Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་ཉི་མའི་གཉེན་གྱི་མཛད་པ་བརྒྱའི་ཞལ་ཐང་གི་རྒྱབ་ཡིག་སྨོན་ལམ་སོགས།
   


 
previousརྒྱལ་བ་ཉི་མའི་གཉེན་གྱི་མཛད་པ་བརྒྱའི་ཞལ་ཐང་གི་རྒྱབ་ཡིག་སྨོན་ལམ་སོགས།next

རྒྱལ་བ་ཉི་མའི་གཉེན་གྱི་མཛད་པ་བརྒྱའི་ཞལ་ཐང་གི་རྒྱབ་ཡིག་སྨོན་ལམ་སོགས།


GLG021_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཉི་མའི་གཉེན་གྱི་མཛད་པ་བརྒྱའི་ཞལ་ཐང་གི་རྒྱབ་ཡིག་སྨོན་ལམ་སོགས། སྲས་བཅས་རྒྱལ་བས་མགྲིན་གཅིག་བསྔགས་པའི་གཏམ། །ཚངས་དབྱངས་རྒྱུད་དུ་བཀུག་པ་སྙན་འགྱུར་གླུར། །ལེགས་འབབ་སྙིང་སྟོབས་ཆེན་པོ་པད་དཀར་ལྟར། །རྣམ་འདྲེན་གཞན་ལས་ཁྱད་ཞུགས་དོན་ཀུན་གྲུབ། །ཨ་ཧོ་གྲངས་མེད་བསྐལ་མང་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པའི་ཚད་བཟུང་ཚངས་པ་ཡིས། །གདོང་བཞི་སྤྲུལ་ནས་བལྟས་ཀྱང་ནུས་མིན་ན། །ཚུར་མཐོང་བྱིས་བློ་ཕྲ་མོ་དེས་ཀྱང་ཅི། །འོན་ཏེ་ཨ་མའི་ཚི་གུས་རྒྱ་མཚོ་བཞིན། །དཔལ་ལྡན་དཔའ་བོས་ཕ་རོལ་ཕྱིན་པ་བཅུ། །བཅུ་ཚན་བཅད་པ་རྟོགས་བརྗོད་མནྡྷརའི། །ཆུན་པོ་སྐལ་བཟང་ཐོད་དུ་འཆིང་བྱའི་རྒྱན། །གཙུག་ལག་གཉིས་པ་ཤེས་པའི་མིག་ཡངས་ཀྱིས། །རས་དཀར་ངོས་སུ་ངོ་མཚར་ཞིང་བཀོད་གར། །རི་གཟུགས་གྲངས་སྤེལ་མཐོང་བས་དོན་ལྡན་ལ། །བལྟ་ཕྱིར་ཉི་ཟླ་མཁའ་ལ་ཡང་ཡང་འཁོར། །བསོད་ནམས་ཞིང་སར་འདྲེན་ལ་ས་ཟླ་ཡི། །བདོག་པའི་མཆོད་སྦྱིན་གཏོང་ཕོད་ཟུར་གྱི་རིགས། །འཇམ་དབྱངས་དབང་རྒྱལ་ལྷག་བསམ་པད་རྩ་ལྟར། །དཀར་བའི་འབད་རྩོལ་མཐུ་ལས་དེང་དེར་འགྲུབ། །ཕྱག་མཆོད་རི་མོར་བྲིས་པའི་ལེགས་བྱས་མཐུས། །རིང་འཚོའི་ཚེ་དང་དཔལ་འབྱོར་དབང་ཐང་སོགས། །ཐོས་བསམ་སྒོམ་སོགས་ཡོན་ཏན་གོང་འཕེལ་ཞིང༌། །ལྷ་མིའི་རྟེན་བརྒྱུད་བྱང་ཆེན་མྱུར་ཐོབ་ཤོག །ཕ་མས་ཐོགས་དྲངས་ཉེ་དུ་རིགས་བརྒྱུད་རྣམས། །འདི་སྣང་རྨུགས་འཛིན་དབང་པོའི་དཔལ་ལ་འགྲན། །དགེ་བའི་གཟིངས་ཀྱིས་འཁོར་བའི་མཚོ་བསྒྲལ་ནས། །ཐར་པ་རིན་ཆེན་གླིང་དུ་བགྲོད་པར་ཤོག །རྒྱལ་བ་ཉི་མའི་གཉེན་གྱི་མཛད་པ་བརྒྱའི་ཞལ་ཐང་གི་རྒྱབ་ཡིག་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་ཟུར་བཙུན་འཇམ་དབྱངས་


GLG021_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྒྱལ་གྱིས་བསྐུལ་བའི་ངོར་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ངག་དབང་དབྱངས་ཅན་ཉེར་དགྱེས་བློ་གྲོས་ལ། །བཟང་པོའི་བག་ཆགས་སད་པས་རིག་པའི་གནས། །བཅུ་ཕྲག་རྒྱ་མཚོར་རབ་འཇུག་ཐོས་བསམ་རྫིངས། །རྣམ་དཔྱོད་རླུང་གིས་བསྐུལ་ལ་གསོལ་བ་འདེབས། །བརྗོད་པ་ཡོངས་དག་ངག་གི་རྟ་བདུན་གྱིས། །འཆད་རྩོད་རྩོམ་ལ་རབ་དབང་ཉིན་མོར་བྱེད། །བློ་གྲོས་མཁའ་ལས་མཁས་བཙུན་བཟང་པོའི་འོད། །རྒྱ་མཚོའི་གོས་ཅན་ཁྱབ་ཁྱོད་ཞབས་བརྟན་ཤོག །ཚེ་ལྷ་དྲང་སྲོང་རིག་འཛིན་བདེན་པའི་སྟོབས། །མཁའ་འགྲོ་དམ་ཅན་སྲུང་མའི་ནུས་མཐུ་དང༌། །བསླུ་བ་མེད་པ་རྟེན་ཅིང་འབྲེལ་འབྱུང་ལས། །སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག །ཅེས་སློབ་དཔོན་དཀོན་ཅོག་ངག་དབང་ཕག་མོ་ཆོས་སྡེའི་བླ་མར་འགྲོ་སྐབས་ཆོས་སྐྱོང་ཆེན་པོའི་བསླབ་སྟོན་བྱུང་ཚུལ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །འགྲོ་བ་ཀུན་ལ་བུ་གཅིག་ལྟར་གཟིགས་ཕྱག་ན་པད་དཀར་འཛིན་པ་ལ། །ཐམས་ཅད་མཁྱེན་པ་བཙོང་ཁ་པ་དང་རྗེས་འབྲངས་འཇམ་དབྱངས་དགའ་བའི་བཤེས། །ནོར་གྱི་གཏེར་མཛོད་རྨུགས་འཛིན་དབང་པོ་སྲིད་གསུམ་བདག་མོ་དུང་སྐྱོང་མས། །ཡོངས་བསྐོར་བྲིས་སྐུའི་རྒྱུ་རྐྱེན་སྦྱར་མཐུས་བསོད་ནམས་ཉི་མ་བདུན་འབར་ཤོག །སྟོང་ཕྲག་བརྒྱ་པའི་གླེགས་བམ་དོན་བཞིན་མཚན་འཛིན་དྲ་བ་མ་ལུས་པ། །ཤེས་རབ་རལ་གྲི་རྣོན་པོས་བཅད་ནས་རྣམ་དཔྱོད་དཔུང་པས་རབ་བཏེག་ལྷ། །མཚམས་སྤྲིན་གོས་གྱོན་མགོན་པོ་ཁྱོད་དང་དབྱེར་མེད་ཇོ་བོ་ཡབ་སྲས་གསུམ། །ཞབས་རྡུལ་གཙུག་བསྟེན་ཚངས་སྲས་བཞད་པས་བདག་སོགས་འགྲོ་ཀུན་རྒྱུད་བྱིན་རློབས། །འཆི་བའི་དངོས་པོ་མ་ལུས་མཐར་བྱེད་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཞབས། །ཀླུ་མཁའ་གཟུགས་གྲངས་གཙུག་ཏོར་རྩེ་མོར་མི་ཕམ་མགོན་(༤༦ན)


GLG021_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རིགས་བདག་ཅན། །ནམ་མཁའ་བསེ་རུའི་གྲངས་སུ་ཡོངས་སྤེལ་བྲིས་ཐང་བསྐྲུན་པའི་རྣམ་དཀར་དགེས། །ཡོན་སྦྱོར་ནོར་བུ་རིགས་བརྒྱུད་བཅས་པ་སྲོག་གི་ཀ་བ་ཚུགས་པ་ཤོག །གཟུངས་དང་འཛིན་པའི་ནགས་ཚལ་སྟུག་པོར་རྟག་ཏུ་ཉེར་འཁྱམས་འགྲོ་བ་རྣམས། །འཇིགས་བརྒྱད་གཅན་གཟན་མཆེ་སྡེར་རྣོན་པོས་བདེ་སྐྱིད་ལུས་སྲོག་ཡོངས་དབྲལ་བར། །མར་གད་འཁྲི་ཤིང་ཡལ་འདབ་བསྐྱོད་འདྲའི་འཇམ་མཉེན་ཕྱག་རིང་གཙུག་ཁྱོངས་ལ། །སིམ་པའི་ཚོར་བར་དབུགས་དབྱུང་མཛོད་ཅིག་སེང་ལྡེང་ནགས་ཀྱི་སྒྲོལ་མ་ཀྱེ། །ཕུང་པོ་གསུམ་པའི་མདོ་ལས་ལེགས་གསུངས་ཤཱཀ་ཐུབ་ལ་སོགས་བདེ་གཤེགས་བདུན། །ཡི་གེ་དྲུག་པ་ཁརྶ་པ་ཎི་རྣམ་སྲས་ནོར་རྒྱུན་དཔལ་ལྷ་མོ། །རྒྱུ་སྐར་དབུས་ན་ཟླ་བ་བཞིན་དུ་སོ་སོར་འབྲང་མའི་སྒྱུ་འཕྲུལ་གྱིས། །རོལ་པས་རྒྱུ་སྦྱོར་ནོར་བུའི་རིགས་བརྒྱུད་ཏིལ་གྱི་གང་བུ་ལྟར་འཕེལ་ཤོག །ཕུང་པོ་གསུམ་པའི་མདོ་ལས་ལེགས་གསུངས་རིན་ཆེན་ཟླ་སོགས་བདེ་གཤེགས་བདུན། །སེང་གེའི་སྒྲ་དང་ཧ་ལ་ཧ་ལ་ནོར་བུ་བཟང་པོ་འཇམ་དཔལ་ཟུང༌། །རྒྱུ་སྐར་དབུས་ན་ཟླ་བ་ཇི་བཞིན་སྟོང་ཆེན་རབ་འཇོམས་སྒྱུ་འཕྲུལ་གྱི། །རོལ་པས་༝། ཕུང་པོ་གསུམ་པའི་གདོ་ལས་ལེགས་གསུངས་ཆུ་ལྷའི་ལྷ་སོགས་བདེ་གཤེགས་བདུན། །གར་དབང་འཇིག་རྟེན་དབང་ཕྱུག་ནོར་བཟང་ཛམ་དམར་སྲོག་སྒྲུབ་ཡང་དག་ཤེས། །རྒྱུ་སྐར་དབུས་ན་ཟླ་བ་ཇི་བཞིན་གསང་སྔགས་རྗེས་འཛིན་སྒྱུ་འཕྲུལ་གྱི། །རོལ་པས་༝། ཕུང་པོ་གསུམ་པའི་མདོ་ལས་ལེགས་གསུངས་སྲེད་མེད་བུ་སོགས་བདེ་གཤེགས་བདུན། །སྤྱན་རས་གཟིགས་དབང་མགྲིན་སྔོན་དོན་ཞགས་ལྔས་རྩེན་ཛམ་སེར་ཀུ་བེ་ར། །རྒྱུ་སྐར་དབུས་ན་ཟླ་བ་ཇི་བཞིན་བསིལ་བའི་ཚལ་གྱི་སྒྱུ་འཕྲུལ་གྱི། །རོལ་(༤༦བ)


GLG021_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

པས་༝། ཕུང་པོ་གསུམ་པའི་མདོ་ལས་ལེགས་གསུངས་དབང་པོའི་ཏོག་སོགས་བདེ་གཤེགས་བདུན། །དོན་ཞགས་ཕྱག་བཞི་ཕྱག་དྲུག་འབྲོག་གནས་ཛམ་ནག་པི་ཙི་ཀུཎྜ་ལི། །རྒྱུ་སྐར་དབུས་ན་ཟླ་བ་ཇི་བཞིན་རྨ་བྱ་ཆེན་མོའི་སྒྱུ་འཕྲུལ་གྱི། །རོལ་པས་༝། ཅེས་སྒྱིད་ཐང་ནོར་བུས་བྲིས་ཐང་དགུ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཡིག་རྩིས་བརྡ་དག་ལ་བློ་གྲོས་དཀར་བ་མཐར་རྒྱས་པ་བློ་བཟང་དབང་པོའོ། །འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོའི་ཞབས། །འགྲོ་འདྲེན་དགེ་འདུན་ཀུན་འདུས་མཁས་ཤིང་གྲུབ། །བསོད་ནམས་ཞིང་དུ་སྲིད་ཞིའི་ཡོན་ཏན་ཚོགས། །རྒྱ་མཚོའི་རླབས་ལྟར་ཡོལ་བ་མེད་པ་ལ། །རྣམ་དཀར་འབྲེལ་བར་སྒྲོ་བཏགས་ཟ་ཧོར་རིགས། །འཇམ་དབྱངས་ཚངས་སྲས་ལུས་ཕྲར་དགའ་མགུ་རུ། །རྩེ་བའི་ལེགས་བཤད་རྒྱུད་མང་ཉེར་བཞད་པའི། །འཇིགས་མེད་རྡོ་རྗེའི་གླུར་ལེན་སྣང་བརྙན་ཚོགས། །བྲིས་པས་རྒྱུ་སྦྱོར་བཟོ་རིགས་ལས་གྲོགས་རྣམས། །ལྷ་མིའི་བདེ་སྐྱིད་སྐྱེ་བ་རིམ་བརྒྱུད་མྱོང༌། །མྱུར་དུ་ཐར་པའི་ཐེམ་སྐས་ལ་འཛེགས་ནས། །བྱང་ཆེན་ཁང་པར་འཇུག་པའི་སྐལ་ཐོབ་ཤོག །ཅེས་པའང་རྡོ་རྗེས་བགྲང་ཡས་མའི་ནང་བཞིན་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་རིག་བྱེད་པ་བློ་བཟང་དབང་པོའོ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེར། །རྒྱ་བོད་ཆོས་རྒྱལ་དུ་མས་ཡོངས་བསྐོར་བ། །བསྐྲུན་པའི་སྦྱིན་བདག་འདི་ཕྱི་ཀུན་བདེ་ཞིང༌། །རྫོགས་པའི་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །ལྔ་རིག་པཎ་ཆེན་དགེ་འདུན་གྲུབ་པ་ལ། །རྒྱ་བོད་ས་སྐྱོང་མཁས་གྲུབ་བདུན་ཕྲག་གིས། །བསྐོར་བ་བཞེངས་པས་གནས་སྐབས་མཐར་ཐུག་གི །འདོད་པའི་དོན་རྣམས་མ་ལུས་གྲུབ་པར་ཤོག །ཤེས་བྱ་ཀུན་མཁྱེན་དགེ་འདུན་རྒྱ་མཚོ་ལ། །གངས་ལྗོངས་སྐྱེས་མཆོག་དྲུག་དང་དུང་(༤༧ན)


GLG021_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་མས། །བསྐོར་བ་བཞེངས་དགེས་སྲིད་ཞིའི་ཡོན་ཏན་ཚོགས། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །དགེ་འདིས་རིང་པོར་འཚོ་བའི་ཚེ་དང་ལྡན། །འཇིགས་པ་བརྒྱད་སོགས་སྡུག་བསྔལ་མཐའ་དག་བྲལ། །དམ་པའི་མགོན་གྱིས་རྗེས་བཟུང་འདི་ཕྱི་དང༌། །གཏན་གྱི་མདུན་མ་ལྷུན་གྱིས་གྲུབ་པར་ཤོག །ཅེས་དགོས་དགོས་ཨ་བར་གྱིས་འགྲོ་ལ་རྗེས་བརྩེ་མ་དང་བསྟུན་པའི་འཁྲུངས་རབས་ཐེང་གྲངས་གསུམ་དང༌། སེང་ལྡེང་ནགས་སྒྲོལ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །སྦྱང་གཞི་གཞོན་ནུ་བུམ་རྒྱ་གྲོལ་བའི་ནང༌། །འབྲས་བུ་རང་རིག་ངོ་བོ་པདྨ་འབྱུང༌། །ཆོས་སྐུ་འཕོ་འགྱུར་མེད་པའི་ངང་ཉིད་དུ། །གང་ཤར་རང་སར་གྲོལ་ཕྱིར་ཞབས་བརྟན་ཤོག །ནད་དབྱིངས་དག་པའི་སེམས་ཉིད་འཇའ་ཚོན་ཟེར། །ཆུ་སྒྲོན་ལས་ཐོན་རང་བཞིན་ལོངས་སྤྱོད་རྫོགས། །ཞི་ཁྲོའི་རྣམ་རོལ་སྒྱུ་འཕྲུལ་ཟད་མི་ཤེས། །ཆེ་མཆོག་འདུས་རྩལ་ངོ་བོར་ཞབས་བརྟན་ཤོག །སེམས་ཅན་བསམ་པའི་ཁྱད་པར་དེ་སྙེད་དུ། །འཇུག་ནུས་ཐུགས་རྗེའི་སྤྲུལ་སྐུ་འཐའ་ཀླས་ཀྱང༌། །སུམ་ལྡན་རིག་འཛིན་གར་གྱིས་ཕྱག་རྒྱ་ཀུན། །ཟིལ་གནོན་བཞད་པ་རྩལ་དུ་ཞབས་བརྟན་ཤོག །པདྨ་ཐོད་འཕྲེང་དྲི་མེད་བཤེས་གཉེན་ནས། །རྨ་གཉགས་སོ་ཟུར་གནུབས་སོགས་མདོ་སྒྱུ་སེམས། །བསྟན་འཛིན་ཧེ་རུ་ཀཿ དཔལ་མི་གཟུགས་སུ། །བསྒྱུར་སྤེལ་བཀའ་མའི་རིང་ལུགས་དར་རྒྱས་ཤོག །ཉང་རལ་ཆོས་དབང་རྒོད་ཀྱི་ལྡེམ་ཕྲུ་སོགས། །བཀའ་བབས་ལས་འཕྲོ་སད་པ་བརྒྱ་ཕྲག་གིས། །སྤྱན་དྲངས་མཁའ་འགྲོའི་ཞལ་ལུང་དངར་པོའི་ངད། །འཐུལ་བའི་ཟབ་གཏེར་བསྟན་པ་རྒྱས་པར་ཤོག །དར་རྗེ་དཔལ་གྲགས་ནས་བཟུང་ནམ་མཁའ་ལ། །རིག་འཛིན་ཟམ་པ་མ་ཆད་དཀྱིལ་འཁོར་བཀྲག །ས་ལ་མ་ཡལ་སྔགས་འཆང་བོན་གྲོང་པའི། །ཆོས་སྲིད་རིགས་(༤༧བ)


GLG021_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དར་ཞིང་རྒྱས་པར་ཤོག།སྐྱབས་གཅིག་བླ་མ་པད་འབྱུང་གནུབས་བན་རྗེ། །ཡི་དམ་ཚེ་བདག་ཁྲོ་ཆུ་དུག་སྡོང་ནག །བཀའ་སྲུང་མ་གཟའ་རྡོར་གསུམ་ཚོགས་རྣམས་ཀྱིས། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །རིང་པོར་འཚོ་ཞིང་སྔ་འགྱུར་སྤྱི་དང་བྱེ་བྲག་བོན་གྲོང་པ་དར་རྒྱས་ཀྱི་སྨོན་ལམ་ཞིག་དགོས་ཞེས་དར་རྗེ་དཔལ་གྱི་གྲགས་པའི་རིགས་ལས་སྔགས་འཆང་མཆོག་གྲུབ་རྒྱལ་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ཡིག་རིགས་བརྡ་དག་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པ་མཐར་རྒྱས་པ་བློ་བཟང་དབང་པོའོ། །དཀོན་ཅོག་གསུམ་གྱི་མཚན་སྙན་སྐྱེ་བ་ཀུན། །འབྲལ་མེད་ཐོས་བྱེད་བསོད་ནམས་འབོད་པའི་དུང༌། །དངུལ་ཤོག་རིན་ཆེན་ཕྲས་བརྒྱན་འདུས་ཚོགས་རྣམས། །ཀུན་རར་འདུ་ལ་སྒྲ་དབྱངས་བསྒྲགས་པ་བཞིན། །འཇུངས་བྲལ་བདོག་པ་གཏོང་བའི་མཆོད་སྦྱིན་སྒོ། །རབ་འབྱེད་སྒྲུབ་གྲོགས་བཅས་པ་རྫོགས་ལྡན་གྱི། །དགའ་སྟོན་མྱོང་བའི་མོད་ལ་ཐར་པ་དང༌། །ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་འཇུག་ཤོག །དགེ་ལེགས་ཟླ་ཟེར་རྣམ་བཀྲའི་ག་པུར་རྡུལ། །བཀྲ་ཤིས་ཆོས་ཀྱི་ཀུནྡར་འཐུལ་བའི་འདབ། །འཛུམ་པའི་རྐང་དྲུག་བདེ་བ་ཆེན་པོའི་གླུ། །ཉེར་སྒྲོགས་སིམ་པའི་སྦྲང་རྩི་རྟག་འཁྱིལ་ཤོག །ཅེས་དབུ་མཛད་བློ་བཟང་ཡོན་ཏན་གྱིས་བཀྲ་ཤིས་བདེ་ཆེན་པའི་དུང་ལ་དངུལ་ཤོག་རིན་ཆེན་ཕྲ་ཚོམ་བརྒྱབ་པའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བས་བགྱིས་པའོ། །ལྕགས་བྱ་དབུ་མཛད་བློ་བཟང་ཡོན་ཏན་གྱིས་དུང་གཤོག་གཉིས་གསར་བསྐྲུན་གྱི་རྒྱུར་འབའ་དངུལ་ལེགས་པ་སྲང་ཞེ་བདུན་དང་ཞོ་གསུམ། གསེར་ཞོ་བཞི་བཅུ་ཞེ་གཅིག །གཡུ་པད་གཉིས་དང་ཕུད་རྒྱུ་གཅིག་གི་གཡུ་བསྡོམས་པའི་རིན་གོང་གསེར་ཞོ་ཞེ་གཉིས། བཻཌཱུཪྻ་བྱུ་རུ་བཅས་པའི་རིན་གོང་ལ་གསེར་ཞོ་བཅུ་དགུ །གཞན་མ་བྱུ་རུ། མུ་མེན། ཀེ་ཀེ་རུ། པད་རཱག །ཤེལ་ཚོས་ཁ་སྣ་ཚོགས་མུ་ཏིག་དང་བཅས་པའི་ཕྲས་ལེགས་(༤༨ན)


GLG021_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྲས་བ་སརྦདཛཡནྟུ། །སྣ་ཚོགས་ཆོས་ཀྱི་དེ་ཉིད་རོ་གཅིག་པའི། །མིག་སྨན་གྱིས་བསལ་ཡེ་ཤེས་རྣམ་དག་སྤྱན། །ཤེས་བྱར་སྲིད་ཀུན་རེས་འཇོག་མེད་གཟིགས་པ། །དགེ་འདུན་གྲུབ་སོགས་འཁྲུངས་རབས་ཚར་དུ་དངར། །རྟེན་མཆོག་སྤྱན་སྔར་སྲན་མའི་མེ་ཏོག་ལྟར། །སྐྱེ་ཕལ་མཆིང་བུ་འཕགས་ཆེན་ཡིད་བཞིན་གྲལ། །བསྒྲིགས་བདག་རྒྱལ་རྣམས་སྣོད་བཅུད་དག་སྣང་དུ། །སྦྱོང་ཕྱིར་བསྙེམས་པའི་སྤོབས་མཐོ་དེང་འདིར་བརྩེགས། །ཚངས་སྲས་ལྷ་མོས་བཞད་པའི་མཆོག་སྦྱིན་ལས། །ལེགས་བཤད་རྡོ་རྗེའི་གླུ་དབྱངས་ལེན་མཁས་པར། །འཇིག་རྟེན་དབང་ཕྱུག་ཆོས་རྒྱལ་དགེ་བའི་བཤེས། །ཆོས་སྲུང་གིས་བསྐོར་མཁའ་ངོས་འཇའ་ལྟར་བཀྲ། མགོན་ཁྱོད་ཐུགས་རྗེ་ཡོངས་འདུའི་གྲིབ་བསིལ་དུ། །ངལ་གསོའི་སྟེགས་ལ་འབྲལ་མེད་རྗེས་བཟུང་སྟེ། །སྲིད་ཞིའི་ལེགས་ཚོགས་དངར་བ་འབྲས་བུའི་རོ། །བྱང་ཆེན་བར་དུ་དགའ་སྟོན་མྱོང་བར་ཤོག །བསོད་ནམས་བསགས་ཀུན་ཚེ་ལུས་སྟོབས་འབྱོར་གྱི། །སྲོག་སོང་མིག་སྟོང་ཅན་དང་སྐལ་མཉམ་ཐོབ། །ལྷ་མིའི་རྟེན་བཟང་རིམ་པར་དགེ་བཅུའི་སྐས། །འཛེགས་ནས་རྣམ་མཁྱེན་གཞལ་མེད་ཁང་འཇུག་ཤོག །འགྲོ་ཀུན་རྗེས་བརྩེའི་ས་བོན་ཁྱོད་ཐུགས་ཀྱི། །ཞིང་སར་སྙོམས་པར་བཀྲམ་པས་སྲིད་དང་ཞིའི། །བདེ་སྐྱིད་སྙེ་མ་དར་དྲག་གཏོང་བའི་སྒོ། །རབ་འབྱེད་དོན་ཀུན་གྲུབ་ཕྱག་བདག་གཙུག་ཁྱོངས། །རྒྱལ་དང་དེ་སྲས་སློབ་མ་དང་བཅས་འཁོར། །བཀྲ་ཤིས་གྲངས་ལྡན་རས་དཀར་དངས་མའི་མཚོར། །ཟླ་གཟུགས་འཆར་བྱེད་ཐུ་མི་གཉིས་པའི་རིགས། །བསྟན་འཛིན་དབང་པོའི་བློ་བརྩོན་གཏོང་བའི་མཐུས། །ལེགས་བསྐྲུན་འབྲས་བུ་དེང་ནས་བྱང་ཆུབ་ཀྱི། །ཕ་མཐའ་རྫོགས་མིན་དེ་སྲིད་འཛད་མེད་དུ། །མྱོང་བར་འདི་དོན་བསྒྲུབ་ལ་ཕན་འདོགས་མཁན། །ཀུན་དང་བགོ་ཤར་སྨོན་པ་འགྲུབ་བྱིན་རློབས། །(༤༨བ)


GLG021_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་ཕྱག་རྒྱས་ངན་འགྲོའི་སྒོ་འགགས་ཤིང༌། །དགའ་བདེ་རིག་པའི་ཡེ་ཤེས་སྤེལ་མཛད་པ། །བྷ་ར་དྷ་ཛ་གསེར་ཅན་འཁོར་བཅས་ཀྱིས། །ཡོན་སྦྱོར་མངོན་མཐོ་ངེས་ལེགས་སར་འགོད་ཤོག །ནེའུ་ལེ་མཐོང་རེགས་འདོད་པའི་ཡོན་ཏན་ལྔ། །བྱམས་དང་སྙིང་རྗེ་བསྐྱེད་མཛད་བ་ཀུ་ལ། །འཁོར་ཚོགས་རྣམས་ཀྱི་འཇིག་རྟེན་འཇིག་རྟེན་ལས། །འདས་པའི་ཡོན་ཏན་ཐམས་ཅད་མངོན་གྱུར་ཤོག །གར་དབང་མཛོད་སྤུའི་ཟེར་གྱིས་འཆི་བའི་མུན། །ཉེར་བསལ་ཤཱཀྱ་སེང་གེས་བདུད་ཚོགས་ཐུལ། །རིགས་བྱེད་ལྷ་མོ་ཛམ་དམར་སྲོག་སྒྲུབ་ཀྱིས། །འཛད་མེད་མཁོ་དགུའི་འབྱོར་བ་སྙིལ་བ་དང༌། །གཟུགས་མིག་གྲངས་ལྡན་ཨཱཪྻ་ཏཱ་རེ་མས། །བརྣག་དཀའི་ཟུག་རྔུ་ཞི་དང་བསོད་ནམས་རྒྱས། །མི་ནོར་དབང་སྡུད་ལོག་འདྲེན་ཚར་གཅོད་པའི། །ཐུགས་རྗེའི་མཐུ་དཔུང་བསྐུལ་ན་དེང་དགོངས་ཤིག །ཡིག་རིས་བརྡ་དག་དཎྜིའི་གཞུང་ལུགས་སོགས། །གཙུག་ལག་མང་པོར་མིག་ཡངས་ལྕང་གསེབ་པ། །བསྟན་འཛིན་དབང་པོའི་མི་ནོར་རིགས་བརྒྱུད་རྣམས། །སྤེལ་ལེགས་གསར་པའི་ཟླ་ཚེས་འཕེལ་བར་ཤོག །སེང་ལྡེང་ནགས་སྒྲོལ་བཀོད་པ་སྒྱུ་འཕྲུལ་གྱིས། །འཇིགས་ཚོགས་བརྒྱད་སོགས་ཟུག་རྔུ་ཀུན་ཞི་ཞིང༌། །མར་མེ་མཛད་ཀྱིས་དབུགས་དབྱུང་གནས་སྐབས་སུ། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་ཤོག །ཟླ་ཞུན་སྟོང་གིས་བྱུགས་མིན་ཚེ་སྦྱིན་མའི། །བཞིན་གྱིས་ཉི་བུའི་སྨག་རུམ་ཕ་མཐར་བྱས། །བྱམས་པའི་འདུས་པ་དང་པོར་མ་གྱུར་བར། །རྨུགས་འཛིན་བང་མཛོད་རང་གིར་དབང་ཐོབ་ཤོག །ལྕང་གསེབ་པ་དྲུང་ཡིག་བསྟན་འཛིན་དབང་པོས་བྲིས་ཐང་བདུན་ཚར་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཤློཀའི་གྲངས་སོགས་བློ་དང་སྦྱར་ཏེ་ཟ་ཧོར་གྱི་བནྡེས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཨརྠ་སིདྡྷཾ། །བདུད་བཞིའི་དགྲ་བཅོམ་ཚེ་(༤༩ན)


GLG021_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་པའི་མགོན། །མགོན་སྐྱབས་གླིང་གྱུར་འཕགས་མ་རྣམ་པར་རྒྱལ། །རྒྱལ་བའི་ཡུམ་གཅིག་ཡིད་བཞིན་འཁོར་ལོའི་ཞབས། །ཞབས་པད་གཙུག་བསྟེན་ཚེ་ཡི་དངོས་གྲུབ་སྩོལ། །ངག་གི་དབང་ཕྱུག་བློ་བཟང་གྲགས་པའི་བསྟན། །བསྟན་པ་རྒྱ་མཚོའི་མཐར་སྤེལ་འཕྲིན་ལས་སྒོ། །སྒོ་འཕར་བརྒྱ་ཕྲག་འབྱེད་མཁས་སྐྱེ་རྒུའི་བཤེས། །བཤེས་གཉེན་དམ་པ་སྲིད་མཐར་ཞབས་བརྟན་ཤོག །སངས་རྒྱས་ཀུན་དངོས་ཀུན་མཁྱེན་ཙོང་ཁ་པའི། །ཆོས་སྲིད་གོང་ནས་གོང་དུ་སྤེལ་བ་ལ། །སྙིང་སྟོབས་རྒྱ་ཆེན་རྒྱ་མཚོ་ལྟར་ཟབ་པ། །གཞོམ་གཞི་རབ་སྤངས་རབ་ཏུ་བརྟན་པར་ཤོག །རྣོ་རྣོ་རྟོག་གེའི་རིག་པ་བརྒྱ་ཕྲག་གིས། །ཡང་ཡང་དཔྱད་ཀྱང་ཀླན་ཀའི་སྐབས་བྲལ་བ། །དག་དག་དྲི་མེད་དགའ་ལྡན་རིང་ལུགས་ལ། །མཁས་མཁས་གཟུར་གནས་མ་ལུས་འཇུག་པར་ཤོག །དགྱེས་མཛད་རྡོ་རྗེའི་ཕོ་བྲང་དགའ་བཞི་ཀུན། །ཀུན་ནས་རྫོགས་ལྡན་གསང་བ་སྔགས་ཀྱི་གྲོང༌། །གྲོང་ཁྱེར་བདེ་ཆེན་གཏེར་མཛོད་སྲས་ཀྱི་གནས། །གནས་འཛིན་འདུས་སྡེ་རྟག་ཏུ་དར་རྒྱས་ཤོག །ཡང་ཡང་རྔུལ་ཆུ་འགྲམ་ངོས་མི་འཛག་པར། །ལྷོད་ལྷོད་གཙུག་ལག་ཀུན་ལ་མིག་ཡངས་པའི། །དམ་དམ་ཁྲིམས་གཉིས་གསེར་ཤིང་རབ་ལྕི་བས། །སྙན་སྙན་དགའ་བའི་རྒྱང་གླུ་ལེན་པར་ཤོག །ཚུར་མཐོང་སྲིད་གདུང་མུན་སྟུག་འཁྱམས་པ་རྣམས། །ཚ་ཟེར་རྣམ་འདྲེན་ཐུགས་རྗེའི་གཟིགས་སངས་ནས། །ཚེ་རབས་ལྷ་མིའི་བདེ་སྐྱིད་ལ་སྤྱོད་པ། །མཚོ་ཆེན་རླབས་ལྟར་དུས་ལས་ཡོལ་མེད་ཤོག །ལོང་ལོང་སྤྲིན་དཀར་གཡོ་བའི་སྦུབས་ནང་ནས། །ལྡིར་ལྡིར་དབྱར་གྱི་རྔ་གསང་བསྒྲགས་པའི་ཚེ། །མཛེས་མཛེས་མདོངས་ལྡན་མངལ་ཁུར་འཛིན་པ་ལྟར། །རིང་རིང་སངས་རྒྱས་ས་དེ་མྱུར་ཐོབ་ཤོག །རྒྱལ་བར་གྱུར་ཅིག་སྭ་སྟི་ཀ་ཡི་གླུ། །རྒྱལ་སྲས་མགྲིན་གཅིག་བླངས་པས་བདུད་བཞི་ལས། །རྒྱལ་རྟགས་བ་དན་བསྒྲེང་དང་དུས་(༤༩བ)


