིས་འཆི་བདག་མུན་བསལ་ཏེ། །ལེགས་བྱས་སྣང་བའི་ཁྲི་ལ་(༢༥༣ན)


GLG021_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོ་བརྟན་པར་ཤོག །འདུས་པའི་སྡེ་ལ་མཆོད་བསྟོད་བསྙེན་བཀུར་རྒྱུན། །ལྷག་བསམ་དག་པས་སྤེལ་བའི་བསོད་ནམས་ཀྱིས། །སྦྱིན་པའི་བདག་པོ་རིགས་བརྒྱུད་བཅས་པ་ཡི། །སྲིད་ཞིའི་བདེ་སྐྱིད་མ་ལུས་ལྷུན་གྲུབ་ཤོག །གསོལ་བ་བཏབ་ན་ནམ་ཡང་མི་བསླུ་བ། །གཏན་གྱི་སྐྱབས་གཅིག་མཆོག་གསུམ་བྱིན་རླབས་ཀྱིས། །སྨོན་ལམ་ས་བོན་ལེགས་པར་སྨིན་པའི་འབྲས། །ཡོངས་སུ་ཉེར་དུད་དགའ་སྟོན་རབ་རྒྱས་ཤོག །ཅེས་པ་འདི་ནི་ལྷ་ས་བྱང་གླིང་པས་གསང་ཕུ་གྲྭ་ཚང་སྦེ་སེར་དུ་དགེ་རྒྱུན་སྦྱར་ནས་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འཆི་བདག་དཔུང་བཅས་ཟ་ལ་མ་ཧེའི་ཞལ། །གདངས་པའི་དཔའ་བོ་འཇམ་དཔལ་ཁྲོ་བོའི་དབང༌། །ལེགས་ལྡན་ཕྱག་དྲུག་མྱུར་མཛད་མགོན་པོ་ཡི། །མཐུ་སྟོབས་ནུས་པས་འདོད་པའི་རེ་བ་སྐོངས། །གདོང་ལྔས་ཡོངས་བཏེག་རྡོ་རྗེའི་ཁྲི་ཆེན་པོར། །བཤེས་གཉེན་དམ་པའི་ཟློས་གར་གཡོ་མེད་དུ། །གཡུང་དྲུང་སྲོག་གི་ཀ་བ་ཉེར་ཚུགས་པ། །སྨོན་པའི་འབྲས་བུ་དུས་སུ་སྨིན་པར་ཤོག །ཐམས་ཅད་མཁྱེན་དངོས་བློ་བཟང་གྲགས་པ་ཡི། །བསྟན་པ་ཛམ་བུ་ཏྲི་ཤའི་གྲིབ་བསིལ་གྱིས། །ཁྱབ་པར་དབྱར་གྱི་ཆུ་གཏེར་ཇི་བཞིན་དུ། །འཕེལ་བའི་བཀྲ་ཤིས་དགའ་སྟོན་དར་དྲག་ཤོག །ཅེས་པའང་ལྷ་ས་བྱང་གླིང་པས་འབྲས་སྤུང་སྔགས་པ་གྲྭ་ཚང་དུ་སྦུག་ཆོལ་གྱི་སྤྱི་རྫས་འབུལ་བ་མང་འགྱེད་ཀྱི་ཡོན་སྦྱར་ནས་དགོས་ཚུལ་ལྟར་ཟ་(༢༥༣བ)


GLG021_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྣམ་ཤེས་ཚོགས་བརྒྱད་འབོད་སྒྲོགས་གྲོང་ཁྱེར་དབུས། །ཙིཏྟ་ཟུར་གསུམ་ཟངས་མདོག་དཔལ་རིའི་རྩེར། །རྩ་བའི་བླ་མ་པདྨ་ཐོད་ཕྲེང་དང༌། །དབྱེར་མེད་སྲིད་མཐའི་བར་དུ་བཞུགས་སུ་གསོལ། །ངོ་བོ་ནམ་ཡང་མི་འགྱུར་ཆོས་སྐུའི་གདངས། །རང་བཞིན་རྡོ་རྗེའི་འོད་ལུས་ལོངས་སྤྱོད་རྫོགས། །ཐུགས་རྗེའི་སྤྲུལ་པ་མཁའ་ཁྱབ་འགྲོ་བ་རྣམས། །འདྲེན་པའི་སྐྱབས་དང་གླིང་དུ་རྟག་བརྟན་ཤོག །ཁྲག་འཐུང་ཕྱག་རྒྱ་རྡོ་རྗེ་འབར་བའི་རྗེས། །གཙུག་ཏུ་གསལ་བ་དཔལ་མགོན་མ་ནིང་ནག །དྲེགས་པའི་སྡེ་དཔོན་སུམ་ཅུའི་ཚོགས་རྣམས་ཀྱིས། །འཕྲིན་ལས་ལུས་པ་མེད་པར་ལྷུན་གྱིས་སྒྲུབས། །ཞེས་ལྷ་ས་བྱང་གླིང་པས་སྟག་ལུང་གསང་སྔགས་ཆོས་འཁོར་གླིང་དུ་སྦུག་ཆོལ་གྱིས་སྤྱི་རྫས། འབུལ་བ་མང་འགྱེད་སོགས་སྦྱར་ཏེ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །གངས་ཅན་ཕན་བདེའི་འབྱུང་གནས་ཐོག་མའི་སྒོར། །རིགས་གསུམ་སྒྱུ་འཕྲུལ་དྲ་བའི་གར་མཁན་གྱིས། །སྲོང་བཙན་བཞེད་པ་ཡོངས་གང་སིམ་པའི་རྒྱུན། །སྲིད་མཐར་ཆད་བྲལ་རྟེན་ཅིང་འབྲེལ་འབྱུང་མཐུས། །འཇམ་དབྱངས་གཞོན་ནུ་དགའ་བའི་བཤེས་གཉེན་དཔལ། །འཆི་མེད་གྲུབ་པའི་ཉ་ཕྱིས་ཁོག་ཡངས་པོར། །མི་འགྱུར་སྲོག་གི་ཟུངས་གྱུར་མུ་ཐི་ལས། །ཕྱུར་བུར་གཏམས་པའི་བསོད་ནམས་རབ་འབར་ཤོག །སངས་རྒྱས་ཀུན་ཡུམ་དུང་སྐྱོང་རྒྱལ་མོ་དང༌། །བདུད་མགོན་ཏྲག་ཤད་ལ་སོགས་སྲུང་མ་ཡིས། །དགེ་འདུན་སྡེ་འདི་དར་(༢༥༤ན)


GLG021_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྒྱས་པས་མཚོན། །སྨོན་ལམ་གང་བཏབ་གྲུབ་བའི་འཕྲིན་ལས་མཛོད། །ཅེས་པའང་ལྷ་ས་བྱང་གླིང་པས་ཕ་བོང་ཁར་སྤྱི་འབུལ་མང་འགྱེད་སོགས་སྦྱར་ནས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་མཐུ་ཀུན། །གཅིག་ཏུ་ཡོངས་བསྡུས་རྗེ་བཙུན་བཙོང་ཁ་པར། །ཡིད་ཆེས་ངེས་པ་རྙེད་ནས་གསོལ་འདེབས་ན། །སྨོན་ལམ་ཅི་བཏབ་ཡོངས་འགྲུབ་བདག་བྱིན་རློབས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །བདེ་ལྡན་ཞིང་གི་མགོན་པོ་ཇི་བཞིན་དུ། །བདག་སོགས་འགྲོ་རྣམས་བྱང་ཆུབ་ཆེན་པོ་ཡི། །ས་ལ་བཀོད་མིན་དེ་སྲིད་བརྟན་གྱུར་ཅིག །འཇིག་རྟེན་སྤྱི་དང་ཁྱད་པར་གངས་ཅན་འདིར། །ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་ཡི། །ཡོངས་ཁྱབ་ལྗོན་པའི་གྲིབ་མར་སྐྱེ་རྒུ་རྣམས། །བདེ་བའི་སྟེགས་ལ་ངལ་གསོ་བགྱིད་པར་ཤོག །ཅེས་པའང་ལྷ་ས་བྱང་གླིང་པས། ར་ས་ར་མོ་ཆེ། པོ་ཏཱ་ལའི་དམིགས་བརྩེ་མ་ཁག་བཞིར། སྤྱི་འབུལ་མཆོད་རྫས་ཞབས་ཏོག་སོགས་སྦྱར་ནས་འཛུགས་རྒྱུར་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ནོར་བུ་པདྨའི་གཟུངས་ལས་རབ་འཕྲོས་པའི། །འོད་ཀྱིས་འགྲོ་དྲུག་སྡུག་བསྔལ་ཀུན་སྦྱངས་ནས། །སྣང་བ་ལྷ་དང་གྲག་སྟོང་སྔགས་ཀྱི་སྒྲ། །དྲན་རྟོག་ཐུགས་ཀྱི་ཁྱེར་སོར་འགྱུར་བར་ཤོག །གངས་ཅན་ལྷ་གཅིག་ཐུགས་བསྐྱེད་སྨོན་ལམ་མཐུས། །ཁྱོད་ཀྱི་ཐུན་མོང་མ་ཡིན་འདུལ་ཞིང་(༢༥༤བ)


GLG021_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གི །འབངས་རྣམས་སྐྱོང་བའི་བླ་དཔོན་ཟུང་འཇུག་པར། །འཆི་མེད་གྲུབ་པའི་རིགས་འཛིན་སྩོལ་བྱིན་རློབས། །བདག་སོགས་གནས་སྐབས་བདེ་སྐྱིད་ཕུན་ཚོགས་ཤིང་། །སྐྱེ་བར་མགོན་པོ་གང་གི་རྗེས་བཟུང་ནས། །གྲུ་འཛིན་རི་བོའི་གཞལ་མེད་ཉམས་དགའ་བར། །ཞུགས་ཏེ་རླབས་ཆེན་སྤྱོད་ལ་འཇུག་པར་ཤོག །ཅེས་པའང་ལྷ་ས་བྱང་གླིང་པས། ར་ས་ར་མོ་ཆེ་པོ་ཏཱ་ལ་གསུམ་གྱི་མ་ཎི་བ་ཁག་བཅོ་ལྔར་སྤྱི་འབུལ་མཆོད་རྫས་ཞབས་ཏོག་སོགས་བསྐྲུན་ནས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཐུབ་དབང་སྐུ་གཟུགས་སངས་རྒྱས་དངོས་ཉིད་དུ། །རབ་མོས་འཁོར་བའི་ཚུལ་ལ་ངེས་འབྱུང་བློས། །ཡན་ལག་བརྒྱད་པའི་དུས་ཁྲིམས་ལེགས་སྲུངས་པའི། །འབྲས་བུ་མྱང་འདས་དེ་སྲིད་འཛད་མེད་ཤོག །ཐོག་མའི་དུས་ནས་ད་ལྟའི་བར་དག་ཏུ། །འབད་པས་བསགས་པའི་དགེ་ཚོགས་ནུས་མཐུ་ཡིས། །དཔལ་ལྡན་བླ་མ་རྡོ་རྗེས་ཡོངས་བཏེག་ཁྲིར། །བསྐལ་པ་རྫོགས་སྨིན་གཡོ་མེད་བརྟན་པར་ཤོག །སངས་རྒྱས་རང་སངས་རྒྱས་དང་ཉན་ཐོས་ཀྱིས། །བྱང་ཆུབ་འཐོབ་པའི་ཆེད་དུ་བག་ཡོད་དགེ །བགྲང་ཡས་མཁའ་མཉམ་སེམསཅན་མ་ལུས་པ། །ངེས་པར་ལེགས་པའི་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པའང་ལྷ་ས་བྱང་གླིང་པས་ར་སའི་བསྙེན་གནས་མ་ཚོར་སྤྱི་རྫས་འབུལ་བ་ཞབས་ཏོག་སོགས་སྦྱར་ནས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བདེ་བ་ཅན་ཞིང་ཆོས་སྐུ་འོད་མཐའ་(༢༥༥ན)