GLG021_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་སུ། །རྒྱལ་རྔ་སྲིད་རྩེའི་བར་དུ་བརྡུང་བར་ཤོག །ཅེས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་ལྷོ་བྲག་སྲས་དགྱེས་པ་རྡོ་རྗེའི་གཞལ་མེད་ཁང་དུ་འཁོད་པའི་དགའ་ལྡན་གསང་སྔགས་བདེ་ཆེན་གྱི་སློབ་དཔོན་དོན་གྲུབ་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྙིགས་དུས་འགྲོ་འདྲེན་ཐུབ་དབང་ཤཱཀྱའི་ཏོག །འོད་དཔག་མེད་སྤྲུལ་ཇོ་བོ་ཡབ་སྲས་ཞབས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། །སྐྱབས་གནས་ཀུན་འདུས་རྨད་བྱུང་ཐུགས་རྗེའི་མཐུས། །བློ་བཟང་སྙན་གྲགས་བསྟན་པ་འཛིན་སྤེལ་བར། །རྣམ་གསུམ་འཁོར་ལོའི་རིམ་པ་རྒྱ་མཚོའི་རླབས། །ནམ་ཡང་ཡོལ་བ་མེད་པར་བསམས་བཞིན་དུ། །སྐྱེ་བའི་ཟློས་གར་མྱུར་དུ་བསྒྱུར་བར་ཤོག །རྗེས་འཇུག་སློབ་བུ་གྲ་རིས་ཡོན་གྱི་བདག །རྣམ་དག་བསམ་པས་དཀོན་ཅོག་རྣམ་གསུམ་མཆོད། །དབུལ་ཕོངས་སྦྱིན་གཏོང་སྐུ་གསུང་ཐུགས་རྟེན་བཞེངས། །དགེ་ཚོགས་ཆེད་དུ་དམིགས་པའི་འབྲས་འབྱིན་ཤོག །རྩེ་གཅིག་དད་པའི་མཐུན་རྐྱེན་རླུང་ཤུགས་ཀྱིས། །གསོལ་འདེབས་གྲུ་རྫིངས་བསྐུལ་བས་མངོན་མཐོ་ཡི། །ཡོན་ཏན་བདུན་ཚང་རིན་ཆེན་གླིང་ཡངས་པོར། །ཡོངས་འཛིན་ཡང་སྲིད་ཡིད་བཞིན་ནོར་རྙེད་ཤོག །སྒོ་གསུམ་འབད་པས་ཉེར་བསགས་བསོད་ནམས་མཐུས། །གདུལ་བྱའི་དོན་དུ་དཔལ་ལྡན་བླ་མ་ཁྱོད། །སླར་ཡང་འབྱོན་པའི་ཞལ་བཟང་མངོན་སུམ་དུ། །མཐོང་བའི་སྐལ་བ་བཟང་པོར་འགྱུར་བར་ཤོག །མྱུར་མཛད་ལེགས་ལྡན་ནག་པོ་ཕྱག་དྲུག་པ། །མ་ཧེའི་ཞལ་ཅན་ལྷ་ཆེན་ཉི་མའི་བུ། །སྲིད་གསུམ་དབང་སྒྱུར་དཔལ་ལྡན་རེ་མ་ཏཱིས། །བསམས་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །དོན་དམ་རང་བཞིན་གྱིས་སྟོང་དབུ་མའི་ལམ། །ཀུན་རྫོབ་རྒྱུ་འབྲས་ནམ་ཡང་སླུ་མེད་པ། །བདེན་གཉིས་ཐབས་(༥༠ན)


GLG021_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐབས་བྱུང་རྟེན་འབྲེལ་གྱིས། །སྨོན་ལམ་ཅི་བཏབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཏྲེ་བོ་ཆོས་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྐུ་སྐྱེ་མྱུར་དུ་འབྱོན་པའི་སྨོན་ལམ་དགོས་ཚུལ་གྲ་རིས་རྣམས་ཀྱིས་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རྒྱལ་སྲས་སྙིང་རྗེའི་གཏེར་ཆེན་པད་དཀར་འཆང༌། །རང་བྱོན་ལོ་ཀེ་ཤྭ་རའི་སྣང་བརྙན་ལ། །གོས་འཕན་འདིས་མཚོན་དངོས་སུ་བཤམས་པ་དང༌། །ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་ཕུལ་བའི་དགེས། །བདག་སོགས་གདུལ་བྱའི་བསོད་ནམས་ཞིང་དམ་པ། །ངག་དབང་འཇམ་དབྱངས་དགའ་བའི་བཤེས་གཉེན་མཆོག །ཚེ་མཐའ་ཡས་པའི་ངོ་བོར་རྟག་བཞུགས་ནས། །ཆོས་འཁོར་རྒྱུན་མི་འཆད་པ་བསྐོར་བར་ཤོག །བློ་བཟང་དཔལ་འབྱོར་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་མི་དགེའི་ལས་ཀུན་རབ་བྱང་ནས། །སྐྱེ་བར་ལྷ་མིའི་བདེ་སྐྱིད་ལ་སྤྱོད་རིང༌། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་ཤོག །ཅེས་རི་མོ་བ་བློ་བཟང་དཔལ་འབྱོར་གྱིས་བསྐུལ་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །བརྒྱུད་པ་ཀུན་འདུས་པདྨ་ཐོད་འཕྲེང་རྩལ། །ཡི་དམ་ཀུན་འདུས་སྒྲུབ་པ་བཀའ་བརྒྱད་ལྷ། །ཆོས་སྐྱོང་ཀུན་འདུས་ལེགས་ལྡན་མ་ནིང་ནག །རྩ་གསུམ་ཀུན་འདུས་ཚོགས་ཀྱིས་བྱིན་ཆེན་ཕོབ། །པཎ་ཆེན་དྲི་མེད་བཤེས་གཉེན་རྣམ་པར་འཕྲུལ། །ཉང་རིགས་བློ་གྲོས་མཆོག་གི་རྡོ་རྗེ་ཡི། །སྤྲུལ་པའི་ཟློས་གར་ཞིང་འདིར་མངོན་གྱུར་པ། །ཡིད་སྲུབས་སྡེར་བཅས་ཚོགས་ལས་རྒྱལ་བར་ཤོག །གསང་གསུམ་མི་གཞིག་རྡོ་རྗེའི་རང་བཞིན་དུ། །ཚེ་དབང་རིགས་འཛིན་ཚོགས་ཀྱིས་བྱིན་བརླབས་ཏེ། །སྔ་འགྱུར་བསྟན་ལ་མཁྱེན་བརྩེ་ནུས་མཐུའི་བདག །དཔལ་ལྡན་སྐལ་པ་བཟང་པོར་འགྱུར་བར་ཤོག །མདོ་སྒྱུ་སེམས་ཕྱོགས་གཏེར་ཁ་གོང་འོག་སོགས། །གསང་ཆེན་རྙིང་མའི་སྨིན་གྲོལ་རྒྱུད་བཤད་ལུང༌། །ཟབ་དོན་མན་ངག་སྤེལ་ཕྱིར་(༥༠བ)


GLG021_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སླར་བྱོན་གང༌། །གཡུ་དྲུང་སྲོག་གི་ཀ་བ་ཚུགས་པར་ཤོག །སྡེ་བརྒྱད་འབྱུང་པོས་གླགས་བལྟ་ཁོན་གྲིབ་བྱད། །སྔོན་གྱི་དུས་སྲི་ངན་སོགས་བར་གཅོད་ཀུན། །དབང་དྲག་པདྨའི་ཕྱག་གཡོན་ལྕགས་སྡིག་གིས། །ཚར་བཅད་མཐར་བསྐྲད་མཐུ་རྩལ་དབྱུང་བར་ཤོག །གངས་རི་སེར་པོར་མཐོང་ལྟར་ལོག་རྟོག་མཐུས། །ཉམས་གྲིབ་རྐྱེན་གྱིས་མཁའ་འགྲོའི་འཁུ་ལྡོག་རྣམས། །སེལ་བྱེད་སྣ་ཚོགས་ཐབས་ཀྱི་སྦྱོར་བ་ཡིས། །རྡུལ་བྲལ་སྟོན་གྱི་ཟླ་བ་ལྟར་འགྱུར་ཤོག །བདག་སོགས་རྣམས་ཀྱི་རྫས་སྔགས་ཏིང་འཛིན་ལ། །བརྟེན་ནས་འཆི་མེད་གྲུབ་པའི་བཅུད་ལེན་ཀུན། །མི་གཞིག་སྲོག་ཏུ་སོང་ནས་མགོན་པོ་ཁྱོད། །འགྲོ་བའི་རེ་སྐོང་ཆེད་དུ་བརྟན་པར་ཤོག །ཁྱད་པར་སྨན་ལུང་ཁུ་དབོན་རིམ་བྱོན་གྱི། །རིགས་དང་བརྒྱུད་ལ་འགོ་ཞིང་དུས་རྒྱུན་དུ། །བསྟེན་ཅིང་སྒྲུབ་པའི་ཆོས་སྐྱོང་སྲུང་མ་ཡིས། །རྟག་ཏུ་གཡེལ་མེད་འཕྲིན་ལས་བྱེད་པར་ཤོག །ངོ་བོ་ཆོས་སྐུའི་ཀློང་ལས་མ་འགགས་གདངས། །རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུར་ཤར་ལས། །ཐུགས་རྗེ་སྤྲུལ་སྐུ་མངོན་སུམ་དེང་བྱོན་པ། །འགྲོ་ལ་ཆོས་འཁོར་བསྐོར་ཕྱིར་བརྟན་པར་ཤོག །ཁྱབ་བདག་ཁྲ་ཚང་པ་ཆེན་པོ་བློ་གྲོས་མཆོག་གི་རྡོ་རྗེའི་སྤྲུལ་སྐུ་གཙང་རོང་རྒྱལ་མཁར་ཕྱོགས་སུ་ཟུར་གྱི་རིགས་ལས་བྱོན་པ་རྡོ་རྗེ་ཚེ་དབང་དཔལ་བཟང་གི་བརྟན་བཞུགས་འདི་ནི་ཆོས་རྗེ་སྐུ་སྐྱེ་ངག་དབང་འཇམ་དབྱངས་རབ་རྒྱས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། །སངས་རྒྱས་ཀུན་གྱི་ངོ་བོར་ཡིད་ཆེས་ནས། །གསོལ་བ་འདེབས་ན་འདི་ཕྱི་བར་གསུམ་གྱི། །བསམས་པའི་འདོད་དོན་མ་ལུས་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་ཨ་ཁས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གསོལ་དཔོན་སྔགས་རམས་པའོ། །(༥༡ན)


GLG021_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ པཱ རཱ ཙྪ མཱུ ཁེ ཥུ ལོ ཀེ ཤྭ རོ མཱ ཡ ལཱ ལི ཏྱ ན རྟཱ མི ཐཱ ཀཱ ཤ བི མྦཿ གཙོ་ཐང༌། རས་དཀར་མན་ཤེལ་ངོས་སུ་འཇིག་རྟེན་དབང༌། །སྒྱུ་འཕྲུལ་རོལ་གར་མ་འདྲེས་གསལ་བའི་གཟུགས། །མ ཧཱ བོ དྷི ས ནྡྷཽ དྲྀ ཤཱ བཱ ལི པུ ཎྱཱ ཧ རོ ཤཱ ཏ མཱ བྷཱ བ ན ཤཱི ཛྭ ལ ནྟུ། བྱང་ཆེན་བར་དུ་གཟིགས་མོར་ཚར་དངར་བ། །བསོད་ནམས་ཉི་མའི་དངོས་བརྒྱ་དཔལ་འབར་ཤོག །ངག་གི་འདོད་འཇོ་དབང་བའི་བློ་གྲོས་ལ། །བཟང་པོའི་སྐལ་བ་ཅན་སྦྱོར་རྒྱ་མཚོའི་རླབས། །འཕྲེང་བ་ཡོལ་མེད་རྟེན་འབྱུང་མི་བསླུའི་མཐུས། །སྲིད་ཞིའི་བདེ་ལེགས་ལྷུན་གྱིས་གྲུབ་པར་ཤོག །བྱང་སེམས་ནམ་སྙིང་ཚངས་རིས་དྲི་ཟའི་རྒྱལ། །སྡེ་བརྒྱད་དྲེགས་ལྡན་གཙུག་ན་ཞབས་སེན་རྡུལ། །དམར་འོད་ཆགས་པའི་གཟི་ཡིས་དབང་དྲག་དང༌། །ཞི་རྒྱས་ལས་ཀུན་ལྷུན་གྱིས་གྲུབ་པར་ཤོག །འདིའི་གྲས་མེ་ཡིས་བསྒྱུར་བ་མདའ་ཡི་གྲངས། །བསྐྲུན་པས་གཡོ་རུ་ཡར་ཀླུངས་ཁེ་གསུམ་པའི། །(༥༡བ)


GLG021_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནོར་རིགས་བརྒྱུད་དབང་ཐང་གསར་ཚེས་ཟླ། །དཀར་ཆ་ཇི་བཞིན་བླ་ནས་བླར་འཕེལ་ཤོག །མཁས་གྲུབ་དམ་པའི་ཐུགས་རྗེ་ལྷ་ལམ་ངོས། །སྲས་བཅས་ཞི་ཁྲོའི་བྱིན་རླབས་ཆུ་འཛིན་འཁྲིགས། །ཆོས་སྲུང་འཕྲིན་ལས་དབྱར་རྔ་ལྡིར་བ་ལས། །ཕུན་ཚོགས་དགའ་སྟོན་ཆར་ཆེན་འབེབས་པར་ཤོག །གཡས་དང་པོ། ཤིན་ཏུ་འཇམ་ཞིང་སྙན་པའི་དབྱངས་ལྡན་ཀྱང༌། །དུས་དགྲར་ཟ་བྱེད་མ་ཧེའི་ཞལ་གདངས་པས། །བདུད་བཞིའི་ཀླད་འགེམས་ཉི་མའི་གཟི་བྱིན་གྱིས། །ས་གསུམ་འབྱུང་པོའི་མེ་ཁྱེར་འཇོམས་པར་ཤོག །དགྲ་ནག་དཀྱིལ་འཁོར་འཁོར་ལོའི་བདག་ཉིད་ཀྱིས། །ལས་ཀྱི་མཐར་ཐུག་སྒྲུབ་པ་མི་གཡེལ་ཞིང༌། །དངོས་གྲུབ་ཀུན་འབྱུང་ཡ་མཱ་རི་ཏཱ་ག །སྤྲོས་མེད་ལམ་གྱི་ཟུང་འཇུག་མངོན་གྱུར་ཤོག །ཤེས་བྱར་སྲིད་ཚད་འཇལ་བའི་བློ་གྲོས་མིག །ཡངས་པའི་མཆོག་སྟེར་དཀར་སེར་ཟུར་ཕུད་རྒྱན། །རྣམ་རྟོག་ལྕགས་ཁམས་བདེ་སྐྱིད་གསེར་སྦྱངས་སུ། །བསྒྱུར་མཛད་འཇམ་དཔལ་ནག་པོས་དེང་སྐྱོངས་ཤིག །གཉིས་པ། འཁོར་བའི་མཚོ་ལས་འགྲོ་བ་ཀུན་སྒྲོལ་བར། །གྲུ་འཛིན་རི་བོའི་སྤོ་ན་འཇིག་རྟེན་དབང༌། །བགྲང་ཡས་དཀྱིལ་འཁོར་ཆེན་པོའི་ཁྱབ་བདག་ཏུ། །བཞེངས་པར་འོད་མཚན་འབར་བའི་ཅོད་པན་མཛེས། །ལེགས་བྲིས་བཅུད་བྲལ་མི་དང་བྱོལ་སོང་དང༌། །ཡི་དྭགས་དམྱལ་བའི་ལུས་ཅན་རྣམ་འདྲེན་མགོན། །གང་འདུལ་སྤྲུལ་པའི་རོལ་གར་ཐུབ་པ་དྲུག །འཁོར་གདུང་ཟུག་རྔུ་འབྱིན་པ་སྨན་གྱི་མཆོག །བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱི། །ངོ་བོ་ཕྱག་རྒྱ་མཚན་མའི་གཟུགས་ཤར་བ། །སྡུག་བསྔལ་གསུམ་ལས་སྐྱེ་རྒུ་མ་ལུས་པ། །དྲོངས་ཤིག་སྒོ་སྐྱོང་ཁྲོ་མོ་རྣམ་པ་བཞི། །གསུམ་པ། རྡོ་(༥༢ན)


GLG021_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ལུས་ཀྱི་ཕོ་བྲང་ཆེན་པོ་ལ། །སྒྲུབ་པ་སྡེ་བརྒྱད་ལྷ་ཚོགས་ཀུན་ཚང་བ། །རྩ་གསུམ་འདུས་པའི་བདག་ཉིད་དྲག་པོ་རྩལ། །བྱིན་ཕོབ་དབང་དང་དངོས་གྲུབ་མ་ལུས་སྩོལ། །ཉི་བུའི་གཉེན་པོར་འཇམ་དཔལ་ཁྲོ་བོའི་རྒྱལ། །ཚེ་བདག་དྲེགས་པའི་རྒྱལ་པོ་འཆར་ཀ་ནག །ཀི་ཀང་ཕྱག་རྡོར་ཁྲོས་པ་དྲང་སྲོང་གི །དམོད་པས་སྡེ་བརྒྱད་གནོད་པ་རྦོད་གཏོང་བཟློག །ལྷུང་བཟེད་ཀ་ལ་ཤ་ནས་ཕྱིར་ལུད་པའི། །འཆི་མེད་ཟིལ་དངར་རྒྱུན་གྱིས་སྲོག་གི་ཟུངས། །ཡོངས་གྱུར་ཚེ་ཡི་གཡུང་དྲུང་ཉི་ཟླ་ལྟར། །རྟག་ཏུ་གཞོམ་ཞིག་བྲལ་བར་བྱིན་གྱིས་རློབས། །བཞི་པ། ཆོས་རྣམས་སྤྲོས་བྲལ་དབུ་མའི་ལམ་པོ་ཆེར། །དུས་གསུམ་རྒྱལ་ཀུན་བགྲོད་པའི་ཡུམ་གཅིག་མ། །ཤེས་རབ་ཕ་རོལ་ཕྱིན་པ་བཞིན་ལག་ཏུ། །ཤར་བའི་མི་མཐུན་ཕྱོགས་རྣམས་ཟིལ་གྱིས་གནོན། །སོ་སོར་འབྲང་མ་རྨ་བྱ་ཆེན་མོ་དང༌། །སྟོང་ཆེན་རབ་འཇོམས་གསང་སྔགས་རྗེས་སུ་འཛིན། །བསིལ་པའི་ཚལ་གྱིས་རིགས་བརྒྱུད་གངྒཱའི་རྒྱུན། །ཇི་བཞིན་ཆད་པ་མེད་པར་རྗེས་སུ་གཟུང༌། །བདེ་བར་གཤེགས་པའི་གཙུག་ཏོར་ལས་བྱོན་པ། །གདུགས་དཀར་ལྷ་མོས་ཕ་རོལ་རྦོད་གཏོང་བྱད། །གདོན་བགེགས་དུས་མིན་འཆི་དང་ནད་རིམས་མུན། །མཐུ་སྟོབས་ཉི་མའི་འོད་ཀྱིས་སངས་པར་མཛོད། །ལྔ་པ། ཞལ་ཁྱིམ་རྒྱལ་མཚན་ཏོག་དང་ནེའུ་ལེ་ཡི། །མགྲིན་ལས་བསྐྱུགས་པའི་ཕུན་ཚོགས་རིན་ཆེན་དབྱེ། །ཕྱུར་བུར་སྤུངས་དང་མཉམ་པར་འདོད་དགུའྀ་ཆར། །ཕོབ་ཅིག་དཔལ་ལྡན་རྣམ་མ་ཐོས་པའི་སྲས། །རྨུགས་འཛིན་ནོར་བུ་བཟང་པོ་སུ་པུ་རྞ། །ཀུ་བེ་ར་དང་ཡང་དག་ཤེས་འབྲོག་གནས། །ལྔ་རྩེན་འཇམ་པོ་འཁྱིལ་རྣམས་ཅང་ཤེས་ལ། །ཞོན་ནས་སྲིད་ཞིའི་དཔལ་འབྱོར་སྐད་ཅིག་སྡུས། །གནོད་སྦྱིན་བྱེ་བའི་དཔུང་གི་ཚོགས་རྣམས་ཀྱིས། །ལོག་འདྲེན་དགྲ་སྡེ་(༥༢བ)


GLG021_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་ཚར་བཅད་དེ། །རྣམ་པར་རྒྱལ་བའི་རུ་མཚོན་འཇའ་རིས་ཀྱིས། །དར་ཆེན་ལྷ་ལམ་ཀུན་ཏུ་ཁྱབ་པར་ཕྱོར། །དྲུག་པ། མཁའ་ལ་བེ་ཅོན་གཟས་པས་དགྲ་བགེགས་ཀླད། །བཅོམ་པའི་ཁྲག་རྒྱུན་བདེ་སྐྱོང་ཡོལ་གོ་རུ། །བླུག་ནས་འཐུང་བའི་དཔལ་ལྡན་རེ་མ་ཏཱིས། །བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་ཆོམས། །ཟླ་བའི་བཞིན་དངོམ་གསེར་ཞུན་བརྗིད་མདངས་ཅན། །རྗེས་ཆགས་ལང་ཚོ་དར་བའི་སྤྲུལ་སྒྱུར་གྱིས། །སྒྲིབ་གཉིས་ནད་གདོན་ཡོངས་ཞི་ཚེ་འབྱོར་རྒྱས། །སྲིད་ཞིའི་ལེགས་ཚོགས་དངོས་ཀུན་དབང་སྡུས་ཤིག །སྔ་ཕྱིར་རྒྱུག་པའི་གདོང་ཅན་རྣམ་གཉིས་དང༌། །དམར་སེར་རལ་པའི་ཁྲོད་ཤར་མ་མོ་བཞིས། །དུས་བཞིའི་མི་བཟད་ཆོ་འཕྲུལ་སྣ་དྲངས་ནས། །ལོག་འདྲེན་ཡུལ་འཁོར་བཅས་པ་རྡུལ་དུ་རློག །བདུན་པ། ཤེལ་དཀར་ལྷུན་པོ་དབང་གཞུས་འཁྱུད་པ་ཡི། །རྗེས་འགྲོ་མཚར་སྡུག་ན་ཆུང་འཆི་མེད་སྐུར། །དར་ཟབ་རིན་ཆེན་རྒྱན་གྱིས་རྣམ་པ་བཀྲག །སྲིད་ཞིའི་དབུལ་སེལ་དཔལ་ལྡན་དུང་སྐྱོང་མ། །རྒྱལ་དབང་པདྨའི་སྤྱན་སྔར་པུར་རྒྱལ་གྱི། །བསྟན་འགྲོའི་བདེ་སྐྱིད་སྤེལ་བའི་གཡར་དམ་ཅན། །བདུད་དང་གནོད་སྦྱིན་སྨན་མའི་རིགས་འཛིན་པ། །བསྟན་མ་བཅུ་གཉིས་འཁོར་དང་བཅས་རྣམས་ཀྱིས། །ནད་རིམས་གདོན་བགེགས་སད་སེར་བཙའ་ཐན་སོགས། །རྒུད་པའི་ཉེར་འཚོ་མཐའ་དག་དྲུང་ཕྱུངས་ནས། །སྣོད་བཅུད་ཡོན་ཏན་ཐམས་ཅད་མ་རྨོས་པའི། །ལོ་ཏོག་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །གཡོན་དང་པོ། བགྲང་ཡས་བློ་གསལ་མགོན་དུ་མཁས་བཙུན་བཟང༌། །ལེགས་གྱུར་གྲགས་པའི་དཔལ་འབར་མཁྱེན་བརྩེ་ནུས། །རིགས་གསུམ་མགོན་པོའི་བདག་ཉིད་ཙོང་ཁ་པ། །ཟླ་མེད་གཏན་གྱི་སྐྱབས་དང་དཔུང་གཉེན་མཆོག །ལྔ་བརྒྱའི་གཙུག་རྒྱན་ཇོ་འབྲོམ་ཡབ་སྲས་གཉིས། །ཤེས་བྱར་སྲིད་ཀུན་མཁྱེན་པ་བུ་སྟོན་རྗེ། །གསང་བདག་དངོས་གྱུར་ནམ་མཁའ་རྒྱལ་མཚན་(༥༣ན)


GLG021_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས། །སྲས་ཀྱི་ཐུ་བོ་རྣམ་གསུམ་ཚར་དུ་དངར། །དུས་གསུམ་འདྲེན་རྣམས་མ་དག་གདུལ་བྱའི་དོན། །བཤེས་གཉེན་གཟུགས་སུ་འཆར་ཕྱིར་ཐུགས་རྗེའི་སྤྲིན། །ལང་ལོང་ཁྲིགས་ལས་བྱིན་རླབས་གྲུ་ཆར་གྱིས། །བདེ་སྐྱིད་མྱུ་གུ་སྐྱེད་དུ་བསྲིང་བར་ཤོག །གཉིས་པ། མི་བསྐྱོད་འཇམ་དཔལ་སྐུ་ལ་གདན་གསུམ་ལྷ། །ཅིག་ཅར་ཚང་བ་བསྐྱེད་པའི་རིམ་པ་དང༌། །རིམ་ལྔ་གྲོལ་བའི་ཐིག་ལེའི་ལམ་བཟང་ལ། །བརྟེན་ནས་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །བགྲོད་དཀའ་གསུམ་གྱི་འཕྲང་རིང་ལས་བརྒལ་ནས། །ཟུང་འཇུག་བདེ་བ་ཆེན་པོའི་གྲོང་ཁྱེར་དུ། །འཁྲིད་པའི་དེད་དཔོན་དགྱེས་མཛད་ཧེ་རུ་ཀཿ །བདག་མེད་རྡོ་རྗེ་བཙུན་མོ་དུས་ཀུན་སྐྱོངས། །གསུམ་པ། རྣམ་པར་འཇོམས་པའི་གསང་སྔགས་མེ་དཔུང་གིས། །གདོན་ཚོགས་འབྱུང་པོའི་བུད་ཤིང་ཀུན་བསྲེག་ཅིང༌། །དྲན་པས་འཆི་མེད་དཔལ་སྟེར་བི་ཛ་ཡ། །གཙུག་ཏོར་ལྷ་མོས་ཚེ་ཡི་མཆོག་སྦྱིན་ཞིག །བཞི་པ། ཤིན་ཏུ་གདུལ་དཀའི་སེམས་ཅན་ནམ་མཁའི་མཐའ། །ཇི་སྙེད་ཞི་བས་འདུལ་ཡུལ་མ་གྱུར་པས། །སྤྱན་རས་གཟིགས་དབང་ཁྲོ་བོའི་སྐུར་བཞེངས་པ། །བླ་མགོན་ངོ་བོ་གཅིག་གྱུར་མྱུར་མཛད་ལྷ། །གནོད་སྦྱིན་ལྷ་ཆེན་གཤིན་རྗེ་བདུད་ཀྱི་རིགས། །བཀའ་སྡོད་རྫུ་འཕྲུལ་ཐོགས་མེད་རྣམ་བཞི་སོགས། །དམ་ཅན་རྒྱ་མཚོས་གང་འཚམ་ཆོ་འཕྲུལ་གྱིས། །ལོག་འདྲེན་གདུག་པའི་ཚོགས་རྣམས་སྤ་བཀོངས་ཤིག །བསྟན་སྲུང་བྱེ་བའི་སྡེ་དཔོན་གུར་གྱི་མགོན། །ལེགས་ལྡན་གདོང་བཞི་དཔའ་བོ་བྲམ་ཟེའི་གཟུགས། །ཞི་རྒྱས་དབང་དྲགས་ལས་ཀུན་མ་ལུས་པ། །སྒྲུབ་པའི་མཐུ་སྟོབས་ནུས་པ་ད་སྐྱེད་ཅིག །ལྔ་པ། ཡིད་བཞིན་ནོར་བུའི་མཚན་དང་དོན་མཐུན་པར། །བཀྲེས་སྐོམ་ཚ་གདུང་བཅིལ་བའི་ཟླ་ཞལ་མགོན། །དངོས་གྲུབ་ཀཏྤུར་ཡི་ཟེགས་མའི་(༥༣བ)


GLG021_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ། །ཕབ་ནས་ཡིད་ཀྱི་གདུང་བ་སེལ་བར་མཛོད། །སྲིད་གསུམ་བརྟན་པ་འཕྲོག་པ་རིགས་བྱེད་མ། །གླང་པོའི་གདོང་ཅན་ལྷ་ཆེན་བགེགས་ཀྱི་རྒྱལ། །འདོད་པའི་རྒྱལ་པོས་ས་འོག་ས་སྟེང་དང༌། །ས་བླའི་ལེགས་ཚོགས་ཝ་ཤངྐུ་རུ་ཧོ། །ཕྱག་མཚན་བཞི་འཛིན་གནོད་སྦྱིན་ངལ་བསོས་པོས། །དབང་དྲག་འཕྲིན་ལས་ཅིག་ཅར་བསྒྲུབ་པ་དང༌། །གངས་རིའི་མདངས་འཛིན་དཔལ་ལྡན་ཛམ་བྷ་ལས། །ལྷ་མིའི་ཟས་ནོར་ལོངས་སྤྱོད་ཕྱུར་བུར་སྤུངས། །དྲུག་པ། རིམ་བདུན་ས་འོག་ཐོད་པ་ལྕགས་མཁར་ནང༌། །སྲིད་གསུམ་སྐྱེ་རྒུའི་སྲོག་གི་བདག་པོའི་གཤེད། །ཕྱི་ནང་གསང་བའི་ལས་གཤིན་འཁོར་བཅས་ཀྱིས། །མངོན་སྤྱོད་དྲག་པོའི་ལས་རྣམས་བསྒྲུབ་པར་མཛད། །བརྐྱང་བསྐུམ་ཞབས་ཀྱིས་སྲིད་གསུམ་འབྱུང་པོའི་ལུས། །གཡོ་འགུལ་མེད་པར་གནོན་མཛད་གསང་བའི་བདག །ལོག་འདྲེན་འདུལ་བའི་ཕྱག་རྒྱ་ཐུགས་ཀ་རུ། །བཅིངས་ནས་ནམ་ཡང་ལྡང་བ་མེད་པར་མཛོད། །འཇིགས་བརྒྱད་སྐྱོབ་དང་ཉེར་གཅིག་ལས་བསྒྲུབ་པའི། །རྣམ་འགྱུར་དུ་མ་སྤྲོ་བའི་གཞི་གཅིག་པོ། །སེང་ལྡེང་ནགས་ཀྱི་སྒྲོལ་མས་མི་འཇིགས་པའི། །སྦྱིན་པའི་སྒོ་འཕར་བརྒྱ་ཕྲག་དབྱེ་བར་མཛོད། །བདུན་པ། ཡིད་འཕྲོག་རིན་ཆེན་ཆུ་མཚོའི་གཞལ་མེད་དབུས། །རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་གསང་བའི་བདག །ཕྱག་ན་རྡོ་རྗེ་འབར་བའི་མཚོན་རྣོན་པོས། །ཀླུ་གཉེན་ས་བདག་གདུག་རྩུབ་ཞི་བར་མཛོད། །དཀྱིལ་འཁོར་གཅིག་ཏུ་གདེངས་ཅན་མ་ལུས་པ། །འདུས་ནས་དགའ་བདེར་སྤྱོད་པའི་རྟེན་འབྲེལ་མཐུས། །ས་བརྐོས་རྡོ་གཤགས་ཤིང་བཅད་རྩིང་སྤྱོད་ཀྱིས། །ཕོག་ཐུག་ཉེས་ཚོགས་མ་ལུས་ཞི་བར་ཤོག །མི་བཟད་གདུང་བས་ལྟོ་འགྲོའི་ཚོགས་མན་རེག །ཏིང་འཛིན་སྔགས་རྫས་ཆོ་ག་ལ་བརྟེན་ནས། །ཉེར་ཞི་ལུས་སེམས་བདེ་བས་ཁྱབ་གྱུར་པའི། །རྒྱུ་འབྲས་བསླུ་བ་མེད་པ་ལྷུན་གྲུབ་ཤོག །ཅེས་ཡར་ཀླུངས་ཁེ་གསུམ་དུ་འགྲེམ་རྒྱུའི་བྲིས་ཐང་གྲྭ་ཚར་བཅོ་ལྔའི་རྒྱབ་ཡིག་མཆོད་དཔོན་ངག་དབང་ཤེས་རབ་(༥༤ན)


GLG021_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གཙུག་ལག་དུ་མར་བློ་མིག་ཡངས་པ་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་ཛཡནྟུ། །དགེ་བཅུ་ཀུན་ཚང་གངས་ཅན་ལྷ་ལམ་ངོས། །ས་ཧོར་རྒྱལ་རིགས་ཆུ་ཤེལ་དཀྱིལ་འཁོར་ལ། །དལ་འབྱོར་རི་དྭགས་སྣང་བརྙན་རབ་བཀྲ་བ། །ཕན་བདེའི་ཀུནྡ་བཞད་ལ་གསོལ་བ་འདེབས། །ཐག་ཁྲར་སྦྲུལ་བཞིན་སྐྱེ་བའི་གྲགས་སྙན་འབར། །རྗེ་བཙུན་རིམ་བྱོན་གདན་སར་གོམ་པ་བཀོད། །མཐའ་ཡས་གདུལ་བྱའི་རེ་བ་ཡོངས་སྐོང་བ། །མཚུངས་མེད་སྤྲུལ་སྐུའི་ཞབས་ལ་གསོལ་བ་འདེབས། །བཅུ་ཕྲག་རིག་པའི་གནས་ལ་སྦྱངས་པས་མཁས། །སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན་པས་བཙུན། །རིས་མེད་འགྲོ་ལ་ལྷག་བསམ་དཀར་བས་བཟང༌། །ཐུབ་བསྟན་འཛེས་པའི་རྒྱན་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་དུ་མའི་ཞབས་པད་བསྙེན། །བགྲང་ཡས་གསང་ཆེན་འཁོར་ལོར་ཡོངས་སུ་སྨིན། །གྲོལ་ལམ་བསྐྱེད་རྫོགས་རྫོགས་ཆེན་ཐོས་བསམ་ལ། །སྒོམ་པའི་བག་ཆགས་སད་པར་གསོལ་བ་འདེབས། །རྒྱུད་བཤད་གདམས་པ་རིག་གཏད་རྒྱབ་བརྟེན་ལུང༌། །འཕྲིན་ལས་རྣམ་བཞིའི་ཕྱག་བཞེས་མན་ངག་སོགས། །ཚུལ་བཞིན་འབད་པས་བརྒྱན་པའི་གོམས་འདྲིས་ཀྱི། །སྨྲ་བའི་སྤོབས་པ་དགེ་ལ་གསོལ་བ་འདེབས། །ལྷ་སྔགས་ཡེ་ཤེས་ནམ་མཁའི་གླང་པོ་ལས། །ཞི་རྒྱས་དབང་གི་དངོས་གྲུབ་གྲུ་ཆར་འབེབས། །མངོན་སྤྱོད་ཐོག་མདས་ཡིད་སྲུབས་སྡེ་བཅས་བྲག །མིང་གི་ལྷག་མར་འཐག་ལ་གསོལ་བ་འདེབས། །གསུང་རབ་འཆད་ལ་དབྱིག་གཉེན་རྗེས་སུ་འགྲོ། །རྩོད་པས་རྒོལ་ངན་ཚར་གཅོད་ཆོས་གྲགས་མཆེད། །རྩོམ་ལ་དགེ་དབང་ངུར་སྨྲིག་གོས་མནབས་པས། །བློ་གསལ་རེ་བ་སྐོང་ལ་གསོལ་བ་འདེབས། །ལེགས་བྱས་ཚེ་རིང་གནམ་གྱི་དཔུང་པ་ཡིས། །རྩོལ་བའི་ངལ་བར་བལྟོས་མིན་རྐང་སེན་ཟླ། །རྒྱ་ཧོར་བོད་སོགས་ཆེ་དགུ་མགྲིན་སྔོན་གྱི། །གཙུག་ཏོར་རྩེ་མོར་འཆར་ལ་གསོལ་བ་འདེབས། །ངག་དབང་འཇམ་དབྱངས་དགའ་བའི་བློ་གྲོས་(༥༤བ)


GLG021_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །སྐལ་བཟང་གདུལ་བྱའི་མཛའ་བཤེས་གཉེན་གྱུར་པ། །ཚངས་སྲས་བཞད་པའི་ལེགས་བཤད་རྒྱ་མཚོའི་གཏེར། །འཇིགས་མེད་རྡོ་རྗེའི་སྡེ་ལ་གསོལ་བ་འདེབས། །གསོལ་བཏབ་མཐུ་ལས་དབང་ཆེན་སྤྲུལ་པའི་གར། །བསྟན་འཛིན་འགྱུར་མེད་རྡེ་རྗེ་དཔལ་བཟང་པོ། །ཀུན་བཟང་གདོད་མའི་རང་ཞལ་མངོན་གྱུར་པར། །མི་འབྲལ་བརྩེ་བས་རྗེས་སུ་འཛིན་པར་ཤོག །དུས་གསུམ་སངས་རྒྱས་ཕ་མཐའ་མི་མངོན་ཀྱང༌། །ཀུན་འདུས་གཅིག་ཆོས་པདྨ་ཐོད་འཕྲེང་གིས། །ཆོས་དང་སྲིད་ཀྱི་བསམ་དོན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །དབང་ཆེན་ཟློས་གར་ཐུགས་སྲས་ཟླ་བའི་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེས་རྒྱུན་གྱི་ཞལ་འདོན་དང་ཐེག་མཆོག་རབ་རྒྱས་གླིང་དུ་འཛུགས་རྒྱུའི་རྣམ་ཐར་གསོལ་འདེབས་རྗེས་འཛིན་གྱི་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་གསུངས་གིས་བསྐུལ་བ་ལྟར་བྱི་བ་ལ་གླང་ཆེན་གྱི་དཔེ་བཞིན་སྒྲོ་བཏགས་གྱི་སྟོང་ཤོབ་བླ་ཆེན་སྤྱི་པའི་ཕྱག་མཛོད་ནས་བཏོན་ཏེ་ཟ་ཧོར་གྱི་བནྡེས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་སྨྲ་བ་མཐར་རྒྱས་པ་བློ་བཟང་དབང་པོའོ། །གཙོ་ཐང༌། ངག་ལ་ངག་སྟེར་ཟུར་ཕུད་ལྔ་ལྡན་པ། །རབ་གསལ་རབ་མང་ཤེས་རབ་སྣང་བའི་ལྷ། །འཇམ་མཉེན་འཇམ་དཀར་སྨྲ་བའི་དབང་ཕྱུག་གིས། །བློ་ལྡན་བློ་ཡི་འདབ་སྟོང་བཞད་ལ་འདུད། །རྣམ་འདྲེན་བསྐལ་བཟང་བཞི་པ་ཤཱཀྱའི་རྒྱལ། །རྒྱལ་ཚབ་རྣམ་གཉིས་གཞུང་ལུགས་རྒྱ་མཚོའི་འཐའ། །མཐའ་འཇལ་རྣམ་དཔྱོད་གཟིངས་ཀྱིས་ཤེས་ལྡན་ཀུན། །ཀུན་དགའི་འདོད་འཇོ་མི་འཛད་སྟེར་ལ་འདུད། །འཇིགས་འཇིགས་ཡོལ་མེད་མཐའ་ཟུང་མ་ལྷུང་དབུས། །དྲང་དྲང་སྲིད་སྒྲུབ་མདའ་འདྲའི་བདེན་གཉིས་གོ །བཙན་བཙན་ཞི་བའི་ཆ་གང་ཐུབ་བསྟན་ཟླ། །གསལ་གསལ་ལང་ཚོ་དར་བའི་སྡེ་ལ་འདུད། །མཆོག་གསུམ་(༥༥ན)


GLG021_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་བྱིན་རླབས་ཟིལ་དངར་ཅན། །མགོན་ཁྱོད་ཕྱག་སོར་གྱིས་བཏེག་ཡོལ་གོའི་ནང༌། །གྱེན་འཕྱུར་ཆུ་རྒྱུན་ཡོན་སྦྱོར་ཚངས་བུག་ནས། །ཉེར་ཞུགས་ལུས་གང་རྟེན་ཅིང་འབྲེལ་འབྱུང་མཐུས། །འགོས་རིགས་ཡེ་བཟང་རྩེ་པ་གཡུ་ལོ་པའི། །རྒྱུད་ལས་ཉེར་སོན་སྐྱིད་སྐྱིད་དུས་མིན་གྱི། །འཆི་བའི་གཡུལ་ལས་རྣམ་པར་རབ་རྒྱལ་ཏེ། །མི་ཤིགས་སྲོག་གི་ཀ་བ་ཚུགས་པར་ཤོག །མཛད་པ་བཅུ་གཉིས། སྐད་ཅིག་བསྐལ་པར་བསྒྱུར་བའི་རྫུ་འཕྲུལ་མཐའ། །བྱང་སེམས་སློབ་མར་བཅས་པས་རྙེད་མིན་ན། །ཚུར་མཐོང་བློ་གྲོས་ཕྲ་མོས་འཇལ་བའི་ཁུར། །བྱུང་བཤུལ་བསྙེག་པའི་བུང་བ་ཇི་བཞིན་ངལ། །དཔག་ཚད་ལྔ་བཅུར་ལྡན་པ་ཆུ་ཤེལ་དབང༌། །རྨིག་རྗེས་ཆུ་ནང་འཆར་ལྟར་འགྲོ་བའི་བློར། །ཉེར་འཚམ་མིག་གཟུགས་གྲངས་ཀྱི་མཛད་པ་ལ། །བལྟ་བའི་སྐལ་བཟང་ལེགས་བྱས་བྱ་བས་བསྐྲུན། །བསོད་ནམས་སྤེལ་འདིས་མགོན་ཁྱོད་རླབས་ཆེན་ཚོགས། །བསགས་པའི་ཕུང་པོར་ཡོན་སྦྱོར་སྦྱིན་པའི་བདག །མཉམ་པོར་ལོངས་སུ་སྤྱོད་བྱིན་རླབས་པའི་ཆེད། །འཁོར་ལོས་མཚོན་པའི་ཕྱག་མཐིལ་དེང་གཙུག་ཁྱོངས། །ཚེ་དཔག་མེད། མཛོད་སྤུའི་འོད་ཟེར་སྤྲོས་པས་མཚུན་ལྷའི་མུན། །མཐར་བྱེད་ཚེ་དང་ཡེ་ཤེས་དཔག་མེད་སྐུ། །མདའ་མིག་གྲངས་སུ་བསྐྲུན་པའི་ལེགས་བྱས་ཀྱིས། །ཕུང་པོར་རི་བོ་དངོས་སུ་རྒྱུ་བ་བཞིན། །འགོས་རིགས་ཡེ་བཟང་རྩེ་བ་གཡུ་ལོ་པའི། །རྒྱུད་ལས་ཉེར་སོན་སྐྱིད་སྐྱིད་དུས་མིན་གྱི། །འཆི་བའི་གཡུལ་ལས་རྣམ་པར་རབ་བརྒྱལ་ཏེ། །མི་ཤིགས་སྲོག་གི་ཀ་བ་ཚུགས་པར་ཤོག །མགོན་ཁྱོད་ཞལ་བཟང་པདྨ་རྭ་གའི་མདངས། །རྗེས་ཆགས་གསེར་འགྱུར་རྩི་ཡིས་བདུད་བཞིའི་ལྕགས། །གཏན་མདུན་ས་ལེ་སྦྲམ་དུ་ཉེར་བསྒྱུར་ནས། །བདེ་སྐྱིད་འབྱོར་པའི་དཔལ་ལ་སྤྱོད་པར་ཤོག །རྣམ་པར་རྒྱལ་མ། ཁྱོད་ཞལ་མཐོང་སྒོམ་མཚན་ཙམ་འཛིན་པས་ཀྱང༌། །གཤིན་རྗེའི་མེ་ལོང་འཆང་བའི་ཕོ་ཉ་རྣམས། །སྒྱིད་སྐྱུར་ཉི་མའི་གཉེན་གྱིས་(༥༥བ)


GLG021_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བསྔགས་པས། །རྣམ་པར་རྒྱལ་མ་དབང་ཟུང་བསྐྲུན་པའི་དགེས། །འགོས་རིགས་ཡེ་བཟངརྩེ་པ་གཡུ་ལོ་པའི། །རྒྱུད་ལས་ཉེར་སོན་སྐྱིད་སྐྱིད་དུས་མིན་གྱི། །འཆི་བའི་གཡུ་ལས་རྣམ་པར་རབ་རྒྱལ་ཏེ། །མི་ཤིགས་སྲོག་གི་ཀ་བ་ཚུགས་པར་ཤོག །གང་གི་གཙུག་ཏོར་རེག་པའི་མོད་ཉིད་ལ། །ཉི་བུའི་ཞགས་པས་བཅིངས་པ་མི་ཡི་གཟུགས། །འཆི་མེད་ལུས་སུ་གྱུར་ནས་བསྐལ་པར་ཡང༌། །གནས་པའི་འཚོ་བ་དོན་དང་ལྡན་པར་ཤོག །སྒྲོལ་དཀར། ཚེ་དཔག་སྦྱིན་པར་ཡིད་བཞིན་ནོར་བུ་ལྟར། །རེ་འདོད་འཁོར་ལོ་རྟག་སྐོར་སྒྲོལ་དཀར་སྐུ། །འབྱུང་ལག་གྲངས་སྤེལ་ལེགས་བྱས་ཡོངས་འདུའི་ལྗོན། །ཕན་བདེའི་འབྲས་བཟང་དུས་སུ་སྨིན་པའི་མཐུས། །འགོས་རིགས་ཡེ་བཟང་རྩེ་པ་གཡུ་ལོ་པའི། །རྒྱུད་ལས་ཉེར་སོན་སྐྱིད་སྐྱིད་དུས་མིན་གྱི། །འཆི་བའི་གཡུལ་ལས་རྣམ་པར་རབ་རྒྱལ་ཏེ། །མི་ཤིག་སྲོག་གི་ཀ་བ་ཚུགས་པར་ཤོག །སྔགས་འཕྲེང་ཟིལ་མངར་སྲོག་གི་ཟུངས་གྱུར་ཅིང༌། །འོད་ཟེར་དྲུག་སྦྲགས་མཉེན་ལྕུག་ཨུཏྤ་ལས། །ཉེར་གཏམས་བསྐལ་པའི་རླུང་གིས་མི་གཞོམ་པར། །བཅུག་གནས་ཨཱཪྻ་ཏཱ་རེས་རྗེས་ཟུངས་ཤིག །ཅེས་ཡར་ཀླུང་ཁེ་གསུམ་དུ་འདི་གའི་འདྲ་འབག །མཛད་བཅུ། ཚེ་དཔག་མེད། སྒྲོལ་དཀར་རྣམ་རྒྱལ་མ་ལྔ་སོ་སོར་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་མའི་ཚེ་སྒྲུབ་ཏུ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །རང་རིག་ཆེ་མཆོག་ངོ་བོར་གདོད་མ་ནས། །ཤར་བའི་རང་གདངས་ཡེ་ཤེས་འོད་ལྔའི་གཟུགས། །དཔལ་ཆེན་ཁྲག་འཐུང་ལུས་ཀྱི་དཀྱིལ་འཁོར་ལ། །ཞི་ཁྲོ་ཀུན་འདུས་གཅིག་ཆོག་ཡི་དམ་ལྷ། །ཤེལ་ལ་ཚོན་བཞིན་སེམས་ཀྱི་རྣམ་འཕྲུལ་དུ། །སྐྱེད་རིམ་གསལ་སྣང་རང་ལས་གཞན་མིན་གདེངས། །རྙེད་ནས་ཡ་ང་མེད་(༥༦ན)


GLG021_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟང་སྟབས་ཀྱིས། །བདུད་བཞིའི་སྙིང་གར་ཐོག་བརྫིས་རབ་གཏད་ཞིང༌། །རྩ་ཐིག་རླུང་གི་བགྲོད་པ་ལ་བརྟེན་ནས། །ཚེ་འདིར་གྲོལ་ལམ་རྫོགས་པའི་རིམ་པ་དང༌། །རང་རིག་དོན་གྱི་སྒྲུབ་པ་བཀའ་བརྒྱད་རྣམས། །ཕྲེག་ཆོད་ཐོད་བརྒལ་གནད་ཀྱི་ངོ་འཕྲོད་ཤོག །ཅེས་ཁེ་གསུམ་པ་བློ་བཟང་བསྟན་འཛིན་གྱི་དམིགས་རྟེན་བཀའ་བརྒྱད་བྲིས་ཐང་གི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །མི་བསྲུན་འབྱུང་པོ་ལྷ་མིན་མོ་ཡི་མངལ། །གར་དགུའི་ཉམས་ཀྱི་རྡོ་རྗེ་རྩེ་བརྒྱ་པ། །གདེངས་པའི་མོད་ལྷུང་རྟ་མཆོག་རོལ་པ་ཞེས། །དུས་གསུམ་སངས་རྒྱས་བདེ་འབྱུང་ཐུགས་ཀྱི་བཅུད། །སྣང་སྟོང་ལྷ་སྐུར་བསྒོམ་དང་གྲག་སྟོང་འཛབ། །ཉེར་བཟླས་རིག་སྟོང་ཆོས་སྐུའི་ཀློང་ཉིད་ནས། །ཟག་མེད་བདེ་སྟོང་ཆུ་འཛིན་སྟུག་པོ་ལས། །དངོས་གྲུབ་ཆར་གྱིས་དོན་གཉིས་འབྲས་སྨིན་ཅིང༌། །ཡེ་ཤེས་རྡོ་རྗེའི་ཚ་ཚ་འཕྲོས་པའི་དཔལ། །བགེགས་རིགས་རྩ་སྤུར་མ་ལུས་རབ་བསྲེགས་ལྷག །རྒྱ་མཚོའི་མཐར་བྲོས་དོན་སྙིང་ལྐོག་མར་འཐོན། །རྣམ་ཤེས་གར་དབང་ཐུགས་དང་འདྲེས་གྱུར་ཅིག །ཅེས་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྐུ་ཁོག་ཚེ་དབང་དཔལ་བཟང་གི་ཁ་ཏོན་གྱི་དམིགས་རྟེན་རྒྱབ་ཡིག་འདིའང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་བློ་བཟང་དབང་པོའོ། །ཡིད་སྲུབས་སྙིང་སྟོབས་ཆུང་ངུར་བྱེད་པ་ཡི། །མཆོག་གསུམ་སྣང་བརྙན་དྲང་སྲོང་ཆུ་ལྷའི་བུས། །དམིགས་ཡུལ་ལས་ཉོན་དུག་བྲལ་ཡང་སྲིད་ཆབ། །གཏན་མདུན་ཡན་ལག་བརྒྱད་དུ་འགྱུར་བར་ཤོག །ཐུབ་གསུང་འཁོར་ལོ་ཐར་པའི་རྩེར་སོན་པ། །ཤེར་ཕྱིན་རྒྱས་འབྲིང་བསྡུས་གསུམ་པུསྟ་ཀའི། །དོན་བཞིན་སྒྲུབ་བྱ་འཁོར་བའི་སྡུག་བསྔལ་ལས། །བསྒྲལ་ནས་བྱང་ཆེན་གྲོང་དུ་བགྲོད་པར་ཤོག །མདོ་རྒྱུད་གཟུངས་སྔགས་ནོར་བུ་བཻ་ཌཱུཪྻ། །བརྡ་དག་གཟུགས་མཛེས་ཡི་གེའི་(༥༦བ)


GLG021_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྲད་བུ་ལ། །ཉེར་བརྒྱུས་ཕན་ཡོན་དོ་ཤལ་སྐྱེ་བ་ཀུན། །མགུལ་པ་མཛེས་པའི་རྒྱན་དུ་སྤུད་པར་ཤོག །ཧོར་རྫ་དམར་དཔོན་རྒྱ་མཚོའི་དགེ་བར་སྐུ་དང་གསུང་རྟེན་བཞེངས་པའི་སྨོན་ལམ་ཞིག་དགོས་ཞེས་གཙུག་ལག་མང་པོར་བལྟ་བའི་མིག་ཡངས་པ་འཇམ་དབྱངས་བློ་ལྡན་གྱིས་བསྐུལ་བའི་ངོར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་ལ། །སྡེ་སྣོད་ཐོས་འཛིན་བསམ་སྒོམ་ལྷུར་ལེན་པས། །སྒོ་གསུམ་འབད་ནས་བརྩོན་པའི་དགེ་ཚོགས་སྤེལ། །སྨོན་ལམ་རྣམ་དག་ཚོན་གྱིས་ཁ་བསྒྱུར་བས། །ཞྭ་སེར་ཆོས་སྲིད་བསྟན་པ་རབ་འཕེལ་ཞིང༌། །དེ་འཛིན་དགེ་བའི་བཤེས་རྣམས་ཞབས་པད་བརྟན། །འདུས་པའི་ཚོགས་ཀུན་སྐྱེ་རྒུའི་བསོད་ནམས་ཀྱི། །ཞིང་དུ་ཆོས་སྤྱོད་རྣམ་བཅུ་འཕེལ་བར་ཤོག །བོད་ཧོར་ས་ཆེན་སྐྱོང་བ་སྦྱིན་པའི་བདག །གནམ་སའི་དབང་ཕྱུག་ཚོགས་རྣམས་སྐུ་ཚེ་དང༌། །སྟོབས་འབྱོར་མངའ་ཐང་ཡར་ངོའི་ཟླ་ལྟར་རྒྱས། །འབངས་རྣམས་བདེ་སྐྱིད་དགའ་སྟོན་ལ་སྤྱོད་ཤོག །སྐལ་བཟང་བསྟན་འཛིན་སྔོན་བསགས་སྡིག་སྒྲིབ་ཀྱིས། །བསྒྲུབས་པའི་སྡུག་བསྔལ་མཐའ་དག་རབ་ཞི་ཞིང༌། །རིང་འཚོ་བསོད་ནམས་དབང་ཐང་མ་ལུས་པ། །འཆི་མེད་བདག་པོའི་དཔལ་ལ་འགྲན་པར་ཤོག །དཀོན་ཅོག་རིན་ཆེན་གསུམ་གྱི་ཐུགས་རྗེ་དང༌། །རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པའི་མཐུས། །ཇི་ལྟར་སྨོན་ལམ་ཡོངས་བཏབ་རེ་བ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་མཐར་རྒྱས་རབ་འབྱམས་པ་སྐལ་བཟང་བསྟན་འཛིན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །(༥༧ན)


GLG021_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ ཛི དྡཱ ཡ ཛྙཱ ཤཱ ཀྱ བཱ པུ ཏྤ ཏེ ཏཱ དཱི རྒྷཱ ཏྶ དྨཻ ཏྲེ བ ནྡྷུ ཀཱ ཀ ལྤ བྲྀ ཀྵཿ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ས་བོན་སྐྱེད། །བསྲིངས་ལས་བཤེས་གཉེན་དམ་པ་དཔག་བསམ་ལྗོན། །ཀཱ རུ ཎྱ དྲཱུ མཾ པ ཏྲ བྷཱུ རི ཤྱ ཡ གྲེ སི དྡྷི ར སྶཱ ཐཽ ཕ ལྱ བྷཱ རཻ རྒ རི ཥྛཿ ཐུགས་རྗེ་སྡོང་པོ་ཡལ་འདབ་ཕང་ཕུང་རྩེར། །དངོས་གྲུབ་རོ་བདའི་འབྲས་བུའི་ཁུར་གྱིས་ལྕི། །དབང་རྣོན་དད་པའི་རྡོ་ངོས་ཡང་དག་གི །གཏན་ཚིགས་རི་མོར་ཉེར་བྲིས་སྣང་བརྙན་གཟུགས། །གཅམ་བུ་ཙམ་མིན་མོས་པའི་ཞིང་ས་ལ། །བགྲང་ཡས་བསོད་ནམས་སྙེ་མ་གཡུར་ཟ་ལྡེམ། །ཀ་ཤིའི་ཚལ་དུ་ཡན་ལག་བཞི་ཡི་རྗེས། །པུནྜརཱིཀ་ཡོངས་བཞད་ཡེ་ཤེས་སེམས། །མངོན་སུམ་འཇུག་པའི་ཆོ་ག་བྷྲ་མ་རའི། །བདེན་ཚིག་རྒྱང་གླུ་རྣ་བའི་དཔྱིད་དུ་བླངས། །དེ་ཕྱིར་ཀུན་རྫོབ་འཁྲུལ་ངོའི་རི་མོ་ཙམ། །མ་ཡིན་དོན་དམ་གདན་གསུམ་རབ་ཚར་མགོན། །རྡོ་(༥༧བ)


GLG021_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སློབ་དཔོན་གཞན་ནས་མི་འཚོལ་བར། །མཐོང་བའི་མོད་ལ་བྱིན་རླབས་སྙིང་དབུས་འཇུག །ལེགས་བྱས་གཡུང་དྲུང་འཁྱིལ་བ་གར་དགུའི་སྟན། །ཚེ་མཐའ་ཡས་སྐུར་བཞེངས་ཏེ་སྐྱིལ་མོ་ཀྲུང༌། །བསྐལ་བརྒྱར་མི་ཤིགས་མཛོད་སྤུ་ལས་སྤྲོས་པའི། །འོད་ཀྱིས་བདུད་བཞིའི་མུན་པ་ཟིལ་གནོན་ཅིང༌། །མ་དག་གདུལ་དཀའི་སེམས་ཅན་ལྕགས་ཁམས་གཞི། །སྣ་ཚོགས་འཕྲིན་ལས་ལམ་གྱི་རྩིས་བསྒྱུར་ནས། །འཁོར་འདས་བདེ་སྐྱིད་ས་ཟླ་ཆེར་སྤུངས་པ། །སྲིད་རྩེར་བསྙེག་པའི་བཞེད་པ་ལྷུན་གྲུབ་ཤོག །མདོ་རྒྱུད་གཞུང་ལུགས་དཔྱད་གསུམ་གྱིས་དག་པ། །བློ་བཟང་གྲགས་སྙན་འབར་བའི་རིང་ལུགས་དང༌། །ཞྭ་སེར་བསྟན་སྲིད་ཉི་ཟླ་ཟུང་འབྲེལ་གྱི། །སྣང་བས་འཇིག་རྟེན་གསུམ་གྱི་མུན་སེལ་ཞིང༌། །སྣ་མང་གྲུབ་མཐའ་ཆོས་ཀྱིས་བསླད་པ་དང༌། །རང་ལུགས་ཚུལ་འཆོས་དུག་ཅན་དྲིས་སྦགས་ཀླུང༌། །རྟེན་འབྱུང་ཆུ་ལྷའི་བུ་ཡིས་རབས་བཀྲུས་ནས། །བཞེད་གཞུང་ཡན་ལག་བརྒྱད་དུ་འགྱུར་བར་ཤོག །མཁས་གྲུབ་ཆོས་རྒྱལ་རིམ་བྱོན་ཨུཏྤ་ལའི། །ཆུན་པོ་སྒོ་གསུམ་ལ་བསྟེན་ཐོད་མཛེས་སུ། །ཉེར་བཅིངས་མི་བསླུའི་རྒྱུ་ལས་བྱུང་བའི་འབྲས། །དམ་པའི་དྲི་མེད་སྤྱན་རས་ཀྱིས་གཟིགས་མཐུས། །ལྷ་མིའི་རྟེན་བཟང་ཟོ་ཆུན་ལྟར་འཁོར་བར། །ནད་གདོན་ཕོངས་སོགས་མི་བཟད་ཟུག་རྔུ་ཡི། །ཚོར་བ་དང་བྲལ་རིང་པོར་འཚོ་བའི་ཚེ། །བསོད་ནམས་རྣམ་ཐོས་བུ་དང་མཚུངས་པར་ཤོག །ངག་དབང་ལྷ་མོས་བློ་གྲོས་སྐལ་བཟང་ལ། །སྦྱར་བས་འཇམ་(༥༨ན)


GLG021_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གཞོན་ནུར་དགའ་བའི་ཕྱག །མགྲིན་འཁྱུད་རིས་བྲལ་སྐྱེ་རྒུའི་བཤེས་གཉེན་དཔུང༌། །ཐུགས་རྗེ་རྒྱ་མཚོའི་རླབས་འཕྲེང་ཡོལ་མེད་པས། །དེང་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སར། །བགྲོད་ཕྱིར་དམ་ཆོས་ཐུར་མས་མ་རིག་མིག །རབ་ཕྱེ་ཇི་ལྟ་ཇི་སྙེད་ཀུན་མཐོང་ནས། །བགྲང་ཡས་འགྲོ་འདྲེན་དཔལ་དུ་འགྱུར་བར་ཤོག །ཆེད་དུ་རྩོལ་བར་བལྟོས་མིན་སྨོན་པའི་དོན། །ལྷུན་གྲུབ་མ་རྨོས་ལོ་ཏོག་སྙེ་མ་ལ། །ལུས་ཅན་ཡོངས་ཀྱིས་སྤྱོད་པར་མཆོག་གསུམ་གྱི། །མཁྱེན་བརྩེ་ནུས་པས་ཀུན་ཁྱབ་བཀྲ་ཤིས་ཤོག །ཐང་ཁ་གཞན་བརྒྱད་ལ་འབྲི་རྒྱུ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་གཅིག་པུའི་འཕྲུལ། །དུ་མར་བསྒྱུར་བ་མིག་གི་བདུད་རྩི་ཡི། །ཡོན་སྦྱོར་འདིའི་ཆེད་འབད་རྣམས་གནས་སྐབས་དང༌། །མཐར་ཐུག་བདེ་སྐྱིད་དཔལ་ལ་སྦྱོར་བྱིན་རློབས། །ཞེས་མང་ཐོས་མཁས་པའི་དབང་པོ་བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ་ཀྱི་དབོན་བརྒྱུད་ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་འཕྱོས་ཆང་ཁྱིམ་པ་ངག་དབང་མཁྱེན་བརྩེས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་གསོལ་འདེབས་རིན་ཅེན་འཕྲེང་མཛེས་ལ་གཞི་བྱས་གྲྭ་ཚར་བཞེངས་པའི་གཙོ་ཐང་གི་འདྲ་འབག་ལ་བརྗོད་དོན་གྱི་ས་བོན་དམིགས་བསལ་བགྱིས་འདུག་པ་གཞན་དག་ཁྲེལ་བའི་རྒྱུར་སོང་དོགས་ཀྱང༌། སྙན་ངག་རབ་བཏགས་ཀྱི་རྒྱན་ལ་མཐའ་གཅིག་ཏུ་མ་ངེས་པས་བསྐུལ་བ་པོའི་བློ་དང་སྦྱར་ཏེ་ཚངས་སྲས་བཞད་པའི་རྡོ་རྗེས་(༥༨བ)


GLG021_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའི་ཡི་གེ་པ་ནི་གཙུག་ལག་དུ་མར་བློ་མིག་ཡངས་པ་མཐར་རྒྱས་པ་བློ་བཟང་དབང་པོའོ། །བདེ་བ་ཅན་གྱི་ཞིང་བཀོད། རྩེ་གཅིག་ཏིང་འཛིན་རླུང་གི་འགྲོ་འོང་གིས། །འོད་དཔག་མེད་ཞལ་མངོན་གསུམ་ཉེར་མཐོང་བ། །ཚེགས་ཆུང་དོན་ཆེན་ཇི་ལྟར་སྨོན་པ་བཞིན། །འགྲུབ་པར་གར་དབང་སྲས་བཅས་མཐུ་དཔུང་སྐྱེད། །རྗེ་བཙོང་ཁ་པ། ཤིང་རྟ་ཆེ་གཉིས་རྗེས་འབྲངས་གསེར་རིའི་དབུས། །མཁས་བཙུན་བཟང་པོའི་བང་རིམ་མཐོ་བརྩེགས་པར། །ལེགས་བཤད་ཉི་ཟླའི་སྒྲོན་མེས་གླིང་བཞི་ཡི། །མ་རིག་མུན་སེལ་བཙོང་ཁ་པས་བྱིན་རློབས། །གཙོ་བོ། ལུས་ངག་ཡིད་དྲི་དབང་བཞིའི་ཆུས་བཀྲུས་པས། །ཕུང་ལྔ་གནས་གྱུར་བློ་ཡི་བུམ་བཟང་དུ། །ལྔ་ལྡན་ཡེ་ཤེས་རྒྱ་མཚོས་ཡོངས་འཁྱིལ་བ། །འཇམ་དབྱངས་དགའ་བའི་བཤེས་ཀྱིས་བདག་རྗེས་བཟུང༌། །སྲས་བཅས་རྒྱལ་བའི་སྣང་བརྙན་ཆུ་ཤེལ་དབང༌། །རས་དཀར་ཀུན་གསལ་ལ་ཤར་སྣ་ཚོགས་གཟུགས། །བགྲང་ཡས་བསོད་ནམས་རྫིང་བུར་རྟག་གསལ་བ། །འོད་སྣང་བྱང་ཆུབ་བར་དུ་འབར་བར་ཤོག །རྒྱུ་སྦྱོར་རབ་འབྱམས་བློ་བཟང་ཆོས་ལྡན་དང༌། །རི་མོའི་འདུ་བྱེད་མཁན་སོགས་ཕྱོགས་འདི་ལ། །སྒོ་གསུམ་འབད་རྣམས་འཁོར་འདས་ཡོན་ཏན་ཀུན། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །སྲོང་བཙན་སྒམ་པོ། ཁྲིམས་གཉིས་དྲང་པོར་སྲོང་ལ་ཆོས་བཙན་པ། །སྒམ་པོའི་བློ་ཡིས་དཔའ་མཛངས་བརྟུལ་ཕོད་ཅན། །གངས་ལྗོངས་ཕན་བདེའི་སྒོ་འབྱེད་རྩི་སྨན་གྱིས། །དུག་གསུམ་(༥༩ན)


GLG021_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ནད་བརྒྱ་མཐའ་དག་གསོ་བར་མཛོད། །འབྲོམ། ཚངས་སྤྱོད་དགེ་བསྙེན་དམར་ཆའི་ན་ཕྲ་ཡང༌། །གཞན་ཕན་སྙིང་རྗེ་རྒྱལ་རིགས་ཆེ་བ་ཡིས། །མཁས་བཙུན་མདུན་ན་འདོན་རྣམས་ཟིལ་གནོན་པ། །འབྲོམ་སྟོན་དྲི་མེད་སྤྱན་གྱིས་བཙའ་བར་མཛོད། །རྗེ་དགེ་འདུན་གྲུབ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡིད་བཞིན་ནོར། །བགྲང་ཡས་དགེ་འདུན་ཡོངས་ཀྱི་གཙུག་རྒྱན་དུ། །ལྷུན་གྲུབ་རྣམ་འདྲེན་མཆོག་གིས་སྲིད་ཞི་ཡི། །འཇིགས་པ་ཀུན་ལས་བསྐྱབས་ནས་བདག་རྗེས་གཟུང༌། །རྗེ་དགེ་འདུན་རྒྱ་མཚོ། རྟག་ཏུ་དགེ་བའི་རྐང་གདུབ་དྲིལ་ཆུང་སྒྲ། །འཁྲོལ་བར་འདུན་པའི་ལེགས་བྱས་ངང་མོ་དཀར། །ཡེ་ཤེས་འོ་མའི་རྒྱ་མཚོར་རྩེ་འཇོ་མཁན། །དབྱངས་ཅན་བཞད་པའི་རྡོ་རྗེས་རྟག་ཏུ་སྐྱོངས། །རྗེ་བསོད་ནམས་རྒྱ་མཚོ། བསོད་ནམས་དཔལ་འབར་རྒྱ་ཧོར་ཆེ་དགུའི་གཙུག །ཞབས་སེན་རྡུལ་དམར་བཀོད་པའི་སྙན་གྲགས་རྔ། །མཚོ་བྱུང་ལྷ་མོས་ཕྱོགས་བརྒྱར་ལེགས་བརྡུངས་པ། །མགོན་པོ་བདག་སོགས་འགྲོ་ཀུན་དབུགས་དབྱུང་ཞིག །སྲིད་ཞིའི་ཡོན་ཏན་རིན་ཅེན་འབྱུང་བའི་གནས། །འཕྲིན་ལས་རྒྱ་མཚོའི་རླབས་འཕྲེང་ཡོལ་མེད་པ། །མཐུ་སྟོབས་ནུས་པས་མཁའ་མཉམ་ཡིད་ཅན་ཀུན། །བདུད་བཞིའི་འཇིགས་པ་ཆེ་ལས་སྐྱོབ་ཏུ་གསོལ། །ཞེས་འཕྱོང་རྒྱས་སྔགས་རམས་པ་བློ་བཟང་ཆོས་ལྡན་གྱིས་བདེ་བ་ཅན་གྱི་ཞིང་བཀོད། རྗེ་བཙུན་བཙོང་ཁ་པ། འདི་གའི་འདྲ་འབག་གཙོ་ཐང་དུ་བྱས་པར། ཆོས་རྒྱལ་སྲོང་བཙན་སྒམ་པོ། འབྲོམ་སྟོན་པ། ཐམས་


GLG021_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པ་རིམ་པ་བཞིའི་བྲིས་ཐང་ལ་གསོལ་འདེབས་རིན་ཅེན་འཕྲེང་མཛེས་སོར་བཞག་གིས་བསྐོར་བ་རྣམས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རེག་བྱེད་སྨྲ་བ་བློ་བཟང་དབང་པོས་བགྱིས་པ་ལཀྵྨཱི། །གྲངས་མེད་བསྐལ་མང་བསྒྲུབས་པའི་ཚོགས་གཉིས་ཀྱིས། །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཐུབ་པ་མཆོག །དམ་ཚིག་གསུམ་བཀོད་ལྷ་ཡིས་གྲངས་རིང་གི །སྐྱེ་བར་རྗེས་གཟུང་མྱང་འདས་ས་ལ་སྦྱོར། །སྐྱབས་གསུམ་ཀུན་འདུས་སྣང་བརྙན་ཆུ་ཤེལ་དབང༌། །རས་དཀར་ཀུན་གསལ་ལ་ཤར་སྣ་ཚོགས་གཟུངས། །བགྲང་ཡས་བསོད་ནམས་རྫིང་བུར་རྟག་གསལ་བ། །འོད་སྣང་བྱང་ཆུབ་བར་དུ་འབར་བར་ཤོག །རྒྱུ་སྦྱོར་ལྷ་ས་ངག་དབང་ཐུབ་བསྟན་དང༌། རི་མོའི་འདུ་བྱེད་མཁན་སོགས་ཕྱོགས་འདི་ལ། སྒོ་གསུམ་འབད་རྣམས་འཁོར་འདས་ཡོན་ཏན་ཀུན། དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །ཞི་ཁྲོ་རབ་འབྱམས་མཐའ་དག་མགོན་ཁྱོད་སྐུར། །རྫོགས་པས་སྐྱབས་མགོན་གཅིག་ཆོག་དྲག་པོ་རྩལ། །གསལ་སྟོང་རིག་ངོར་རང་ངོ་འཕྲོད་པ་ཡིས། །ཕུང་པོ་འོད་སྐུར་ཚེ་འདིར་གྲོལ་བར་ཤོག །ཅེས་ལྷ་ས་བ་ངག་དབང་ཐུབ་བསྟན་གྱིས་ཐུབ་པ་དམ་ཚིག་གསུམ་བཀོད་དང་དྲག་པོ་རྩལ་གྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་སྨྲ་བ་བློ་བཟང་དབང་པོའོ། །པད་འབྱུང་གསང་གསུམ་མཛད་མཐའ་རྙེད་མིན་ཀྱང༌། །གླིང་(༦༠ན)


GLG021_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྒྱུ་འཕྲུལ་རོལ་གར་ཆེ་ལོང་ཙམ། །སྣ་ནམ་པར་གསུངས་འདི་མཚུངས་བརྟུལ་ཤུགས་ཀྱི། །སྤྱོད་པ་བདག་གིས་འགྲུབ་པར་བྱིན་གྱིས་རློབས། །རྩ་བ་གསུམ་གྱི་སྣང་བརྙན་ཆུ་ཤེལ་དབང༌། །རས་དཀར་ཀུན་གསལ་ལ་ཤར་སྣ་ཚོགས་གཟུགས། །བགྲང་ཡས་བསོད་ནམས་རྫིང་བུར་རྟག་གསལ་བ། །འོད་སྣང་བྱང་ཆུབ་བར་དུ་འབར་བར་ཤོག །རྒྱུ་སྦྱོར་ལྷ་ས་བློ་གྲོས་ལེགས་པ་དང༌། །རི་མོའི་འདུ་བྱེད་མཁན་སོགས་ཕྱོགས་འདི་ལ། །སྒོ་གསུམ་འབད་རྣམས་འཁོར་འདས་ཡོན་ཏན་ཀུན། །དབྱར་གྱི་ཆུ་གཏེར་ལྟ་བུར་འཕེལ་བར་ཤོག །དུས་དགྲར་དབྱིངས་ནས་བཞེངས་པའི་འཇམ་དཔལ་དབྱངས། །ཟིལ་གནོན་ཕྱག་རྒྱའི་ཟློས་གར་ལོངས་སྤྱོད་རྫོགས། །མི་བཟད་འཆི་བདག་སྤྲུལ་པའི་ཆོ་འཕྲུལ་གྱིས། །དགྲ་བགེགས་སྲོག་མཐར་བྱས་ནས་རུ་མཚོན་སྒྲེངས། །ལྷ་ས་བ་བློ་གྲོས་ལེགས་པའི་དད་རྟེན་དུ་སིནྡྷུ་རྒྱ་མཚོའི་ཞིང་བཀོད་དང་འཇམ་དཔལ་ཟིལ་གནོན་གྱི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་སྨྲ་བ་བློ་བཟང་དབང་པོའོ། །མགོན་ཁྱོད་ཐུགས་ཀའི་ལམ་གྱི་སྦུབས་ནང་དུ། །ཉིང་མཚམས་སྦྱར་ཚེ་ཐོགས་པ་མེད་བགྲོད་ནས། །བརྫུས་ཏེ་པདྨའི་སྦུབས་སྐྱེས་རྒྱལ་སྲས་སུ། །ཡོངས་གྱུར་མཁའ་ཁྱབ་འགྲོ་ཀུན་འདྲེན་པར་ཤོག །མཚན་ལེགས་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཡིས། །གཟོད་མ་ཉིད་ནས་ཐུགས་བསྐྱེད་སྨོན་ལམ་གྱི། །འབྲས་བུ་བདག་གིས་(༦༠བ)