GLG021_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡས། །གྲུ་འཛིན་སྤོ་ན་ལོངས་སྐུ་འཇིག་རྟེན་དབང༌། །སིནྡྷུའི་རྒྱ་མཚོར་སྤྲུལ་སྐུ་པདྨ་འབྱུང༌། །སྐུ་གསུམ་དབྱེར་མེད་ཐུགས་རྗེས་བདག་བྱིན་རློབས། །འཁོར་འདས་ཕྱག་རྒྱ་མ་ལུས་ཟིན་གནོན་པར། །མཐུ་སྟོབས་གྲུབ་པའི་རིག་འཛིན་བཞད་པ་རྩལ། །གངས་ཅན་ཕན་བདེའི་ཉེར་འཚོར་རྡོ་རྗེ་ཡི། །སྲོག་གི་ཀ་བ་འགྱུར་མེད་ཚུགས་པར་ཤོག །རུ་བཞིའི་རྒྱལ་ཁམས་ཀུན་ཏུ་མི་ཕྱུགས་ནད། །འཐབ་རྩོད་དབུལ་ཕོངས་དུས་ཀྱི་ཆད་པ་རྣམས། །རབ་ཞི་རྫོགས་ལྡན་དགའ་སྟོན་ལ་སྤྱོད་པའི། །བཟང་པོའི་སྐལ་པ་ཅན་དུ་འགྱུར་བ་ཤོག །ཅེས་པའང་ལྷ་ས་བྱང་གླིང་པས་ར་ས་ར་མོ་ཆེ་པོ་ཏཱ་ལ་གསུམ་གྱི་ཚེས་བཅུ་ཁག་ལྔར། སྤྱི་འབུལ་མཆོད་རྫས་ཞབས་ཏོག་སྦྱར་ནས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །གདོད་ནས་རང་རིག་དོན་གྱི་ཚེ་མཐའ་ཡས། །དབྱེར་མེད་རྡོ་རྗེ་སློབ་དཔོན་དྭངས་མའི་ལུས། །འོད་སྐུར་སྨིན་པ་འཕོ་བ་ཆེན་པོ་རུ། །གྲུབ་པའི་འཆི་བདག་གཡུལ་ལས་རྒྱལ་བར་ཤོག །ལས་ཀྱི་གཤིན་རྗེའི་རླང་སྤྱོད་རྦ་རླབས་འཕྲེང༌། །རང་སེམས་ཆུ་བོའི་དབྱིངས་སུ་ཡོངས་དག་པས། །འཁྲུལ་བའི་རྣམ་རྟོག་བདེ་ཆེན་དབྱིངས་ཐིམ་པས། །པད་འབྱུང་ཐུགས་རྗེའི་འཕྲིན་ལས་དེང་འཇུག་ཤོག །ཀ་དག་ངང་དུ་སྤྲོས་པའི་མཚན་མ་ཀུན། །རབ་ཞི་གཞོན་ནུ་བུམ་སྐུ་ལས་ཤར་གདངས། །མ་འགགས་ལོངས་སྐུའི་སྣང་བ་འཁོར་བའི་མཐའ། །དེ་སྲིད་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །ཅེས་པའང་ལྷ་ས་བྱང་གླིང་པས་ཨྱོན་ཆོས་གཏེར་གླིང་དུ་སིལ་སྙན་གྱི་སྤྱི་རྫས་(༢༥༥བ)


GLG021_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་མང་འགྱེད་སོགས་མཐུན་རྐྱེན་སྦྱར་ནས་རྟེན་འབྱུང་དགོས་ཚུལ་ལྟར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཆུ་མཚོའི་ཟླ་བར་ཞེན་པའི་བྱིས་པ་བཞིན། །མགོན་ཁྱོད་ཕྱག་ན་པདྨར་ངེས་རྙེད་དེ། །ཁྱོད་ཤེས་མི་ཕྱེད་དད་པས་གསོལ་འདེབས་ན། །བྱིན་རླབས་བདུད་རྩི་སྙིང་ལ་འཇུག་པར་ཤོག །ཆོས་ཉིད་ནམ་ཡང་འགྱུར་བ་མེད་པ་དང༌། །ཆོས་ཅན་རྒྱུ་འབྲས་མི་བསླུའི་ནུས་པ་ཡིས། །དེང་ནས་བྱང་ཆུབ་བར་དུ་དགེ་བའི་བཤེས། མཛད་དེ་ཕན་བདེའི་དཔལ་ལ་སྦྱོར་བར་ཤོག །འདི་ནས་ཉིང་མཚམས་སྦྱར་ཚེ་གྲུ་འཛིན་སྤོར། །འདྲེན་བྱེད་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །ཉེར་དྲངས་རྒྱལ་བའི་སྲས་སུ་རབ་བསྐྲུན་ཏེ། །ཐེག་ཆེན་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ཤོག །ཅེས་པ་འདི་ལྟ་བུ་ཞིག་དགོས་ཞེས་མང་བཀུར་རྒྱལ་ཁབ་ཆེན་པོའི་ཉེ་འདབ་ནས་བསམ་བློ་མེར་རྒན་ཆོས་རྗེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྤྱི་གཙུག་སེང་ཁྲི་པདྨ་ཉི་ཟླའི་སྟེང༌། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །མི་ཕྱེད་དད་པས་གསོལ་བ་འདེབས་བྱེད་ན། །ཐུགས་རྗེ་ཆེན་པོས་བྱང་ཆེན་བར་དུ་སྐྱོངས། །ཞེས་པའང་མ་ཧཱ་ཙི་ནའི་རྒྱལ་ཁམས་ནས་དོན་གྲུབ་དཔལ་འབྱོར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བགྲང་ཡས་དགེ་ཚོགས་ལ་འདུན་མཁས་གྲུབ་ཀྱི། །འཁྲུངས་རབས་མུཀྟི་ཀ་འཕྲེང་བརྒྱུས་པའི་མཐར། །བདག་ལྟའི་སོ་སྐྱེར་སྒྲོ་བཏགས་(༢༥༦ན)


GLG021_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བ་ཡི། །མཐའ་བརྟེན་དེར་མ་འདུས་པའི་ཐུགས་དམ་ལྷ། །རང་གཞན་མཉམ་པར་བརྗེ་བའི་སེམས་དཔའ་ཆེ། །ངག་གི་དབང་ཕྱུག་ཕུན་ཚོགས་རྒྱ་མཚོ་ཡིས། །བདོག་པར་བཅས་ཏེ་མཁྱེན་དཔྱོད་ཞལ་བཀོད་ཀྱིས། །སྤེལ་འདི་འཇིག་རྟེན་རྒན་པོས་དེང་མ་དྲན། །དགེ་བས་སྤྲུལ་སྐུ་གང་དེའི་ཆོས་དང་སྲིད། །བཞེད་པ་མཐའ་དག་ལྷུན་གྱིས་རབ་གྲུབ་ཅིང༌། །འབྲས་བུ་འགྲོ་རྣམས་འཁོར་བ་ཆུ་སྲིན་གྱི། །འབྱུང་གནས་ཆེ་ལས་སྒྲོལ་བའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་སེམས་དཔའ་སྤྲུལ་པའི་སྐུས་སྨོན་ལམ་རྩོམས་ཤིག་པར་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བགྲང་ཡས་གདུལ་བྱའི་བསོད་ནམས་ཞིང་མཆོག་ཏུ། །རྒྱ་ཧོར་ཆེ་དགུའི་སྟོན་པ་བླ་ན་མེད། །འཕྲིན་ལས་རྒྱ་མཚོའི་ཕ་མཐའ་ཀུན་ཁྱབ་པའི། །ལག་ན་པདྨ་ངུར་མྲིག་བླ་གོས་བཟུང༌། །ཡེ་ཤེས་དབྱིངས་སུ་དམ་པ་ཁྱོད་ཉིད་དང༌། །ཐུགས་རྒྱུད་གཅིག་འདྲེས་རིས་བྲལ་བླ་མའི་སྐུ། །ཆོས་སྲུང་དུ་མས་ཡོངས་བསྐོར་གསེར་སྦྱངས་ལས། །བསྐྲུན་པའི་དགེ་ཚོགས་ནམ་མཁའི་མཐས་འཇལ་དཀའ། །རྒྱུ་སྦྱོར་གནམ་སྐོས་གོང་མའི་གསེར་ཡིག་པ། །བསམ་བློ་རབ་འབྱམས་ཆོས་རྗེ་ཨེར་ཏེ་ནས། །ལྷག་བསམ་དག་པས་སྤེལ་འབྲས་འདི་ཕྱི་ཡི། །འདོད་པའི་རེ་བ་མ་ལུས་འགྲུབ་པར་ཤོག །སྲིད་ཞིའི་ཡོན་ཏན་ཀུན་གྱི་ཕུང་པོའི་ཚོགས། །རྒྱ་མཚོའི་འཇིངས་ལྟར་ཟད་པ་མེད་པའི་གཏེར། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་ཞེས། །ས་གསུམ་སྐྱེ་རྒུའི་མ་འདྲིས་མཛའ་བའི་བཤེས། །གང་དང་ཐུགས་རྒྱུད་ཡོངས་འདྲེས་(༢༥༦བ)


GLG021_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲུལ། །གཅིག་ལས་དུ་མར་ཤར་བའི་བླ་མ་དང༌། །བཀའ་སྡོད་ཕོ་ཉས་མཐའ་ནས་རབ་ཏུ་བཏེག །གོས་དམར་ངོས་སུ་ས་ཟླའི་ཁུ་བས་བྲིས། །གནམ་སྐོས་ཚངས་པས་མངགས་པའི་གསེར་ཡིག་པ། །ཨ་ཞང་རབ་འབྱམས་ཆོས་རྗེ་ཨེར་ཏི་ནས། །བསོད་ནམས་སྤེལ་བ་འབྲས་བུ་བྱང་ཆུབ་བར། །ནམ་ཡང་འཛད་པ་མེད་པའི་རྒྱུ་རུ་བསྔོ། །རྒྱལ་དང་དེ་སྲས་སློབ་མར་བཅས་པ་ཡི། །ཡོན་ཏན་རྡུལ་གྱི་ཆ་ཡང་མི་ལྡན་པར། །ཚུར་མཐོང་བདག་འདྲའི་སོ་སྐྱེར་སྒྲོ་བཏགས་པ། །ཐག་ཁྲར་སྦྲུལ་དུ་དངངས་པའི་ཚུལ་ནས་ཅི། །འོན་ཏེ་རྡོ་བའི་རིང་བསྲེལ་ཇི་ལྟ་བར། །མཆོག་གསུམ་ངོ་བོར་གཏིང་ནས་ངེས་རྙེད་ན། །བསླུ་མེད་རྟེན་འབྲེལ་མཐུ་ལས་བྱིན་རླབས་དྲོད། །འབར་བའི་འབྲས་བུ་སྨིན་ལ་ཀླན་ཀ་སུ། །མགྲིན་པར་ཚངས་སྲས་བཞད་པའི་གཙུག་ལག་སྒྲ། །འཇིགས་མེད་རྡོ་རྗེའི་གླུ་རུ་རབ་ལེན་པར། །འཇམ་དབྱངས་དགའ་བས་ལེགས་འཁྱུད་བཤེས་གཉེན་ལ། །ངག་དབང་བློ་བཟང་རྒྱ་མཚོའི་མིང་དུ་འབོད། །པད་རཱག་མདངས་འཛིན་གོས་ངོས་སུ་ཝརྞས༌། །ཡོངས་བསྐྲུན་བྱེད་པོ་རབ་འབྱམས་ཨེར་ཏེ་ནར། །ཉེར་གྲགས་གསེར་གྱི་རྒྱལ་ཁབ་ཆེན་པོ་ནས། །གོང་མའི་ལུང་གིས་ཆེད་དུ་མངགས་དེས་སོ། །སྟོན་ཟླ་པད་རྩ་དུང་ལྟར་རབ་དཀར་བའི། །རྣམ་སྨིན་བྱང་ཆེན་བར་དུ་མི་ཆད་པ། །དགེ་བའི་ཚོགས་ཀྱིས་སྲིད་ཞིའི་ལེགས་བྱས་ཀུན། །བླ་ནས་བླར་འཕེལ་ཟད་པ་མེད་པར་ཤོག །ཅེས་ཏཱ་ལའི་བླ་མ་བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། ངེད་རང་གི་འདྲ་འབག་རྣམས་ལ་འཁྲུངས་རབས་དང་ཆོས་སྲུང་གིས་བསྐོར་བའི་གསེར་ཐང་གོང་གི་གསེར་ཡིག་པ་ཨེར་ཏེ་(༢༥༧ན)


GLG021_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ན་རབ་འབྱམས་ཆོས་རྗེས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །རྩ་བའི་བླ་མ་འོད་དཔག་མེད་པ་དང༌། །དབྱེར་མེད་གཅིག་ཏུ་སྙིང་ནས་གསོལ་འདེབས་ན། །སྐྱེ་བར་འབྲས་མེད་རྗེས་སུ་ཉེར་བཟུང་སྟེ། །འདི་དང་གཏན་གྱི་མདུན་མ་ལྷུན་གྲུབ་ཤོག །ཅེས་པའང་དགེ་སློང་བློ་བཟང་ཀུན་དགའི་འདོད་པ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཀུན་ཁྱབ་ཐུགས་རྗེའི་ཉི་མས་འཇིག་རྟེན་རྣམས། །གསལ་མཛད་སངས་རྒྱས་ཡོངས་འདུས་བཙོང་ཁ་པ། །འཇམ་མགོན་བླ་མའི་ཞབས་ཀྱི་པདྨ་ལ། །བདག་སོགས་འགྲོ་བའི་གཙུག་བཏུད་གསོལ་བ་འདེབས། །མདོ་རྒྱུད་མན་ངག་ཐ་སྙད་མཐའ་ཀླས་པར། །དབང་པོའི་བློ་གྲོས་ལུས་ཕྲའི་འགྲམ་ཆང་གིས། །སྐལ་བཟང་བ་ཀུ་ལ་འབྱེད་ཐུབ་བསྟན་གྱི། །རྒྱ་མཚོ་སྲིད་རྩེར་འཕྱོ་ལ་གསོལ་བ་འདེབས། །མཉམ་མེད་དགའ་ལྡན་སུམ་རྩེན་ལྟར་འཕགས་གླིང༌། །ལུགས་གཉིས་དཔལ་གྱིས་མངོན་པར་རབ་མཐོ་ཞིང༌། །ཕྱོགས་འདིར་ཞྭ་སེར་ཅོད་པན་འཆང་བའི་བསྟན། །རིས་བྲལ་སྐྱེ་རྒུའི་མགོན་དུ་འགྱུར་བར་ཤོག །ལེགས་ལྡན་ནག་པོ་མྱུར་མཛད་ཕྱག་དྲུག་པ། །དུས་ཀྱི་དགྲ་བོ་ལས་གཤིན་མ་ཧེའི་ཞལ། །འདོད་ཁམས་དབང་ཕྱུག་དམག་དང་ཟོར་གྱི་ལྷས། །མཐུ་སྟོབས་ནུས་བསྐྱེད་མགོན་སྐྱབས་དཔུང་གཉེན་མཛོད། །སེམས་ཅན་ཀུན་གྱི་སྙིང་ལ་ཐོག་མཐའ་བར། །གཅིག་ཏུ་དགེ་བ་དཀོན་མཆོག་རྣམ་གསུམ་དང༌། །བསླུ་(༢༥༧བ)