GLG021_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཉམས་མྱོང་ནས། །གྲངས་མེད་ལུས་ཅན་ཚོགས་ལ་སྦྱིན་ནུས་ཤོག །རིན་ཅེན་ཆུ་ཤེལ་ཁམས་ལས་ལེགས་གྲུབ་པ། །ཐུགས་རྗེ་ཟླ་བའི་དཀྱིལ་འཁོར་ཆ་རྫོགས་ལས། །ཕན་བདེའི་ཀཏྤུ་ར་ཡི་ཟེགས་མ་ཡིས། །སྡུག་ཀུན་བདེན་པའི་ཚ་གདུང་བཅིལ་བར་ཤོག །སྔོན་གོམས་འགྲོ་ལ་ཐུགས་བསྐྱེད་ཛམྦུའི་འབྲས། །རིས་མེད་སྐྱེ་རྒུའི་བསོད་ནམས་མཚོར་ལྷུངས་པར། །གཏན་བདེའི་གསེར་བཟང་སྙེ་མས་ལུས་ཅན་རྣམས། །དབུལ་ཕོངས་སྡུག་བསྔལ་དྲུངས་ནས་འབྱིན་པར་ཤོག །དུ་བྱེད་འགྱུར་དང་མི་བཟད་སྡུག་བསྔལ་གྱིས། །མནར་བའི་མྱ་ངན་ཟུག་རྔུ་མཐའ་དག་ཀུན། །འཇིག་རྟེན་ཡོངས་ལ་མིང་ཙམ་མེད་པ་རུ། །བདེ་གཤེགས་ཐུགས་རྗེ་ཅན་གྱིས་རྗེས་སུ་གཟུང༌། །དམ་པའི་ཆོས་ཀྱི་བདུད་རྩིས་རྒྱུད་ལྔའི་འགྲོའི། །ཐར་པའི་སྲོག་གི་འཚོ་བ་འགྱུར་མེད་དུ། །མཛད་པའི་གྲགས་སྙན་ཇི་བཞིན་བདག་སོགས་ལ། །སླད་མར་དོན་དང་ལྡན་པའི་བཀའ་དྲིན་སྩོལ། །ལུས་ཅན་བསམ་པའི་ཁྱད་པར་མཐའ་ཀླས་པ། །མངོན་སུམ་མཁྱེན་ནས་སྒྲིབ་གཉིས་བག་ལ་ཉལ། །འཇོམས་པའི་གཉེན་པོ་ཐབས་མཁས་ཐུགས་རྗེའི་སྒོ། །ཆེར་སྙིགས་དུས་འདིར་ལྷག་པར་འབྱེད་དུ་གསོལ། །སྨན་གྱི་བླ་མའི་མཚན་སྙན་ཐོས་པ་དང༌། །སྐུ་བརྙན་བཞེངས་ཤིང་མཆོད་བསྟོད་སྨོན་ལམ་མཐུས། །ཉིང་མཚམས་སྦྱར་ཚེ་བཻཌཱུར་སྣང་བའི་འོད། །དག་པའི་ཞིང་དེར་ཐོགས་མེད་སྐྱེ་བར་ཤོག །ཐུབ་དབང་དཔལ་གྱི་མགུར་ནས་ལེགས་གསུངས་པ། །བདེ་གཤེགས་བདུན་གྱི་མདོ་ཆོག་ཚད་མའི་བཀའ། །སླུ་མེད་འབྲས་བུ་མཁའ་(༦༡ན)


GLG021_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སེམས་ཅན་གྱིས། །མངོན་སུམ་ཉམས་སུ་མྱོང་བར་བྱིན་གྱིས་རློབས། །བགྲང་ཡས་ཞིང་རྡུལ་ཞབས་ཀྱིས་ཉེར་བཅགས་ཀྱང༌། །ཀུ་ཤའི་རྩེས་གཏོར་རྒྱ་མཚོའི་ཐིགས་པ་བཞིན། །བཅུ་གཉིས་མཛད་པ་བསྟན་པའི་རྣམ་པར་ཐར། །རིང་པོར་མི་ཐོགས་བདག་གིས་འཛིན་པར་ཤོག །བསོད་ནམས་མཐུ་ཡིས་ངག་དབང་ནམ་མཁའ་དང༌། །རྣམ་རྒྱལ་དཔལ་བཟང་འདི་ཕྱི་བར་གསུམ་གྱི། །མདུན་མ་ལྷུན་གྲུབ་དགེ་ཚོགས་ཅི་མཆིས་པ། །མཁའ་མཉམ་འགྲོ་རྣམས་སངས་རྒྱས་ཐོབ་རྒྱུར་བསྔོ། །ཞེས་འཕྱོང་རྒྱས་པ་ངག་དབང་ནམ་མཁའ་དང་རྣམ་རྒྱལ་དཔལ་བཟང་གཉིས་ཀྱིས་བྲིས་ཐང་བཅུ་ཚར་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོས་བགྱིས་པ་མངྒ་ལཾ། །ངག་དབང་དབྱངས་ཅན་མགྲིན་ཆགས་བློ་གྲོས་ཀྱིས། །བསྐལ་བཟང་རྣམ་འདྲེན་བཞི་པའི་རིང་ལུགས་ཀུན། །སྤེལ་ཕྱིར་རིག་གནས་རྒྱ་མཚོའི་སྒོ་འཕར་བརྒྱ། །འབྱེད་མཛད་བཤེས་གཉེན་དམ་པར་གསོལ་བ་འདེབས། །གདོང་ལྔས་ཉེར་བཏེག་སྣ་ཚོགས་རྡོ་རྗེ་དང༌། །མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ། །མགོན་ཁྱོད་ཚེ་མཐའ་ཡས་པའི་ངོ་བོ་རུ། །བཞེངས་ནས་བསྐལ་བརྒྱར་གཞོམ་ཞིག་བྲལ་བར་ཤོག །སངས་རྒྱས་གཉིས་པ་ཀུན་མཁྱེན་བཙོང་ཁ་པའི། །ཆོས་སྲིད་བསྟན་པ་གཏིང་ཟབ་རྒྱ་ཆེ་བ། །དབྱར་མཚོ་ལྟ་བུར་འཕྱུར་མཛད་སའི་ཚངས་པ། །སྐུ་ཚེ་མངའ་ཐང་མཚན་ཇུས་དར་དྲག་ཤོག །དགའ་ལྡན་གཙུག་(༦༡བ)


GLG021_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བླ་ནས་བླར་འཕེལ་ཞིང༌། །ཉེར་རྒྱས་ངེས་གསང་དགེ་འདུན་འདུས་པའི་གླིང༌། །འཁོར་ལོ་གསུམ་གྱི་བྱ་བ་མ་ལུས་པ། །དཀར་ཆའི་ཟླ་བཞིན་ཆ་ཤས་གང་བར་ཤོག །དཀོན་ཅོག་བདེན་དང་བྱིན་རླབས་ཚོགས་གཉིས་ཀྱིས། །མངའ་ཐང་རབ་འབར་ཆོས་དབྱིངས་རྣམ་དག་ཅིང༌། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པའི་མཐུས། །ཇི་ལྟར་སྨོན་ལམ་བཏབ་པ་ལྷུན་གྲུབ་ཤོག །ཅེས་པ་འདིའང་མངའ་རིས་ཁྱུང་རྫོང་དཀར་པོའི་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་སྤྱི་སོས་བསྐུལ་བ་ལ་བརྟེན་ནས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །བརྒྱ་ཕྲག་སྣང་བརྙན་བསྐྲུན་པའི་དགེ་ཚོགས་ཀྱིས། །རི་མོའི་འདུ་བྱེད་མཁན་པོ་རྟ་མགྲིན་གྱིས། །རང་རིག་གདོད་མའི་དབྱིངས་སུ་ངོ་འཕྲོད་ཤོག །གལ་ཏེ་སྔོན་གོམས་ལས་ཉེན་བག་ཆགས་མཐུས། །དེ་ཚུལ་རྙེད་པའི་སྐལ་བ་ཆེས་ཕྲ་ན། །སྲིད་པ་བར་དོའི་འཇིགས་པ་ལས་ཐར་ནས། །དལ་འབྱོར་རིན་ཅེན་མྱུར་དུ་ཐོབ་པར་ཤོག །མངོན་མཐོའི་རྟེན་ལ་ངེས་གསང་ཐེག་པ་ཡི། །སྨིན་གྲོལ་གདམས་པ་ཉམས་སུ་བླངས་བྱས་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཆེན་པོར། །མྱུར་དུ་བགྲོད་དེ་རང་གཞན་དོན་འགྲུབ་ཤོག །སྤང་རྟོགས་ཡོན་ཏན་གཅིག་ཏུ་མཚུངས་ན་ཡང༌། །འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་འདིར། །བཀའ་དྲིན་འགྲན་ཟླ་མེད་པའི་རིགས་བརྒྱའི་བདག །པད་འབྱུང་གཟུགས་སྐུ་བཅུ་ཕྲག་བཅུ་བཞེངས་མཐུས། །ལངྐའི་ཕོ་བྲང་པདྨ་འོད་ཀྱི་ཞིང༌། །བགྲང་ཡས་རིགས་འཛིན་བྱེ་(༦༢ན)


GLG021_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུན་ས་རུ། །པིར་ཐོགས་རྟ་མགྲིན་སྲིད་པ་ཡོངས་བཟུང་ནས། །རྣམ་གསུམ་ཡོ་གའི་ཆོས་ལ་སྤྱོད་པར་ཤོག །སངས་རྒྱས་གཞན་ནས་མི་འཚོལ་རང་གི་སེམས། །ཀུན་ཏུ་བཟང་པོ་དབུལ་པོའི་སྒྱིད་རྡོའི་གསེར། །ཇི་བཞིན་ངོ་འཕྲོད་སྣ་ཚོགས་སྤྲུལ་པ་ཡིས། །ནམ་མཁའི་མཐའ་ཀླས་འགྲོ་བའི་དོན་བྱེད་ཤོག །རི་མོ་བ་རྟ་མགྲིན་གྱི་ཆེད་རྟེན་ལེ་ཚན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །རྒྱལ་ཀུན་འཕྲིན་ལས་བསམ་འཕེལ་ཡིད་བཞིན་ནོར། །ཚོགས་གཉིས་རྒྱལ་མཚན་རྩེར་བཀོད་ཕན་བདེའི་ཆར། །བསྟན་འགྲོའི་ཉེར་འཚོར་འབེབས་མཛད་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །འཆད་རྩོད་རྩོམ་ལ་ཚངས་སྲས་དབྱངས་ཅན་ལྷ། །དགྱེས་འཛུམ་བཞེད་པས་རྒོལ་ངན་གཉེན་པོ་རུ། །འཇིག་མེད་དཔྱད་གསུམ་དག་པ་རྡོ་རྗེའི་སྡེ། །གཡུང་དྲུང་སྲོག་གི་ཀ་བ་ཚུགས་པར་ཤོག །རྣམ་དཔྱོད་ཟླ་ཚེས་གསལ་བས་རྨོངས་མུན་སངས། །བློ་གྲོས་ཆ་རྒྱས་ལུགས་གཉིས་རྒྱ་མཚོ་ཆེ། །འཕེལ་མཛད་མི་དབང་སྐུ་ཚེ་མངའ་ཐང་ཀུན། །གསེར་གྱི་འཁོར་ལོས་སྒྱུར་རྒྱལ་ལ་འགྲན་ཤོག །ལེགས་བཤད་ཀེ་ཏ་ཀས་དྲུངས་ཤཱཀྱའི་བསྟན། །དངས་མཚོར་བློ་བཟང་གྲགས་པའི་རིང་ལུགས་བཞིན། །མ་ཕམ་དབུས་འགྱུར་འཆང་དུ་བྱོན་མིན་པར། །རབ་དཀར་སྐྱེ་རྒུའི་དཔུང་གཉེན་དམ་པར་ཤོག །ཚུལ་འདི་བསྐུལ་དང་ཁ་ཏོན་བྱེད་པོ་རྣམས། །དམ་པའི་མགོན་(༦༢བ)


GLG021_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐྱེ་བར་རྗེས་འཛིན་ཞིང༌། །འདི་ཕྱི་བར་དོའི་ལེགས་ཚོགས་མ་ལུས་པ། །བསམས་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །རྒྱ་ཧོར་བོད་ཀྱི་ནོར་འཛིན་པདྨའི་ལྟོར། །ནད་མཚོན་མུ་གེའི་ཟུག་རྔུ་དང་བྲལ་བའི། །བདེ་སྐྱིད་སྦྲུམས་པའི་ཁྱེའུ་ཉེར་བཙས་ཏེ། །རྫོགས་ལྡན་བཞོན་ནུའི་རྩེ་འགྱུར་འཇོ་བར་ཤོག །མཁའ་ལ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས། །ས་གཞིར་བཀྲ་ཤིས་གཡང་ཆགས་གཡས་སུ་འཁྱིལ། །དགེ་ལེགས་ཡར་ངོའི་ཟླ་བ་ལྟར་རྒྱས་པས། །ཡངས་པའི་འཇིག་རྟེན་ཀུན་ཏུ་ཁྱབ་གྱུར་ཅིག །ཅེས་པ་འདིའང་ཤོ་པ་མདོའི་རྫོང་སྡོད་དགེ་སློང་རིན་ཅེན་རྒྱལ་མཚན་དང་སྟོད་ལུང་ཆ་དཀར་བ་གཉིས་ཀྱིས་དགའ་ལྡན་བཤད་སྒྲུབ་གླིང་སོགས་ཆོས་སྡེ་ཁག་ཚོར་འཛུགས་རྒྱུ་དང་རང་གི་ཁ་ཏོན་གྱི་ཆེད་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །གང་གི་སྐུ་ལ་རྩ་བ་གསུམ་གྱི་ལྷ། །ཡོངས་ཤར་འཁོར་འདས་ཟིལ་གནོན་བཞད་པ་རྩལ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེའི། །སྣང་བརྙན་ས་ཟླའི་ཁུ་བས་ལེགས་བྲིས་དགེས། །དེང་ནས་བཟུང་སྟེ་ཞི་ཁྲོའི་དཀྱིལ་འཁོར་དུ། །རབ་སྨིན་བསྐྱེད་རྫོགས་རྫོགས་པ་ཆེན་པོ་ཡི། །གྲོལ་བའི་ལམ་གྱིས་བཅུ་གསུམ་རྡོ་རྗེའི་སར། །མྱུར་དུ་བགྲོད་ནས་འགྲོ་ཀུན་འདྲེན་པར་ཤོག །གནས་སྐབས་སུ་ཡང་ནད་གདོན་བར་གཅོད་སོགས། །མི་མཐུན་ཉེས་པའི་ཚོགས་རྣམས་རབ་ཞི་ཞིང༌། །རིང་པོའི་ཚེ་དང་དཔལ་འབྱོར་ལུང་རྟོགས་ཀྱི། །ཡོན་(༦༣ན)


GLG021_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་མཐའ་དག་གོང་དུ་འཕེལ་བར་ཤོག །རི་ཆོས་པ་ཆོས་དབང་རྒྱ་མཚོས་འདི་གའི་འདྲ་འབག་གི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །གདན་གསུམ་ཚང་བ་ངེས་གསང་ལྷ་ཡི་ཚོགས། །འདུས་པའི་འཁོར་ལོ་མཉམ་ཉིད་ཡེ་ཤེས་རྟེན། །དབུ་རྒྱན་སྤེལ་ལེགས་ཚར་དུ་དངར་བའི་རྒྱུད། །ལྷག་བསམ་དག་པས་བདོག་པ་སྦྱར་བའི་མཐུས། །འཇམ་པའི་དབྱངས་དངོས་དགའ་བའི་བཤེས་གཉེན་ཞབས། །འཕྲོག་བྱེད་སྡེར་མོས་གྱེན་དུ་བཏེག་པའི་ཁྲི། །སྣ་ཚོགས་རྡོ་རྗེའི་རེ་ཁས་མཚན་པའི་སྟེང༌། །བསྐལ་བརྒྱར་མི་གཡོ་ཆོས་འཁོར་སྐོར་བར་ཤོག །ཡོན་སྦྱོར་བྱེད་པོ་རིགས་བརྒྱུད་མངའ་ཐང་ཚེ། །རྨུགས་འཛིན་དབང་པོའི་མཆེད་པོར་འགྲན་བཟོད་ཅིང༌། །རིང་པོར་མི་ཐོགས་མཁའ་མཉམ་སེམས་ཅན་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཅེས་ལྷ་ས་ལ་ཁང་པ་ཚེ་དབང་བསྟན་འཛིན་གྱིས་ཆུ་ཤུར་ཐར་གླིང་བར་ལོ་རིམ་ཙར་གྱི་བར་རིགས་ལྔ་ལྔ་རེ་དབུལ་བའི་སྨོན་ལམ་དགོས་ཚུལ་བྱུང་བ་བྱང་གཏེར་ཐུགས་རྗེ་ཆེན་པོར་རིགས་ལྔ་གྱོན་སྲོལ་མེད་ཀྱང་གསང་འདུས་ལ་བྱེད་རྒྱུ་ཡིན་འདུག་གཤིས་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ངོ་བོ་ཀ་དག་ནང་དབྱིངས་འོད་གསལ་དང༌། །གང་ཤར་རང་སར་གྲོལ་བ་ཆོས་ཀྱི་སྐུ། །སེམས་ཉིད་དོན་གྱི་བླ་མར་ངོ་འཕྲོད་པ། །ནམ་ཡང་འཕོ་འགྱུར་(༦༣བ)


GLG021_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་གང་མེད་པར་ཤོག །རང་བཞིན་ལྷུན་གྲུབ་སྣང་སྲིད་རྒྱལ་བའི་ཞིང༌། །འབྱམས་ཀླས་ཆེ་མཆོག་ཡོངས་འདུས་རིག་པའི་རྩལ། །ཡེ་ཤེས་དབང་པོའི་སྒོར་ཤར་ལོངས་སྤྱོད་རྫོགས། །མངོན་གསུམ་དབྱིངས་རིག་དབྱེར་མེད་བརྟན་པར་ཤོག །ཀུན་ཁྱབ་ཐུགས་རྗེ་ཕྱག་རྒྱའི་ཆོ་འཕྲུལ་གཟིས། །འཁོར་འདས་ཟིལ་གྱིས་གནོན་པའི་བཞད་པ་རྩལ། །ཞིང་འདིར་འཇམ་དབྱངས་དགའ་བའི་བཤེས་གཉེན་དུ། །སྤྲུལ་པའི་ཟློས་གར་མི་ནུབ་བརྟན་པར་ཤོག །ཁྲི་སྲོང་སྡེའུ་བཙན་འཕྲིན་ལས་སྒྱུ་མའི་འཕྲུལ། །ངག་དབང་ཚངས་སྲས་བཞད་པ་བློ་མཛོད་སྒོ། །འབྱེད་པའི་སྐལ་བཟང་རྒྱ་མཚོས་གངས་ལྗོངས་ཀྱིས། །ཕན་བདེའི་དགའ་སྟོན་སྤེལ་བཞེད་ལྷུན་གྲུབ་ཤོག །གནམ་སའི་དཀྱིལ་འཁོར་ཀུན་ལ་དབང་ཕྱུག་པའི། །བསོད་ནམས་དཔུང་པས་རྫོགས་སངས་རྒྱས་ཀྱི་བསྟན། །འདེགས་པའི་སྐུ་ཚེ་མངའ་ཐང་རྒྱ་མཚོའི་རླབས། །སྲིད་མཐའི་བར་དུ་ཡོལ་བ་མེད་པར་ཤོག །ལྷ་སྲས་མུ་ཁྲི་བཙན་པོ་སྔོན་གོམས་ཀྱི། །བག་ཆགས་བཟང་པོས་བོད་དང་བོད་ཆེན་གྱི། །སྐྱེ་རྒུའི་གཉའ་བར་ཁྲིམས་གཉིས་གསེར་གྱི་ཤིང༌། །ལྕི་བའི་རྫོགས་ལྡན་དགའ་སྟོན་དར་དྲག་ཤོག །འགྱུར་མེད་རྡོ་རྗེས་རབ་མཚན་ཁྲི་ཆེན་པོར། །ངག་གི་དབང་ཕྱུག་གྲུབ་པའི་རྣམ་དཔྱོད་ཀྱིས། །པདྨ་ཀཱ་རའི་བཀའ་གཏེར་བཤད་སྒྲུབ་བསྟན། །འཛིན་ཕྱིར་ཆོས་འཁོར་རྟག་ཏུ་སྐོར་བར་ཤོག །གན་ཇག་ཐང་ཏ་ཞིང་འདིར་སྲིད་བཟུང་སྟེ། །སྔོན་ནས་ཟབ་གཏེར་སྒོ་ཕྱེའི་འཕྲིན་ལས་དང༌། །སླད་མར་བཀའ་བབས་མཐའ་དག་གེགས་མེད་དུ། །ལྷུན་གྲུབ་བསྟན་འགྲོའི་ཉེར་འཚོར་འགྱུར་བར་ཤོག །ཆོས་རྒྱལ་(༦༤ན)


GLG021_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ལོ་ཆེན་བཻ་རོའི་ཞབས། །རྣམ་དག་སྨོན་ལམ་འབྲས་སྨིན་དུས་གཅིག་ཏུ། །འཛོམ་པའི་རྟེན་འབྲེལ་མཐུ་ལས་སཱ་ལའི་ལྗོངས། །ཕན་བདེའི་སྲོག་གི་ཀ་བ་ཚུགས་པར་ཤོག །སངས་རྒྱས་གཉིས་པ་ཨྱོན་པདྨ་ཡི། །ཐེག་པ་རིམ་དགུའི་སྨིན་གྲོལ་གདམས་པའི་གླིང༌། །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་དང༌། །བྱ་བ་ལས་ཀྱི་འཁོར་ལོ་རྒྱས་པར་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །ཡང་སྒོས་དབུས་གཙང་རུ་བཞིའི་རྒྱལ་ཁམས་འདིར། །མི་ཕྱུགས་ནད་རིམས་འཐབ་རྩོད་དབུལ་ཕོངས་སོགས། །དུས་ཀྱི་ཆད་པ་མཐའ་དག་ཞི་བར་ཤོག །ཚེ་ཡང་རིང་པོར་གནས་པའི་དགེ་མཚན་དང༌། །ལོ་ཏོག་རྩི་ཤིང་ནགས་ཚལ་དུས་སུ་སྨིན། །མཐའ་བཞིའི་དངོས་ཀུན་འདུ་བ་ལོངས་སྤྱོད་འཕེལ། །སྒོ་གསུམ་སིམ་པའི་ཚོར་བ་མྱོང་བར་ཤོག །རྣམ་དག་བསམ་པས་འདིར་འབད་རྒྱུ་སྦྱོར་མཁན། །སྐྱེ་བར་དམ་པའི་མགོན་གྱིས་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དགའ་སྟོན་གྱིས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་བདེན་པ་བརྗོད་པའི་སྨོན་ལམ་གྱི་ཚིགས་བཅད་འདི་ནི་ཆོས་རྒྱལ་གཏེར་བདག་གླིང་པའི་འཁྲུངས་རབས་གསོལ་འདེབས་དང་ལྷན་དུ་ཨྱོན་སྨིན་གྲོལ་གླིང་དུ་འཛུགས་རྩིས་ཀྱིས་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་དོ། །ཕྱག་ན་པད་དཀར་ཐུགས་རྗེའི་བྱིན་རླབས་མཐུས། །ཟ་ཧོར་རིགས་འཛིན་བྱང་སེམས་མྱུ་གུ་རྩལ། །རྣམ་སྣང་གངས་ཅན་མཚོ་ལྟར་(༦༤བ)


GLG021_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་མཐའ། །སྟོས་མིན་དེ་སྲིད་རྡོ་རྗེ་ལྟར་བརྟན་ཤོག །སངས་རྒྱས་བསྟན་དང་འགྲོ་བའི་བདེ་སྐྱིད་རྣམས། །རྒྱ་མཚོ་ཆེ་བཞིན་རྟག་ཏུ་འཕེལ་མཛད་པ། །མི་དབང་སྐུ་ཚེ་ཉི་ཟླ་དང་མཉམ་ཞིང༌། །རིགས་བརྒྱུད་མཚན་ཇུས་མངའ་ཐང་འཕེལ་བར་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་དུ། །དབུལ་ཕོངས་ནད་རིམས་འཐབ་རྩོད་ཀུན་ཞི་ཞིང༌། །འཛམ་གླིང་ཚེ་ལོ་བརྒྱད་ཁྲིའི་སྐྱེ་རྒུ་ཡི། །བསོད་ནམས་མཉམ་པོར་དབང་བའི་སྐལ་ཐོབ་ཤོག །ཉ་སྟོང་བརྒྱད་གསུམ་ལ་སོགས་དུས་བཟང་པོར། །འཕགས་མཆོག་མཆོད་བསྟོད་སྒོམ་བཟླས་བགྱིས་པ་ཀུན། །ཚེ་འདིར་བདེ་སྐྱིད་ཉམས་སུ་མྱོང་བ་དང༌། །ཕྱི་མ་གྲུ་འཛིན་གནས་སུ་སྐྱེ་བར་ཤོག །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་རླབས་ཀྱིས། །དེང་འདིར་སྨོན་ལམ་ཇི་ལྟར་བཏབ་པ་ཀུན། །འབད་རྩོལ་མེད་པར་ངང་གིས་འགྲུབ་པར་ཤོག །ཅེས་པ་འདི་ཡང་མ་ཎི་བ་དགོས་པ་སོགས་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །འཇམ་དབྱངས་དགའ་བའི་བཤེས་གཉེན་འདྲ་འབག་ལ། །བླ་མ་བདེ་གཤེགས་ཡི་དམ་དཀྱིལ་འཁོར་ལྷ། །དམ་ཅན་སྲུང་མས་ཡོངས་བསྐོར་འཇའ་ཚོན་བཞིན། །རྣམ་བཀྲ་མིག་གི་གཟིགས་མོར་ཚར་དུ་དངར། །ལྷག་བསམ་དག་པའི་ཞིང་ས་གཤིན་པོ་ལ། །ཟང་ཟིང་གཏོང་བའི་ས་བོན་ཡོངས་བཏབ་པ། །ལེགས་བྱས་ཟད་མི་ཤིས་པའི་སྙེ་མ་ཡི། །འབྲས་བུའི་ཁུར་གྱིས་རྟག་ཏུ་དུད་པར་ཤོག །གཡོར་(༦༥ན)


GLG021_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པ་མདོ་བཙུན་ངག་དབང་ལྷུན་གྲུབ་ཀྱི། །མི་ནོར་རིགས་བརྒྱུད་ཚེ་དཔལ་འབྱོར་པ་ཀུན། །ཉི་ཟླའི་བགྲོད་པ་ཇི་བཞིན་ཆད་མེད་ཅིང༌། །བདེ་སྐྱིད་སྣང་བས་ཡོངས་སུ་ཁྱབ་པར་ཤོག །ཅེས་མདོ་པ་ངག་དབང་ལྷུན་གྲུབ་ཀྱིས་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོས་བགྱིས་པ་མངྒ་ལཾ། །ཐུགས་བསྐྱེད་ས་བོན་ཚོགས་གཉིས་བརླན་གཤེར་གྱིས། །ལེགས་བསྲིངས་ཆོས་གཟུགས་སྡོང་པོ་དར་དྲག་པར། །འཕྲིན་ལས་འབྲས་བུའི་ཁུར་ལྕི་འགྲོ་ཀུན་ལ། །ཉེར་འཇུག་བུ་རམ་ཤིང་པ་ས་བརྟོལ་དབང༌། །ཨེ་མ་སྲིད་པའི་མིག་འཕྲུལ་བཀྲག་པོ་ཆེས། །འདྲིད་པ་སེམས་ཅན་བསམ་པའི་ཁྱད་པར་བཞིན། །དཔལ་གྱི་མགུར་ལས་གསུངས་པའི་ཆོས་ཀྱི་མཐའ། །ནམ་མཁའི་སྐེ་རགས་མས་ཀྱང་ག་ལ་འཆིང༌། །འོན་ཏེ་སྔ་ཕྱིའི་བསྟན་ལ་ཚད་མའི་དཔང༌། །ལོ་པཎ་གྱིས་བསྒྱུར་མདོ་མང་མཁས་རྣམས་ཀྱིས། །དཀར་ཆག་བཏབ་ལས་གླེགས་བམ་བུ་གའི་གྲངས། །ལེགས་བསྐྲུན་བསོད་ནམས་བྱེ་བའི་ཕུང་པོ་ཡིས། །རྩོད་ཅན་དོགས་པའི་གནས་མིན་དཔྱོད་ལྡན་ཀུན། །རྣམ་དག་ཐུབ་གཞུང་དགོངས་འགྲེལ་བགྲང་བྱ་རུ། །འདྲེན་ནུས་ཤཱཀྱ་སེང་གེའི་ལུང་རྟོགས་བསྟན། །བཤད་སྒྲུབ་བྱ་བས་དབྱར་མཚོ་ལྟར་འཕེལ་ཞིང༌། །བཀའ་གདམས་བསྟན་པའི་སྲོག་ཏུ་མཁྱེན་བརྩེའི་སྨན། །ལེགས་སོང་འཇམ་དཔལ་རྡོ་རྗེ་བཙོང་ཁ་པའི། །རིང་ལུགས་དར་ཞིང་དེ་འཛིན་བཤེས་གཉེན་བསྟན། །ཁྲིམས་ལྡན་(༦༥བ)


GLG021_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་སྡེ་བླ་ནས་བླར་འཕེལ་ཤོག །གསེར་མདོག་ཞྭ་ཡི་ཆོས་སྲིད་གཉིས་ལྡན་ཁྲིམས། །ཛམྦུ་པྲྀཀྵས་མཚན་པའི་ས་ཆེན་པོར། །ལེགས་ཁྱབ་སྡུག་བསྔལ་ཀུན་ཞི་བདེ་སྐྱིད་ཀྱི། །རྫོགས་ལྡན་གཞོན་ནུའི་རྩེ་དགའ་དགོད་པར་ཤོག །རྒྱལ་བའི་མཛད་མཆོག་གསུང་གི་འཕྲིན་ལས་ཀྱི། །ཟླ་བའི་མ་མ་ཨ་མྲའི་ཚིག་གུ་ཡིས། །གཅུས་པའི་གླེགས་བམ་ཡོན་སྦྱོར་སྦྱིན་པའི་བདག །ཚེ་དབང་དར་རྒྱས་མཆིས་འབྲང་རིགས་བརྒྱུད་བཅས། །བྲིས་མཁན་ཤོག་སྦྱོར་སྒོ་གསུམ་འབད་པའི་བྲན། །མདོར་ན་ཆེད་དུ་ངལ་བསྟེན་དུད་འགྲོ་སོགས། །འདི་སྣང་ནད་མུག་འཐབ་རྩོད་ཚེར་རྣོན་རྩེས། །ལུས་ངག་ཡིད་ལ་ཟུག་རྔུ་མི་འབྱིན་ཤོག །དལ་འབྱོར་རྟེན་ལ་ཚེ་ཡང་རིང་པོར་གནས། །འཛད་མེད་ལོངས་སྤྱོད་སྙན་པའི་གྲགས་པ་འབར། །སྐྱེས་བུ་གསུམ་གྱི་ལམ་བཟང་ལ་བརྟེན་ནས། །གཏན་གྱི་མདུན་མ་རྣམ་དག་བསྒྲུབ་ནུས་ཤོག །ཡང་སྲིད་བརྒྱུད་མར་ལྷ་མིའི་རིན་ཅེན་སྐས། །དགེ་བཅུའི་གདང་བུར་འཛེགས་ནས་ངེས་ལེགས་ཀྱི། །ནོར་བུའི་བ་གམ་མཐོ་བརྩེགས་ལ་ཞུགས་ཏེ། །སྒྲིབ་གཉིས་གཏན་བཅོམས་སངས་རྒྱས་མངོན་གྱུར་ཤོག །ཚེ་འདིའི་ལུས་བསྐྱེད་ཕ་མས་ཐོག་དྲངས་པའི། །མཁའ་མཉམ་འགྲོ་རྣམས་བྱང་ཆེན་ཐོབ་ཆེད་རྒྱུར། །འདིས་མཚོན་སྔོན་བསགས་ཆོས་དཀར་བསྒྲུབས་སོ་ཅོག །དྲི་བྲལ་ལྷག་བསམ་དག་པའི་མཐུ་ཡིས་བསྔོ། །ཞེས་མདུན་ན་འདོན་ཚེ་དབང་དར་རྒྱས་ཀྱིས་མདོ་སྡེ་བསྐལ་བཟང༌། རྒྱ་ཆེ་རོལ་པ། ཕལ་ཆེན། སྙིང་རྗེ་པད་དཀར། དམ་ཆོས་པད་དཀར་དང་བཅས་པའི་གླེགས་བམ་དགུ་བློ་ངན་ཞེས་(༦༦ན)


GLG021_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྕགས་མོ་བྱའི་ལོ་གསར་དུ་བཞེངས་པའི་བསྔོ་སྨོན་འདི་ལྟ་བུ་ཞིག་དགོས་ཞེས་རྒྱུ་སྦྱོར་མཁན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་འཛིན་པ་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་སརྦདེཀྐཱ་ལེཥུལཀྵྨཱིབྷ་ཝནྟུ། །སླུ་མེད་དཀོན་ཅོག་རིན་ཅེན་རྣམ་པ་གསུམ། །ཁྱད་པར་འོད་དཔག་མེད་མགོན་ཐུགས་རྗེ་ཡིས། །ཧོར་ཚང་ནོར་བུའི་མཆིས་འབྲང་ཀླུ་ག་དང༌། །ཕུན་ཚོགས་རབ་བརྟན་དོན་གཉིས་ལྷུན་གྲུབ་ཤོག །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེར། །མི་ཕྱེད་དད་པས་གསོལ་བ་བཏབ་པའི་མཐུས། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། །ཚེ་དཔལ་བསོད་ནམས་མངའ་ཐང་རྒྱས་པར་ཤོག །ཡང་སྲིད་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས། །འབྲལ་བ་མེད་པར་རྗེས་སུ་རབ་འཛིན་ཅིང༌། །བདེ་བ་ཅན་དུ་བརྫུས་ཏེ་པདྨ་ལས། །སྐྱེས་ནས་འགྲོ་རྣམས་མ་ལུས་འདྲེན་པར་ཤོག །ཅེས་འདི་ལྟ་བུ་ཞིག་དགོས་ཞེས་ཏྲེ་བོ་ཧོར་ཚང་ནོར་བུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །བགྲང་ཡས་ལུས་ཅན་བསོད་ནམས་ཞིང་མཆོག་ཏུ། །སྐྱེ་འཕགས་དགེ་འདུན་སྡུད་པའི་སྒྲ་སྙན་པོ། །ཕྱོགས་བཅུར་ལྷང་ལྷང་སྒྲོག་བྱེད་དུང་གི་གོས། །སྣ་ཚོགས་ཟ་འོག་དར་གྱི་ཕོན་པོ་ཅན། །མི་ཕྱེད་དད་པས་ཕུལ་བས་རྒྱུ་སྦྱོར་རྣམས། །ཡང་སྲིད་ཀུན་ཏུ་རྒྱལ་བའི་གསུང་རབ་ཚོགས། །རྣ་བའི་རྒྱན་དུ་ཉེར་སྤུད་ཉམས་བསྟར་བས། །འདི་ཕྱིའི་འདུན་མ་ལྷུན་གྱིས་གྲུབ་པར་(༦༦བ)


GLG021_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་འཕྱོས་བཀྲ་ཤིས་སྡེ་ཆེན་གྱི་དུང་གོས་དར་བཅས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་གྲ་རྒྱུན་བཅུ་གཉིས་ཀྱིས་སོ་སོ་ནས་དངུལ་སྲང་དོ་དང་ཞོ་རེ་བསྡུས་ནས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །ནམ་མཁའི་མཐའ་ལྟར་ཡངས་པའི་བློ་གྲོས་ཀྱིས། །ལེགས་པར་བཤད་པས་བགྲང་ཡས་གདུལ་བྱ་རྣམས། །སྐལ་པ་བཟང་པོར་བསྒྱུར་མཛད་ངག་གི་དབང༌། །དོན་ཀུན་གྲུབ་པའི་དཔལ་ལ་གསོལ་བ་འདེབས། །སྲ་བརྟན་སེང་གེས་བཏེག་པའི་ཁྲི་ཆེན་པོ། །པདྨ་ཉི་ཟླའི་གདན་ལ་མགོན་པོ་ཁྱོད། །ཚེ་མཐའ་ཡས་པའི་ངོ་བོར་བཞུགས་གྱུར་ནས། །ཆོས་འཁོར་རྒྱུན་ཆད་བྲལ་བར་རྟག་བསྐོར་ཤོག །སྐྱབས་མཆོག་རིན་ཅེན་གསུམ་གྱི་བདེན་པ་དང༌། །མཁའ་འགྲོ་དམ་ཅན་སྲུང་མའི་མཐུ་སྟོབས་ཀྱིས། །ཇི་ལྟར་བསམ་པའི་རེ་བ་མ་ལུས་པ། །ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཆོས་རྗེ་སྔགས་རམས་པ་ནམ་མཁའ་བཟང་པོའི་གསོལ་འདེབས་བརྟན་བཞུགས་འདི་ནི་ཐང་སག་དགའ་ལྡན་ཆོས་འཁོར་བ་སྤྱི་སོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །ཚེ་མཐའ་ཡས་མགོན་ཕྱག་གི་ལྷུང་བཟེད་ཀྱི། །ཁ་ནས་གྱེན་འཕྱུར་བདུད་རྩི་སྲོག་ཟུངས་སུ། །འགྱུར་བར་གསོལ་བ་ཉེར་བཏབ་རེ་འབྲས་ཀུན། །འགྲུབ་པར་མཆོག་གསུམ་(༦༧ན)


GLG021_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་དེང་བྱིན་རློབས། །འཁྲུལ་མེད་རྒྱལ་བའི་གསུང་ངག་སྨིན་གྲོལ་ལ། །དབང་ཕྱུག་བློ་གྲོས་བུམ་བཟང་ཡོངས་གཏམས་པ། །རྒྱ་ཆེན་གནས་ལྔ་རིག་པ་མཚོ་བྱུང་མའི། །དྲིན་ལས་ལེགས་རྙེད་བསྐལ་པར་ཞབས་བརྟན་ཤོག །གཏི་མུག་མུན་སངས་སྡེ་བཞིའི་གཙུག་ལག་ཆེར། །རྣམ་དཔྱོད་རབ་རྒྱས་ཁྲིམས་གཉིས་གསེར་འཁོར་གྱིས། །རྒྱ་མཚོའི་གོས་ཅན་ཁྱོན་ལ་མངའ་སྒྱུར་བ། །སྐུ་ཚེ་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །བློ་བཟང་གྲགས་བསྙན་བསྟན་པའི་རྒྱལ་མཚན་ཏོག །འོད་སྟོང་སྲིད་གསུམ་ཀུན་ཁྱབ་འགྲོ་རྣམས་ཀྱིས། །འཁོར་མུན་དུ༔ཁ་མཐར་བྱས་ཕན་དང་བདེའི། །སྣང་བ་གསར་པ་ཕྱོགས་བརྒྱར་འབར་བར་ཤོག །དགའ་ལྡན་ལུགས་གཉིས་ཕོ་བྲང་རྒྱལ་པོའི་ཁབ། །རྫོགས་ལྡན་རྣམ་པར་ཐར་པ་སྒོ་བཞི་པོ། །མ་ཕམ་འཕགས་ཡུལ་བྱོན་པར་ཡོངས་ཕྱེ་ནས། །ལུས་ཅན་ཀུན་གྱི་ངལ་གསོར་འགྱུར་བར་ཤོག །ཤེས་རབ་མཆོག་གྱུར་ཤཱ་རིའི་བུ་ཡི་སྤྱན། །གཡས་པ་བསོད་ནམས་ཞིང་བཞུགས་གནྡཱོ་ལ། །གྲ་པ་མངོན་པར་ཤེས་པས་ལེགས་བཏབ་པ། །སྡེ་དགོན་མ་བུ་སྲིད་མཐར་རྒྱས་པར་ཤོག །རིན་ཅེན་རྣམ་གསུམ་བདེན་པ་རྒྱལ་སྲས་བཅས། །བྱིན་རླབས་ཚོགས་གཉིས་རབ་རྫོགས་མངའ་ཐང་ཆེ། །ཆོས་དབྱིངས་མི་འགྱུར་ཆོས་ཅན་སླུ་མེད་མཐུས། །སྨོན་པའི་རེ་བ་མཐའ་དག་ལྷུན་གྲུབ་ཤོག །ཅེས་སྤྱན་གཡས་སྤྱི་སོས་རིང་འཚོའི་རྟེན་འབྱུང་བསྒྲིགས་པའི་ཚེ་མཁན་ཆེན་རབ་འབྱམས་སྨྲ་བའི་ཤེས་གཉེན་སྐུ་སྐྱེ་བསྟན་འཛིན་རྒྱ་(༦༧བ)


GLG021_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །རྣམ་ཤེས་ཚོགས་བརྒྱད་སྲིན་པོའི་གྲོང་ཁྱེར་དབུས། །ཟུར་གསུམ་སྙིང་དབྱིབས་ཟངས་མདོག་དཔལ་རིའི་རྩེར། །རིག་པའི་རང་རྩལ་པདྨ་ཐོད་འཕྲེང་དང༌། །དབྱེར་མེད་དྲིན་ཅན་བླ་མར་གསོལ་བ་འདེབས། །ཆེ་མཆོག་ལ་སོགས་ཞི་ཁྲོ་ཡོངས་འདུས་པའི། །མ་འགགས་གདངས་ལས་སྣང་སྲིད་འཁོར་འདས་ཆོས། །གང་ཤར་རང་གྲོལ་བསྐར་བརྒྱར་ཞབས་བརྟན་ཅིང༌། །ཚེ་རབས་ཀུན་ཏུ་དབང་བསྐུར་བདག་བྱིན་རློབས། །ཉེ་ལྡེ་དབོན་པོ་ངག་དབང་འཕྲིན་ལས་ཀྱི་ཁ་ཏོན་དུ་ཚིགས་བཅད་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །རྣམ་འདྲེན་དེ་སྲས་སློབ་མའི་ཚོགས་རྣམས་ཀྱི། །ཕུལ་བྱུང་ཐུགས་རྗེ་ཆེན་པོའི་བྱིན་རླབས་མཐུས། །རྗེ་དབོན་ངག་དབང་དཀོན་ཅོག་རྒྱ་མཚོ་ཡི། །དལ་འབྱོར་རྟེན་བཟང་སྲིད་པ་མྱུར་འཛིན་ཤོག །རྒྱལ་གསུང་ཡོངས་ལ་ཀློག་པ་ཐོས་བསམ་དང༌། །ནང་དུ་མཉམ་པར་འཇོག་པ་ཚུལ་བཞིན་དུ། །བསྒྲུབ་ནུས་དབུས་གཙང་དག་པའི་ཞིང་ཁམས་འདིར། །མཐོ་རིས་ཡོན་ཏན་བདུན་ཚང་ལུས་ཐོབ་ཤོག །བརླང་པོར་སྤྱོད་པ་ལྷ་མིའི་གདོན་ཚོགས་ཀྱིས། །ཉེར་འཚེ་གླགས་བལྟའི་མུན་པ་ཀུན་སངས་ནས། །བསྟན་འགྲོའི་སྣང་བ་རབ་སྟེར་ཉིན་མོར་བྱེད། །གདུལ་བྱའི་མཁའ་(༦༨ན)


GLG021_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤར་ཞིང་བརྟན་པར་ཤོག །ཅེས་དྷཱི་ཚ་དབོན་པོ་ངག་དབང་དཀོན་ཅོག་རྒྱ་མཚོའི་ཡང་སྲིད་གྱུར་འབྱོན་གྱི་བདེན་ཚིག་བརྗོད་པ་འདི་ནི་སྤྲུལ་སྐུའི་གསུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང༌། །དམ་ཅན་ཆོས་སྲུང་ཐམས་ཅད་ཁྱོད་ཀྱི་སྐུར། །ཉེར་ཚང་འཇམ་མགོན་བློ་བཟང་གྲགས་པ་ཡི། །ཐུགས་རྗེ་བྱིན་རླབས་ནུས་པའི་མཐུ་དཔུང་སྐྱེད། །གང་གི་བསྟན་པ་ནམ་མཁའི་མཐའ་ཀླས་པར། །སྤེལ་བའི་བཀའ་བབས་ངག་དབང་བློ་ཡི་གཏེར། །སྐལ་བཟང་རྣམ་འདྲེན་བཞི་པའི་འཕྲིན་ལས་རྒྱུན། །རྒྱ་མཚོའི་རླབས་བཞིན་ཡོལ་མེད་ཞབས་བརྟན་ཤོག །སངས་རྒྱས་གཉིས་པ་ཀུན་མཁྱེན་བཙོང་ཁ་པའི། །བསྟན་སྲིད་རྒྱ་ཆེ་མཚོ་ལྟར་གཏིང་ཟབ་པ། །ཡོངས་འཛིན་ལྷ་མིའི་དབང་ཕྱུག་རྣམ་ཐོས་བུར། །ལེགས་ལྡན་སྐུ་ཚེ་མངའ་ཐང་རྒྱས་པར་ཤོག །ཚེ་རིང་གནམ་གྱི་ཤེ་མོང་དཔུང་པ་ཡིས། །ས་ལ་སྟོབས་ཀྱི་འཁོར་ལོས་ཡོངས་སྒྱུར་བ། །དགའ་ལྡན་ཕོ་བྲང་ལུགས་གཉིས་རྒྱལ་བའི་ཁྲིམས། །གསེར་ཤིང་ཀུན་གྱི་གཉའ་བར་རྟག་ལྕི་ཤོག །མཐའ་འཁོབ་མོན་ཡུལ་ལྷ་མིན་གཉེན་པོ་རུ། །དགའ་ལྡན་ཚངས་པའི་འཁོར་ལོས་སྒྲ་གཅན་མགྲིན། །བཅད་ནས་རྣམ་པར་རྒྱལ་བའི་དར་དཀར་པོ། །ལྷ་དབང་ཕོ་བྲང་རྩེ་མོར་འཕྱར་བར་ཤོག །ཡེ་ཤེས་མགོན་པོ་ལྕམ་དྲལ་བཀའ་སྡོད་ཚོགས། །ཁྱད་པར་གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༌། །ལས་(༦༨བ)


GLG021_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཤིན་རྗེ་འདོད་ཁམས་དབང་ཕྱུག་མས། །བསྟན་ལ་འཁུ་བའི་དགྲ་བགེགས་ཚར་ཆོད་ཅིག །བསླབ་གསུམ་ལུས་ལ་སྡེ་སྣོད་གསུམ་གྱི་རྒྱན། །ཉེར་སྤྲས་ཞྭ་སེར་རྣམ་དག་བསྟན་པ་ཡི། །རྟེན་འབྲེལ་མི་བསླུ་དཀོན་ཅོག་བདེན་པའི་མཐུས། །བདུད་སྡེ་སྙིང་ཞུགས་དཔུང་ཚོགས་ཞི་བར་ཤོག །ཅེས་པ་འདིའང་དགའ་ལྡན་རྣམ་རྒྱལ་ལྷ་རྩེར་འཛུགས་རྒྱུར་མེ་རག་བླ་མ་བློ་གྲོས་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ངག་དབང་ཚངས་སྲས་བཞད་པའི་བློ་གྲོས་ཀྱིས། །སྐལ་བཟང་རྒྱ་མཚོའི་རེ་སྐོང་ཕས་རྒོལ་ཚོགས། །གཞོམ་ལ་མི་འཇིགས་རྡོ་རྗེ་ཕ་ལམ་མཚན། །ཐུབ་བསྟན་ཡོངས་ཀྱི་ཤིང་རྟར་གསོལ་བར་འདེབས། །འཇམ་དབྱངས་དབྱངས་ཅན་མགྲིན་པར་རྩེ་འཇོ་ཡི། །རྣམ་དཔྱོད་དཔྱོད་ལྡན་དགའ་སྟོན་སྤེལ་བའི་བཤེས། །མ་འདྲིས་འདྲིས་པའི་འགྲོ་བཞིན་རིས་མེད་གཉེན། །སྲིད་མཐའ་མཐའ་བྲལ་བར་དུ་ཞབས་བརྟན་ཤོག །ཤེས་བྱ་ཀུན་ལ་འཇིགས་མེད་གྲགས་པའི་སྒྲ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཤིང་རྟ་ཆེ། །འདྲེན་པའི་འདུས་སྡེ་དབྱར་མཚོ་ལྟར་འཕེལ་ཞིང༌། །བཤད་སྒྲུབ་འཕྲིན་ལས་རྒྱུན་མི་ཆད་པར་ཤོག །ཅེས་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་མངོན་དགའ་ཆོས་སྡེ་སོགས་ཀྱི་མཁན་པོ་རྗེ་དབོན་ངག་དབང་ནམ་མཁས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཤེལ་གྱི་ལྷུན་པོ་ཟླ་བ་ཞུན་མ་ཡིས། །(༦༩ན)


GLG021_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བརྒྱར་བྱུགས་པས་བསྒྲུན་མིན་མཚན་དཔེའི་སྐུ། །འགྲོ་བ་ཀུན་སྒྲོལ་ཕྱག་ན་པད་དཀར་འཆང༌། །ཐུབ་དྲུག་སྒོ་མ་བཞིར་བཅས་ལྷ་ཚོགས་ལ། །ཟབ་གཏེར་རིགས་འཛིན་བརྒྱུད་པ་མུ་ཏིག་འཕྲེང༌། །སྤེལ་ལེགས་ངོས་ཀྱི་སུག་པའི་རི་མོ་ཡི། །མཛེས་རྒྱན་མཐོང་ཐོས་དྲན་རེག་ཡིད་ཅན་ཀུན། །གྲུ་འཛིན་རི་བོར་འཁྲིད་པའི་ས་མཁན་བཞིན། །རིས་མེད་སེམས་ཅན་ཀུན་ལ་བྱམས་པའི་སྤྱན། །དཀྱུས་རིང་ཉེར་གཟིགས་རླུང་གིས་བསྐུལ་བའི་གཟིངས། །འཁོར་བའི་མཚོ་ལས་བསྒྲལ་ཏེ་མྱང་འདས་ཀྱི། །རིན་ཅེན་གླིང་དུ་འཁྲིད་པར་བདག་བྱིན་རློབས། །ཚེ་དབང་རབ་བརྟན་མཆིས་འབྲང་རིགས་ཀྱི་བུ། །བརྒྱུད་པར་བཅས་ཀུན་ཚེ་དཔལ་བསོད་ནམས་སྟོབས། །རབ་རྒྱས་ཡང་སྲིད་ཕྱི་མར་འཕགས་མཆོག་གིས། །རྗེས་བཟུང་དག་པའི་ཞིང་དུ་འདྲེན་པར་ཤོག །སྤངས་དང་རྟོགས་པའི་ཡོན་ཏན་སངས་རྒྱས་རྣམས། །མཉམ་ཡང་ལྔ་བདོའི་འགྲོ་ལ་ཐུགས་རྗེའི་དཔུང༌། །རྣམ་འདྲེན་གཞན་གྱིས་འགྲན་མིན་པདྨ་འབྱུང༌། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཁྱོད་ཁོ་ན། །གང་གི་གདམས་པས་རྣམ་གྲོལ་རྒྱུ་འཕྲུལ་གར། །ངོ་མཚར་བཀོད་པའི་གཟིགས་མོ་ཚར་དངར་བ། །རྗེ་འབངས་ཉེར་ལྔས་ཡོངས་བསྐོར་ལེགས་བྱས་ཀྱི། །ཤིང་རྟས་དྲངས་པའི་ནོར་བུའི་མཆེད་ཟླ་བཞིན། །དད་པ་རས་དཀར་གཙང་མའི་རྫིང་བུའི་ངོས། །ལག་པའི་རི་མོ་པདྨའི་འདབ་མའི་རྒྱ། །གསལ་བའི་བྱིན་རླབས་སྙིང་ལ་ཉེར་འཇུག་པ། །མིག་སྔོན་འཕྲུལ་པོ་ཆེས་ཀྱང་འགོག་ནུས་ཅི། །ཚེ་དབང་རབ་བརྟན་མཆིས་(༦༩བ)


GLG021_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་རིགས་ཀྱི་༝༝༝། །རྫུས་སྐྱེས་མིག་གསུམ་མེ་ཡིས་བདུད་དཔུང་ལུས། །བསྲེགས་ཀྱང་སྟེང་འོག་བར་གསུམ་ལྷ་མ་སྲིན། །འདུལ་ཕྱིར་རྡོ་རྗེ་དྲག་པོ་རྩལ་གྱི་སྐུར། །རབ་བཞེངས་ཞི་ཁྲོའི་ལྷ་ཚོགས་ཡོངས་ཤར་བར། །བརྒྱུད་པ་དྲུག་ལྡན་བླ་བརྒྱུད་ཀུན་གསལ་ངོས། །དབང་པོའི་གཞུ་རིས་ལྟ་བུར་རྣམ་བཀྲ་བ། །མཆོག་ཐུན་དངོས་གྲུབ་སྩོལ་བའི་བྱེད་པོ་རུ། །རྩ་གསུམ་ཐུགས་རྗེ་མངོན་སུམ་ཤར་བ་བཞིན། །མོས་པའི་ལྕགས་ཀྱོས་ཁྲིད་པའི་གླང་པོ་ཡིས། །ལག་པའི་གོམ་འགྲོས་ལྷོད་པོར་བཀོད་པའི་རྗེས། །མངོན་སུམ་གསལ་བའི་བྱིན་རླབས་གྲུ་ཆར་གྱིས། །ཕན་བདེའི་མྱུ་གུ་བྱང་ཆེན་བར་སྐྱེད་སྲིངས། །ཚེ་དབང་རབ་བརྟན་༝༝༝། །ཇི་ལྟ་ཇི་སྙེད་ཆོས་ཀུན་སྤྱན་རས་ཀྱིས། །གཟིགས་པས་ལྷག་པོ་རྒྱལ་གཞན་མཐའ་དག་ལ། །མེད་ཀྱང་ས་བཅུའི་དབང་ཕྱུག་འཇམ་པའི་དབྱངས། །ངུར་སྨྲིག་གར་དུ་ཉེར་བརྫུ་བཙོང་ཁ་པར། །ཟབ་རྒྱས་བརྒྱུད་པ་མ་ཆད་རིན་ཅེན་འཕྲེང༌། །བཀོད་ལེགས་སྲད་བུར་བརྒྱུས་པ་འདྲེན་བྱེད་ལ། །སྔོན་མེད་ཟིལ་དངར་དགའ་སྟོན་ཆོ་ག་དག །རྫོགས་འདི་སྐལ་བཟང་བསོད་ནམས་ཟོང་གིས་བསྒྲུབས། །སྐྱེ་བར་ཕན་པ་བསྒྲུབ་ལ་རབ་སྨོན་པའི། །ལག་སོར་རྟགས་ཀྱི་རི་མོ་རྣམ་བཀྲ་བ། །ནམ་ཡང་ལྷོད་པ་མེད་པའི་མཛའ་ན་མོ། །རེ་བའི་འདོད་པ་འཇོ་བ་ཀུན་དགའི་དཔྱིད། །ཚེ་དབང་རབ་བརྟན་༝༝༝། །འཁོར་འདས་ཡོན་ཏན་ཕུན་ཚོགས་མི་ལྡན་ཀྱང༌། །གངས་རི་སྔོན་པོར་སྣང་བའི་འཁྲུལ་ཤེས་ལྟར། །ཟ་ཧོར་བཙུན་པ་ཨ་ཝདྷཱུ་ཏཱི་པའི། །གཟུགས་བརྙན་(༧༠ན)


GLG021_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

དད་ལྡན་བསོད་ནམས་ཞིང་གི་ཕུལ། །ལག་པའི་རི་མོ་རབ་བཀྲའི་མཐའ་སྐོར་དུ། །ལམ་རིམ་བླ་བརྒྱུད་གོང་གི་འཕྲོ་མཐུད་པས། །རྒྱལ་བའི་སྲས་ཀྱི་རླབས་ཆེན་སྤྱོད་པའི་ཚུལ། །སྐལ་བཟང་གདུལ་བྱར་སྟོན་ལ་རིངས་པ་བཞིན། །ཀླུ་སྒྲུབ་ཐོགས་མེད་བཞེད་སྲོལ་མཐོ་རིས་ཆབ། །མར་མེ་མཛད་དཔལ་ཛཧྣུས་བཏུངས་རྒྱུན། །བློ་བཟང་གྲགས་སྙན་ཐུགས་ཀྱི་རྒྱ་མཚོ་ཆེར། །བབས་འདིས་འགྲོ་བའི་སྒྲིབ་གཉིས་སྒོ་ཀུན་འཁྲུད། །ཚེ་དབང་རབ་བརྟན་༝༝༝། གསེར་གྱི་མདོག་ཅན་མཚན་དཔེའི་ཉི་མ་ཡིས། །འགྲོ་ཀུན་མ་རིག་གཉིད་ལས་སློང་མཛད་པ། །བུ་རམ་ཤིང་པའི་ཞབས་སེན་རྡུལ་དམར་པོ། །བདག་སོགས་ཀུན་གྱི་གཙུག་ཏུ་ལྷུང་བར་མཛོད། །རྣམ་དག་བསམ་པས་ཉེར་བསྐྲུན་བསོད་ནམས་འདིས། །ཚེ་དབང་རབ་བརྟན་མཆིས་འབྲང་རིགས་བརྒྱུད་དང༌། །བཟོ་བོར་བཅས་པའི་འདི་ཕྱི་བར་གསུམ་གྱི། །མདུན་མ་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཚངས་སྲས་བཞད་པའི་ངག་གི་དབང་ཕྱུག་གིས། །ཇི་སྙེད་ཤེས་བྱར་བལྟ་བའི་བློ་གྲོས་མིག །ཡངས་པས་སྐལ་བཟང་གདུལ་བྱ་རྒྱ་མཚོ་ཡི། །སྙིང་གི་གདུང་སེལ་ཁྱོད་ཀྱིས་རྗེས་སུ་ཟུངས། །རྣམ་དག་༝༝༝། །རྫོགས་སངས་རྒྱས་ཀྱང་རྒྱ་གར་པཎ་ཆེན་ཚུལ། །ཆགས་དང་བྲལ་ཡང་ཤེས་རབ་དགའ་མར་རོལ། །ཀུན་ལ་བརྩེ་ཡང་སྡེ་བརྒྱད་སྙིང་རྩ་འདར། །སྲིན་ཡུལ་རྟག་བཞུགས་རྒྱུན་དུ་བོད་སྐྱོང་མཚར། །རྣམ་དག་༝༝༝། །དག་ཞིང་ཡིད་དགའ་ཆོས་འཛིན་གཞལ་ཡས་སུ། །བཞུགས་ཀྱང་འཛམ་གླིང་འགྲོ་བའི་(༧༠བ)


GLG021_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་པར། །ནམ་ཡང་ངལ་བ་མེད་པར་མི་ཕམ་མགོན། །ལྔ་བདོའི་འགྲོ་བ་མཐའ་དག་འདྲེན་པར་མཛོད། །རྣམ་དག་༝༝༝། །ཕུར་པའི་དཔལ་གྱི་བདུད་སྡེའི་སྙིང་འགས་ཀྱང༌། །ཐུབ་བསྟན་འཕྲིན་ལས་སྤེལ་བའི་དར་ཆེན་པོ། །སྲིད་རྩེའི་བར་དུ་འཕྱར་བའི་ཁྲོ་བོའི་རྒྱལ། །རྡོ་རྗེ་གཞོན་ནུས་མཆོག་ཐུན་དངོས་གྲུབ་སྩོལ། །རྣམ་དག་༝༝༝། །གར་དབང་མགོན་པོའི་སྲས་མཆོག་གྲུ་འཛིན་མགོན། །གངས་ཅན་ལྷ་གཅིག་ལག་ན་པད་དཀར་འཆང༌། །ཐུགས་ཀའི་ཡི་གེ་ལས་བབས་བདུད་རྩི་ཡིས། །འགྲོ་བ་དྲུག་གི་སྡུག་བསྔལ་མཐར་མཛོད་ཅིག །རྣམ་དག་༝༝༝། །མགོན་པོ་ཀུན་ཏུ་གཟིགས་ཁྱོད་བློ་གྲོས་མཐའ། །རྣམ་པ་ཐམས་ཅད་མཁྱེན་པས་གཞལ་དཀའ་ཡང༌། །ད་དུང་སློབ་པའི་ལམ་ལ་གནས་པའི་ཚུལ། །སྟོན་མཛད་ཟུར་ཕུད་ལྔ་པས་རྟག་ཏུ་སྐྱོངས། །རྣམ་དག་༝༝༝། །དམར་ཟླུམ་སྤྱན་གྱིས་ལྟ་སྟངས་གཟིགས་པའི་མོད། །བདུད་དཔུང་ལག་ཆ་སྟབས་ཅིག་འཆོར་ནུས་པ། །གསང་བ་ཀུན་གྱི་མཛོད་འཛིན་ཁྲོ་བོའི་རྒྱལ། །ལག་ན་རྡོ་རྗེས་མི་མཐུན་ཕྱོགས་ལས་སྲུངས། །རྣམ་དག་༝༝༝། །འཁོར་བ་སྟོངས་མིན་དེ་སྲིད་རང་གི་དོན། །ཡལ་བར་བོར་བའི་དམ་བཅའི་ཁུར་ཆེན་པོ། །སྙིང་སྟོབས་ཕྲག་པར་ལེན་པ་སྤྱན་རས་གཟིགས། །འཇམ་མཉེན་ཕྱག་ཁྱོངས་འགྲོ་དབུགས་མ་ལུས་ཕྱུངས། །རྣམ་དག་༝༝༝། །ཡངས་པའི་ནོར་འཛིན་གཡོ་དང་བཅུད་འཚོར་སོགས། །ཉེས་ཚོགས་མཐའ་དག་གང་གི་ཐུགས་རྗེའི་མཐུས། །རྣམ་པར་གཞིལ་ཏེ་བདེ་སྐྱིད་ལ་སྦྱོར་བར། །(༧༡ན)


GLG021_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ས་ཡི་སྙིང་པོས་མཐུ་དཔུང་སྐྱེད། །རྣམ་དག་༝༝༝། །ལུས་ཅན་ཀུན་གྱི་རྒྱུད་ལ་ཤེས་བྱ་དང༌། །ཉོན་མོངས་བག་ལ་ཉལ་གྱི་སྒྲིབ་པ་ཀུན། །རྣམ་པར་སེལ་བ་ས་བཅུའི་དབང་ཕྱུག་གིས། །སྲིད་མཐར་ལྷོད་མེད་རྗེས་སུ་འཛིན་པར་ཤོག །རྣམ་དག་༝༝༝། །ལྷ་ཡི་ལམ་ནས་བཀྲ་ཤིས་དགེ་བ་ཡི། །མཚན་ལྟས་བཟང་པོས་འཇིག་རྟེན་མ་ལུས་པ། །ཁྱབ་མཛད་ནམ་མཁའི་སྙིང་པོའི་ཐུགས་རྗེ་ཆེའི། །མཐུ་དཔུང་བསྐྱེད་པར་གསོལ་ལ་དེང་དགོངས་ཤིག །རྣམ་དག་༝༝༝། །མཐོ་དམའ་མེད་པར་སྙོམས་པས་ཉེར་དྲངས་ཏེ། །རྗེས་བརྩེའི་ཆུ་ཡིས་དུ༔ཁའི་མེ་དཔུང་ཀུན། །བསད་ནས་སིམ་པའི་ཚོར་བས་བསིལ་པ་ཡི། །རེག་བྱ་ལ་སྦྱོར་བྱམས་པ་མགོན་པོ་ཀྱེ། །རྣམ་དག་༝༝༝། །འདས་དང་མ་འོངས་ད་ལྟའི་དུས་ཀུན་ཏུ། །མ་རིག་འཁྲུལ་པའི་དབང་གིས་ཉེར་འཕྱན་ཏེ། །སྒོ་གསུམ་མནར་རྣམས་ལམ་བཟང་ལ་འཁྲིད་པར། །མཛོད་ཅིག་ཆོས་ཀྱི་སྤྲིན་གནས་སེམས་དཔའ་ཆེ། །རྣམ་དག་༝༝༝། །འདི་ཕྱི་བར་དོ་གསུམ་གྱི་སྐྱབས་གཅིག་པོར། །བླ་མ་ཆོས་སྐྱོང་དབྱེར་མེད་ཐུགས་རྗེའི་གཏེར། །མྱུར་མཛད་ཡེ་ཤེས་མགོན་པོ་ཕྱག་དྲུག་པས། །དེང་ནས་བྱང་ཆུབ་བར་དུ་རྗེས་ཟུངས་ཤིག །རྣམ་དག་༝༝༝། །རྒྱལ་མཚན་ཏོག་དང་ནེའུ་ལེའི་ཁ་ནང་ནས། །ཕུན་ཚོགས་ནོར་བུའི་ཆར་རྒྱུན་ལེགས་ཕབ་སྟེ། །དབུལ་ཕོངས་དང་བྲལ་རྨུགས་འཛིན་འབྱོར་པ་ལ། །བདག་སོགས་སྦྱོར་ཞིག་ལྷ་(༧༡བ)


GLG021_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ངལ་བསོས་པོ། །རྣམ་དག་༝༝༝། །ཀླུ་སྒྲུབ་བཞེད་པའི་ཟབ་མོ་ལྟ་བ་དང༌། །གསང་བ་འདུས་པའི་སྒྲུ་ལུས་གནད་འགག་ལ། །སྔོན་མེད་ཤིང་རྟ་ཆེན་པོ་ཙོང་ཁ་པ། །འཇམ་མགོན་བླ་མའི་བྱིན་རླབས་སྙིང་འཇུག་མཛོད། །རྣམ་དག་༝༝༝། །ཕྱག་སོར་གྱིས་སྤྲས་གསེར་སྦྱངས་བུམ་པ་ནས། །དཀར་དམར་མདངས་ལྡན་ཟིལ་དངར་བབས་པའི་རྒྱུན། །དུས་ཀུན་ཁྱབ་པའི་འཆི་མེད་དཔལ་སྟེར་བའི། །ཚེ་མཐའ་ཡས་དེ་གཙུག་གི་རྒྱན་དུ་བཞུགས། །རྣམ་དག་བསམ་༝༝༝། །གཞོན་ནུའི་མཚན་འཛིན་རྒན་པོའི་བློ་གྲོས་འཆང༌། །རྒྱལ་ཀུན་ཡབ་གྱུར་རྒྱལ་སྲས་ངང་ཚུལ་འཛིན། །འཇམ་ཞིང་དུལ་ཡང་ཕས་རྒོལ་ཚར་གཅོད་པ། །རྗེ་བཙུན་བརྟན་པའི་འཁོར་ལོས་ཤིས་པར་མཛོད། །རྣམ་དག་༝༝༝། །རྒྱུ་འབྲས་གཅིག་པར་གསེར་མདོག་ཞལ་ལྡན་པས། །ཉི་བུའི་གཤེད་གྱུར་གཞན་ལས་ཁྱད་ཞུགས་པ། །རྡོ་རྗེ་འཇིགས་བྱེད་མཐོང་ཚེ་ཁྲོ་བོ་ཀུན། །ལག་ཆ་ཅིག་ཅར་འཆོར་དེ་ཨེ་མ་མཚར། །རྣམ་དག་༝༝༝། །འཇིགས་ཆེན་བརྒྱད་སོགས་སྲིད་པའི་དུ༔ཁ་ལས། །སྐྱོབ་པའི་རྒྱལ་ཡུམ་ཨཱཪྻཏཱ་རེ་ཀྱེ། །མརྒད་འཁྲི་ཤིང་གཞོན་ནུའི་ཕྱག་རིང་པོ། །བདག་སོགས་སེམས་ཅན་ཀུན་གྱི་གཙུག་ཏུ་ཁྱོངས། །རྣམ་དག་༝༝༝། །མཚན་ཙམ་ཐོས་པས་དུས་མིན་འཆི་འཇོམས་ན། །གཟུངས་སྔགས་མཐུ་ཡིས་གཞོམ་མེད་ཚེ་ཡི་དཔལ། །སྦྱིན་མཛད་བཅོམ་ལྡན་ཡིད་བཞིན་འཁོར་ལོ་མས། །མི་ཤིགས་རྡོ་རྗེའི་སྲོག་གི་ཀ་བ་ཚུགས། །རྣམ་དག་༝༝༝། །གསེར་སྦྱངས་མདངས་འཛིན་སེར་(༧༢ན)


GLG021_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྔོ་དམར་ཞལ། །རལ་གྲི་འཁོར་ལོ་རྩེ་གསུམ་མདའ་དགྲ་སྟེ། །གཞུ་ཞགས་རྡོ་རྗེ་འཛིན་ཅིང་རོལ་པའི་སྟབས། །སྣ་ཚོགས་རྒྱན་ལྡན་སོ་སོར་འབྲང་མས་སྐྱོངས། །རྣམ་དག་༝༝༝། །མརྒད་མདངས་ཅན་ལྗང་ནག་དཀར་བའི་ཞལ། །རྨ་བྱའི་སྒྲོ་མངའ་མཆོག་སྦྱིན་རིན་ཅེན་ཆུན། །གཞུ་བུམ་འཛིན་ཅིང་ཕྱེད་པའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་རྒྱན་ལྡན་རྨ་བྱ་ཆེན་མོས་སྐྱོངས། །རྣམ་དག་༝༝༝། །ཁ་བའི་རྡུལ་བརྩེགས་ལྟར་དཀར་ཞལ་འཛུམ་པ། །རལ་གྲི་མདའ་དང་མཆོག་སྦྱིན་གཞུ་ཞགས་པ། །དགྲ་སྟ་འཛིན་ཅིང་སྒེག་ཉམས་སེམས་སྐྱིལ་རྒྱན། །ལེགས་སྤྲས་སྟོང་ཆེན་རབ་འཇོམས་མ་ཡིས་སྐྱོངས། །རྣམ་དག་༝༝༝། །སྟང་ཟིལ་བརྩེགས་པའི་སྐུ་དང་ཞལ་མཚུངས་པ། །རྡོ་རྗེ་མཆོག་སྦྱིན་དགྲ་སྟ་ཞགས་པ་བསྣམས། །སྣ་ཚོགས་མཛེས་པའི་རྒྱན་གྱིས་ཉེར་སྤྲས་པ། །གསང་སྔགས་རྗེས་སུ་འཛིན་མས་རྟག་ཏུ་སྐྱོངས། །རྣམ་དག་༝༝༝། །པདྨ་རཱ་གའི་གཟུགས་སྐུ་ཆགས་པའི་ཞལ། །བགྲད་འཕྲང་མཆོག་སྦྱིན་ལྕགས་ཀྱུ་པོ་ཏི་བསྣམས། །སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་སྣ་ཚོགས་རྒྱན། །རབ་སྤྲས་བསིལ་པའི་ཚལ་གྱིས་དུས་ཀུན་སྐྱོངས། །རྣམ་དག་༝༝༝། །བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་ཆོམ་རྐུན་སྐེ། །བདུད་ཞགས་ནག་པོས་བཅིངས་ནས་ཐོད་དབྱུགས་གིས། །ཕྱེ་མར་འཐག་འཛད་འཆི་བདག་གཤིན་རྗེའི་རྒྱལ། །དཔལ་ལྡན་མ་ཧེའི་ཞལ་ཅན་ཁྱོད་ཅིག་བསྔགས། །རྣམ་དག་༝༝༝། །མ་རུངས་གདུལ་དཀའ་འདུལ་ཕྱིར་དབྱིངས་ཕྱུག་མ། །སྲིད་པ་གསུམ་(༧༢བ)