GLG021_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟེན་འབྲེལ་བདེན་པས་སྨོན་པའི་དོན། །ལེགས་འགྲུབ་འཇིག་རྟེན་ཁམས་རྣམས་ཤིས་པར་ཤོག །ཅེས་པ་འདིའང་དགའ་ལྡན་སུམ་རྩེན་གླིང་གི་སློབ་དཔོན་ངག་དབང་རྣམ་རྒྱལ་དང་གཉེར་པ་བློ་བཟང་རབ་རྒྱས་གཉིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བློ་གྲོས་ཀུན་གསལ་དྭངས་པའི་ངོས། །བཟང་པོའི་འཕྲིན་ལས་དབང་གཞུའི་གཟུགས། །རྣམ་བཀྲ་ཡེ་ཤེས་སྤྲུལ་སྐུའི་གར། །ལེགས་པར་བསྒྱུར་ལ་གསོལ་བ་འདེབས། །འཕྲོག་བྱེད་ལངས་པའི་སྡེར་མོ་ཡིས། །ཉེར་བཏེག་རིན་ཆེན་ཁྲི་འཕང་སྟེང༌། །འགྲོ་རྣམ་འཁོར་བ་མཐའ་ཅན་དུ། །བསྒྲལ་མིན་དེ་སྲིད་ཞབས་བརྟན་ཤོག །དགེ་བས་མགོན་ཁྱོད་དག་པ་དང༌། །མ་དག་ཞིང་གི་འདྲེན་པ་རུ། །གང་དུ་བཞུགས་ཀྱང་འབྲལ་མེད་དུ། །རྗེས་འཛིན་བྱང་ཆེན་འགྲུབ་རྒྱུར་བསྔོ། །ཞེས་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་འདི་ནི་ཨ་ཞང་ཆོས་རྗེ་ཨེར་ཏེ་ནི་རབ་འབྱམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཀུན་གཟིགས་ཞིང་གི་མགོན་པོ་འཇམ་པའི་དཔལ། །ལྔ་ལྡན་ཟུར་ཕུད་ཅོད་པན་འཆང་བའི་སྐུ། །བཙོ་མ་ས་ཟླའི་ཁུ་བས་ལེགས་བསྐྲུན་པའི། །བསོད་ནམས་ཆེད་དུ་ཡོངས་བྱས་འབྲས་བུ་ལས། །གཡང་སྐྱིད་ཡིད་ལ་མི་ཁོམ་བརྒྱད་ཀྱི་དྲིས། །མ་སྦགས་དལ་བརྒྱད་འབྱོར་བཅུའི་ཐེམ་སྐས་ངོས༌། །འཛེགས་ནས་རིང་པོར་མི་ཐོགས་མྱང་འདས་ཀྱི། །གྲོང་ཁྱེར་ཆེར་ཞུགས་གཏན་མདུན་འགྲུབ་པར་ཤོག །(༢༥༨ན)


GLG021_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ནམ་མཁའི་ཚད་ཀྱིས་གཞལ་དཀའ་བའི། །ཕ་མཐའ་བྱང་ཆུབ་སྙིང་པོ་དེ་སྲིད་དུ། །འཛད་མེད་བྱེད་པོར་རིས་བྲལ་སེམས་ཅན་ཀུན། །རྫོགས་པའི་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་གཡང་སྐྱིད་ཀྱི་དོན་དུ་དགེ་སློང་འཇམ་དབྱངས་གྲགས་པས་འཇམ་དབྱངས་ཀྱི་བརྒྱ་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས་སོ། །འཛད་མེད་མཆོད་སྤྲིན་ཕྱུར་བུར་སྤུང་བའི་སྣོད། །རྩ་གསུམ་དམ་སྐོང་རིན་ཆེན་གཉིས་པ་ལས། །ལེགས་བསྐྲུན་དགེ་སློང་བློ་གྲོས་རྒྱལ་བ་ཡིས། །ཕུལ་བས་སྲིད་ཞིའི་འདོད་དོན་ལྷུན་གྲུབ་ཤོག །ཅེས་དངུལ་སྲང་ཕྱེད་བཅུ་བཞི་ལས་གྲུབ་པའི་པད་སྡེར་ཕན་བདེ་ལེགས་བཤད་གླིང་གི་དགེ་བསྐོས་སྐབས་ཕུལ་བའི་ཁ་བྱང་ཟ་ཧོར་བནྡེས་བཀོད་པ་མངྒ་ལཾ། །མཁའ་ཁྱབ་རྒྱལ་དང་དེ་སྲས་སློབ་མར་བཅས། །སྤྱན་སྔར་ཀུན་བཟང་མཆོད་སྤྲིན་འཛད་མེད་སྒོ། །མངོན་པར་ཕྱེ་བས་བསྟན་འགྲོའི་ཕན་བདེ་རྣམས། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །རྒྱུ་སྦྱོར་ཚུལ་འདིའི་བྱེད་པོར་གཏོགས་སོ་ཅོག །གནས་སྐབས་རྒུད་པའི་སྨག་རུམ་ཀུན་སངས་ཏེ། །བསོད་ནམས་ཉི་མའི་འོད་བརྒྱ་ཡོངས་འབར་ཞིང༌། །རིང་མིན་རྣམ་མཁྱེན་གོ་འཕང་འཐོབ་རྒྱུར་བསྔོ། །ཞེས་ས་སྐྱོང་བློ་བཟང་སྦྱིན་པས་ཁུར་བཞེས་ཏེ་ཇོ་བོ་རིན་པོ་ཆེའི་ཕྱག་མཛོད་ནས་བཟོས་པའི་ཕྱེ་ཕུར་བདུན་ཅུ་དོན་དྲུག །ཁ་བཏགས་ཀྱི་འཕན་ཆུང་དོན་དྲུག །གཞུང་གི་ཕྱག་མཛོད་ནས་བཏོན་པའི་ཕྱེ་ཕུར་ཆེ་བ་ཆ། འཕན་རིང་ཆ་གསུམ། ཐུང་བ་ཆ་ལྔ།(༢༥༨བ)


GLG021_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་གཡོགས་བརྒྱད་ཅུ་གྱ་དགུ སྨད་གཡོགས་དྲུག་ཅུ་རེ་བདུན། པད་ཁེབས་ཆིག་བརྒྱ་སོ་བཞི་རྣམས་ས་ལུག་ཆོ་འཕྲུལ་མཆོད་པའི་དུས་ར་ས་འཕྲུལ་སྣང་དུ་ཕུལ་བའི་སྨོན་ལམ་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །དངོས་བརྒྱུད་བླ་མ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །ཕ་མ་གཉིས་མེད་རྒྱུད་གསུམ་ཐུབ་པའི་བསྟན། །རབ་སྐྱོང་ཆོས་སྲུང་དྲེགས་པ་དམ་ཅན་ཚོགས། །དགྱེས་སྐོང་དར་གྱི་ལྡ་ལྡི་དབང་པོའི་གཞུ། །ཡིད་སྲུབས་སྡེ་ལས་རྣམ་རྒྱལ་ཕན་བདེའི་སྒོ། །ཡོངས་འབྱེད་སྨིན་གྲོལ་ལེགས་བཤད་དགའ་སྟོན་ཅན། །རིག་སྔགས་འཆང་བའི་འདུས་གྲར་ཕུལ་བའི་མཐུས། །རྒྱུ་སྦྱོར་འདི་ཕྱིའི་དོན་གཉིས་ལྷུན་གྲུབ་ཅིང༌། །བསྟན་འགྲོའི་བདེ་སྐྱིད་བརྒྱ་ཕྲག་ཉི་ལྟར་གསལ། །དགེ་འབྲས་བདག་གཞན་མ་ལུས་རིང་མིན་དུ། །བཅུ་གསུམ་རྡོ་རྗེའི་ས་ལ་བསྙེག་རྒྱུར་བསྔོ། །ཞེས་ཡར་མཐིལ་པ་དགེ་སློང་བློ་བཟང་འཕགས་པ་དང་རྒྱལ་སྨན་པ་ངག་དབང་ཕུན་ཚོགས་གཉིས་ཀྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྙན་ཤལ་བརྒྱ་ཉི་ཤུ་སྐོར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །དཀོན་མཆོག་གསུམ་ལ་སྙིང་ནས་གསོལ་བཏབ་མཐུས། །འཚོ་བྱེད་སྐལ་བཟང་རྒྱུད་ལ་སྔོན་བསགས་དང༌། །འཕྲལ་རྐྱེན་གྱིས་བསྒྱུར་ནད་གདོན་ཀུན་ཞི་ཞིང༌། །མངོན་མཐོ་རིམ་བརྒྱུད་ངེས་ལེགས་འཐོབ་པར་ཤོག །ཅེས་ཏྲེ་བོ་(༢༥༩ན)


GLG021_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་གིས་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་བཀོད། །རྒྱལ་བ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་དང༌། །མངའ་བདག་ཁྲི་སྲོང་ལྡེ་བཙན་ཐུགས་རྗེའི་ཟེར། །བདག་སོགས་འགྲོ་ངོར་དངོས་སྣང་རྡོ་རྗེ་འཛིན། །ཆེ་མཆོག་འདུས་པ་རྩལ་ལ་གསོལ་བ་འདེབས། །པདྨས་མིང་བཏགས་རྡོ་རྗེ་ཐོགས་མེད་རྩལ། །གངས་ཅན་བསྟན་འགྲོའི་ཕན་བདེའི་ཉེར་འཚོ་ཆེར། །འོག་མིན་ཞིང་གི་མགོན་ལྟར་རྟག་བཞུགས་པར། །རེ་སྨོན་རྩ་གསུམ་ཐུགས་རྗེས་འགྲུབ་བྱིན་རློབས། །ཀ་ནས་དག་པ་ཆོས་སྐུའི་རང་གདངས་ལས། །ལྷུན་གྲུབ་ཡེ་ཤེས་འོད་གསལ་ཁོར་ཡུག་ངང༌། །རང་རིག་དོན་གྱི་ཀུན་བཟང་ཚེ་འདི་ལ། །མངོན་གྱུར་མཁའ་ཁྱབ་འགྲོ་བ་འདྲེན་པར་ཤོག །ཅེས་པ་འདིའང་ཞོམ་མདངས་བླ་མ་རྫོགས་ཆེན་པ་ནམ་མཁའ་རིགས་འཛིན་དབང་གྲགས་ཀྱི་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །མ་ཕམ་མགོན་ཁྱོད་འཕགས་ཡུལ་མ་ག་དྷར༌། །མཆོག་གི་སྤྲུལ་སྐུར་བསྟན་ཏེ་བདག་སོགས་འགྲོ། །འདུས་པ་དང་པོའི་འཁོར་དུ་ལེགས་སྐྱེས་ནས། །རྣམ་པར་གྲོལ་བའི་ལམ་བཟང་རྙེད་པར་ཤོག །དགེ་ཚོགས་རབ་འཕེལ་སྤུངས་པའི་འདུས་སྡེ་རྣམས། །དབྱར་ཟླ་གསུམ་དུ་ཞལ་འཆེས་མཐུན་རྐྱེན་ལ། །འདོད་དགུའི་སྙེ་མ་གཡུར་དུ་ཟ་བའི་ཞིང༌། །པད་རྩ་ལྟར་དཀར་ལྷག་བསམ་གྱིས་ཕུལ་མཐུས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །གདོང་ལྔས་བཏེག་པའི་ཁྲི་ལ་རྟག་བརྟན་ཞིང༌། །རྒྱུ་སྦྱོར་རིགས་བརྒྱུད་(༢༥༩བ)