GLG021_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་སྒྱུར་རེ་མ་ཏཱི། །འདོད་ཁམས་བདག་མོ་དམར་ཟོར་རྒྱལ་མོ་ཡིས། །ཚེ་རབས་ཀུན་ཏུ་མགོན་སྐྱབས་དཔུང་གཉེན་མཛོད། །རྣམ་དག་༝༝༝། །ལས་བཞི་བསྒྲུབ་པའི་སྣ་ཚོགས་འཕྲུལ་ཆེན་ལས། །རབ་དཀར་ལྷ་མཆོག་ཞི་བའི་དངོས་གྲུབ་ཀུན། །སྩོལ་མཛད་དུང་སྐྱོང་མ་ཡིས་དུས་ཀུན་ཏུ། །གཡེལ་བ་མེད་པར་མེལ་ཚེ་མཛད་དུ་གསོལ། །རྣམ་དག་༝༝༝། །ཞེས་གསོལ་དཔོན་ཚེ་དབང་རབ་བརྟན་གྱིས་འདི་གའི་ལག་རྗེས་གསལ་བའི་ཐང་ག་ལྔ། གཞན་མ་སུམ་ཅུ་ཐམ་པ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་དུ་མ་ལ་བློ་གྲོས་ཀྱི་སྣང་བ་དཀར་བ་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཞོ་དོས་ལྷག་པ་བཅུ་བཞིའི་སྲང་གྲངས་ཀྱི། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་སྣོད། །དགེ་སློང་ཡོན་ཏན་དཔལ་བཟང་གིས་ཕུལ་བས། །འདི་ཕྱིའི་བསམ་དོན་མ་ལུས་ལྷུན་གྲུབ་ཤོག །ཅེས་པའང་ཕན་བདེ་ལེགས་བཤད་གླིང་པའི་དགེ་སྐོས་སྐབས་པད་སྡེར་ཕུལ་བའི་ཁ་བྱང་དུ་ཟ་ཧོར་བནྡེས་བཀོད། །ཤེལ་དཀར་ཞུན་མའི་ལྷུན་པོ་འབུམ་ཕྲག་ཟླས། །འཁྱུད་པའི་འོད་ཀྱིས་འཆི་བདག་སྨག་རུམ་རྣམས། །མཐར་བྱེད་རྒྱལ་བ་ཀུན་ཡུམ་ཚེ་སྦྱིན་མ། །ཡིད་བཞིན་འཁོར་ལོའི་སྤྱན་བདུན་གྱིས་གཟིགས་ཤིག །བགྲང་ཡས་རྒྱུད་སྡེའི་གསུང་ངག་སྙིང་པོའི་དབང༌། །སྒོ་གསུམ་སྨིན་པ་བློ་གྲོས་བུམ་བཟང་ནས། །རྒྱ་ཆེན་གདུལ་བྱའི་རེ་འདོད་དབྱར་མཚོ་ལྟར། །སྤེལ་མཛད་དམ་པའི་མགོན་ཁྱོད་ཞབས་(༧༣ན)


GLG021_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཤོག །ཆེ་མཆོག་ལ་སོགས་ཞི་ཁྲོ་མ་ལུས་པ། །ཡོངས་འདུས་འཁོར་འདས་ཀུན་གྱི་ཕྱག་རྒྱ་རྣམས། །ཅིག་ཅར་ཟིལ་གྱིས་གནོན་པ་བཞད་པ་རྩལ། །གང་ཤར་རང་སར་གྲོལ་ཁྱོད་ཞབས་བརྟན་ཤོག །འཇམ་དབྱངས་མགྲིན་བཞུགས་མགུལ་པར་དགའ་བའི་ཕྱག །ཉེར་འཁྱུད་ཚངས་སྲས་བཞད་པའི་བཤེས་གཉེན་མཆོག །འཆད་རྩོད་རྩོམ་ལ་འཇིགས་མེད་རྡོ་རྗེའི་སྡེ། །གཡུང་དྲུང་སྲོག་གི་ཀ་བ་ཚུགས་པར་ཤོག །རྨོངས་པའི་མུན་སངས་རྣམ་དཔྱོད་རྟ་ལྗང་གི །དཀྱིལ་འཁོར་རབ་རྒྱས་རྒྱ་མཚོའི་མཐའ་ཀླས་པའི། །སྐྱེ་རྒུའི་དབང་ཕྱུག་ས་ཡི་ཚངས་པ་ཆེའི། །སྐུ་ཚེ་རིགས་བརྒྱུད་ཆབ་སྲིད་དར་བར་ཤོག །དགའ་ལྡན་ཕོ་བྲང་གནམ་སྐོས་རྒྱལ་པོའི་ཁྲིམས། །གསེར་གྱི་འཁོར་ལོའི་ཤེ་མོང་དཔུང་པ་ཡི། །ཡིད་ཅན་ལྟ་ཞོག་སེམས་མེད་ནོར་འཛིན་མ། །རྗེས་སུ་འབྲང་བའི་དབང་ཐང་འབར་བར་ཤོག །ཞྭ་སེར་ཅོད་པན་འཆང་བསྟན་རྗེས་ཞུགས་པ། །རྒྱ་ཧོར་བོད་དང་བོད་ཆེན་སྐྱེ་རྒུ་ཀུན། །དུ༔ཁའི་མིང་ཡང་མཐར་བྱས་རྫོགས་ལྡན་དུས། །གསར་པའི་དགའ་སྟོན་མགྲོན་དུ་བསུ་བར་ཤོག །བསམ་མཁར་བདེ་ཆེན་དབང་གི་རྒྱལ་པོ་ཡི། །རིགས་བརྒྱུད་འཁོར་བཅས་ནད་གདོན་དབུལ་ཕོངས་བྲལ། །འཆི་མེད་བདག་པོར་འགྲན་ནུས་ཡུན་རིང་འཚོ། །བསོད་ནམས་མངའ་ཐང་བླ་ནས་བླར་འཕེལ་ཤོག །ཚེ་འདིའི་ལུས་བསྐྱེད་ཕ་མས་ཐོག་དྲངས་པའི། །ནང་མི་གཉེན་འཁོར་གྱིས་མཚོན་མཁའ་མཉམ་གྱི། །སེམས་ཅན་མཐའ་དག་འཁོར་བའི་སྡུག་བསྔལ་ལས། །བསྒྲལ་ནས་ཐར་པའི་གྲོང་ཁྱེར་(༧༣བ)


GLG021_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པར་ཤོག །མཁྱེན་བརྩེ་ནུས་གསུམ་ལྡན་པ་རྫོགས་སངས་རྒྱས། །བདེན་པ་གཉིས་དང་ལྡན་པ་དམ་པའི་ཆོས། །རིག་དང་གྲོལ་བའི་དཔལ་ལྡན་དགེ་འདུན་ཏེ། །སླུ་མེད་བདེན་པའི་རྟེན་འབྲེལ་ལྷུན་གྲུབ་ཤོག །ཅེས་པ་འདིའང་བསམ་མཁར་བ་བདེ་ཆེན་དབང་རྒྱལ་གྱིས་དགའ་ལྡན་ཐར་པ་གླིང་དང༌། གསང་སྔགས་བྱང་ཆུབ་གླིང་གཉིས་སུ་འཛུགས་རྩིས་ཀྱི་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་རིག་བྱེད་པ་བློ་བཟང་དབང་པོའོ། །མཆོག་གསུམ་སླུ་མེད་ཐུགས་རྗེ་བདེན་ཚིག་མཐུས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །རྡོ་རྗེས་མཚན་པའི་ཁྲི་ལ་སྲིད་མཐའི་བར། །ལེགས་བཞུགས་བཞེད་དོན་འཕྲིན་ལས་ལྷུན་གྲུབ་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །བློ་བཟང་ཚེ་རིང་རིགས་བརྒྱུད་བཅས་པ་ཡི། །ཚེ་དཔལ་བསོད་ནམས་དབང་ཐང་མ་ལུས་པ། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །འདི་སྣང་ཉིང་མཚམས་སྦྱར་ཚེ་མགོན་ཁྱོད་ཀྱིས། །རྗེས་གཟུང་ལྷོ་ཕྱོགས་རི་བོ་པོ་ཏ་ལར། །ཕྱག་ན་པདྨའི་འཁོར་དུ་ལེགས་སྐྱེས་ནས། །གཏན་གྱི་མདུན་མ་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདིའང་བློ་བཟང་ཚེ་རིང་གིས་བདེ་ཡངས་དང་སྔགས་པའི་གྲྭ་ཚང་གཉིས་སུ་ལོ་ཇ་ནམ་འཚོའི་བར་བཙུགས་པའི་ཚེ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་བཟང་དབང་པོའོ། །སྔོན་བསགས་ལས་འཕྲོ་འོད་ཀྱིས་ལོག་རྟོག་དུག །རབ་བསལ་དད་པའི་མཚོ་ནང་བཤེས་གཉེན་གཟུགས། །སྲིད་ཞིའི་ཡོན་(༧༤ན)


GLG021_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཆ་གང་སྟོན་ཀའི་ཟླ། །ཕན་བདེའི་ག་བུར་ཟེགས་མ་འབུམ་འགྱེད་པ། །མགོན་ཁྱོད་བྱིན་རླབས་བདུད་རྩི་བདག་སྙིང་ལ། །ཞུགས་ནས་ཚེ་རིང་བསོད་ནམས་དབང་ཐང་འཕེལ། །ཡང་སྲིད་ཕྱི་མར་དལ་བའི་རྟེན་ཐོབ་སྟེ། །རིང་མིན་སངས་རྒྱས་ས་ལ་བགྲོད་པར་ཤོག །རྒྱལ་ཀུན་མཐུ་སྟོབས་གཅིག་ཏུ་བསྡུས་པའི་མཚོན། །རབ་འབར་རྡོ་རྗེ་རྩེ་བརྒྱ་གདེངས་པའི་མོད། །བདུད་བཞིའི་ཀླད་འགེམས་གསང་བ་ཀུན་གྱི་མཛོད། །འཛིན་མཛད་གར་དགུའི་རྣམ་འགྱུར་སྟོན་མཛད་ཀྱེ། །བདག་སོགས་བྱང་ཆུབ་བར་དུ་རྗེས་བཟུང་ནས། །གནས་སྐབས་སྲིད་པའི་ལེགས་ཚོགས་རབ་འཕེལ་ཞིང༌། །རིང་པོར་མི་ཐོགས་མཁའ་མཉམ་སེམས་ཅན་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཅེས་པ་འདིའང་དགའ་རུ་ཤག་པ་འཇིགས་མེད་དབང་པོས་དད་རྟེན་དུ་འདི་གའི་འདྲ་འབག་དང་གསང་བའི་བདག་པོའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་བློ་དབང་ངོ༌། །རྣམ་དག་བསམ་པས་སྨོན་ལམ་བཏབ་པའི་མཐུས། །བྱང་ཆུབ་མ་ཐོབ་བར་དུ་མགོན་ཁྱོད་ཀྱིས། །ལམ་བཟང་སྟོན་པའི་དགེ་བའི་བཤེས་མཛད་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་པ་འདིའང་པད་རྡོར་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པའོ། །ཞོ་གང་གིས་དམན་སྲང་གྲངས་ཉེར་བཞི་ཡི། །དངུལ་དཀར་ལས་གྲུབ་གསལ་བྱེད་མར་མེའི་ཀོང༌། །བྱམས་པ་སྐལ་བཟང་རབ་འབྱམས་གྲ་སྐོར་དུས། །(༧༤བ)


GLG021_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བདེ་ལེགས་བཤད་གླིང་དུ་ཕུལ་བའི་དགེས། །མ་རིག་སྨག་རུམ་སྟུག་པོ་མཐར་བྱས་ནས། །ལུང་རྟོགས་ཡོན་ཏན་རྨད་བྱུང་འོད་པོ་ཆེས། །སྲིད་ཞིའི་ལེགས་ཚོགས་གཟུགས་བརྙན་མ་ལུས་པ། །མངོན་སུམ་མཐོང་བའི་སྐལ་པ་བཟང་བར་ཤོག །ཅེས་པའང་ཟ་ཧོར་བནྡེས་བཀོད། །བགྲང་ཡས་སྲིད་ཞིའི་ལམ་སྟོན་རྫོགས་སངས་རྒྱས། །སླུ་མེད་གཏན་གྱི་སྐྱབས་མགོན་དམ་པའི་ཆོས། །ཚུལ་བཞིན་སྒྲུབ་པ་སྐྱེ་འཕགས་དགེ་འདུན་ཏེ། །དཀོན་ཅོག་གསུམ་གྱི་རྨད་བྱུང་ཐུགས་རྗེའི་མཐུས། །གནམ་གྱི་ཤེ་མོང་འཛིན་པ་ཇིང་གིར་བརྒྱུད། །དད་བརྩོན་གཏོང་ཕོད་དང་ལྡན་མི་ཡི་བདག །ཐའི་ཇི་བློ་བཟང་ཚེ་རིང་མིང་ཅན་གང༌། །སྐྱེ་བ་ཀུན་ཏུ་དལ་པའི་རྟེན་ཐོབ་ཤོག །དེར་ཡང་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས། །རྟག་ཏུ་འབྲལ་མེད་རྗེས་སུ་ཉེར་བཟུང་སྟེ། །བསྙེན་པར་རྫོགས་པའི་སྡོམ་པ་ལེགས་ཕོག་ནས། །ཚུལ་ཁྲིམས་མིག་གི་འབྲས་ལྟར་བསྲུང་བར་ཤོག །ངུར་སྨྲིག་འཛིན་པ་ཚངས་སྤྱོད་མཆོག་རྟེན་ལ། །ཐེག་ཆེན་ལམ་ཞུགས་བདག་པས་གཞན་གཅེས་མཐུས། །འགྲོ་བའི་དོན་དུ་ལུས་སྲོག་འདོར་ནུས་སོགས། །ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་པར་ཤོག །གྲངས་མེད་ཕུན་ཚོགས་སྲོག་ལ་མ་བལྟོས་པར། །གསང་བ་སྔགས་ཀྱི་སྨིན་གྲོལ་ལ་བརྟེན་ནས། །རིང་པོར་མི་ཐོགས་རྡོ་རྗེ་འཛིན་པའི་སར། །ལེགས་བགྲོད་འགྲོ་བ་འདྲེན་པའི་དོན་བྱེད་ཤོག །ཅེས་པ་འདིའང་ཁལ་ཁ་གཡས་རུ་ནས་དད་སྟོབས་ལྡན་པ་བློ་བཟང་ཚེ་རིང་གིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་(༧༥ན)


GLG021_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དབང་དཀོན་ཅོག་གོ །མ་རིག་གཉིད་སངས་ལུང་རྟོགས་ཆ་ཤས་ཀུན། །ཉེར་རྒྱས་ཡེ་ཤེས་ཟླ་བའི་འོད་ཟེར་གྱིས། །ཕན་བདེའི་ཀུན་ད་བཞད་པའི་བཤེས་གཉེན་མཆོག །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བློ་བཟང་གྲགས་སྙན་བསྟན་པ་བྱང་ཕྱོགས་སུ། །འཛིན་པའི་སྙིང་སྟོབས་རྒྱས་སྲས་སྤྱོད་པ་ཡིས། །འཕྲིན་ལས་རྒྱ་མཚོའི་རབས་འཕྲེང་ཡོལ་མེད་ཅན། །མཚུངས་བྲལ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །དགའ་ལྡན་བསྟན་པ་རིན་ཅེན་འཛིན་པ་ལ། །སླར་ཡང་བྱང་ཕྱོགས་ཡངས་པའི་ས་ཆེན་པོར། །དབང་སྒྱུར་དད་སྟོབས་ལྡན་པ་བོ་ཤོག་ཐུ། །ཆོས་ཀྱི་རྒྱལ་པོར་གྱུར་ལ་གསོལ་བ་འདེབས། །གང་གི་སྐུ་ཚེ་ཉི་ཟླ་དང་མཉམ་ཞིང༌། །བསོད་ནམས་སྣམ་ཐོས་སྲས་ཀྱི་མཆེད་ཟླར་འགྲན། །ཆབ་སྲིད་མི་ནུབ་ཆུ་བོའི་རྒྱུན་བཞིན་དུ། །ཆད་པ་མེད་པར་དཀོན་ཅོག་མཐུས་བྱིན་རློབས། །ལེགས་བྱས་གསེར་གྱིས་བཏེག་པའི་ཁྲི་ཆེན་པོར། །ས་ཡི་ཚངས་པ་མི་ཤིགས་སྐྱིལ་མོ་ཀྲུང༌། །བཅས་ནས་བསྟན་ལ་དད་པའི་ཕུ་དུད་དང༌། །མངའ་འབངས་སྐྱོང་བའི་བཞེད་དོན་ལྷུན་གྲུབ་ཤོག །ཅེས་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོའི་འཁྲུངས་རབས་གསོལ་འདེབས་དང་བརྟན་བཞུགས་ཤིག་དགོས་ཞེས་སྔགས་པ་གྲྭ་ཚང་སྤྱི་སོས་བདོག་པའི་དངོས་པོ་མཎྜལ་དང་བཅས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ ། ངག་དབང་བློ་བཟང་རྒྱ་མཚོར་གསོལ་བཏབ་མཐུས། །འདི་ཕྱི་བར་དོའི་འཇིགས་པ་ཀུན་ཞི་ནས། །ཚེ་རིང་ནད་མེད་(༧༥བ)


GLG021_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྐྱིད་ཕུན་སུམ་ཚོགས། །རིང་མིན་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་དཔོན་མོ་ཨལ་པན་གྱི་ཁ་ཏོན་དུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །སྐྱབས་གསུམ་ཀུན་འདུས་འཇམ་དབྱངས་དགའ་བའི་བཤེས། །སྤྱི་གཙུག་པད་མཚོར་བཞུགས་ལ་གསོལ་འདེབས་ན། །འདི་ཕྱིའི་དོན་ཀུན་མ་ལུས་ཉེར་འགྲུབ་པའི། །ཐུགས་རྗེའི་བྱིན་རླབས་འཇུག་པ་མྱུར་སྩོལ་ཤོག །ཅེས་བི་ལིག་ཨེར་ཁེ་ཐའི་ཇིའི་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་མཐུས། །སྐུ་སྐྱེ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི། །ཡང་སྲིད་ཞིང་ཁམས་གང་དུ་ལེན་པ་ལ། །ཉེར་འཚེའི་བར་ཆད་ཐམས་ཅད་ཞི་བར་ཤོག །འདྲ་བརྫུས་འཁྲུལ་པའི་དབང་དུ་མི་འགྲོ་བར། །རྣམ་དག་སྐྱེ་སྲིད་བཟུང་དེར་རིང་པོའི་ཚེ། །བསོད་ནམས་ལུང་རྟོགས་ཆོས་ཀྱི་ཡོན་ཏན་ཀུན། །བླ་ནས་བླར་འཕེལ་རང་གཞན་ཕན་འགྲུབ་ཤོག །གདུལ་བྱ་གདུལ་བའི་ཡུལ་གྲུ་ཕ་མཐའ་ཡས། །སྔོན་ནས་ལས་འབྲེལ་ཐོགས་དང་སྨོན་ལམ་གྱི། །མཚམས་སྦྱར་ཇི་བཞིན་འགྲུབ་པའི་དོན་བཟང་འབྲས། །རབ་སྨིན་རོ་བརྒྱའི་དཔལ་ལ་སྤྱོད་པར་ཤོག །ནམ་ཡང་བདེན་པར་གསུང་བ་རྫོགས་སངས་རྒྱས། །སླུ་མེད་སྐྱབས་གནས་ཉག་ཅིག་དམ་པའི་ཆོས། །སྐྱེ་འཕགས་དགེ་འདུན་ཚོགས་ཀྱི་ཐུགས་རྗེ་ཡིས། །འཇུག་པ་དུས་ལས་གཡེལ་བ་མེད་པར་ཤོག །དཔལ་ལྡན་མགོན་པོ་ལྕམ་དྲལ་བསྟན་སྲུང་(༧༦ན)


GLG021_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །དཀར་ཕྱོགས་སྐྱོང་བའི་འཆི་མེད་དྲང་སྲོང་དང༌། །རིག་འཛིན་ཚིག་གི་དམོད་པ་ལ་དབང་བས། །བདེན་པ་ལེགས་བརྗོད་དོན་ཀུན་ཤིས་པར་ཤོག །སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱི་ཡང་སྲིད་གང་དུ་འཛིན་ཀྱང་བར་ཆད་མི་འབྱུང་ཞིང་ལེགས་ཚོགས་འཕེལ་བའི་སྨོན་ལམ་འདི་ནི་གྲ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བྱིན་རླབས་དང༌། །རྒྱུ་སྦྱོར་བདོག་པའི་གཏོང་ཕོད་ལྷག་པའི་སེམས། །ཟླ་ཤར་ཀུན་ཏུ་དགེ་འདུན་མཆོད་པ་སོགས། །བྱང་ཆུབ་མཆོག་བསྔོས་མི་འཛད་རྣམ་དཀར་མཐུས། །རྡོ་རྗེའི་ཁྲི་ལ་འཇམ་དབྱངས་དགའ་བའི་བཤེས། །འོག་མིན་མགོན་པོ་ལྟ་བུར་རྟག་བརྟན་ཅིང༌། །བསྟན་དང་ལུས་ཅན་ཕན་བདེ་མ་ལུས་པ། །ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་ཤོག །སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་དང༌། །གྲོལ་ལམ་མན་ངག་རྣམ་བཤད་ལ་སོགས་ཀུན། །ལེགས་པར་སྟོན་མཛད་དངོས་དང་བརྒྱུད་པ་ཡི། །མཉམ་མེད་བླ་མ་རྣམས་ལ་གསོལ་བ་མཆོད་པ་འབུལ་བཀྲ་ཤིས་ཤོག་གང་དགོས་ཀྱི་འདོན་པ་བསྒྱུར། འདེབས། །ཆོས་ལོངས་སྤྲུལ་སྐུའི་བདེ་གཤེགས་ཐམས་ཅད་དང༌། །ཞི་ཁྲོ་ཡི་དམ་དཀྱིལ་འཁོར་ལྷ་ཡི་ཚོགས། །རྒྱལ་སྲས་ཉན་རང་སྐྱེ་འཕགས་དགེ་འདུན་ལ། །མི་ཕྱེད་གུས་པ་ཆེན་པོས་གསོལ་བ་འདེབས། །མཆོད་འབུལ་བཀྲ་ཤིས་ལ་བསྒྱུར་ཆོག །སྐྱེས་བུ་གསུམ་གྱི་ལམ་རིམ་སྔོན་སོང་ནས། །བསྐྱེད་རྫོགས་(༧༦བ)


GLG021_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བསྟན་ཐུབ་བསྟན་འགལ་མེད་རྟོགས། །གསུང་རབ་གདམས་པར་ཤར་ནས་རིང་མིན་དུ། །འགྲོ་འདྲེན་ཀུན་མཁྱེན་ཡེ་ཤེས་འཐོབ་པར་ཤོག །ཅེས་དཀར་བྲག་དཔོན་པོ་ངག་དབང་བཟོད་པས་རང་གི་ལུས་ཆས་སོགས་བདོག་པའི་གཏོང་ཕོད་ལ་བརྟེན་ཐོད་རི་དགའ་ལྡན་བཤད་སྒྲུབ་གླིང་དུ་སྲིད་མཐའི་བར་དུ་ཟླ་ཇ་བཙུགས་པའི་དུས་ཚོགས་པའི་ཞལ་འདོན་དང་རང་གི་དགེ་སྦྱོར་དུ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །བརྗོད་པ་རྣམ་དག་ངག་ལ་དབང་ཕྱུག་པ། །དབྱངས་ཅན་དྲིན་ལས་ཕུལ་བྱུང་བློ་གྲོས་མཐུས། །བསྐལ་བཟང་འདྲེན་པ་བཞི་པའི་སྡེ་སྣོད་གསུམ། །རྒྱ་མཚོའི་ཕ་མཐར་སྤེལ་ཁྱོད་ཞབས་བརྟན་ཤོག །རྟོག་གེའི་རྒོལ་བར་འཇིགས་མེད་ལུང་རིགས་ཀྱི། །བཙན་པོའི་གོ་ཆས་ཐུབ་བསྟན་ལང་ཚོའི་སྲོག །འཛིན་ལ་སྡེ་བཞིའི་སྒོ་འཕར་ཡོངས་འབྱེད་པ། །སྐུ་ཚེ་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །འཆད་རྩོད་རྩོམ་པའི་རྣམ་དཔྱོད་གཞོན་ནུ་ལ། །འཇམ་དབྱངས་དགའ་བས་མགྲིན་པར་ལེགས་འཁྱུད་པས། །མདོ་རྒྱུད་གཞུང་བརྒྱ་སྨྲ་བའི་སྤོབས་པ་ཅན། །མཚུངས་མེད་བཤེས་གཉེན་རྡོ་རྗེ་ལྟར་བརྟན་ཤོག །སྙིང་དབུས་ཚངས་སྲས་ལྷ་མོ་འཇོ་སྒེག་ཅན། །གཙུག་ལག་བྱེ་བའི་རྒྱུད་མང་བཞད་པའི་གླུར། །བདེན་གཉིས་ཆོས་ཀུན་བླངས་པས་ལེགས་བཤད་ཀྱི། །རྡོ་རྗེ་རྩེ་བརྒྱ་གདེངས་ཁྱོད་ཞབས་བརྟན་ཤོག །སངས་རྒྱས་གཉིས་པ་རྗེ་བཙུན་ཙོང་ཁ་པའི། །རིང་ལུགས་ཐོས་བསམ་སྒོམ་སོགས་བྱ་བ་རྣམས། །བྱམས་(༧༧ན)


GLG021_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་འཕགས་ཡུལ་མ་བྱོན་དེ་སྲིད་དུ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་ཤོག །ཤཱཀྱའི་བསྟན་པ་རྒྱ་མཚོ་ཡོངས་འཛིན་པའི། །རྒྱུ་སྦྱོར་ཁ་ཏོན་བྱེད་རྣམས་མགོན་ཁྱོད་ཀྱིས། །རྗེས་བཟུང་མྱང་འདས་ཐེམ་སྐས་ལ་འཛེགས་ཏེ། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག །མཆོག་གསུམ་འདོད་ཁམས་བདག་མོའི་ནུས་མཐུ་ཡིས། །གཏི་མུག་མུན་སངས་གཙུག་ལག་མཐའ་ཀླས་པར། །རྣམ་དཔྱོད་རབ་རྒྱས་རྒྱ་ཆེན་ལེགས་བྱས་མཚོའི། །རླབས་འཕྲེང་སྲིད་རྩེར་འཕྱུར་ཁྱོད་ཞབས་བརྟན་ཤོག །དགའ་ལྡན་ཕོ་བྲང་ལུགས་ཟུང་རབ་འབྲེལ་བ། །ཁྲིམས་གཉིས་གསེར་གྱི་གནམ་གྱི་ཤེ་མོང་གིས། །འཛམ་གླིང་ཀུན་ཏུ་འཁོར་བའི་རྒྱལ་ཁབ་ཆེར། །མང་པོས་བཀུར་བའི་རྣམ་ཐར་འཛིན་པར་ཤོག །མངའ་འབངས་མཐའ་དག་འཐབ་རྩོད་ནད་མུག་སོགས། །སྡིག་འབྲས་དུ༔ཁའི་མུན་པ་མཐར་བསྐྲད་ནས། །རིང་པོའི་ཚེ་དང་དཔག་ཡས་བསོད་ནམས་ཚོགས། །རྫོགས་ལྡན་སྐྱེ་རྒུའི་སྐལ་མཉམ་འཐོབ་པར་ཤོག །ཅེས་རབ་འབྱམས་སྨྲ་བའི་མཁན་ཆེན་བསྟན་འཛིན་རྒྱ་མཚོས་འཕྱོང་རྒྱས་ལྷོ་བྲག་སོགས་ཀྱི་དགོན་པའི་འཛིན་བདག་ནམ་མཛད་ཀྱི་བར་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བསྙེན་བཀུར་ཉིན་ཐུབ་ཀྱི་ཐོག་སྨོན་ལམ་འཛུགས་རྒྱུ་འདི་ལྟ་བུ་ཞིག་དགོས་ཞེས་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ལ། །མི་ཕྱེད་གུས་པའི་སྒོ་(༧༧བ)


GLG021_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསོལ་བ་འདེབས། །མཆོག་གསུམ་ཐུགས་རྗེས་སྲིད་མཐར་བརྟན་བཞུགས་ཤིང༌། །འདི་ཕྱི་ཀུན་ཏུ་དགེ་བའི་དངོས་གྲུབ་སྩོལ། །ཞེས་པ་འདིའང་དབུ་མཛད་ཆོས་རྗེའི་ཁ་ཏོན་དུ་ཟ་ཧོར་གྱི་བནྡེས་བཀོད། །རིན་ཅེན་གསེར་ཟངས་ལས་གྲུབ་འདྲ་འབག་ལ། །ཕྱག་ན་པདྨ་སྲོང་བཙན་འབྲོམ་སྟོན་རྗེ། །དགེ་འདུན་གྲུབ་སོགས་རིམ་བྱོན་བཞིས་བསྐོར་བ། །ངོ་མཚར་མིག་གི་བདུད་རྩི་བླ་མེད་འདི། །ཚེ་དབང་རབ་བརྟེན་དད་དང་གཏོང་ཕོད་སོགས། །བློ་དང་བརྩོན་པས་ཉེར་བར་བསྒྲུབས་པ་ལ། །ཡེ་ཤེས་སེམས་དཔའ་མཐའ་ཀླས་ཉེར་འཇུག་ཆེད། །བརྒྱ་ཕྲག་མེ་ཏོག་དང་བཅས་རབ་ཏུ་གནས། །དགེ་འདིས་ཡང་སྲིད་བརྒྱུད་མར་ལྷ་མིའི་རྟེན། །ལེགས་པར་ཐོབ་ནས་བདེ་སྐྱིད་ཕུན་ཚོགས་ཤིང༌། །རིང་པོར་མི་ཐོགས་འགྲོ་བ་མ་ལུས་པ། །འདྲེན་པའི་དེད་དཔོན་མཆོག་ཏུ་འགྱུར་བར་ཤོག །རྗེ་བཙུན་མ་ཕམ་སྣང་བརྙན་རིན་ཅེན་ལས། །ལེགས་གྲུབ་ཚེ་དབང་རབ་བརྟན་གྱིས་བཞེངས་མཐུས། །གླིང་འདིར་མགོན་ཁྱོད་མཆོག་གི་སྤྲུལ་སྐུ་རུ། །གྱུར་ཚེ་འདུས་པ་དང་པོར་སྐྱེ་བར་ཤོག །གནས་སྐབས་སྲིད་པའི་ཉེས་རྒྱ་ཡོངས་ལས་གྲོལ། །མཐར་ཐུག་ཞི་མཐར་མི་གནས་བྱང་ཆེན་ཐོབ། །དོན་གཉིས་ལྷུན་གྱིས་གྲུབ་ནས་ལུས་ཅན་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་བདག་གྱུར་ཤོག །གང་གི་ཞབས་རྡུལ་མེ་ཏོག་མནྡྷ་ར། །ཐོད་དུ་བཅིངས་ནས་སྨོན་ལམ་བཏབ་པའི་མཐུས། །འཁོར་བའི་སྡུག་བསྔལ་མཚོ་ལས་སྒྲོལ་བའི་གྲུ། །མཛོད་ཅིག་བདེ་གཤེགས་མཚན་ལེགས་ཡོངས་བསྒྲགས་དཔལ། །(༧༨ན)


GLG021_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་འོད་དཀར་འབུམ་ཕྲག་ཏུ། །བཀྱེ་བས་སྡུག་བསྔལ་དེ་རྒྱུ་ཀུན་འབྱུང་མུན། །མཐར་བྱས་བདེ་སྐྱིད་སྣང་བའི་སྒོ་འཕར་བརྒྱ། །ཕྱེ་ཞིག་བདེ་གཤེགས་རིན་ཅེན་ཟླ་བའི་ཞབས། །མ་སྨད་མཁྱེན་བརྩེ་ནུས་པའི་ཆར་རྒྱུན་གྱིས། །སེམས་ཅན་ཀུན་གྱི་ལེགས་བྱས་མྱུ་གུ་རྣམས། །སྐྱེད་བསྲིངས་རྟེན་འབྲེལ་སྙེ་མ་རབ་སྨིན་པར། །མཛོད་ཅིག་བདེ་གཤེགས་གསེར་བཟང་དྲི་མ་མེད། །ཚེ་རབས་མང་བསགས་རྣམ་སྨིན་ནག་པ་ཡིས། །བསྐྱེད་པའི་རིགས་དྲུག་ཡང་སྲིད་གོམས་པའི་འགྲོས། །སྒོ་གསུམ་མནར་བའི་ཐང་དུ་མི་འཁྱམ་པར། །མཛོད་ཅིག་བདེ་གཤེགས་མྱ་ངན་མེད་པའི་དཔལ། །སེམས་ཅན་རྣམས་ཀྱི་ཁམས་དང་བསམ་པ་དང༌། །འཚམ་པར་དམ་པའི་ཆོས་ཀྱི་བདུད་རྩི་ཡིས། །ཐར་པའི་སྲོག་གི་རྩ་བ་ལེགས་ཚུགས་པར། །མཛོད་ཅིག་བདེ་གཤེགས་ཆོས་བསྒྲགས་རྒྱ་མཚོའི་དབྱངས། །ངན་སོང་གནས་ཀྱི་མེ་འོབས་གཏིང་ཟབ་པར། །ཐུགས་རྗེའི་ཆར་རྒྱུན་ཕབ་ནས་སྒོ་གསུམ་པོར། །སིམ་པའི་ཚོར་བ་རྟག་ཏུ་མྱོང་བ་རུ། །མཛོད་ཅིག་བདེ་གཤེགས་མངོན་པར་མཁྱེན་པ་རྒྱལ། །ཕྱག་སོར་གྱིས་བཏེག་གསེར་མདོག་རྣམ་པར་རྒྱལ། །རོ་ནུས་ཁམས་གསུམ་ཁྱབ་པའི་འགྲོ་ཀུན་གྱི། །མི་བཟད་ནད་བརྒྱ་མཐའ་དག་དྲུངས་འབྱིན་པར། །མཛོད་ཅིག་བདེ་གཤེགས་སྨན་གྱི་བླ་མ་མཆོག །མཛོད་སྤུའི་འོད་ཟེར་འདོམ་གང་སྤྲོས་པས་ཀྱང༌། །ཕ་མཐའ་མི་མངོན་སྐྱེ་རྒུའི་དབུགས་དབྱུང་ནས། །མི་གནས་མྱང་འདས་ས་ལ་ལེགས་འགོད་པར། །མཛོད་ཅིག་བདེ་གཤེགས་(༧༨བ)