GLG021_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་དེང་ནས་བཟུང༌། །བྱང་ཆུབ་བར་དུ་ཕན་བདེ་ལ་སྤྱོད་ཤོག །ཅེས་པ་འདི་ཡང་སྒྱིད་ཐང་ནོར་བུས་དགེ་འཕེལ་རི་ཁྲོད་པ་རྣམས་ཀྱི་དབྱར་གནས་ཐེབས་སུ་ཞིང་ཕུལ་བའི་དུས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རིན་ཆེན་འབྱུང་ལྡན་ཐུགས་རྗེ་ཡིས། །ཀུན་དགའ་བུ་ཁྲིད་འཇུར་གེགས་ལས། །ཉེར་བསྒྲལ་ཚོར་ཕུང་གནས་བསྒྱུར་ཏེ། །མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག །ཕྱག་ན་པདྨའི་སྦྱན་རས་ཀྱིས། །ཀུན་དགའ་བུ་ཁྲིད་ཉེར་བཙའ་བས། །འཁོར་བ་ཆུ་སྲིན་འབྱུང་གནས་ལས། །བསྒྲལ་ཏེ་ཐར་པའི་གླིང་ཁྲིད་ཤོག །བདེ་གཤེགས་མཐའ་དག་བླ་མ་ཡི། །ངོ་བོར་རྟོགས་ནས་གཟུགས་སྐུའི་འཕྲེང༌། །བཞེངས་མཐུས་བྱང་ཆུབ་མ་ཐོབ་བར། །བཤེས་གཉེན་དམ་པས་རྗེས་འཛིན་ཤོག །རྒྱལ་གསུང་སྙིང་པོ་ཤེར་ཕྱིན་གྱི། །ཡང་བཅུད་སྟོང་ཕྲག་བརྒྱད་པ་ཡི། །གླེགས་བམ་བསྒྲུབས་མཐུས་མཐའ་གཉིས་དང༌། །བྲལ་བའི་གནས་ལུགས་རྟོགས་པར་ཤོག །ཆོས་ཀུན་སྐྱེ་མེད་འོད་གསལ་བ། །ཤེར་ཕྱིན་སྣ་ཚོགས་པུ་སྟ་ཀཿ །བཞེངས་པས་སྲིད་པའི་དུཿཁ་ལས། །ཀུན་དགའ་བུ་ཁྲིད་ཐར་བར་ཤོག །ཅེས་པའང་འོལ་དགའ་སྟག་རུ་པའི་མ་ཀུན་དགའ་བུ་ཁྲིད་ཀྱི་དོན་དུ་ཐང་སྐུ་གསུམ། བརྒྱད་སྟོང་པ། ཤེར་ཕྱིན་སྣ་ཚོགས་གླེགས་བམ་བཞེངས་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་(༢༦༠ན)


GLG021_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངག་དབང་དགེ་ལེགས་སོ། །ཉེར་གསུམ་སྲང་གི་གྲངས་ལྡན་དངུལ་དཀར་གྱི། །བུམ་བཟང་སྔགས་རམས་ངག་དབང་དགེ་ལེགས་ཀྱི། །རྣམ་པར་རྒྱལ་བ་ཕན་བདེ་འབྱུང་བའི་གནས། །ལེགས་བཤད་གླིང་དུ་དང་བས་ཉེར་ཕུལ་དགེས། །གནས་སྐབས་ལྷ་མིའི་བདེ་སྐྱིད་ལ་སྤྱོད་ཅིང༌། །ཉོན་མོངས་ལྔ་དག་ཕུང་ལྔ་གནས་འགྱུར་བ། །ཡེ་ཤེས་ལྔ་ལྡན་རིགས་རྣམས་ཀུན་གྱི་བདག །མངོན་གྱུར་རང་གཞན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་རྩེས་ཐང་དཔལ་གྲོང་སྔགས་རམས་པས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བཀོད་པ་ཛ་ཡནྟུ། །ལུས་ངག་ཡིད་གསུམ་སྤྱན་རས་གཟིགས་དབང་གིས། །བྱིན་རླབས་བློ་ལྡན་བཟང་པོའི་བག་ཆགས་མཐུས། །རྒྱ་མཚོའི་མཐའ་ཀླས་འགྲོ་འདྲེན་མགོན་ཁྱོད་ཀྱིས། །སྐྱེ་བར་བཤེས་མཛད་རྗེས་སུ་འཛིན་པར་ཤོག །འཇིག་རྟེན་དབང་ཕྱུག་བོད་འབངས་གཉའ་བའི་ཁྲིར། །བཙད་པོའི་ལྷ་གཅིག་སླར་ཡང་གང་ཅན་རྗེར། །སྲོང་བཙན་སྒམ་པོར་བསྟན་དེས་སྐྱེ་བ་ཀུན། །ལུས་རྗེས་གྲིབ་མ་བཞིན་དུ་སྐྱོང་བར་ཤོག །ལྷ་ཡི་རྒྱལ་དང་ཐོ་རི་སྙན་ཤལ་གྱི། །རྟེན་འབྱུང་དུས་བབས་ཕྱི་དར་བསྟན་པའི་སྲོག །འཛིན་མཛད་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི། །ཞབས་པད་རྡུལ་དམར་གཙུག་ཏུ་རྟག་ལྷུང་ཤོག །མི་འགྱུར་དད་བརྟན་ཁྲི་སྲོང་ལྡེ་བཙན་ཞབས། །དམ་ཆོས་སྒྲོན་མེ་ལེགས་སྤར་སྔོན་གོམས་ཅན། །དགེ་འདུན་གཙོ་བོར་མཁས་གྲུབ་གར་བསྒྱུར་བའི། །རྣམ་ཐར་བྱང་ཆེན་དེ་(༢༦༠བ)


GLG021_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་འཛིན་ནུས་ཤོག །དཀོན་ཅོག་གསུམ་འབངས་ཁྲི་རལ་ཀསྨི་རའི། །རྣལ་འབྱོར་ཉེར་སྤྱོད་དགེ་ཚོགས་ལ་འདུན་ཐུགས། །རྒྱ་མཚོ་ལྟར་འཁྱིལ་དབྱངས་ཅན་བཞད་པའི་གཏེར། །སྒོ་འཕར་ཚེ་རབས་ཀུན་ཏུ་འབྱེད་ནུས་ཤོག །དགེ་བའི་དཔལ་ལྡན་བརྩེ་ཆེན་སྙིང་པོ་དང༌། །མངའ་བདག་ལས་འཕྲོའི་ཉི་ཟེར་སྣང་བ་ཆེས། །བགྲང་ཡས་ལུས་ཅན་བསོད་ནམས་རྒྱ་མཚོའི་ཞིང༌། །རོ་བདའི་སྙེ་མར་རྟག་ཏུ་ལོངས་སྤྱོད་ཤོག །གཡུ་བྲག་དགེ་འབུམ་པདྨ་བཛྲ་ཡི། །རིགས་སད་བདེ་ཆེན་ཆོས་རྒྱལ་ཡོན་ཏན་གཏེར། །རྒྱ་ཆེའི་མཚོ་ལྟར་དཔག་དཀའི་འཕྲིན་ལས་རྒྱུན། །འཁོར་བ་ཇི་སྲིད་བདག་སྙིང་ལ་འཇུག་ཤོག །ཅེས་གདན་ས་ཆེན་པོ་དགའ་ལྡན་གྱི་འཇམ་དབྱངས་ལྔ་པ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་ངག་དབང་དཀོན་ཅོག་ཉི་མས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་གྲ་ཚར་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དང་འབྲེལ་བ་རྩོམས་ཤིག་པར་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སིདྡྷི་རསྟུ། །འོད་མཚན་སྟོང་ཕྲག་ཟེར་འཕྲེང་མཛོད་སྤུ་ནས། །འཕྲོས་པའི་འཁོར་འདས་གདུང་སེལ་གར་གྱི་དབང༌། །བདེ་ལྡན་ཞིང་དུ་ཉིང་མཚམས་སྦྱར་མ་ཐག །འདབ་སྟོང་ཟེའུ་འབྲུར་བརྫུས་ཏེ་སྐྱེ་བར་ཤོག །རྣམ་དཔྱོད་ཨུཏྤལ་གྱིས་བཏེག་ལེགས་བཤད་ཀྱི། །རལ་གྲིས་འཁྲུལ་པའི་དྲ་བ་ཡོངས་གཅོད་པ། །བློ་བཟང་སྙན་གྲགས་འབར་བའི་རིང་ལུགས་ལ། །ཚེ་རབས་ཀུན་ཏུ་འཇུག་པར་བདག་བྱིན་རློབས། །ངག་དབང་ཟུར་(༢༦༡ན)


GLG021_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ལྔ་པའི་བློ་གྲོས་གཏེར། །སྐལ་བཟང་གདུལ་བྱར་སྒོ་བརྒྱ་འབྱེད་ནུས་པ། །རྒྱ་ཆེ་ཆོས་ཀྱི་གནས་དོན་མཚོ་བྱུང་མས། །སྩལ་བའི་བཤེས་ཁྱོད་ཐུགས་རྗེས་རྟག་ཏུ་བཟུང༌། །འཕྲིན་ལས་རིགས་འཛིན་དར་ནག་བེར་ཆེན་སྐུ། །ལངྐའི་རྒྱལ་པོར་ཀརྨ་གུ་རུའི་གར། །ཆེར་ཁྲོས་ཡང་གསང་དྲག་པོས་བདུད་བཞིའི་དཔུང༌། །ཆོམས་ལ་སྣང་སྲིད་དྲེགས་པ་བྲན་འཁོལ་མཛོད། །ཞི་ཁྲོ་ནས་བཟུང་གྲོང་རྒྱུ་འགོང་པོའི་བར། །ཕྱག་རྒྱ་མ་ལུས་ཟིལ་གནོན་སྟང་སྟབས་ཀྱི། །ཁྲོ་གཏུམ་ཕལ་ཆེར་ལག་ཆ་དུས་གཅིག་ཏུ། །འཆོར་བྱེད་འཇམ་དཔལ་རྡོ་རྗེས་རྟག་བྱིན་རློབས། །ཞེས་གོང་དཀར་བློ་བཟང་དཔལ་འབྱོར་གྱིས་འོད་དཔག་མེད། རྗེ་བཙུན་བཙོང་ཁ་པ་ཆེན་པོ་འདི་གའི་འདྲ་འབག །ཡང་གསང༌། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་བཅས་པའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །འཇམ་དབྱངས་མི་ཡི་ཟློས་གར་ཅན། །བློ་བཟང་གྲགས་པས་དེང་ནས་བཟུང༌། །རྣམ་འདྲེན་ཐོབ་མིན་དེ་སྲིད་དུ། །འབྲལ་མེད་དགེ་བའི་བཤེས་མཛད་ཤོག །ཆེ་མཆོག་ལྷ་ཚོགས་ཞི་ཁྲོའི་མཐུ། །ཡོངས་འདུས་ཟིན་གནོན་བཞད་པ་རྩལ། །སྐྱེ་བར་རྡོ་རྗེའི་སློབ་དཔོན་དུ། །གྱུར་ནས་ངེས་གསང་ལམ་ཁྲིད་ཤོག །བགྲང་ཡས་བདེ་བར་གཤེགས་པ་ཀུན། །དཀྱིལ་འཁོར་གཅིག་འདུས་སྒྲུབ་སྡེ་བརྒྱད། །ལྷ་སྔགས་ཡེ་ཤེས་ཆོ་འཕྲུལ་གྱིས། །རོལ་པ་ཆེན་པོར་(༢༦༡བ)


GLG021_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཀླས་ཤོག །ཅེས་བློ་བཟང་དོན་ཡོད་ཀྱིས་རྒྱལ་བ་བཙོང་ཁ་པ། །འདི་གའི་གཟུགས་བརྙན། བཀའ་བརྒྱད་གསུམ་གྱི་དམིགས་རྟེན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །འཇམ་དབྱངས་དགའ་བའི་དཤེས་གཉེན་སྣང་བརྙན་ལ། །རྒྱལ་དབང་པད་འབྱུང་ཀུན་མཁྱེན་བཙོང་ཁ་པ། །རིགས་འཛིན་སྤྲུལ་སྐུ་འཕགས་མོས་བསྐོར་བཞེངས་མཐུས། །དམ་པའི་བཤེས་ཀྱིས་རྟག་ཏུ་རྗེས་འཛིན་ཞིང༌། །འཆི་མེད་ཚེ་ཡི་བཏུང་བས་འཚོ་བ་དང༌། །སེང་གེ་གླང་ཆེན་ཆོམ་རྐུན་ལྟོ་འགྲོ་མེ། །ལྕགས་སྒྲོག་ཤ་ཟ་རྒྱ་མཚོའི་འཇིགས་པ་སོགས། །སྲིད་ཞིའི་རྒུད་པ་ཀུན་ལས་ཐར་བར་ཤོག །ཅེས་པ་འདིའང་ཟུར་ཁང་དོན་གྲུབ་དབང་རྒྱལ་གྱིས་དད་རྟེན་བྲིས་སྐུའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཁས་བླངས་མཐའ་འོག་རྒྱལ་པོ་ཆེ། །སྔོན་གྱི་དམ་ཚིག་གཉེན་པོ་མི་གཡེལ་བར། །བྲིས་རྟེན་འདི་ལ་གཡོ་མེད་ཏིཥྠ་ནྟུ། །རྒྱལ་ཀུན་ངོ་བོ་རྗེ་བཙུན་བཙོང་ཁ་པའི། །བསྟན་པ་སྤྱི་དང་བྱེ་བྲག་གྲྭ་ཚང་སྨད། །ཐོས་དང་བསམ་བར་རབ་ཏུ་ཡོངས་འདུས་གྲར། །བཤད་སྒྲུབ་དཔལ་འབྱོར་དབྱར་མཚོ་ལྟར་འཕེལ་མཛོད། །མི་མཐུན་བགེགས་རིགས་ཀུན་ཞི་འཁོར་འདས་ཀྱི། །ཡོན་ཏན་རབ་རྒྱས་ཆོས་སྲིད་དབང་དུ་སྡུས། །གནོད་བྱེད་ཚར་གཅོད་འཕྲིན་ལས་རྣམ་པ་བཞི། །ཐོགས་(༢༦༢ན)


GLG021_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྷུན་གྱིས་གྲུབ་པའི་དཔུང་བསྐྱེད་མཛོད། །ཅེས་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་སྨད་གྲྭ་ཚང་གི་རིགས་ལུང་དགེ་སྐོས་ཀྱིས་མཐའ་འོག་རྒྱ་པོའི་བྲིས་ཐང་བཞེངས་པར་རྒྱབ་ཡིག་ཏུ་འཕྲིན་བཅོལ་དགོས་ཚུལ་འཆད་ཉན་པ་བློ་བཟང་དོན་གྲུབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཡིད་བཞིན་མཚོ་འཁྱིལ་འདབ་སྟོང་ཟེའུ་འབྲུའི་དབུས། །མངལ་གྱི་དྲི་བྲལ་ཚེ་དབང་ཐོད་ཕྲེང་རྩལ། །ཐུགས་རྗེས་ཆེར་ཆེར་སྙིགས་དུས་མྱུར་འཇུག་ཤུགས། །དྲག་འབར་བྱིན་ཆེན་འབེབས་པར་གསོལ་བ་འདེབས། །ཨ་དབྱིངས་ཤེས་རབ་འཚོ་རྒྱལ་ཌཱ་ཀིའི་གཙོ། །ཝཾ་ཡིག་ཐབས་མཆོག་ཟུང་འཇུག་ཞལ་ལུང་ལས། །རྡོ་རྗེ་ཐོགས་མེད་རྩལ་དུ་ཉེར་བཏགས་པ། །གངས་ཅན་བསྟན་པའི་དཔྱིད་དུ་བརྟན་པར་ཤོག །སྐྱབས་གནས་རྩ་གསུམ་བྱིན་རླབས་བདེན་བརྗོད་མཐུས། །མི་ཕྱེད་སྙིང་ནས་ལེགས་བཏབ་སྨོན་ལམ་གྱི། །འབྲས་བུ་ཡོངས་འདུའི་བཅུད་ལ་མིག་མི་འཛུམ། །སྤྱོད་པའི་སྐལ་བཟང་གཉིས་པར་བདག་འགྱུར་ཤོག །ཅེས་སྔགས་པ་དབུས་སྡིངས་པ་བློ་བཟང་འཕྲིན་ལས་དབང་ཕྱུག་གིས་བསྐུལ་བ་ལྟར་ཟ་ཧོར་གི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །འབྱམས་ཀླས་འཁྲུལ་པའི་གྲོང་དུ་རང་རིག་རྩལ། །པདྨཱ་ཀཱ་རར་ཤར་བའི་ཞལ་དྲོད་ལས། །རྡོ་རྗེ་ཐོགས་མེད་རྩལ་དུ་ཉེར་བཏགས་པ། །དྲིན་ཅན་བླ་མ་མཆོག་ལ་གསོལ་བ་འདེབས། །ཚེ་མཐའ་ཡས་པའི་ཕྱག་གི་བུམ་བཟང་ལས། །བདུད་རྩིས་ལྕགས་ཁམས་(༢༦༢བ)


GLG021_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩའི་ཀ་བ་ཡི། །ཨ་ཧཾ་མི་འགྱུར་འཆི་མེད་རིགས་འཛིན་དུ། །ཉེར་འགྲུབ་བསྐལ་བརྒྱར་མི་གཡོ་བརྟན་པར་ཤོག །ཆོས་དབྱིངས་འདུས་མ་བྱས་པའི་ཀློང་ཡངས་སུ། །བདག་སོགས་གྲོལ་མིན་དེ་སྲིད་མགོན་ཁྱོད་ཀྱིས། །བསྐྱེད་རྫོགས་རྫོགས་ཆེན་ལམ་སྟོན་བཤེས་མཛད་ནས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཤོག །ཅེས་པ་འདིའང་འོན་པ་ངག་དབང་བཀྲ་ཤིས་ཀྱིས་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །མཚམས་སྤྲིན་སྣང་བ་རབ་གསལ་གཞོན་ནུའི་སྐུ། །མཚན་བཟང་འཇོ་སྒེག་ཟུར་ཕུད་ལྔ་པ་ཅན། །དཔུང་སྟེང་ཨུཏྤལ་གྱིས་བཏེག་རལ་གྲི་ཡིས། །བདག་སོགས་འཁྲུལ་པའི་དྲ་བ་བཅད་དུ་གསོལ། །ཆོས་ཀུན་སྙིང་པོ་ཤེར་ཕྱིན་གླེགས་བམ་གྱི། །དགོངས་དོན་ཇི་བཞིན་གནས་ལུགས་མ་ལུས་པ། །མངོན་སུམ་མཐོང་ནས་འཁོར་བའི་འཇིགས་ཚོགས་ལས། །རྣམ་པར་ཉེར་གྲོལ་ལམ་བཟང་རྙེད་པར་ཤོག །མགོན་པོ་ཁྱོད་ལ་ལྷག་པའི་ལྷར་བཟུང་མཐུས། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དོན་རྣམས་ཀུན། །ཐོས་བསམ་སྒོམ་པས་གཏན་ལ་ལེགས་ཕབ་ནས། །ཟུང་འཇུག་སྐུ་བཞི་མངོན་དུ་ཐོབ་པར་ཤོག །དུས་དགྲར་འཇམ་དཔལ་ཁྲོས་པའི་ཞི་ཁྲོ་ནས། །གྲོང་རྒྱུ་འགོང་པོའི་བར་གྱི་སྣང་སྲིད་ཀུན། །སྟང་སྟབས་ཕྱག་རྒྱ་གཅིག་གིས་ཟིལ་གནོན་པ། །དྲན་པའི་མོད་ལ་བདུད་བཞི་མཐར་བྱེད་ཤོག །དྲག་སྔགས་སྤུ་གྲི་རྣོན་པོས་ལོག་འདྲེན་སྙིང༌། །རབ་གཅོད་(༢༦༣ན)


GLG021_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབ་འཇམ་མགོན་ཀུན་ཏུ་བཟང༌། །རང་ཞལ་མཐོང་བས་འདི་ཕྱི་བར་གསུམ་གྱི། །མགོན་པོ་ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །འཁྲུལ་ངོར་ཤར་བའི་དགྲ་རྣམས་མཆོད་རྟེན་ཞབས། །བཟློག་བསད་མནན་གཏད་ལས་ཀྱང་ལུགས་འབྱུང་དུ། །ཡོངས་བསྒྲལ་རྣམ་ཤེས་ལུགས་ལྡོག་ཉེ་བའི་ལམ། །འཕོ་མེད་ཆོས་སྐུའི་ཀློང་དུ་འདྲེན་པར་ཤོག །ཅེས་པ་འདིའང་རི་བོ་ཆོས་གླིང་པ་ཆོས་རྒྱལ་མཚན་གྱིས་འཇམ་དབྱངས་དང༌། ཕྱག་རྒྱ་ཟིལ་གནོན་གྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཡེ་ཤེས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །གར་དབང་མཚན་དཔེའི་གཟི་ཡིས་འཆི་བདག་མུན། །མཐར་བྱས་ཕན་བདེའི་སྣང་བ་འགྲོ་ཀུན་གྱི། །སྙིང་ལ་སིམ་པའི་དགའ་སྟོན་རྟག་ཏུ་རྩོལ། །གསུང་དབྱངས་དྲུག་ཅུར་འཁྲོལ་བའི་ངག་གི་དབང༌། །ངུར་སྨིག་གོས་ཀླུབས་བློ་བཟང་གྲགས་པ་ཡི། །རྒྱ་ཆེན་རིང་ལུགས་དབྱར་མཚོ་ཇི་བཞིན་དུ། །འཕེལ་མཛད་བསྐལ་བརྒྱར་གཡོ་མེད་བརྟན་པར་ཤོག །ཀུན་ཏུ་དགའ་བ་ཆོས་ནོར་འདོད་ཐར་སྡེ། །གདོང་བཞིའི་ཞལ་སྒོ་ལས་འོངས་འདུས་ཚོགས་གྲ། །སྲིད་མཐའི་བར་དུ་བླ་ནས་བླར་འཕེལ་བའི། །སྨོན་པའི་རེ་བ་ཡིད་བཞིན་འགྲུབ་གྱུར་ཅིག །སངས་རྒྱས་དེའི་གསུང་དགེ་འདུན་གཏན་གྱི་སྐྱབས། །ལེགས་བྲིས་དྲང་སྲོང་ངག་གི་མཐུ་ལྡན་པ། །ཁྱད་པར་གནས་སྲུང་རྒྱལ་པོ་ཤིང་བྱ་ཅན། །དཀར་ཕྱོགས་སྐྱོང་བས་འཕྲིན་ལས་ལྷུན་གྲུབ་ཤོག །ལྷག་བསམ་མཁའ་ལ་སྨོན་ལམ་རྟ་བདུན་པ། །བདེན་ཚིག་དྲོད་(༢༦༣བ)


GLG021_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྙེ་མ་གཡུར་ཟ་བ། །འཛད་མེད་འབྲས་བུར་དེང་ནས་ཚེ་རབས་ཀུན། །ལོངས་སུ་སྤྱོད་པའི་སྐལ་བཟང་རྙེད་པར་ཤོག །ཅེས་དགའ་བ་གདོང་གནས་སྲུང་རྒྱལ་པོ་ཤིང་བྱ་ཅན་གྱི་སྔགས་རམས་པ་དོན་གྲུབ་རྒྱ་མཚོར་འདི་གའི་འདྲ་འབག་གསར་དུ་བཞེངས་ནས་དགོན་པར་སྐྱེལ་བ་དང་ལྷན་དུ་རིང་འཚོའི་ཚིགས་བཅད་ཀྱང་དགོས་པའི་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བདུད་ལས་རྣམ་པར་རྒྱལ་བ་ཞི་དང་ཁྲོའི། །དངོས་གྲུབ་ཕན་བདེའི་ལེགས་ཚོགས་འབྱུང་བའི་སྒོ། །བཤད་སྒྲུབ་རིགས་འཛིན་གླིང་དུ་ཕུལ་བའི་དགེ །ཆད་མེད་དབང་གི་ཆུ་བོས་རྒྱུད་སྨིན་ཤོག །ཅེས་དངུལ་སྲང་ཉི་ཤུ་རྩ་གསུམ་ལས་གྲུབ་པའི་རྣམ་རྒྱལ་བུམ་པ་གནུབས་བཙུན་ཟིལ་གནོན་རྡོ་རྗེས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །སྨིན་བྱེད་དབང་གི་ཆུ་བོ་འཁྱིལ་བའི་སྣོད། །ཕན་བདེའི་འབྱུང་གནས་ལེགས་བཤད་གླིང་ཆེན་པོར། །ཕུལ་བས་འདི་དང་ཕྱི་མའི་དོན་རྣམས་ཀུན། །འགྲུབ་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་དངུལ་སྲང་ཉི་ཤུ་རྩ་གསུམ་ལས་གྲུབ་པའི་རྣམ་རྒྱལ་བུམ་པ་གནུབས་བཙུན་ཟིན་གནོན་རྡོ་རྗེས་འཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བགྲང་ཡས་དཀྱིལ་འཁོར་བྱེ་བའི་སྤྱན་ལྔ་རུ། །གསལ་བྱེད་མར་མེ་སྦར་སྣོད་དངུལ་དཀར་ཀོང༌། །ཕུལ་བས་སྒྲིབ་གཉིས་དེ་འབྲས་སྨག་རུམ་རྣམས། །ཉེར་སངས་འཁོར་འདས་ཡོན་ཏན་ཀུན་ཐོབ་ཤོག །ཅེས་འཕྱོས་(༢༦༤ན)


GLG021_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔགས་རམས་པ་ནམ་མཁའ་རྒྱ་མཚོས་གྲྭ་སྐོར་བྱས་པའི་ཚེ་ཕན་བདེ་ལེགས་བཤད་གླིང་དུ་དངུལ་སྲང་ཉེར་གསུམ་གྱི་མཆོད་ཀོང་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཟག་མེད་བདུད་རྩི་རབ་འཁྱིལ་པད་འདབ་སྣོད། །ཞོས་ལྷག་དངུལ་དཀར་བཅུ་བཞིའི་སྲང་གྲངས་ལས། །ལེགས་སྒྲུབ་བཀྲས་རབ་དཀའ་བཅུ་ངག་ལྷུན་པས། །ཕུལ་མཐུས་འདི་དང་གཏན་མདུན་འགྲུབ་པར་ཤོག །ཅེས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་དགེ་སྐོས་ཐོག་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རྒྱལ་ཀུན་ཐུགས་རྗེའི་ཟློས་གར་སྤྲུལ་པའི་སྐུ། །རང་བཞིན་ལོངས་སྐུའི་ཞིང་དུ་ཉེར་བསྡུས་ཏེ། །ངོ་བོ་ཆོས་སྐུ་ཡེ་དག་དབྱིངས་འདྲེས་པ། །རྣམ་སྤྲུལ་གསར་པའི་དགའ་སྟོན་སླར་གསལ་ཤོག །ངག་དབང་འཇམ་དཔལ་ཀུན་བཟང་པདྨ་འབྱུང༌། །འཕྲིན་ལས་སྒོ་བརྒྱ་དབྱེ་བའི་རིག་པ་འཛིན། །ཡང་སྲིད་ཀླ་ཀློའི་ཡུལ་དུ་མ་བཟུང་བར། །དབུས་གཙང་དག་པའི་ལྗོངས་སུ་འབྱོན་པར་ཤོག །སེལ་ཅན་རྙོག་མའི་རྫིང་བུ་དང་བྲལ་བའི། །རིན་ཅེན་ཕུན་ཚོགས་སྨིན་གྲོལ་དྭངས་མའི་མཚོར། །པད་འབྱུང་རིང་ལུགས་ཟླ་གཟུགས་ཉ་གང་བ། །འགྲིབ་མེད་བསྟན་པའི་གསལ་བྱེད་འཆར་བར་ཤོག །བཻ་རོའི་ཐུགས་སྤྲུལ་པྲཛྙ་ར་སྨི་ཡི། །བཞེད་གཞུང་རབ་སྤེལ་དཔལ་གྱི་རི་བོའི་ངོས༌། །ཐེག་མཆོག་སྒྲུབ་པའི་འདུས་སྡེའི་མགོན་གཅིག་པུར། །བསམས་བཞིན་སྐྱེ་བའི་ཟློས་གར་མྱུར་འཛིན་ཤོག །རྩ་(༢༦༤བ)