GLG021_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་སེང་གེ་ཀྱེ། །ཞེས་གསོལ་དཔོན་ཚེ་དབང་རབ་རྟེན་གྱིས་དད་རྟེན་གསར་བཞེངས་ཀྱི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །རས་དཀར་དངས་མཚོར་ཡན་ལག་རྗེས་བཀོད་ཟླ། །ཤར་བའི་དཀྱིལ་འཁོར་སྣང་བརྙན་རི་དྭགས་གཟུགས། །སྣ་ཚོགས་མོས་ལྡན་སྐུ་ཡི་ཀཏྤུ་རའི། །ཟེགས་མས་སྒོ་གསུམ་དུ༔ཁའི་ཚ་གདུང་བཅིལ། །བསོད་ནམས་མ་དྲོས་མཚོ་ལས་བབས་པའི་ཀླུང༌། །ཆད་མེད་རྙོག་བྲལ་རྒྱུ་བའི་རླབས་ཀྱི་འཕྲེང༌། །ཕན་བདེའི་དབུ་བ་དཀར་པོའི་དོ་ཤལ་དེ། །སྐྱེ་མང་ཆུ་ལྷའི་བུ་མོའི་མགྲིན་པར་དངོམ། །མཐའ་མེད་སྲིད་པའི་ཁ་དོག་ཆ་བསགས་སྒྲོ། །ཟླུམ་པོའི་གདུགས་འཁྱིར་འདི་སྣང་རྨ་བྱ་མོ། །གཏན་མདུན་མངལ་ཁུར་སྦྲུམས་པ་དགེ་བའི་འབྲུ། །ཐར་ལམ་སྤྲིན་གྱི་ལམ་ནས་སྐད་གསང་ལྡིར། །རྒྱུ་སྦྱོར་དབུ་མཛད་ངག་དབང་ཕུན་ཚོགས་ཀྱིས། །རྫོགས་ལྡན་དབྱར་གྱི་དགའ་སྟོན་འབོད་པའི་བྱ། །དགེ་ལེགས་གཞན་བསོས་གླུ་དབྱངས་ཕང་འགྲོའི་སྒྲ། །སྙན་པོ་རྣ་བའི་གསོས་སུ་འཇེབས་པར་ཤོག །ཡོན་སྦྱོར་ཙམ་མིན་བཟོ་རིས་ལས་བྱེད་དུ། །གཏོགས་རྣམས་སྲིད་ཞིའི་དགེ་བ་ཀེ་ས་ར། །བཅུད་དུ་མྱངས་པའི་དངར་པོ་སྦྲང་རྩིའི་རོ། །སྐྱེ་བ་ཀུན་ཏུ་ལོངས་སུ་སྤྱོད་པར་ཤོག །ཅེས་དབུ་མཛད་ངག་དབང་ཕུན་ཚོགས་ཀྱིས་འདི་གའི་འདྲ་འབག་ཡན་ལག་གི་རྗེས་ཡོད་པ་ཞིག་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་(༧༩ན)


GLG021_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་ཅོག་གོ །འཇམ་དཔལ་དབྱངས་དངོས་དགའ་བའི་བཤེས་གཉེན་ལ། །ལུས་ངག་ཡིད་གསུམ་གུས་པས་གསོལ་བ་འདེབས། །རིགས་ཀྱི་བདག་པོ་ཚེ་མཐའ་ཡས་པའི་སྐུར། །བཞེངས་ནས་སྐྱེ་བ་ཀུན་ཏུ་རྗེས་འཛིན་ཤོག །ཅེས་པཎྜི་ཏ་ཆོས་རྗེའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའོ། །སྲས་བཅས་རྒྱལ་བའི་སྒྱུ་འཕྲུལ་གངྒཱའི་རྡུལ། །དེ་སྙེད་འགྲོ་བློར་གྲངས་སུ་ཉེར་བཅད་པ། །བསོད་ནམས་ཞིང་དུ་སྤེལ་བས་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོ་ཞབས་བརྟན་ཤོག །འཆད་རྩོད་རྩོམ་ལ་འཇིགས་པ་མེད་པའི་མཐུ། །རྣམ་དཔྱོད་བཙན་པོའི་གོ་ཆ་རབ་བགོས་པས། །ཐུབ་དབང་ཤཱཀྱ་སེང་གེའི་བསྟན་པ་ཡི། །ལང་ཚོ་རྒྱས་པའི་སྡེ་གང་བརྟན་གྱུར་ཅིག །སྣ་ཚོགས་བདོག་པའི་ཕུང་པོ་ཆེར་སྤུངས་ཤིང༌། །བློ་མིག་ཡངས་པའི་མཁན་པོ་རིག་བྱེད་བཀུག །སྒོ་གསུམ་རབ་འབད་ཞིང་ས་གཤིན་པོ་ལ། །འདི་སྣང་བདེ་སྐྱིད་སྣང་བ་སྨིན་པར་ཤོག །ཚེ་རབས་མང་པོར་རང་རྒྱུད་ལ་བགོས་པའི། །སྡིག་ལྟུང་དེས་བསྐྱེད་དུ༔ཁའི་དྲི་མ་ཀུན། །ལེགས་བྱས་ཆུས་བཀྲུས་གཏན་མདུན་ཟླ་བའི་བཞིན། །ལས་ཀྱི་མེ་ལོང་ངོས་སུ་འཆར་བར་ཤོག །སྒྲིབ་ལུས་ལྟོ་འགྲོའི་ཤུན་པ་ལྟར་རྗེས་ཤུལ། །ངོ་མཚར་མཚན་དཔེའི་སྣང་བ་ཡོངས་ཤར་བ། །སེམས་ཅན་ཀུན་གྱིས་མཐོང་བས་དོན་ལྡན་པ། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཅེས་བཀྲ་ཤིས་དབང་ཕྱུག་གིས་འགྲོ་ལ་རྗེས་བརྩེ་མའི་ཐང་ག་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་(༧༩བ)


GLG021_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ ། ཡིད་ཆེས་མོས་པས་གཏན་གྱི་སྐྱབས་གནས་སུ། །བཟུང་སྟེ་མེ་ཁྱེར་ནམ་མཁའི་ནོར་བུ་རུ། །སྒྲོ་བཏགས་སྣང་བརྙན་མཐའ་སྐོར་བླ་མ་དང༌། །སངས་རྒྱས་བྱང་སེམས་མགྲོན་ཐབས་ཚུལ་བཞེངས་དགེས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་ལྟ་བུར་མི་འགྱུར་བརྟན་བཞུགས་ནས། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བ་སོགས། །བཞེད་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་ཤོག །བདག་སོགས་མགོན་པོ་ཁྱོད་ཀྱིས་ཚེ་རབས་སུ། །འབྲལ་མེད་དགེ་བའི་བཤེས་གཉེན་མཛད་པའི་མཐུས། །དལ་བའི་རྟེན་ཐོབ་ཐོས་བསམ་སྒོམ་པ་ཡིས། །ས་ལམ་ཡོན་ཏན་ཕ་མཐར་ཕྱིན་པར་ཤོག །གནས་སྐབས་སུ་ཡང་དུས་མིན་འཆི་བ་དང༌། །འཐབ་རྩོད་དབུལ་ཕོངས་ནད་རིམས་གདོན་བགེགས་སོགས། །འཇིགས་ཆེན་བརྒྱད་དང་བཅུ་དྲུག་གིས་མཚོན་པའི། །མི་འདོད་ཉེས་པའི་ཚོགས་ཀུན་ཞི་བར་ཤོག །ཚེ་རིང་ལུས་ངག་བདེ་ཞིང་ཡིད་དགའ་རྙེད། །ཚོང་ལ་ཁེ་སྤོགས་ལོ་ཏོག་དུས་སུ་སྨིན། །དབང་པོ་སྒོ་ལྔར་སིམ་པའི་ཚོར་བ་ཡི། །བསམ་དགུ་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག །ནག་ཕྱོགས་བདུད་རིགས་འབྱུང་པོའི་བསམ་སྦྱོར་ཞི། །དཀར་ཕྱོགས་སྐྱོང་རྣམས་མཐུ་སྟོབས་ནུས་པ་ལྡན། །རྟེན་ཅིང་འབྲེལ་པར་འབྱུང་བ་བསླུ་བ་མེད། །བདེན་པའི་སྟོབས་ཀྱིས་འགྲོ་རྣམས་བདེ་བར་ཤོག །ཀུན་ལ་མ་འདྲིས་མཛའ་བཤེས་རྫོགས་སངས་རྒྱས། །མཐོང་ཐོས་དྲན་རེག་འཚེངས་པ་དམ་པའི་(༨༠ན)


GLG021_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །ཡང་དག་ལམ་སྟོན་སྐྱེ་འཕགས་དགེ་འདུན་ཏེ། །དཀོན་ཅོག་གསུམ་གྱི་བཀྲ་ཤིས་དེང་འདིར་སྩོལ། །ཞེས་འདི་གའི་འདྲ་འབག་ལ་འདོད་ལྷས་བསྐོར་བའི་བྲིས་ཐང་སྒྲོལ་མ་ལྷ་མཛེས་ཀྱིས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཤཱཀ་སེང་རིང་ལུགས་འཆད་རྩོད་རྩོམ་པ་ལ། །ངག་གི་དབང་ཕྱུག་བློ་གྲོས་བྱེ་བའི་གཏེར། །མཁས་བཙུན་བཟང་བའི་མཛད་ཕྲིན་རྒྱ་མཚོའི་མཐར། །ཡོངས་ཁྱབ་བསྟན་པའི་བདག་པོར་གསོལ་བ་འདེབས། །གང་སྐུ་བླ་མ་ཡི་དམ་སྲུང་མའི་ཚོགས། །མ་ཚང་མེད་པར་རབ་གཏམས་ནུས་མཐུ་ཡིས། །མི་ཤིགས་སྲོག་གི་ཀ་བ་ཉེར་ཚུགས་ནས། །གཡུང་དྲུང་ལྟ་བུར་སྲིད་མཐར་ཞབས་བརྟན་ཤོག །ཞྭ་སེར་འཆང་བའི་སྟོབས་འབྱོར་ལོངས་སྤྱོད་སོགས། །གྱེན་དུ་འདེགས་ལ་འགྲན་བྲལ་གདུགས་དཀར་པོའི། །གྲིབ་མར་མངའ་འབངས་སྐྱེ་རྒུ་ཕན་བདེ་ལ། །སྦྱོར་མཛད་སངས་རྒྱས་རྒྱ་མཚོ་ཞབས་བརྟན་ཤོག །ཐུབ་བསྟན་སྤྱི་དང་རྗེ་བཙུན་ཙོང་ཁ་པའི། །ཆོས་སྲིད་བྱ་བ་མཐའ་དག་བླ་ནས་བླར། །གོང་འཕེལ་མི་མཐུན་བར་བཅོད་རབ་ཞི་སྟེ། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེ་དང༌། །མཐུ་ལྡན་དམ་ཅན་རྒྱ་མཚོའི་དྲག་རྩལ་སྟོབས། །བདེན་ཚིག་གྲུབ་པའི་དྲང་སྲོང་ལ་སོགས་པས། །རེ་འབྲས་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་སྔགས་(༨༠བ)


GLG021_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རམས་པ་དོན་གྲུབ་རྒྱ་མཚོས་ངེད་རང་སྡེ་པ་རིང་འཚོའི་ཚིགས་བཅད་དགའ་བ་གདོང་དུ་འཛུགས་རྒྱུར་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །བརྒྱ་ཕྲག་རོ་བདའི་དཔག་བསམ་ཉིང་ཁུ་ཡིས། །ཟླ་ཞུན་ལྟར་དཀར་དངུལ་རྒྱན་གྲངས་ལྡན་ནང༌། །ལེགས་གཏམས་བསོད་ནམས་བྱ་བའི་ཞིང་གི་མཆོག །མཐའ་ཡས་དགེ་འདུན་ཚོགས་ལ་ཡོངས་ཕུལ་དགེས། །ངག་དབང་འཇམ་མགོན་བློ་བཟང་གྲགས་པ་ཡི། །ལུང་རྟོགས་བསྟན་པ་རྒྱ་མཚོའི་མཐར་ཐུག་པར། །སྤེལ་ཕྱིར་ཕྱག་ན་པདྨ་ངུར་སྨྲིག་གར། །ལེགས་བསྒྱུར་རྗེ་བཙུན་བླ་མ་ཞབས་བརྟན་ཤོག །གནམ་སའི་དཀྱིལ་འཁོར་ཆེན་པོ་མ་ལུས་པར། །སྟོབས་འབྱོར་མངའ་ཐང་ལ་སོགས་འཛད་མེད་བསྒོ། །ཡོངས་བྱེད་བསྟན་པའི་སྦྱིན་བདག་བོ་ཤོག་ཐུ། །བཙུན་མོ་སྲས་བཅས་བློན་འབངས་ཐམས་ཅད་ཀྱི། །རང་གདོན་ཀུན་བྲལ་ཚེ་དང་བསོད་ནམས་རྒྱས། །ཁམས་གསུམ་དབང་འདུས་ཕ་རོལ་ལོག་འདྲེན་དཔུང༌། །རང་ཞིར་གྱུར་ནས་ཡིད་ལ་གང་བསམས་པའི། །བཞེད་དོན་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདི་ནི་ནོར་འཛིན་གྱི་གཞི་ཆེན་པོར་སྟོབས་ཀྱི་དཔུང་པས་དབང་སྒྱུར་བ་བསྟན་པའི་སྦྱིན་བདག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་དང༌། རྒྱལ་མོ་ཨཎྱ་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བླངས་ཏེ་ཚོགས་གསོག་དར་རྒན་རབ་འབྱམས་པ་བློ་བཟང་རྒྱལ་མཚན་ཆེད་དུ་མངགས་ནས་ཆོས་སྡེ་ཆེན་པོ་སོ་སོར་མང་ཇ་བརྒྱ་ཕྲག་གསུམ་རེ་བཏང་བ་གྲུབ་(༨༡ན)


GLG021_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་དཔལ་ལྡན་འབྲས་སྤུངས་དང་བཀྲ་ཤིས་ལྷུན་པོར་སྔ་སོར་ཕུལ་བའི་འཕྲོས་དངུལ་རྐྱན་ལྔ་རེ། སེ་ར་ཐེག་ཆེན་གླིང་དུ་བཅུ་གསུམ། རི་བོ་དགའ་ལྡན་དུ་བཅུ་གཅིག་རྣམས་འབུལ་རྒྱུར་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་ཛཡནྟུ། །སྐྱེ་རྒུའི་མགོན་གྱུར་བླ་མ་རྗེར། །གདན་གསུམ་ཚང་བའི་སྣང་བརྙན་འདི། །ཡོངས་བཞེངས་མཐུ་ཡིས་ཡང་སྲིད་ཀུན། །བཤེས་གཉེན་དམ་པ་མཛད་དུ་གསོལ། །ཞེས་ཨ་གླིང་ཆོས་མཛད་དངོས་གྲུབ་རྒྱ་མཚོས་དད་རྟེན་དུ་ངེད་རང་གི་འདྲ་འབག་གསེར་ཟངས་ལས་གྲུབ་པ་བཞེངས་པའི་ཁ་བྱང་དུ་ཟ་ཧོར་གྱི་བནྡེས་བཀོད་པ་བྷ་ཝནྟུ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་དབང་གི་རྒྱལ། །འབྲལ་མེད་སྩོལ་མཛད་རྗེ་བཙུན་ཐམས་ཅད་མཁྱེན། །མི་ཕྱེད་དད་པས་སྙིང་ནས་གསོལ་འདེབས་ན། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་སྨིན་པར་ཤོག །ཅེས་པའང་བོ་རོ་ཇང་གིའི་ངོར་ཟ་ཧོར་བནྡེས་བྲིས། །ངག་དབང་འཇམ་མགོན་བློ་བཟང་གྲགས་པ་ཡི། །རྨད་བྱུང་ལུང་རྟོགས་བསྟན་པ་རྒྱ་མཚོའི་གཞིར། །ཁྱབ་པར་ཡོངས་སྤེལ་བཤེས་གཉེན་དམ་པ་མཆོག །གཡུང་དྲུང་ལྟ་བུར་བསྐལ་བརྒྱར་ཞབས་བརྟན་ཤོག །དེང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང༌། །བྱམས་བརྩེའི་ཐུགས་རྗེ་ཆེན་པོས་ཉེར་བཟུང་སྟེ། །ཟག་བྲལ་བདུད་རྩིའི་རོ་ཡིས་ཚིམ་ནུས་ཤོག །སླུ་མེད་དཀོན་(༨༡བ)


GLG021_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཅོག་རྣམ་གསུམ་བྱིན་རླབས་ཀྱིས། །གནས་སྐབས་ནད་གདོན་ཉེས་ཀུན་ཞི་བ་དང༌། །མཐར་ཐུག་ངེས་པར་ལེགས་པའི་གཏན་གྱི་བདེར། །སྦྱོར་བའི་སྨོན་ལམ་མྱུར་དུ་འགྲུབ་པར་ཤོག །ཅེས་པའང་ཐོ་གོལ་ཐའི་ཇི་ནང་ཚང་གཉིས་ཀྱིས་འདི་ལྟ་བུ་ཞིག་དགོས་ཚུལ་བྱུང་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཞིང་ཁམས་རྒྱ་མཚོའི་གཙོ་བོ་བདེ་ལྡན་མགོན། །མཚན་དཔེས་ཉེར་སྤྲས་ཚེ་དང་ཡེ་ཤེས་གཏེར། །ཡིད་བཞིན་འཁོར་ལོ་རྣམ་པར་རྒྱལ་མ་སོགས། །འཆི་མེད་གྲུབ་པའི་ལྷ་ཡིས་ཤིས་པ་སྩོལ། །ཟབ་ཅིང་རྒྱ་ཆེའི་གནད་རྣམས་མ་ལུས་པ། །བསྟན་ནས་འགྲོ་བ་མཐའ་དག་ངེས་ལེགས་ལ། །འཁྲིད་པར་འགྲན་བྲལ་མཐུ་སྟོབས་ནུས་པའི་བདག །མཚུངས་མེད་དཔལ་ལྡན་བླ་མར་གསོལ་བར་འདེབས། །གདོང་ལྔས་རབ་བཏེག་རིན་ཅེན་ཁྲི་ཆེན་པོར། །མི་འགྱུར་གཡུང་དྲུང་གཡས་སུ་འཁྱིལ་བའི་སྟེང༌། །ཤི་རལ་ཐུ་ཡི་སྤྲུལ་པའི་སྐུ་མཆོག་འདི། །བསྐལ་བརྒྱར་རྟག་བཞུགས་ཐེག་མཆོག་ཆོས་འཁོར་སྐོར། །ཚུལ་ཁྲིམས་ལེགས་གཙང་སྒོ་གསུམ་བག་དང་ལྡན། །དངོས་སྟོབས་རིགས་པས་ཕ་རོལ་རྒོལ་བ་བཅོམས། །ཐུབ་གསུང་དགོངས་པ་ཇི་བཞིན་ཡོངས་རྟོགས་ཏེ། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཆོས་ཀུན་རྒྱུ་འབྲས་རྟེན་འབྲེལ་སླུ་མེད་ཅིང༌། །ལྷ་དང་དྲང་སྲོང་བདེན་པར་གྲུབ་པའི་ཚིག །དཀར་ཕྱོགས་སྐྱོང་བའི་སྲུང་མའི་ཚོགས་རྣམས་ཀྱིས། །སྨོན་པ་ཇི་བཞིན་(༨༢ན)


GLG021_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རེ་འབྲས་ལྷུན་གྲུབ་མཛོད། །ཅེས་པའང་དགེ་སློང་ཕྱག་ན་རྡོ་རྗེས་གོང་མ་ཤི་རལ་ཐུའི་སྐུ་སྐྱེའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །མཁྱེན་བརྩེ་ནུས་སྟོབས་བཀྲག་མདངས་འོད་པོ་ཆེས། །མ་རིག་རྨོངས་པའི་མུན་ཚོགས་སེལ་མཛད་པ། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང༌། །གཉིས་མེད་ངོ་བོར་མི་ཕྱེད་གསོལ་འདེབས་ན། །ཡང་ཡང་དྲིན་གྱིས་བསྐྱངས་པའི་འགྲོ་བ་རྣམས། །མི་བཟད་དུ༔ཁས་མནར་བ་མ་བཟོད་པར། །སྨོན་འཇུག་བྱང་ཆུབ་སེམས་གཉིས་ཡོངས་བསྐྱེད་དེ། །རྒྱལ་སྲས་སྤྱོད་པའི་ཉིན་མཚན་འདའ་བར་ཤོག །གྲངས་མེད་བསྐལ་པར་མ་བལྟོས་ཚེ་གཅིག་ལ། །མཚན་ལྡན་བླ་མས་དཀྱིལ་འཁོར་ཆེན་པོ་རུ། །ལེགས་བཅུག་སྐྱེ་ཤི་བར་དོ་སྐུ་གསུམ་དུ། །མངོན་གྱུར་བླ་མེད་ཟུང་འཇུག་འཐོབ་པར་ཤོག །ཅེས་པའང་རབ་འབྱམས་པ་ཤཱཀྱ་རིན་ཅེན་གྱིས་བླ་མ་ཡི་དམ་དབྱེར་མེད་ལ་གསོལ་འདེབས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས། །དགྱེས་སྐོང་སླད་དུ་དངུལ་དཀར་བཀོད་ལེགས་སྣོད། །ཕུལ་བས་སྐྱེ་བར་མཐོ་རིས་རྟེན་བརྙེད་ཅིང༌། །རིང་མིན་ཀུན་མཁྱེན་ཡེ་ཤེས་ཐོབ་བྱིན་རློབས། །ཞེས་(༨༢བ)


GLG021_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འཕྱོང་རྒྱས་སྔགས་རམས་པ་བློ་བཟང་ཐུགས་རྗེས་གྲ་ཚང་དགེ་སྐོས་ཀྱི་འཇོག་ལ་དངུལ་སྲང་བཅོ་ལྔར་ཞོ་དོས་མ་ལོངས་པའི་པད་སྡེར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །ལྷ་སྔགས་ཡེ་ཤེས་རོལ་པའི་ཕོ་བྲང་ཆེར། །གན་གོས་དབང་གཞུ་ལྟར་བཀྲའི་བཀོད་ལེགས་ལ། །སྣ་ཚོགས་ལྡ་ལྡིའི་ཆུན་པོ་རབ་གཡོའི་འཕྲེང༌། །མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ། །དུས་གསུམ་རྩ་བརྒྱུད་བླ་མ་ཐམས་ཅད་དང༌། །ཞི་ཁྲོའི་ལྷ་ཚོགས་ཀུན་འདུས་འཕྲིན་ལས་ལྷ། །རྡོ་རྗེ་གཞོན་ནུ་གཙོར་གྱུར་གསར་རྙིང་གི །ཡི་དམ་རྒྱལ་བ་རྒྱ་མཚོ་མཁའ་འགྲོར་བཅས། །ཐུགས་དམ་གཉན་པོ་སྐོང་བའི་བྱིན་རླབས་དང༌། །ནུས་སྟོབས་མཐུ་ཡིས་རྡོ་རྗེ་ཐོགས་མེད་རྩལ། །བསྐལ་པའི་བར་དུ་ཨ་ཧཾ་མི་ཤིགས་པའི། །ཀ་བ་བརྟན་པོ་ཉེ་བར་ཚུགས་པར་ཤོག །འཕྲིན་ལས་རྣམ་བཞི་གྲུབ་ཆེན་བརྒྱད་ལ་སོགས། །ཐུན་མོང་ལས་ཀུན་ཐོགས་མེད་བསྒྲུབས་པའི་ཞར། །ཕན་བདེའི་རྩ་བ་ངེས་ལེགས་གོ་འཕང་མཆོག །བཤད་སྒྲུབ་བྱ་བས་འཛམ་གླིང་ཡོངས་ཁྱབ་ཤོག །དགེ་བས་རྒྱུ་སྦྱོར་འཁོར་བཅས་ནད་གདོན་ཞི། །ཚེ་དཔལ་བསོད་ནམས་དབྱར་མཚོ་ལྟ་བུར་སྤེལ། །མི་ནོར་ལོངས་སྤྱོད་སྲིད་ཞིའི་འདོད་རྒུ་སྡུས། །ལོག་པར་འཁུ་བའི་ཚོགས་རྣམས་འཇོམས་པར་ཤོག །ཅེས་པའང་ཡར་ཀླུངས་ཆུ་མིག་མགོ་པ་དབུ་མཛད་དམ་ཆོས་དབང་རྒྱལ་གྱིས་སྙན་དར་གོང་བ་གན་གོས་ཚོན་(༨༣ན)


GLG021_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ། །གོང་སྐྱོར་ཁ་ཐི་ལྗང་ཁྲ། མཐའ་འཇའ་སུམ་གཤིབས། རྒྱབ་ཤ་རས་ལྗང༌། ལྗང་སེར་གྱི་ཨ་ལུང༌། ཤམ་བུ་ལིང་ལྗང་དང་བཅས་པ་འདོམ་ཉི་ཤུ་རྩ་བཞི། སྙན་དར་ཉིན་བདེ་རྣམ་བཅུ་མངགས་བཏགས་མ་བཅུ་དྲུག །མ་རིག་གཉིད་སངས་མ་གསུམ། རྟགས་བརྒྱད་མ་བརྒྱད། མཐིང་ཁྲ་གསུམ། ཟངས་ཁྲ་གཉིས། ལིང་གསེར་བར་མ་ཚོས་ཁ་སྣ་ཚོགས་བདུན། སྨན་རྙིང་ཁ་ཕྱེད་སུམ་འབྲེལ་གཅིག །དཀར་ཆག་བྲིས་པའི་འདོམ་འཁོར་མ་གཅིག་རྣམས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་ཕུལ་བའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཆོས་ཀུན་འབྱུང་གནས་བདེ་བར་གཤེགས་པའི་ཡུམ། །གདོད་ནས་སྐྱེ་འགག་གནས་བྲལ་ནམ་མཁའི་དབྱིངས། །བསླུ་བ་མེད་པའི་རྒྱུ་འབྲས་དབང་གཞུ་ལྟར། །ཡོངས་ཤར་རྟེན་འབྲེལ་གཤིས་ལུགས་ཁོ་ནར་ངེས། །ཤཱཀ་སེང་མགུར་ནས་གསུང་དབྱངས་དྲུག་ཅུ་ཡི། །ཆོས་འཁོར་བར་མའི་ཡང་སྙིང་པུསྟ་ཀ༔ ། ལེགས་པར་བཞེངས་པས་དཀྱིལ་འཁོར་རྒྱ་མཚོའི་གཙོ། །རྡོ་རྗེ་འཆང་དངོས་ཁྱབ་བདག་ཞ་ལུ་པ། །རིན་ཅེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོ། །དག་པའི་ཞིང་དུ་སྐལ་ལྡན་གདུལ་བྱ་རྣམས། །ཚོགས་གཉིས་རྫོགས་ཕྱིར་མཆོག་གི་སྤྲུལ་སྐུའི་གར། །ཉེར་བསྒྱུར་བླ་མེད་ཡེ་ཤེས་སྦྱོར་བར་ཤོག །རྣམ་དཀར་གངྒཱའི་ཡབ་ཅིག་ནས་བབས་ཏེ། །འཕྲིན་ལས་ཆད་པ་མེད་པའི་ཆུ་བོའི་རྒྱུན། །(༨༣བ)


GLG021_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཅན་བདེ་སྐྱིད་རྒྱ་མཚོ་ཆེན་པོ་རུ། །དབབ་མཛད་ཁྱོད་ཉིད་ཐུགས་བཞེད་འགྲུབ་པར་ཤོག །བླ་མ་ཡི་དམ་རྣམས་ཀྱི་བྱིན་རླབས་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྲུང་ལྷ་ཀླུར་བཅས། །བདེན་ཚིག་གྲུབ་པའི་ཚོགས་ཀྱི་ནུས་མཐུ་ཡིས། །ཇི་བཞིན་འགྲུབ་པའི་རེ་བ་བསྐོང་བར་མཛོད། །ཅེས་ཁྱབ་བདག་རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དག་པའི་ཞིང་ཁམས་སུ་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་གྲོལ་མཆོག་ལ་འགོད་པར་བཞེད་དོན་འགྲུབ་པའི་ཆེད་དུ་ཕྱག་མཛོད་བསོད་ནམས་རིན་ཅེན་གྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གསེར་ཆོས་དབུས་གཙང་གསུང་རྟེན་དུ་བཞེངས་པའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་མཐུ་རྣམས། །ཡོངས་འདུས་ངག་དབང་བློ་བཟང་རྒྱ་མཚོ་ཡིས། །ཡང་སྲིད་ཀུན་ཏུ་མི་འབྲལ་རྗེས་བཟུང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་འགྲུབ་བྱིན་རློབས། །ཞེས་པའང་ཨེམ་ཆི་བློ་བཟང་ནོར་བུའི་ངོར་ཟ་ཧོར་གྱི་བནྡེས་བྲིས། །བླ་མེད་ཡེ་ཤེས་བདུད་རྩི་གདོད་མ་ནས། །མཚན་དཔེའི་གཟི་བྱིན་འབར་བ་སྤྲུལ་པའི་གར། །སྨན་གྱི་བླ་མ་མཆེད་བདུན་ཞེས་གྲགས་པ། །སྐྱེ་རྒུའི་བསོད་ནམས་གཞི་རྟེན་རྨད་པོ་ཆེ། །བྱིན་རླབས་ལུས་ཅན་ཁམས་དང་ཉེར་འཚམ་པར། །(༨༤ན)


GLG021_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་འཇུག་བརྒྱད་བརྒྱའི་གྲངས་ཚང་སྨན་གྱི་མདོ། །འགྲོ་བའི་གཉེན་གྱུར་ཐུབ་གསུང་ལྗགས་རིང་ལས། །ལེགས་འོང་སྐལ་ལྡན་གདུལ་བྱའི་དཔལ་དུ་ཤར། །ཁྱེད་གསུང་པར་དུ་བསྐྲུན་པའི་བཟང་པོའི་ཆབ། །བརྩོན་འགྲུབ་མ་དྲོས་ཀླུང་ཆེན་ནས་བབས་པ། །སྨོན་ལམ་ཟླ་བའི་མ་མ་ཟད་མིན་པར། །རོ་གཅིག་འབྲས་མཆོག་ཟླ་ལྟར་འཕེལ་བར་ཤོག །ཅེས་པའང་ཨུན་དུ་སུ་མཁན་པོས་སྨན་བླའི་མདོ་པར་དུ་བརྐོས་དུས་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །མཁྱེན་བརྩེའི་སྤྱན་ཟུར་ནམ་ཡང་ཡོལ་མེད་དུ། །ཅུང་ཟད་ལྷུང་བས་འཁོར་བའི་གདུང་བཅིལ་བ། །བུ་རམ་ཤིང་པས་ཕྱག་རིང་རབ་བརྐྱངས་ཏེ། །སྤྱི་བོར་ཞོག་ལ་བྱང་ཆུབ་ལུང་བསྟན་མཛོད། །ཕྱི་ནང་དྲང་སྲོང་ཀླ་ཀློ་ལ་སོགས་པའི། །སྟོན་པར་བཏགས་པ་མང་ཡང་ས་ལྷ་ཡིས། །གསེར་ལྡན་ལས་ཐོན་ཐལ་མོ་ཉེར་སྦྱར་ནས། །སྐྱོབ་པ་ཁྱོད་ཉིད་ཟླ་བྲལ་དཔང་པོ་བྱས། །ཆོས་རྒྱལ་མེས་དབོན་སྲས་བཅས་བློན་འབངས་དང༌། །པཎ་ཆེན་འཇིག་རྟེན་མིག་གཅིག་མཛད་བཟང་གྲུས། །རྒྱ་གར་རྒྱ་མཚོ་ཆེར་བསྒྲལ་གངས་ལྗོངས་འདིར། །ལེགས་དྲངས་རྒྱས་འབྲིང་བསྡུས་པ་ཡིད་བཞིན་ནོར། །དགེ་མཚན་བཅུ་ཚང་ལྷ་ལྡན་ཡུལ་གྲུ་ནས། །དཀོན་ཅོག་མཆིས་འབྲང་བཅས་པའི་བདོག་པའི་ཚོགས། །སྙིང་པོ་ལེན་ཕྱིར་ཉེར་གཅིག་གླེགས་བམ་འཕྲེང༌། །འབད་རྩོལ་སྲད་བུར་ལེགས་བརྒྱུས་ཚར་དངར་བསྒྲུབས། །ཐུབ་གསུང་སྲི་ཞུར་དང་བས་རྒྱུད་རབ་བསྐུལ། །འདྲི་ཀློག་ཆེད་དུ་མཆོད་སྤྲིན་ལེགས་སྤྲོས་(༨༤བ)


GLG021_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ཚེ་རབས་ཐོག་མ་མེད་ནས་དེང་གི་བར། །བསགས་པའི་སྡིག་ལྟུང་ཚོགས་རྣམས་དག་པར་ཤོག །ཤིན་ཏུ་བགྲོད་ཀའི་མི་ཁོམ་ཆུ་ཆེན་ལ། །དལ་བརྒྱད་འབྱོར་བཅུའི་ཟམ་པ་ཉེར་བཙུགས་པར། །རབ་ཕྱིན་བླ་མེད་ཡེ་ཤེས་གནས་སོན་ཏེ། །རྟག་ཏུ་བདེ་བའི་དགའ་སྟོན་ལོངས་སྤྱོད་ཤོག །འདིས་མཚོན་རྣམ་དཀར་བསོད་ནམས་བྱས་སོ་ཅོག །འབྲས་བུ་རང་ཉིད་ཁོ་ནའི་ཆེད་མིན་པར། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །དར་གླིང་དཀོན་ཅོག་གཡང་ཅན་དཔལ་འཛོམ་ནང་མིར་བཅས་པར་དགྲ་ལྷ་དམག་དཔོན་གངས་ལ་ཉི་ཤར་དང་རབ་འབྱམས་པ་མཁས་བཙུན་གཉིས་ཀྱིས་བཞེང་པའི་བསྐུལ་མ་བྱུང་བར་བརྟེན་བཀའ་བར་པའི་ཡང་སྙིང་མདོ་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་པོ་ཏི་བཅུ་དྲུག །འབྲིང་ཉི་ཁྲི་པོ་ཏི་བཞི། བསྡུས་པ་བརྒྱད་སྟོང་པ་པོ་ཏི་གཅིག་རྣམས་བཞེངས་པའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །སངས་རྒྱས་སྲས་བཅས་སློབ་མའི་ཚོགས་རྣམས་ཀྱི། །དྲི་མེད་ཡེ་ཤེས་སྤྱན་གྱིས་རབ་གཟིགས་ནས། །དོན་གྲུབ་དབང་རྒྱལ་སྲིད་པ་གར་འཕྱན་ཡང༌། །མཐུ་དཔུང་སྐྱེད་ལ་དག་པའི་ཞིང་དུ་དྲོངས། །ཞིང་ཁམས་ཁྱད་འཕགས་བདེ་ལྡན་པདྨ་ལས། །ཉེར་ཐོན་སྟོན་པ་འོད་དཔག་མེད་མགོན་ཞལ། །མཐོང་སྟེ་དམ་ཆོས་བདུད་རྩི་རབ་མྱངས་པས། །འགྲོ་བ་འདྲེན་པའི་དེད་དཔོན་མྱུར་ཐོབ་ཤོག །འདིས་མཚོན་དུས་(༨༥ན)


GLG021_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡོངས་བསགས་དགེ་བའི་མཐུས། །སྒྲིབ་གཉིས་བག་ཆགས་བཅས་པ་དྲུངས་ཕྱུངས་ནས། །རིང་པོར་མི་ཐོགས་སྟོབས་བཅུ་མངའ་བའི་རྩལ། །ཐོབ་པར་མཆོག་གསུམ་ཐུགས་རྗེས་འགྲུབ་བྱིན་རློབས། །ཞེས་པའང་ཟུར་ཁང་དོན་གྲུབ་དབང་རྒྱལ་དུས་ཀྱི་ཆོས་ཉིད་དུ་གྱུར་བའི་ཚེ་གཞིས་མི་རྣམས་ཀྱིས་དགོན་ཁ་ཤས་སུ་འཛུགས་རྒྱུར་དགོས་ཚུལ་ལྟར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །པ དྨ མཱ ལཱི ཀ པཱ ལཱ ནུ ཀ མྤེ མ ཧཱ ར སྨ ས ཏྭཱ ན བི དྱཱ ནྡྷ ཀཱ རོ གྷ ནཿ པདྨ་ཐོད་འཕྲེང་བརྩེ་ཆེན་འོད་པོ་ཆེས། །སྐྱེ་རྒུའི་མ་རིག་སྟུག་པོའི་སྨག་གི་རུམ། །བྷ པྲ བཱི ཤཱ རི རཾ དྷ རྨ རཱ ཛ ནྣ དྷིཿ ཧཱི པ ཏི དྭཱི པ བོ དྷྱ ནྟ ཙི ཏྟ ཥྛ ཎ། བསེལ་ཕྱིར་གདུང་འཚོབ་ཆོས་རྒྱལ་གཏེར་བདག་གླིང༌། །བྱང་ཆུབ་བར་དུ་མི་འབྲལ་སྙིང་གར་བཞུགས། །ཁྱོད་ཀྱི་གསང་(༨༥བ)