GLG021_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཐུགས་རྗེའི་ཉི་མ་ཡོངས་སྨིན་པས། །རྣམ་དག་སྨོན་ལམ་སྙེ་མ་གཡུར་ཟ་བ། །འདོད་དོན་འབྲས་བུ་དུད་པའི་རོ་བདའི་ཟས། །མྱོང་བའི་སྐལ་བ་བཟང་པོར་བདག་འགྱུར་ཤོག །ཅེས་དཔལ་རི་སྤྲུལ་སྐུ་ངག་དབང་པདྨ་འཕྲིན་ལས་མཁར་ཆེན་བཟའི་ཐུགས་ཀར་བསྡུས་པའི་ཚེ་སྤྲུལ་སྐུ་མྱུར་འབྱོན་གྱི་སྨོན་ལམ་དགོས་ཚུལ་དཔལ་རི་སྤྱི་སོས་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྟོད་ཧོར་ས་ཆེན་སྐྱོང་བའི་གན་མཛོད་ཀྱི། །རྣམ་བཀྲ་གོས་ཡོལ་རིགས་འཛིན་འདུས་གླིང་དུ། །ཕུལ་དགེས་བསྟན་དང་སྐྱེ་རྒུའི་བདེ་སྐྱིད་རྣམས། །རབ་སྤེལ་རྡོ་རྗེའི་སློབ་དཔོན་བརྟན་པར་ཤོག །མི་ཕྱེད་དད་མོས་ཞིང་ས་གཤིན་པོ་རུ། །ལེགས་བྱས་ས་བོན་བསྐྲུན་པའི་མྱུ་གུའི་སྐྱེད། །ཉེར་བསྲིངས་དུས་ཀུན་ཡིད་སིམ་ཚོར་བ་ཡི། །རོ་བདའི་སྙེ་མར་ལོངས་སུ་སྤྱོད་ནུས་ཤོག །རྒྱལ་ཁབ་གོང་རི་དཀར་པོའི་བྱ་འདབས་ནས། །ངག་དབང་བྱམས་པ་རིགས་བརྒྱུད་དཔལ་འབྱོར་རྣམས། །དབྱར་གྱི་ཆུ་གཏེར་ལྟ་བུར་ཡོངས་འཕེལ་བར། །རབ་འབྱམས་ཞི་ཁྲོའི་ཚོགས་ཀྱིས་དེང་བྱིན་རློབས། །ཞེས་དཀར་བྲག་པ་ངག་དབང་བྱམས་པས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་ཡོལ་བ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །དྭངས་མཚོར་འདབ་སྟོང་བཞད་པའི་གེ་སར་སྟེང༌། །ལོ་བརྒྱད་ལང་ཚོ་དར་དྲག་འདྲེན་བྱེད་ལ། །བདུད་རྩིའི་མཆོག་སྦྱིན་དུས་གསུམ་རྒྱལ་བའི་གཙོ། །པདྨ་ཀ་རས་ཚེ་རབས་ཀུན་ཏུ་སྐྱོངས། །འཛམ་བུ་ཏྲི་ཤའི་མཚན་(༢༦༥ན)


GLG021_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མས་མཛེས་གླིང་འདིར། །བགྲང་ཡས་མཛད་བཟང་འཕྲུལ་པོ་ཆེ་ཡི་ཞིང༌། །ངོ་མཚར་བཀོད་པ་དམན་བློའི་ཡུལ་འདས་པའི། །འདྲེན་བྱེད་བདུད་རྩི་ལེགས་བྱས་ཤིང་རྟས་དྲངས། །མཐོང་ཐོས་དྲན་རེག་ཡིད་ཅན་མངོན་མཐོ་དང༌། །ངེས་ལེགས་ལམ་ལ་སྦྱོར་བའི་ས་བོན་རྣམས། །དད་མོས་དྲོད་གཤེར་གྱིས་བསྐྱེད་ཨ་མྲའི་ལྗོན། །རོ་བདའི་འབྲས་བུར་རྟག་ཏུ་སྤྱོད་འདི་རྨད། །ཆགས་བྲལ་ཆགས་པའི་ཉམས་ལྡན་ཟླ་བའི་བཞིན། །གངས་རིའི་ནུ་འབུར་སྨིན་མའི་འཁྲི་ཤིང་ཅན། །མཚོ་སྐྱེས་རྡོ་རྗེ་རྩེ་འཇོའི་གར་མཁན་མ། །པད་འབྱུང་བདག་སོགས་བདེ་ཆེན་ས་ལ་སྦྱོར། །སོ་ཐར་ཁྲིམས་འཆལ་ལྟ་གཞོག་བྱང་སེམས་སྔགས། །ཆེས་ཕྲ་ལྟུང་བས་མ་གོས་སྡོམ་བརྩོན་མཆོག །པདྨ་སམྦྷའི་ཚུལ་ཁྲིམས་ཙནྡན་དྲིས། །ཉོན་མོངས་གདུང་གཞིལ་དེ་རྗེས་འཇུག་བྱིན་རློབས། །མཁྱེན་སྤྱན་དགུ་ཚིགས་ཞགས་པས་ཤེས་བྱའི་མཁའ། །ཕ་མཐའ་བཅིངས་ཚེ་ལྐོག་ཏུ་གྱུར་པའི་ཆོས། །མ་རྙེད་བློ་ལྡན་མཆོག་སྲེད་ངང་ཚུལ་དིང༌། །མངོན་གྱུར་རྣམ་པ་ཐམས་ཅད་མཁྱེན་བརྙེད་ཤོག །ཞབས་སེན་ཟླ་བ་འཁོར་འདས་ཡོངས་ཀྱི་གཙུག །ཤར་བའི་མོད་ལ་བརྟན་གཡོ་མ་ལུས་པ། །དབང་སྡུད་པདྨ་རྒྱལ་པོ་ཁྱོད་བཞིན་དུ། །བདག་སོགས་ལུས་ཅན་མཐའ་དག་འགྱུར་བར་ཤོག །འགྲོ་བའི་བདེ་སྐྱིད་མྱུ་གུ་སྨིན་བྱེད་པ། །འབུམ་ཕྲག་ཐུགས་རྗེའི་ཉི་མ་འོད་ཟེར་གྱིས། །གང་འདུལ་འཕྲིན་ལས་འཇུག་པ་སྲིད་མཐའི་བར། །ཚད་མེད་རྣམ་ཐར་བདག་གིས་འཛིན་ནུས་ཤོག །ཤཱཀྱ་སེང་གེའི་རྒྱུད་ཀྱི་ང་རོའི་དབྱངས། །འཇིགས་མེད་མགྲིན་པར་བླངས་པས་བདུད་བཞིའི་སྡེ། །གླང་ཆེན་སྨྱོན་པའི་ཀླད་འགེམས་བརྟུལ་ཞུགས་རྩལ། །འབད་མེད་ལྷུན་གྲུབ་དབང་ཕྱུག་བདག་ལ་རྩོལ། །གཏུམ་དྲག་རྡོ་རྗེ་རབ་འབར་ཁྲོ་བོ་ཆེ། །སེང་གེའི་སྒྲ་ཆེན་བསྒྲགས་པས་ཏིརྟིཀ །བགྲང་(༢༦༥བ)


GLG021_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་རི་དྭགས་མཐར་བྱས་ཐུབ་པའི་བསྟན། །འཛིན་སྐྱོང་སྤེལ་བའི་རྗེས་སུ་སློབ་པར་ཤོག །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །སྟང་སྟབས་ཙམ་གྱིས་དྲེགས་པ་སྡེ་བརྒྱད་ཚོགས། །ཚར་གཅོད་ལས་ལ་བཀོལ་བ་ཇི་བཞིན་དུ། །ཐོགས་མེད་རྫུ་འཕྲུལ་མཐུ་མངའ་བརྙེས་པར་ཤོག །དགེ་སྦྱོང་ཆོས་བཞི་སྤྱོད་པར་ཉེར་འདུན་གྲར། །བཅུ་ཕྲག་བཀའ་ཆེན་བཤད་དང་ཉན་པའི་འབྲས། །མཁས་གྲུབ་བྱེ་བས་ཐུབ་བསྟན་གསལ་མཛད་པ། །ཐམས་ཅད་མཁྱེན་དངོས་དེ་ཡིས་བདག་རྗེས་གཟུང༌། །ངོ་མཚར་དགེ་མཚན་ལྡན་པ་མཁའ་འགྲོའི་གླིང༌། །དཀར་མོའི་ལྗོངས་སུ་ཐོས་བསམ་སྒོམ་སྒྲུབ་ལ། །རབ་འདུན་ཆོས་ཀྱི་སྡེ་སྤེལ་འཕྲིན་ལས་རྒྱུན། །རྒྱ་མཚོའི་རླབས་ལྟར་ཡོལ་བ་མེད་དེ་བསྔགས། །བསོད་ནམས་ཞིང་སར་ཕན་བདེའི་ལོ་ཏོག་ཚོགས། །སྤེལ་ཕྱིར་རྒྱ་ཧོར་བོད་ཀྱི་འབྱོར་བའི་རྒྱུན། །མ་དྲོས་མཚོ་ཆེན་ལས་བབས་གངྒཱ་བཞིན། །ཆད་མེད་སྲིད་གསུམ་རྣམ་པར་འདྲེན་ཁྱོད་བསྔགས། །ཆིང་གིས་རིགས་བརྒྱུད་ཡོན་ཏན་རྒྱ་མཚོ་ཆེར། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་ཡིད་བཞིན་ནོར། །སྲིད་ཞིའི་ཀླུ་དབང་གདེངས་ཀའི་རྩེར་འཛེགས་པ། །སྙན་གྲགས་ཕྱོགས་བྲལ་རྣར་འཇེབས་དད་པའི་སོས། །ངག་དབང་འཇམ་དབྱངས་མགྲིན་ཞུགས་བློ་ལྡན་པའི། །བཟང་པོའི་སྐལ་བ་ཟབ་བརླིང་རྒྱ་ཆེན་པོར། །མཚོ་བྱུང་ལུས་ཕྲས་འཁྱུད་པ་མི་གཏོང་བར། །ངེས་པས་འདི་ཕྱིའི་དོན་ཀུན་འགྲུབ་བར་ཤོག །ཅེས་ཟུར་ཁང་པ་དོན་གྲུབ་དབང་རྒྱལ་གྱིས་སློབ་དཔོན་སངས་རྒྱས་གཉིས་པ། གུ་རུ་མཚན་བརྒྱད་ལ་པདྨ་བཀའི་ཐང་ཡིག་ཞིང་བཀོད་ཀྱིས་བསྐོར་བ་དང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་སོགས་ཀྱི་སྣང་བརྙན་གྲ་ཚར་དུ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱ་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་ཨོཾ་ཨ་ཐཱ། །ས་གསུམ་ཡོངས་ཀྱི་རྣམ་འདྲེན་ཙོང་ཁ་པའི།(༢༦༦ན)


GLG021_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

།ལུགས་འཛིན་འཇམ་དབྱངས་དགའ་བའི་བཤེས་གཉེན་སོགས། །བླ་མ་ཡིད་དམ་ཆོས་སྲུང་ཐུགས་རྗེ་དང༌། །བདེན་ཚིག་མཐུ་ཡིས་དོན་རྣམས་འགྲུབ་པར་ཤོག །དགའ་ལྡན་བསྟན་པའི་ཞབས་འདེགས་མངའ་འབངས་ཚོགས། །སྐྱོང་བའི་རྣམ་དག་བསམ་པ་ཚུལ་བཞིན་དུ། །རབ་བསྒྲུབ་ཚེ་དང་བསོད་ནམས་དབང་ཐང་དཔལ། །བླ་ནས་བླར་འཕེལ་སྐལ་བཟང་རྙེད་པར་ཤོག །ཕ་རོལ་ལོག་འདྲེན་ཉེར་འཚེའི་སྨག་རུམ་སངས། །བཀྲ་ཤིས་གཡང་ཆགས་ཉི་འོད་གཟི་འབར་བར། །ལེགས་ལྡན་ཕྱག་དྲུག་འཆི་བདག་གཤིན་རྗེའི་རྒྱལ། །འདོད་ཁམས་མ་སོགས་སྲུང་མས་གདོང་གྲོག་མཛོད། །ཅེས་མཆོག་དམན་ཡོངས་ཀྱི་ཁ་ཏོན་འཁྱེར་བདེའི་སྨོན་ལམ་བདེན་བརྗོད་འདི་ལྟ་བུ་ཞིག་དགོས་ཞེས་ཨེ་ཁེ་པཎྜི་ཏས་དོན་གཉེར་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བདེ་ལྡན་ཞིང་གི་མགོན་པོ་གར་གྱི་དབང༌། །ཡིད་བཞིན་འཁོར་ལོའཆི་མེད་མཆོག་སྦྱིན་མཁན། །རྣམ་པར་རྒྱལ་མ་སོགས་ཀྱིས་ཐུགས་རྗེའི་དཔུང༌། །སྐྱེད་ལ་དེང་འདིར་འདོད་པའི་འབྲས་སྨིན་མཛོད། །སངས་རྒྱས་སྟོང་ལས་པད་དཀར་བཞིན་བཇགས་པ། །དོན་ཀུན་གྲུབ་བསྟན་རྒྱ་ཆེན་འཛམ་གླིང་གཞིར། །དབྱར་མཚོ་ལྟར་སྤེལ་གནམ་སའི་དབང་ཕྱུག་ཆེའི། །སྐུ་ཚེ་གཡུང་དྲུང་སྲོག་སོང་བརྟན་པར་ཤོག །ཀ་བ་མེད་པ་གནམ་གྱི་མཐོངས་ནས་སྒོ། །རབ་ཕྱེ་དུས་ཀྱི་བདག་པོའི་ལས་ཤུགས་བཙན། །དར་དྲག་ཁྲིམས་གཉིས་གཉའ་ཤིང་སྐྱེ་རྒུ་ཡི། །ཕྲག་པར་ལྕི་བས་རྫོགས་ལྡན་གསར་བསྐྲུན་ཤོག །བསོད་ནམས་འོད་གཟི་ཡོངས་འབར་རྩིབས་སྟོང་ཅན། །སྟོབས་ཀྱི་འཁོར་ལོ་མཁའ་ལ་ཉེར་འཕགས་ཏེ། །ཀུན་བཟོད་ལྟོ་བར་ལེགས་བསྒྱུར་དབུ་རྨོག་བཙན། །ཆབ་སྲིད་མངའ་ཐང་བླ་ནས་བླར་འཕེལ་ཤོག །མཆོག་གསུམ་ལྷ་དང་དྲང་སྲོང་རིག་འཛིན་སོགས།(༢༦༦བ)


GLG021_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

།བདེན་ཚིག་གྲུབ་པ་རྣམས་ཀྱིས་ཉེར་བཏབ་པའི། །སྨོན་ལམ་རིན་ཆེན་དབང་གི་རྒྱལ་པོ་ལས། །འདོད་འཇོའི་ཆར་གྱིས་འཇིག་རྟེན་ཁྱབ་པར་ཤོག །ཅེས་ས་སྐྱོང་སངས་རྒྱས་རྒྱ་མཚོའི་བརྟན་བཞུགས་འདི་ནི་གངས་རིའི་ཁྲོད་ཀྱི་རིགས་གཞུང་རྒྱ་མཚོའི་འབྱུང་ཁུངས་གཅིག་པུ་བ་དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་རྗེ་རྣམ་གཉིས་ཆེན་སློབ་གྲྭ་རིགས་རྣམས་ཀྱིས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་ཛཡནྟུ། །ཛ ཡེནྡྲོ བྫཀཱ རུ ཎྱ སཱུ ཪྻ ཛྭ ལཻ རྷཱི ཧྲི དཱ བྫེཧ སཱ ས མྦྲྀ ཏཾ དྷརྨ ཀོ ཧཱི། རྒྱལ་དབང་པདྨའི་ཐུག་རྗེའི་ཉེར་ཟེར་གྱིས། །སྙིང་གི་འདབ་བརྒྱ་བཞད་པས་ཀུན་རྫོབ་ཆོས། །ཡ པཱུ རྦཱ ཏི ཀཱ ཙྪུདྡྷཔ ཪྻའུ རྨ སཽ པྲཱ ཀྲྀ ཏོ མུ ཀྟ ཏ ཀཱུལ བྷ རཾ ཛ ཡ ནྟུ། གང་ཤར་ཨ་ཏི་ཀ་དག་ཀློང་ཡངས་པོར། །རང་སར་གྲོལ་བའི་རིགས་འཛིན་རྒྱས་གྱུར་ཅིག །ཆེ་མཆོག་ཨ་ནུ་ལུས་ཀྱི་དཀྱིལ་འཁོར་དུ། །ཞི་ཁྲོ་(༢༦༧ན)


GLG021_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཡོངས་འདུས་ལྷ་སྔགས་དང༌། །ཡེ་ཤེས་རིག་རྩལ་མ་འགགས་གདངས་གསལ་བ། །རྣལ་འབྱོར་སྤྱོད་པའི་དབང་པོར་གསོལ་བ་འདེབས། །སྒྲུབ་པ་སྡེ་བརྒྱད་མ་ཧཱ་ཡོ་ག་ཡི། །དཀྱིལ་འཁོར་འཁོར་ལོ་ཤེལ་ངོས་ཚོན་རིས་ལྟར། །མ་འདྲེས་ལེགས་ཤར་བླ་མེད་ཧེ་རུ་ཀཿ། །རྡོ་རྗེ་འཛིན་པའི་གཙོ་བོས་དེང་བྱིན་རློབས། །བདེར་གཤེགས་ཞི་ཁྲོ་ནས་བཟུང་གྲོང་རྒྱུག་གི །ཐེའུ་རང་འགོང་པོའི་བར་གྱི་ཕྱག་རྒྱ་ཀུན། །ཟིལ་གནོན་བརྟུལ་ཞུགས་ཡོངས་གྲུབ་བཞད་པ་རྩལ། །མགོན་པོ་ཁྱོད་ཀྱིས་སྐྱེ་བར་རྗེས་འཛིན་ཤོག །ཟབ་གཏེར་ཆོས་ཀྱི་ཉི་མ་པད་གླིང་རྗེའི། །ཐུགས་སྲས་དབང་ཆེན་སྤྲུལ་པའི་རོལ་གར་མཁན། །བསྟན་འཛིན་འགྱུར་མེད་རྡོ་རྗེའི་ལུང་རྟོགས་དང༌། །སྐུ་ཚེ་དཔལ་འབྱོར་བཞེད་དོན་ལྷུན་གྲུབ་ཤོག །དབང་ཆེན་རྣམ་འཕྲུལ་ཐུགས་སྲས་ཟླ་བའི་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེས་འདི་གའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་འདི་ལྟ་བུ་ཞིག་དགོས་ཞེས་གསུངས་གིས་བསྐུལ་བར་བརྟེན་སྙན་ངག་མཁན་པོའི་སྒྲོ་བཏགས་ལ་ངེས་པ་མེད་པས་དཔའ་གཟིད་དང་བཅས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཆོས་རྒྱལ་མཁས་གྲུབ་མང་པོར་ལས་དཀར་འབྲེལ། །ཐོབ་ལ་སྐྱེ་བར་སྒྲོ་བཏགས་ལྔ་རིག་གཞུང༌། །སྨྲ་བས་འཇམ་དབྱངས་གཞོན་ནུ་དགའ་བའི་འཛུམ། །ཞལ་ཁྱིམ་ལྷུག་པར་སྟོན་ལ་གསོལ་བ་འདེབས། །གཞོམ་གཞིག་དང་བྲལ་རྡོ་རྗེའི་རང་བཞིན་ཅན། །གང་ལ་ཐོགས་མེད་བརྟུལ་ཞུགས་རྩལ་ལྡན་པར། །པད་འབྱུང་འཚོ་རྒྱལ་ཡབ་ཡུམ་མགྲིན་གཅིག་གིས། །དབུགས་དབྱུང་ཇི་བཞིན་མི་གཡོ་རྟག་བརྟན་ཤོག(༢༦༧བ)


GLG021_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

།བསོད་ནམས་ཆུ་གཏེར་ཀློང་ནས་ཁྲིམས་གཉིས་ཀྱི། །ཉི་ཟླ་ཟུང་གི་འཇིག་རྟེན་མུན་སེལ་བ། །ས་ཆེན་སྐྱོང་མཛད་སངས་རྒྱས་རྒྱ་མཚོ་ཡི། །སྐུ་ཚེ་ཆབ་སྲིད་བརྟན་ཅིང་འཕེལ་བར་ཤོག །མཉམ་མེད་དགེ་ལྡན་རིང་ལུགས་ཡོངས་འཛིན་པས། །ཐར་བའི་གླིང་དུ་བགྲོད་ལ་ཐོས་བསམ་དང༌། །ཉེ་བར་སྒོམ་པའི་འདུས་གྲ་སྲིད་མཐའ་རུ། །དབྱར་གྱི་ཆུ་གཏེར་ལྟ་བུར་རྒྱས་གྱུར་ཅིག །སྐྱབས་གནས་རིན་ཅེན་གསུམ་གྱི་བྱིན་རླབས་དང༌། །ལེགས་བྲིས་དྲང་སྲོང་བདེན་ཚིག་གྲུབ་པའི་མཐུ། །དམ་ཅན་ཆོས་སྐྱོང་སྲུང་མའི་འཕྲིན་ལས་ཀྱིས། །སྨོན་ལམ་བཏབ་པའི་རེ་འབྲས་སྨིན་པར་ཤོག །ཅེས་པ་འདིའང་དགའ་ལྡན་ཐར་པ་གླིང་སློབ་དཔོན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ལྷར་བཅས་སྐྱེ་རྒུའི་རྣམ་འདྲེན་བཙོང་ཁ་པའི། །ཆོས་སྲིད་བསྟན་པ་གྱེན་འདེགས་སྙིང་སྟོབས་ཁུར། །བློ་བརྩོན་ཕྲག་པར་ལེན་ནུས་དགེ་བའི་བཤེས། །ཚངས་སྲས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །གདོང་ལྔས་རབ་བཏེག་རིན་ཅེན་རྡུལ་བརྩེགས་ཁྲི། །འགྱུར་མེད་རྡོ་རྗེས་མཚན་པར་ཞབས་པད་ཟུང་། །བསྐལ་བརྒྱར་གཡུང་དྲུང་སྲོག་སོང་གར་གྱི་དབང༌། །འཆི་མེད་གྲུབ་པའི་ངོ་བོར་བཞུགས་གྱུར་ཅིག །དགའ་ལྡན་དམ་ཆོས་གླིང་གི་འདུས་སྡེ་འདིར། །ཐོས་བསམ་སྒོམ་སོགས་རྣམ་པར་དཀར་བ་ཡི། །འཕྲིན་ལས་འགྲོ་ཀུན་རྒྱུད་ལ་ཉེར་ཞུགས་ཏེ། །ལུས་ཅན་བསོད་ནམས་ཞིང་དུ་རྒྱས་གྱུར་ཅིག །སྒོ་མང་ཟུར་པ་ཆོས་རྗེ་ངག་དབང་ལྷུན་གྲུབ་ཀྱིས་དགའ་ལྡན་དམ་ཆོས་གླིང་དུ་འཛུགས་རྒྱུར་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་མ་བྱུང་བ་ལྟར་ཟ་ཧོར་གྱི་(༢༦༨ན)


GLG021_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམདབྱངས་གྲགས་པའོ། །ངག་དབང་དབྱངས་ཅན་དགྱེས་པའི་བློ་གྲོས་གཏེར། །མཁས་བཙུན་བཟང་པོའི་རྒྱ་མཚོ་རབ་འཁྱིལ་བར། །གསོལ་བཏབ་ཇི་བཞིན་རྡོ་རྗེ་ལྟ་བུར་བརྟན། །ཚེ་རབས་ཀུན་ཏུ་རྗེས་བཟུང་བྱིན་གྱིས་རློབས། །ཞེས་པའང་ཆོས་རྗེ་ངག་དབང་ལྷུན་གྲུབ་ཀྱི་ངོར་ཟ་ཧོར་གྱི་བནྡེས་བཀོད། །ངོ་མཚར་རྨད་དུ་བྱུང་བའི་བཀོད་པ་ཡི། །ཞིང་གཙོ་སེང་གེའི་རྒྱུད་ལས་དྲངས་པའི་ཆོས། །ང་རོས་ཡིད་སྲུབས་རི་དྭགས་ཀླད་འགེམས་པ། །རྗེ་བཙུན་འཇམ་དཔལ་སྙིང་པོར་གསོལ་བ་འདེབས། །དེ་བསྟན་སྤེལ་ལ་ངག་དབང་དབྱངས་ཅན་བློ། །བཟང་པོའི་བག་ཆགས་མཐུས་རྙེད་རྒྱ་ཆེན་གཞུང༌། །མཚོ་ལྟར་གཏིང་ཟབ་འཆད་རྩོད་རབ་རྩོམ་པར། །འཇིགས་བྲལ་སྤོབས་པ་དགེ་བར་གསོལ་བ་འདེབས། །གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷ་ཚོགས་ཀུན། །མགོན་ཁྱོད་རང་བྱུང་ལུས་ཀྱི་ཕོ་བྲང་ཆེར། །དད་མོས་མེ་ལོང་ངོས་སུ་རྟག་ཤར་བས། །སླུ་མེད་ལེགས་བྱས་འབྲས་བུ་མྱོང་བྱིན་རློབས། །འོད་གསལ་ལྷ་ཡི་ལམ་ནས་འོངས་པའི་རིགས། །ཆོ་འབྲང་གདུང་གིས་མཐོ་བཙུན་སའི་དབང་ཕྱུག །ཡབ་སྲས་བརྒྱུད་པར་བཅས་པའི་སྐུ་ཚེ་དང༌། །མངའ་ཐང་ཆབ་སྲིད་བླ་ནས་བླར་འཕེལ་ཤོག །མྱུར་མཛད་ལེགས་ལྡན་ལས་ཀྱི་གཤིན་རྗེའི་རྒྱལ། །རེ་མ་ཏྲི་དང་སྟོབས་འཕྲོག་གདོང་བཞི་བ། །དམ་ཅན་སྲུང་མས་མི་མཐུན་ཀུན་ཞི་ཞིང༌། །ཕུན་ཚོགས་བཞེད་དོན་མ་ལུས་ལྷུན་གྲུབ་མཛོད། །ཅེས་ས་སྐྱོང་ལྷ་རྒྱ་རི་བ་ངག་དབང་ཆོས་རྒྱལ་གྱིས་ཞལ་འདོན་གསོལ་འདེབས་སྨོན་ལམ་གྱི་རིམ་པ་ཞིག་དགོས་ཚུལ་གསུང་པ་ལྟར་(༢༦༨བ)


GLG021_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ལེགས་བྱས་མི་འཛད་གཏེར་གྱི་སྒོ་འཕར་བརྒྱ། །ཕྱེ་བའི་འབྲས་བུ་རྡོ་རྗེ་ཐོགས་མེད་རྩལ། །འཕོ་བ་ཆེན་པོ་འཇའ་ལུས་ཚེ་མཐའ་ཡས། །གྲུབ་པའི་རིགས་འཛིན་ངོ་བོར་བརྟན་གྱུར་ཅིག །མཆོད་དཔོན་ལས་འཛིན་ངག་དབང་ཤེས་རབ་ཀྱིས། །ཆེས་དཀར་བསམ་དང་སྦྱོར་བྱུང་བརྩོན་འགྲུས་མཐུས། །འཇོན་དམར་གསེར་བཞུན་ཟུང་དུ་འཇུག་པའི་སྐུ། །མཐོང་ཐོས་དྲན་པས་རྣམ་པར་གྲོལ་འདི་བསྐྲུན། །རང་རིག་རང་ཞལ་ཀུན་བཟང་ཧེ་རུ་ཀཿ །མངོན་གྱུར་དེ་སྲིད་མི་འབྲལ་མགོན་མཛད་ནས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །རབ་སྩོལ་ཡིད་བཞིན་དབང་གི་རྒྱལ་པོར་ཤོག །ཅེས་འདྲ་འབག་གི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འོད་མཚན་སྟོང་འབར་མཛོད་སྤུའི་ཟེར་འཕྲེང་གིས། །རྡོ་རྗེ་བུ་ཁྲིད་རྣམ་ཤེས་འཁོར་བ་ལས། །དྲངས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཆུ་སྐྱེས་འདབ་དབུས་སྐྱེ་བར་བྱིན་གྱིས་རློབས། །ཆེད་དུ་བསོད་ནམས་བྱས་སོ་ཅོག་གི་འབྲས། །མཆོག་གསུམ་སྤྱན་སྔར་རབ་བསྔོས་ཟད་པའི་མཐའ། །རྣམ་མཁྱེན་གཟིགས་པས་མ་རྙེད་བླ་མེད་ཀྱི། །བྱང་ཆུབ་ཆེ་དང་རོ་གཅིག་འགྱུར་བར་ཤོག །གནས་སྐབས་ལྷ་མིའི་ཡང་སྲིད་ཆད་མིན་པར། །བརྒྱུད་དེ་མི་ཕམ་མགོན་པོ་འཕགས་ཡུལ་དུ། །ཆོས་འཁོར་བསྐོར་བའི་འདུས་པ་དང་པོ་རུ། །སྐྱེས་ནས་སྨིན་གྲོལ་དགའ་སྟོན་ལ་སྤྱོད་ཤོག །ཅེས་རྡོ་རྗེ་བུ་ཁྲིད་ཀྱི་དོན་དུ་སྨོན་ལམ་ཚིགས་བཅད་དགོས་ཚུལ་(༢༦༩ན)


GLG021_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ས་ཟུར་ཁང་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རྒྱ་བཏབ་ར་མོ་ཆེ་ཡི་གནྡྷོ་ལར། །མི་བསྐྱོད་རྡོ་རྗེ་གཙོ་གྱུར་སྲས་སློབ་ཀྱི། །སྐུ་བརྙན་མཐོང་བས་འགྲོ་ཀུན་དོན་ལྡན་དུ། །ལེགས་མཛད་བསོད་ནམས་བགྲང་ཡས་ཞིང་ས་ཆེར། །ཏོང་ཁུན་ཡུལ་གྲུའི་གན་གོས་སྣ་ཚོགས་ལས། །འཇམ་མཉེན་ལུས་ལ་བདེ་བའི་རེག་བྱ་ཅན། །ཕུལ་བའི་ཐུབ་བསྟན་རབ་འཕེལ་སྐྱེ་རྒུ་རྣམས། །སུམ་རྩེན་བདག་པོའི་དགའ་སྟོན་མྱོང་བར་ཤོག །བདོག་པ་གཏོང་དང་ཡོངས་སྤེལ་འདུ་འཁོད་མཁན། །མཐའ་དག་འདི་ཕྱིར་ལྷ་མིའི་དཔལ་ཐོབ་ཅིང༌། །བྱང་ཆེན་རིང་པོར་མི་ཐོགས་མངོན་གྱུར་ནས། །འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་རྒྱ་བཏབ་ར་མོ་ཆེའི་གཙུག་ལག་ཁང་དུ་གོས་སྣ་ཚོགས་ལས་བསྐྲུན་པའི་པད་ཁེབས་ལྔ་བཅུ་ང་གཅིག་སྟོད་གཡོག་དང་སྨད་གཡོག་བཅུ་རེ་ས་སྐྱོང་བློ་བཟང་སྦྱིན་པས་ཁུར་བླངས་ཏེ་བཟོས་པའི་ཚེ་སྨོན་ལམ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ལོག་རྟོག་རྙོག་བྲལ་དད་པའི་ནམ་མཁའ་ལ། །རྒྱལ་ཀུན་ཡོངས་འདུས་རི་བོང་ཅན་གྱི་གཟུགས། །ཐུགས་རྗེའི་ཆ་གང་འཇམ་དབྱངས་དགའ་བའི་བཤེས། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །སྤྱི་བོར་སེང་གེས་བཏེག་པའི་རྡོ་རྗེའི་ཁྲིར། །མགོན་ཁྱོད་རིགས་རྣམས་བདག་པོར་རབ་མོས་ནས། །གསོལ་བཏབ་ཐུགས་རྗེའི་བདུད་རྩི་སྙིང་དབུས་སུ། །རྟག་ཏུ་ཆད་མེད་འཇུག་པར་བྱིན་གྱི་རློབས། །དེང་ནས་སྟོབས་བཅུ་མངའ་བ་མ་ཐོབ་བར། །རྗེ་བཙུན་(༢༦༩བ)


GLG021_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མས་མི་འབྲལ་རྗེས་བཟུང་སྟེ། །ལྷ་མིའི་རྟེན་གྱི་རིན་ཅེན་ཐེམ་སྐས་ལ། །རིམ་འཛེགས་ཐར་བའི་གྲོང་དུ་འཇུག་པར་ཤོག །གནས་སྐབས་སུ་ཡང་དགྲ་གདོན་དབུལ་ཕོངས་ནས། །ཉེར་འཚེའི་རྒུད་པ་མ་ལུས་རབ་ཞི་ཞིང༌། །ཚེ་དང་བསོད་ནམས་དཔལ་འབྱོར་དབང་ཐང་སོགས། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །མདོར་ན་དཀོན་ཅོག་རིན་ཅེན་རྣམ་གསུམ་གྱི། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་འཇུག་པ་ཀུན། །ཞུགས་པའི་འབྲས་བུ་ཡོངས་འདུའི་ལྗོན་ཤིང་ལྟར། །བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་ཁལ་ཁ་ཨུ་རང་ཁང་གི་ཨུལ་ཆིང་དཔོན་པོ་ངོས་ཀྱི་འབྱོར་སྐབས་ཁ་ཏོན་དུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །གསང་ཆེན་རྒྱུད་སྡེའི་གསུང་ངག་སྙིང་པོའི་བཅུད། །སྨིན་བྱེད་དབང་གྱི་ཆུ་བོ་རྣམ་བཞིའི་རྒྱུན། །བློ་གསལ་སྐལ་བཟང་རྒྱ་མཚོར་འབེབས་མཛད་པའི། །གདན་གསུམ་ཚང་བའི་མགོན་པོར་གསོལ་བ་འདེབས། །ཕས་རྒོལ་ལོག་སྨྲའི་དཔུང་ལ་འཇིགས་མེད་པ། །འཆད་རྩོད་རྩོམ་ནུས་གོ་ཆ་བཙན་པོ་ཅན། །ཐུབ་བསྟན་ལུང་རྟོགས་ལང་མཚོ་རྒྱས་པའི་སྡེ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་དབྱངས་ངང་མོ་དགའ་བའི་མགྲིན་ཚལ་ན། །པད་དཀར་གེ་སར་སྟེང་དུ་ཚངས་སྲས་མ། །བཞད་པའི་ལུང་རིགས་རྡོ་རྗེ་རྩེ་བརྒྱ་པ། །འཛིན་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །གར་དབང་མཉམ་གཞག་གིས་བཏེག་ཀེ་ལ་ཤ །ཡོངས་གཏམས་བདུད་རྩི་བདེ་ཆེན་འཁོར་ལོ་(༢༧༠ན)


GLG021_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དབུ་མའི་ལམ་རྒྱུད་ཨ་ཧཾ་འགྱུར་མེད་མཐུས། །མགོན་ཁྱོད་ཞིང་འདིར་མི་འགྱུར་བརྟན་པར་ཤོག །དྲུག་སྦྲགས་འོད་ཁྱིམ་གུར་ནང་པད་ཟླའི་སྟེང༌། །སྨིན་ལེགས་ལང་མཚོ་དར་བའི་ཐུགས་ཀའི་དབུས། །འཁོར་ལོ་སྔགས་འཕྲེང་ཟིལ་དངར་ཆད་མེད་ཀྱིས། །རྡོ་རྗེའི་སྲོག་ཏུ་འགྲུབ་པར་དེང་བྱིན་རློབས། །བདེ་ལྡན་ཞིང་གི་མགོན་དེས་ཆེར་བསྔགས་དོན། །ཇི་བཞིན་གྲུབ་པའི་བྱིན་རླབས་འཕྲུལ་པོ་ཆེས། །འཆི་བདག་གཡུལ་ལས་རྣམ་པར་རྒྱལ་མཛད་མས། །འདོད་དོན་རེ་བ་མ་ལུས་དེང་སྐོང་གསོལ། །རིན་ཅེན་ལས་གྲུབ་སེང་གེས་ཉེར་བཏེག་ཁྲི། །སྲ་བརྟན་རྡོ་རྗེས་ལེགས་མཚན་རེ་ཁཱ་ལ། །མི་ཤིགས་སྐྱིལ་ཀྲུང་བཅས་ཏེ་བསྐལ་བརྒྱའི་བར། །གཡུང་དྲུང་ལྟ་བུར་གཞོམ་ཞིག་བྲལ་བར་ཤོག །ཇི་ལྟར་བསམས་པའི་དོན་ཀུན་གྲུབ་ཆེད་དུ། །སངས་རྒྱས་དེ་གསུང་སྲས་དང་ཉན་རང་བཅས། །ཁྱད་པར་ལེགས་ལྡན་ནག་པོ་ཕྱག་དྲུག་པ། །ལས་ཀྱི་གཤིན་རྗེ་འདོད་ཁམས་དབང་ཕྱུག་སོགས། །དམ་ཅན་རྒྱ་མཚོས་རྟག་ཏུ་གྲོགས་མཛད་ཤོག །རྟེན་ཅིང་འབྲེལ་བར་འབྱུང་བའི་ཞིང་ས་ལ། །རྒྱུ་འབྲས་སྨོན་ལམ་ས་བོན་དྲོད་གཤེར་གྱིས། །རབ་སྨིན་བདེ་སྐྱིད་གསེར་གྱི་སྙེ་མ་ལ། །སྤྱོད་པའི་སྐལ་བཟང་དེང་འདིར་ལྷུན་གྲུབ་ཤོག །ཅེས་གསོལ་འདེབས་རིང་འཚོའི་ཚིགས་བཅད་ཁ་ཐག་རིང་ཙམ་ཞིག་དགོས་ཞེས་ཧོར་ཚང་ཆོས་རྗེ་ཏཱའི་སི་ཏུ་བློ་བཟང་ཆོས་སྐྱོང་གིས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །


previousསྡོམ་བརྩོན་འཇམ་དབྱངས་གྲགས་པས་ཉམས་ལེན་གྱི་དད་རྟེན་དུ་དགྱེས་མཛད་རྡོ་རྗེ་གཙོ་བོར་གྱུར་པའི་སྐུ་བརྙན་བཞེངས་ཚེ་རྒྱབ་ཡིག་གནང་བ་སོགས།next