GLG021_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཟློས་གར་བགྲང་ཡས་པ། །བརྗོད་པར་ནུས་མིན་རྡོ་རྗེ་ཆོས་ལ་སོགས། །ཉེར་བྱོན་འཁྲུངས་རབས་ཅུང་ཟད་འཕྲེང་བཀོད་པའི། །ངོ་མཚར་སྒྱུ་འཕྲུལ་མཐོང་བས་དད་གུས་འཕེལ། །ཟབ་ལས་ཆེས་ཟབ་ཐུགས་གཏེར་ནས་བྱུང་བའི། །རྩ་གསུམ་སྣང་བརྙན་དབང་གཞུ་ལྟར་བཀྲ་བ། །མ་འདྲེས་ཡིད་ཀྱི་དངས་མཚོར་རབ་ཤར་བས། །ལྷ་སྔགས་ཡེ་ཤེས་རོལ་པ་ཅིར་ཡང་འཆར། །གཡེལ་མེད་རྩེ་གཅིག་གསོལ་བསྒྲུབ་བགྱིད་པ་ཡི། །དམིགས་རྟེན་བཞེངས་མཐུས་སྐྱེ་ཞིང་སྐྱེ་བ་རུ། །བདག་སོགས་འགྲོ་བའི་མགོན་སྐྱབས་རབ་མཛད་དེ། །རེ་འདོད་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །གནས་སྐབས་ནད་གདོན་ཞི་ཞིང་ཚེ་བསོད་རྒྱས། །སྲིད་གསུམ་དབང་འདུས་ཉེར་འཚེ་ལས་རྒྱལ་ཏེ། །མཐར་ཐུག་མཁའ་སྦྱོར་ཡན་ལག་བདུན་ལྡན་སྐུར། །འགྱུར་བར་རིང་མིན་མཆོག་གསུམ་མཐུས་བྱིན་རློབས། །ཞེས་པའང་ངེད་རང་གི་དམིགས་རྟེན་དུ་པདྨའི་གདུང་འཚོབ་སྤྲུལ་སྐུ་གཏེར་བདག་གླིང་པའི་འཁྲུངས་རབས་དང་ཕྱག་ཞབས་ཀྱི་རྗེས། ཟབ་གཏེར་ལས་བྱུང་བའི་བླ་མ་ཡི་དམ་མཁའ་འགྲོའི་སྐུ་བརྙན་དང་བཅས་པ་དབུ་ཆུང་སྙེ་མོ་ཀརྨ་དང་མཁར་རྩེ་དགེ་བསྙེན་རྒྱལ་པོས་ལྕགས་བྱ་ནས་དབུ་བཙུགས་པ་ཆུ་ཁྱི་ལོར་གྲུབ་པའི་ཚེ་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སརྦསིདྡྷི་ཧོ༔། །(༨༦ན)


GLG021_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱ ཏོ མ ཧཱ སུ ཁ ས མ ནྟ སུ མ ཉྫུ གྷོ ཥ ཤྲཱི ནྱ ཉྫ ཏེ ཛ སུ ནི མི ཏྟ བྷ བ ནྟ ཤུ ནྱ། བདེ་ཆེན་དབྱིངས་ལས་ཀུན་བཟང་འཇམ་དཔལ་དབྱངས། །མཚན་དཔེའི་གཟི་བྱིན་འཁོར་བ་སྟོངས་མིན་བར། །ནི རྤ ཉྩ ཝཱཾ བི ཙ ལ ཤ ཤྲ ཏ ཡ སྱ དེ བཿ ཤུ དྡྷ པྲ པཱ རི ཏ སུ མ ཎྜ ལ ཙ ཀྲ ཀཱ ཤྱ། ནམ་ཡང་གཡོ་མེད་ངེས་པ་ལྔ་ལྡན་པའི། །དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་གསལ། །ལོག་འདྲེན་དགྲ་བགེགས་གཤེད་དུ་ཁྲོ་གཏུམ་གཟུགས། །དྲག་ཤུལ་རྔམས་བརྗིད་མི་བཟད་གར་དགུའི་ཉམས། །དུས་ཀྱི་དགྲ་བོར་ཁྲོས་པའི་གཤིན་རྗེའི་གཤེད། །མཐོང་བ་ཙམ་གྱིས་ཁྲོ་གཞན་ལག་ཆ་འཆོར། །ཕྱི་དཀྱིལ་བཅོས་མའི་གཞལ་ཡས་ཉམས་དགའ་དང༌། །རང་བྱུང་ལུས་ཀྱི་ཕོ་བྲང་གཉིས་མེད་པ། །ཕྱག་རྒྱའི་འདུ་འཕྲོ་དོན་དམ་དཀྱིལ་འཁོར་ཆེར། །རབ་བཞུགས་ཀུན་བཟང་གོ་འཕང་མངོན་འགྱུར་ཤོག །རྒྱུད་ལྔའི་ཡིད་ཅན་རྣམས་ཀྱང་དང་པོ་ནས། །རང་ངོ་མ་འཕྲོད་འཁོར་བར་ཉེར་འཁྱམས་པ། །རྣམ་དག་ལམ་གྱིས་བརྟན་གཡོའི་དངོས་པོའི་ཚོགས། །བཅོམ་ལྡན་རྟེན་དང་བརྟེན་པར་(༨༦བ)


GLG021_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བར་ཤོག །དཀོན་ཅོག་རིན་ཅེན་མཐུ་དཔུང་བརྗོད་ལས་འདས། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད། །བདེན་ཚིག་གྲུབ་པ་རྣམས་ཀྱིས་བཀྲ་ཤིས་ཆར། །ཕྱོགས་བཅུར་ཕོབ་ལ་རེ་འབྲས་ལྷུན་གྲུབ་མཛོད། །ཅེས་པའང་ངེད་རང་གི་དམིགས་རྟེན་དུ་གཤེད་དམར་རུ་མཚོན་དམར་པོའི་ལྷ་ཚོགས་རྣམས་དབུ་ཆུང་སྙེ་མོ་ཀརྨ་དང་མཁར་རྩེ་དགེ་བསྙེན་རྒྱལ་པོས་ཆུ་ཁྱི་ལོར་བྲིས་པའི་ཚེ་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སརྦ་སིདྡྷི་པྲ་ཡཙྪ། །སྠཱ ན ས རྦཱ ར མཱ ཛྙཱ ན ཛཱི ཡཾ སྱ ཝཱ ཀྵཱ མ ཏི སྭཱ ར དཱ ཏྟཱ དི བཱ བྷཱ སྐ རཱ། ཤེས་བྱའི་གནས་ཀུན་ཆགས་ཐོགས་མེད་མངའ་བ། །ངག་དབང་དབྱངས་ཅན་ལྷ་མོའི་བློ་གྲོས་ཀྱིས། །བྷ དྲ ཀ ནྚ སྱ པ ཏྲཾ བི ཧཱ བེ ན ས རྦ པྲ བ པྲཱ ས མུ དྲེ ས ཧ སྭཱ ཀྵ ཛིཿ ། མགྲིན་པའི་འདབ་བཟང་ལྷག་པར་ཡོངས་བཞད་པས། །གསུང་རབ་རྒྱ་མཚོར་བལྟ་བའི་མིག་སྟོང་རྒྱས། །དད་བརྩོན་སྙིང་སྟོབས་(༨༧ན)


GLG021_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཔྱོད་ཟླ་བྲལ་རྗེ། །ཞྭ་སེར་ཅོད་པན་རིང་ལུགས་བླ་ནས་བླར། །རབ་སྤེལ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུས། །མངོན་མཐོ་ངེས་ལེགས་རྣམ་དཀར་བསྐྲུན་པའི་ཆེད། །འཇམ་དབྱངས་དགའ་བའི་བཤེས་གཉེན་སྣང་བརྙན་ལ། །བླ་མ་ཡི་དམ་མཁའ་འགྲོས་ཡོངས་བསྐོར་བ། །བཞེངས་མཐུས་སྐྱེ་ཞིང་སྐྱེ་བར་མགོན་ཁྱོད་དང༌། །འབྲལ་མེད་རྗེས་སུ་འཛིན་པའི་བཀའ་དྲིན་སྩོལ། །གནས་སྐབས་ཀུན་རྫོབ་འཁྲུལ་ངོར་ཤར་བ་ཙམ། །མ་ཡིན་དོན་དམ་ཕུང་ཁམས་ཕོ་བྲང་ཆེར། །གདན་གསུམ་རབ་ཚང་རྡོ་རྗེ་འཆང་དབང་ལས། །དཔུང་གཉེན་གཞན་ནས་མི་འཚོལ་བརྩེ་བས་སྐྱོངས། །མཐོང་ཐོས་རེག་པས་སྲིད་ཞིའི་ཡོན་ཏན་ཀུན། །བདེ་བླག་ཉིད་གྲུབ་མཁྱེན་པའི་སྤྱན་རས་ཀྱིས། །ཉེར་གཟིགས་གནས་སྐབས་མི་མཐུན་རབ་ཞི་ཞིང༌། །བདེ་སྐྱིད་སུམ་རྩེན་རྩེ་དགའ་དགོད་པར་ཤོག །མ་དག་སྐྱེ་རྒུའི་བརྣག་སེམས་ལྕགས་ཀྱི་ཁམས། །ཐབས་མཁས་ཉམས་ལེན་སྒོམ་པའི་རྩིས་བསྒྱུར་ཏེ། །འཁོར་འདས་ལེགས་བྱས་ས་ཟླའི་ཕུང་པོ་ཆེ། །སྲིད་པའི་རྩེ་མོར་འཕྱུར་བར་བྱིན་གྱིས་རློབས། །ཐུབ་བསྟན་གཞུང་ལུགས་དཔྱད་གསུམ་ཡངས་དག་པའི། །དགོངས་དོན་འཁྲུལ་མེད་འཛིན་མཛད་ཐམས་ཅད་མཁྱེན། །བློ་བཟང་གྲགས་པའི་ཆོས་སྲིད་ཉི་ཟླ་ཡི། །འོད་ཀྱིས་འཇིག་རྟེན་མུན་ཚོགས་སེལ་བར་ཤོག །འདི་ནས་བཟུང་ཐང་ག་སོ་སོར་འོག་གི་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་མཐུའི་ཚོགས་ཞེས་པའི་ཤློཀ་གཉིས་པོ་བལྡབ་དགོས། གཡས་དང་པོ། རྒྱལ་བའི་སྲས་མཆོག་གྲུ་འཛིན་བརྩེ་ཆེན་བདག །(༨༧བ)


GLG021_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལྷའི་མགོན་གཅིག་པད་དཀར་འཆང་བའི་ལྷ། །ཐུགས་ཀའི་ཧྲཱི༔ལས་ཟག་མེད་བདུད་རྩིའི་རྒྱུན། །བབས་པས་ཡིད་ཅན་བདེ་ཆེན་ཡེ་ཤེས་རྙེད། །གཡས་གཉིས་པ། ཤིན་ཏུ་མཐོ་བའི་རིགས་གཟིགས་དད་པ་བརྟན། །མི་བསྲུན་སྲིན་པོའི་དཔུང་ཚོགས་བགྲང་ཡས་པས། །ཐབས་ཀྱིས་རབ་བཏུལ་མཁའ་འགྲོ་སྤྱན་དྲངས་པས། །བདུད་མོ་ཉེར་བསྒྲལ་རྣམ་དག་ཕྱག་རྒྱ་ལྡན། །གཡས་གསུམ་པ། ཉི་མའི་གཉེན་གྱུར་རྒྱལ་རིགས་སཱ་ལ་པའི། །བརྒྱུད་དུ་ལེགས་བྱོན་འཕགས་མཆོག་ཐུགས་རྗེ་ཡི། །བྱིན་རླབས་བོད་ཁམས་ཡོངས་ཀྱི་སྐྱབས་མགོན་དུ། །གནམ་གྱི་ཡོངས་བསྐོས་གཉའ་ཁྲི་བཙན་པོ་ཞེས། །གཡས་བཞི་པ། མི་རུང་ས་གཞི་བཏུལ་ཞིང་གངས་ལྗོངས་འདིར། །དམ་པའི་ཆོས་ཀྱི་སྲོལ་ཆེན་ཉེར་བཏོད་པར། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་རྨད་པོ་ཆེ། །སྲོང་བཙན་སྒམ་པོས་སླར་ཡང་ཕན་བདེ་སྤེལ། །གཡས་ལྔ་པ། ཡབ་མེས་མཛད་བཟང་རྣམ་དཀར་ཕུན་ཚོགས་ཀྱིས། །ཐུགས་རབ་ཕྲོགས་ཏེ་ཐུབ་བསྟན་རིན་པོ་ཆེར། །བརྒྱ་ཕྲག་སྲི་ཞུ་མི་ཟད་ནམ་མཁའ་མཛོད། །སྒོ་འཕར་ཕྱོགས་ཀུན་རབ་ཕྱེ་ཁྲི་རལ་རྗེ། །གཡས་དྲུག་པ། མདོ་སྔགས་གཞུང་ལུགས་ཤིན་ཏུ་རྟོགས་དཀའི་མདུད། །རྣམ་དཔྱོད་སོར་རྩེས་ཉེར་བཀྲོལ་དགོངས་དོན་རྣམས། །མཐོང་བ་ཙམ་གྱིས་བསིལ་ལྡན་མགོན་པོ་རུ། །བྱོན་པར་ངེས་འདྲོངས་པཎ་ཆེན་དགེ་འདུན་གྲུབ། །གཡས་བདུན་པ། ཤར་ཕྱོགས་མཧཱ་ཙི་ནའི་མང་བཀུར་རྗེའི། །གཙུག་ཏུ་ཞབས་ཟུང་ཟླ་ཚེས་གསལ་བཀོད་ཅིང༌། །གདུལ་དཀའི་འགྲོ་(༨༨ན)


GLG021_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྨིན་གྲོལ་ལམ་བཟང་མཆོག །སྦྱིན་མཁས་རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྡེ། །གཡོན་དང་པོ། ཇི་ལྟ་ཇི་སྙེད་ཆོས་ཀུན་ཐུགས་མཚོའི་ནང༌། །ཟླ་གཟུགས་ལྟར་གཟིགས་ཨྱོན་མཁའ་འགྲོ་ཡི། །ཡེ་ཤེས་གཙོ་མོས་བདེ་སྟོང་ལམ་བཟང་པོར། །ཉེར་བཀོད་དཀོན་ཅོག་འབངས་ཀྱི་སྙན་གྲགས་འབར། །གཡོན་གཉིས་པ། ལོངས་སྤྱོད་མངའ་ཐང་འབྱོར་པས་མ་གོས་པར། །མར་མེ་མཛད་ཀྱིས་རྗེས་བཟུང་ལྷག་པའི་ལྷས། །སྔོན་ནས་འབྱུང་འགྱུར་ལྐོག་གྱུར་དངོས་པོ་ཀུན། །ཇི་བཞིན་ཡོངས་མཁྱེན་ལྷ་ཡི་རྒྱལ་པོའི་ཞབས། །གཡོན་གསུམ་པ། གངས་ཅན་སྐྱོང་བར་ཆེས་ཆེར་དཔའ་བའི་མགོན། །ཀུན་བཟང་སྒྱུ་འཕྲུལ་འོད་སྟོང་འབར་བའི་གཟིས། །འགྲོ་བའི་ཉོན་མོངས་མུན་སྟུག་རབ་སངས་ཏེ། །དམ་ཆོས་དབུ་བརྙེས་ཐོ་རི་སྙན་ཤལ་རྗེ། །གཡོན་བཞི་པ། ཡབ་མེས་དུས་ཀྱི་གཡུང་དྲུང་བོན་ཆོས་ཀྱི། །གྲོལ་ཐབས་མེད་དགོངས་མཁན་སློབ་ལོ་པཎ་གྱིས། །སངས་རྒྱས་བསྟན་པ་རིན་ཅེན་བླ་ནས་བླར། །དར་མཛད་ཁྲི་སྲོང་ལྡེ་བཙན་ཁྱོད་མིན་སུ། །གཡོན་ལྔ་པ། བཀའ་དང་བསྟན་བཅོས་གསུང་རབ་མ་ལུས་པ། །མི་འགལ་ཉམས་ལེན་གཅིག་ཏུ་འཁྱེར་ཤེས་པའི། །ལམ་མཆོག་སྒྲོན་མེས་འཇིག་རྟེན་གསུམ་ཁྱབ་བསྟན། །བདག་པོར་མངའ་གསོལ་འབྲོམ་སྟོན་བླ་མ་རྗེ། །གཡོན་དྲུག་པ། དྲི་མེད་རྒྱལ་བའི་གསུང་རབ་མཐའ་ཡས་པར། །མཁྱེན་པའི་སྤྱན་རས་ལྷུངས་པའི་མོད་ཉིད་ལ། །ཐུགས་ཆུད་འཇིག་རྟེན་ཀུན་གྱི་མིག་གཅིག་པུ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཞབས། །(༨༨བ)


GLG021_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་གནམ་གྱི་ཤེ་མོང་གིས་བཏེག་པའི། །མང་བཀུར་རིགས་བྱོན་ལྷ་སྔགས་ཡེ་ཤེས་མདས། །ལོག་འདྲེན་བདུད་དཔུང་དོན་སྙིང་ཆེར་ཕུག་སྟེ། །དག་པའི་ཞིང་སྦྱོར་བདེ་ཆེན་ཆོས་ཀྱི་རྒྱལ། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་མཐུ་ཚོགས། །གཡོན་བདུན་པ། ཡོངས་འདུས་རྗེ་བཙུན་བློ་བཟང་གྲགས་པ་ཡི། །ཆོས་སྲིད་དཔག་བསམ་ལྗོན་འབྲས་ཕན་བདེ་ལ། །རྟག་ཏུ་ཚད་མེད་ལོངས་སུ་སྤྱོད་བྱིན་རློབས། །སྤྱི་དང་ཁྱད་པར་ཡངས་པའི་ནོར་འཛིན་མགོན། །བསྟན་པའི་སྦྱིན་བདག་དགའ་ལྡན་བོ་ཤོག་ཐུའི། །མི་མཐུན་རབ་ཞི་ཆབ་སྲིད་མངའ་ཐང་སོགས། །གོང་འཕེལ་འདི་ཕྱིའི་འདུན་མ་ལྷུན་གྲུབ་ཤོག །ཅེས་པ་ཡངས་པའི་ས་ཆེན་པོར་བསོད་ནམས་སྟོབས་ཀྱིས་དཔུང་པས་བདག་གིར་སྤྱོད་ཅིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་བསྟན་པ་རིན་པོ་ཆེར་མི་ཕྱེད་པའི་དད་གུས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུའི་དད་རྟེན་དུ་ངེད་རང་གི་འདྲ་འབག །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་གཞན་ཡངའདོད་ལྷ་སྣ་ཚོགས་པས་བསྐོར་བའི་བྲིས་ཐང་གྲྭ་ཚར་དགོས་ཚུལ་ལྟར་སྡེ་པ་སངས་རྒྱས་རྒྱ་མཚོས་ལེགས་པར་བཞེངས་པའི་ཚེ་རྒྱབ་ཡིག་ཏུ་ཟ་ཧོར་གྱི་བནྡེས་དགེ་སྦྱོང་སྡེ་སྣོད་གསུམ་པས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་ཛ་ཡནྟུ། །དཀོན་ཅོག་སྣང་བརྙན་འདི་བཞེངས་རྣམ་དཀར་མཐུས། །ངག་ལ་དབང་ཐོབ་བློ་གྲོས་བཟང་པོ་ཡི། །འཆད་རྩོད་རྩོམ་པས་རྒྱ་མཚོའི་གོས་ཅན་ཀུན། །ཁྱབ་ཕྱིར་མི་ཤིགས་(༨༩ན)


GLG021_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་ཀ་བ་ཚུགས། །བྱམས་མགོན་དབུས་འགྱུར་འཆང་དུ་མ་བྱོན་པར། །དགའ་ལྡན་ཕོ་བྲང་ཆོས་སྲིད་ཟུང་འཇུག་བསྟན། །དར་ཞིང་འགྲོ་རྣམས་སྨིན་གྲོལ་ལ་འགོད་པའི། །གཏན་གྱི་མདུན་མ་མཐའ་དག་ལྷུན་གྲུབ་ཤོག །སླུ་མེད་རྟེན་ཅིང་འབྲེལ་འབྱུང་ཞིང་ས་ལ། །ལྷག་བསམ་རྣམ་དག་ས་བོན་རབ་བཏབ་པ། །མཚམས་སྦྱོར་དྲོད་གཤེར་གྱིས་བསྐྱངས་གསེར་གྱི་སྙེ། །ལེགས་སྨིན་མངོན་སུམདགའ་སྟོན་ལ་སྤྱོད་ཤོག །ཅེས་པའང་སྡེ་པ་སངས་རྒྱས་རྒྱ་མཚོས་ངེད་རང་གི་རིམ་གྲོར་མོ་རྩིས་ནས་བྱུང་བའི་གསེར་ཐང་བཞེངས་པའི་ཚེ་སྨོན་ལམ་ཚིགས་བཅད་དེ་ལམ་དུ་མ་ཟད་ངེད་རང་གི་རིང་འཚོའི་ཆེད་དུ་བྲིས་འབུར་སོགས་སྣང་བརྙན་ཆུང་ངུ་བཞེངས་རེས་ཀྱི་ཚིགས་བཅད་གསར་པ་མི་དགོས་པར་བྲིས་ཆོག་མ་ཞིག་དགོས་ཟེར་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །འཇམ་དབྱངས་དགའ་བའི་བཤེས་གཉེན་གྱི། །སྣང་བརྙན་འཇོན་དམར་གསེར་ཞུན་ལས། །ཡོངས་གྲུབ་བཞེངས་མཐུས་རྒྱུ་སྦྱོར་ཀུན། །སྐྱེ་བར་ཡང་དག་ལམ་འཁྲིད་ཤོག །གནས་སྐབས་ནད་རིམས་ཀེག་སྲི་དང༌། །ཆགས་ཆེ་ཉམ་ང་རབ་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྣམས། །རྨུགས་འཛིན་དབང་པོར་འགྲན་བཟོད་ཤོག །ལྷག་བསམ་སྨོན་ལམ་མཁའ་གོས་ལས། །དངོས་གྲུབ་འཛད་མེད་ཆར་གྱི་རྒྱུན། །བྱང་ཆེན་མྱུ་གུ་ཆེར་སྨིན་ཏེ། །དོན་གཉིས་འབྲས་བུར་གཡུར་ཟ་ཤོག །བཅོམ་ལྡན་ཐུབ་པའི་དབང་པོ་ལ། །སྤྲུལ་པའི་གནས་བརྟན་བཅུ་དྲུག་ཚོགས། །དྷརྨཏཱ་ལ་རྒྱལ་(༨༩བ)


GLG021_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞི། །ཧཱ་ཤང་ལ་སོགས་འཁོར་དང་བཅས། །དྲི་བསུང་ངད་འཐུལ་མ་ལ་ཡའི། །རྒྱུར་བསྐྲུན་དགེ་བས་ཤི་གསོན་ཀུན། །འདི་ཕྱིའི་བསམ་དོན་ལྷུན་གྲུབ་ནས། །རྣམ་འདྲེན་གོ་འཕང་མྱུར་འགྲུབ་ཤོག །ཅེས་པ་འདིའང་རིག་བྱེད་པ་བསྟན་འཛིན་དབང་པོས་འཇམ་དབྱངས་དཔལ་བཟང་དགོས་པ། བསོད་ནམས་དབང་འཛིན་གསུམ་དུས་ལས་འདས་པ་དང་མ་ཨ་སྙིང་སོགས་ཤུལ་མི་རྣམས་ཀྱི་དོན་དུ་གསེར་ཟངས་ལས་གྲུབ་པའི་ངེད་རང་གི་འདྲ་འབག་ཁྲུ་གང་ལྷག་པ་དང་ཙན་དན་གྱི་གནས་བཅུའི་སྐུ་བཞེངས་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཐོག་མེད་ནས་བཟུང་ད་ལྟའི་བར། །བསགས་དང་འདིས་མཚོན་རྣམ་དཀར་མཐུས། །ཟ་ཧོར་ཟིལ་གནོན་བཞད་པ་རྩལ། །གཡུང་དྲུང་ལྟ་བུར་བརྟན་པར་ཤོག །ཅེས་པའང་གོང་དཀར་ངག་དབང་བསླབ་གསུམ་གྱིས་ངེད་རང་གི་འདྲ་འབག་བཞེངས་པའི་ཚེ་ཁ་བྱང་དགོས་ཚུལ་བཞིན་ཟ་ཧོར་བནྡེས་བཀོད་པ་བྷ་ཝནྟུ། །བཀོད་མཛེས་རྔམས་བརྗིད་ལྡན་པའི་དཔལ་བཤོས་སྣོད། །རབ་དཀར་ཟླ་ཞུན་ལས་གྲུབ་ཡོངས་ཕུལ་བས། །རིང་མིན་ལྷག་པའི་ལྷ་ཡིས་རྗེས་བཟུང་སྟེ། །རང་གཞན་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་རྡོ་པ་བསོད་ནམས་རྒྱལ་མཚན་གྱིས་ཕན་བདེ་ལེགས་བཤད་གླིང་པའི་དགེ་སྐོས་ཀྱི་འཇོག་ལ་དངུལ་སྲང་བཅོ་ལྔ་ཞོ་དོའི་པད་སྡེར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བ་ཛ་ཡནྟུ། །བརྩེ་བ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་(༩༠ན)


GLG021_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ། །ཉེར་སྨིན་ཐུན་མོང་མ་ཡིན་འདུལ་ཞིང་ཆེ། །གངས་ཅན་འགྲོ་རྣམས་སྐྱོང་བའི་འཇིག་རྟེན་མགོན། །སྤྱན་རས་གཟིགས་ཀྱིས་དཔུང་གཉེན་མཛད་དུ་གསོལ། །མ་གྱུར་སྐྱེ་རྒུའི་གནས་སྐབས་བདེ་སྐྱིད་རྒྱས། །སྐྱེ་བར་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་སྟེ། །ས་ལམ་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ནས། །ཀུན་མཁྱེན་ཡེ་ཤེས་ཆེན་པོ་ཐོབ་བྱིན་རློབས། །ཞེས་པའང་གཟིམས་དཔོན་གྱི་ལས་འཛིན་དགེ་སློང་བློ་བཟང་དོན་གྲུབ་ཀྱིས་མ་དཀོན་ཅོག་སྒྲོལ་མའི་དོན་དུ་ཐུགས་རྗེ་ཆེན་པོའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང༌། །དབྱེར་མེད་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱི། །འདྲ་འབག་བཞེངས་མཐུས་སྐྱེ་བར་འབད་མེད་དུ། །རྗེས་གཟུང་མཆོག་ཐུན་དངོས་གྲུབ་ཐོབ་བྱིན་རློབས། །ཞེས་རྡོ་པ་དགེ་སློང་ཕྱག་རྡོར་དབང་ཕྱུག་གིས་འདྲ་འབག་གསེར་ཟངས་ལས་བཞེངས་པའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །ལྷད་བྲལ་རིན་ཅེན་གཉིས་པ་ཕྱེད་བཅས་སྲང༌། །ཉེར་བཞི་ལས་གྲུབ་སྣང་བྱེད་སྒྲོན་མེའི་ཀོང༌། །ཕན་བདེའི་འབྱུང་གནས་ངེས་གསང་འདུས་སྡེ་ཆེར། །ཕུལ་བས་མ་རིག་ལས་ཉོན་སྟུག་པོའི་སྨག །ཡེ་ཤེས་འོད་ཀྱིས་འཐར་བྱས་སྨིན་གྲོལ་ལམ། །བདག་སོགས་སྐྱེ་རྒུ་ཀུན་གྱིས་རབ་ཐོབ་ནས། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་མངོན་དུ་འགྱུར་བར་(༩༠བ)


GLG021_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱི་རློབས། །ཞེས་པའང་བློ་བཟང་ཐབས་མཁས་ཀྱིས་སྨོན་ལམ་ཆེན་མོར་རབ་འབྱམས་ཀྱི་གྲྭ་སྐོར་བྱས་དུས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །ཟབ་གསལ་མཚན་དཔེའི་ཉི་འོད་འབར་བའི་གཟིས། །སྐྱེ་རྒུའི་ཕན་བདེའི་སྣང་བ་རབ་དཀར་བས། །ཆེས་ཆེར་བདོ་བའི་སྙིགས་མ་ལྔ་ཡི་སྨག །མཐོང་ཐོས་དྲན་པས་རྣམ་གྲོལ་ཤཱཀྱའི་རྒྱལ། །བདུད་བཞིའི་སྡེ་བཅོམ་བླ་མེད་ཡེ་ཤེས་ཀྱི། །གོ་འཕང་བརྙེས་ཚེ་མ་ག་དྷ་ཡི་ཡུལ། །བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས་པ་ལྟར། །བསྐྲུན་པས་དོན་གྲུབ་དབང་རྒྱལ་འཁོར་བ་དང༌། །ངན་འགྲོའི་འཇིགས་པ་ཀུན་ལས་ཐར་བའི་དཔུང༌། །མགོན་སྐྱབས་མཛད་དེ་ཡང་སྲིད་ཐམས་ཅད་དུ། །གནས་སྐབས་ལྷ་མིའི་དཔལ་ལ་སྤྱོད་པའི་ནང༌། །དལ་འབྱོར་རྟེན་ཐོབ་དགེ་བའི་བཤེས་གཉེན་གྱིས། །རྗེས་བཟུང་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །ཐེག་པའི་མཆོག་གྱུར་གསང་སྔགས་ཉེ་བའི་ལམ། །སྨིན་གྲོལ་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང༌། །མངོན་དུ་འགྱུར་བའི་རྟེན་འབྲེལ་ལྷུན་གྲུབ་ཤོག །དྲི་ངད་ཕྱོགས་བཅུར་འགེང་བའི་ལྗོན་ཤིང་ལས། །ཉེར་གྲུབ་བཀྲ་ཤིས་སྒོ་མང་མཆོད་པའི་རྟེན། །བཀོད་ལེགས་ཕུན་སུམ་ཚོགས་པ་བཞེངས་པའི་འབྲས། །སྒྲིབ་བྱང་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྒྱལ་བ་སྲས་བཅས་སྙིང་རྗེའི་དངོས་པོ་ཀུན། །ཡོངས་འདུས་མི་འཁྲུགས་མགོན་གྱི་ཟླ་དཀྱིལ་ན། །རབ་གང་བྱིན་རླབས་ག་བུར་ཟེགས་འཕྲེང་གིས། །དམིགས་ཡུལ་རྨོངས་པའི་གདུང་བཅིལ་ལྷག་པའི་ལྷ། །ཞི་ཁྲོ་བདེ་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ། །(༩༡ན)


GLG021_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་འདྲེན་བྱེད་ཡུལ་དུ་བདུད་རྩིའི་དཔྱིད། །མཐོང་བ་ཙམ་གྱིས་དོན་ལྡན་ཡིད་བཞིན་ནོར། །འདོད་འཇོའི་སྐུ་བརྙན་ལྷག་བསམ་དག་པས་བསྐྲུན། །དགེ་བས་དོན་གྲུབ་དབང་རྒྱལ་དཔལ་གྱི་རིར། །སྐྱེ་སྲིད་བཟུང་ནས་ཐེག་མཆོག་དམ་ཆོས་ཀྱི། །དགའ་སྟོན་ངོམས་པ་མེད་པར་ལེགས་མྱངས་ཏེ། །རིགས་འཛིན་རྣམ་བཞིའི་གོ་འཕང་འགྲུབ་བྱིན་རློབས། །ཀ་དག་དབྱིངས་ལས་མཐིང་ཞུན་འོད་བཀྲག་འཚེར། །མཚན་དཔེའི་གཟི་བྱིན་རབ་འབར་པདྨ་འབྱུང༌། །རྡོར་དྲིལ་དང་བཅས་ཟུང་འཇུག་བདེ་བ་ཆེས། །མི་བཟད་གནས་ངན་ལེན་ལས་འདྲེན་བྱིན་རློབས། །བཤེས་གཉེན་ཞི་བའི་ཆ་བྱད་རབ་བཟུང་པ། །པདྨ་སཾ་བྷའི་མཆོག་སྦྱིན་ཕྱག་རྒྱ་ཡིས། །ཀུན་རྫོབ་ལོག་ལྟའི་འཇིགས་པ་ལས་བསྐྱབས་ཏེ། །དོན་དམ་ཀ་དག་སྙིང་པོ་རྟོགས་བྱིན་རློབས། །ཤིན་ཏུ་བྱ་དཀའི་མཛད་བཟང་འཕྲུལ་པོ་ཆེ། །ཐུན་མོང་གདུལ་བྱའི་སྣང་ངོར་ར་བ་ལས། །རབ་འདས་བློ་ལྡན་མཆོག་སྲེད་ཐོད་རྔའི་སྒྲས། །མ་རིག་གཉིད་རུམ་ཐུག་པོ་སློང་བྱིན་རློབས། །སྣང་སྲིད་འཁོར་འདས་ཆོས་རྣམས་མ་ལུས་པ། །ཅིག་ཅར་དབང་བསྡུ་པདྨ་རྒྱལ་པོ་ཆེས། །ཨཱ་ལི་ཀཱ་ལིའི་ཆར་གྱི་ཟིལ་མངར་རོར། །སྤྱོད་པའི་སྐལ་བཟང་མྱུར་བར་ཐོབ་བྱིན་རློབས། །ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་སྨག །མཁྱེན་པའི་སྤྱན་མངའ་ཉི་མ་འོད་ཟེར་གྱི། །སྣང་བ་ཆེན་པོས་ཉེར་བསལ་མངོན་མཐོ་དང༌། །ངེས་ལེགས་ལམ་མཆོག་ཐོབ་པར་བྱིན་གྱིས་རློབས། །གཟོད་མ་ཉིད་ནས་འགྲོ་བ་མ་ལུས་པ། །འདྲེན་མཛད་(༩༡བ)


GLG021_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་སེང་གེའི་སྤྱོད་ཚུལ་གྱིས། །བདུད་བཞིའི་སྡེ་དཔུང་བཏུལ་ནས་ཐར་པ་དང༌། །རྣམ་མཁྱེན་ཡེ་ཤེས་རྒྱུད་ལ་སྐྱེ་བྱིན་རློབས། །དྲག་ཤུལ་འཇིགས་རུང་མི་བཟད་མེ་འབར་བའི། །སྐུར་བཞེངས་ཁྲོ་རྒྱལ་སེང་གེ་སྒྲ་སྒྲོག་གི །གནམ་ལྕགས་རྡོ་རྗེས་ལོག་འདྲེན་འབྱུང་པོའི་ཚོགས། །མྱུར་བར་ཚར་གཅོད་དངོས་གྲུབ་སྩོལ་བྱིན་རློབས། །གར་དགུའི་ཉམས་ཀྱི་སྟང་སྟབས་བཅས་པས་ཀྱང༌། །གནོད་བྱེད་སྡེ་བརྒྱད་དོན་སྙིང་ཕྱིར་འབྱིན་པའི། །རིགས་འཛིན་བླ་མ་རྡོ་རྗེ་གྲོ་ལོད་ཀྱིས། །སྒོ་གསུམ་སྒྲིབ་སྦྱོངས་སྐུ་གསུམ་འགྲུབ་བྱིན་རློབས། །ངག་དབང་བློ་བཟང་རྒྱ་མཚོའི་འདྲ་འབག་མཆོག །བཞེངས་མཚོན་དུས་གསུམ་རྣམ་དཀར་ཇི་སྙེད་པ། །བསགས་མཐུས་དོན་གྲུབ་དབང་རྒྱལ་ཡང་སྲིད་ཀུན། །དམ་པའི་མགོན་དང་ནམ་ཡང་མི་འབྲལ་ཤོག །ཅེས་པའང་ལྷ་ས་ཟུར་ཁང་པ་དོན་གྲུབ་དབང་རྒྱལ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་གཞིས་མི་རྣམས་ཀྱིས་ཙནྡན་ལས་གྲུབ་པའི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་དང༌། གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན། རྡོ་རྗེ་མི་འཁྲུགས་པ། སློབ་དཔོན་རིན་པོ་ཆེ། སྤྲུལ་པའི་གུ་རུ་མཚན་བརྒྱད། ངེད་རང་གི་འདྲ་འབག་རྣམས་བཞེངས་པའི་དུས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ཡི། །འདྲ་འབག་བློ་བཟང་བཀྲ་ཤིས་བཞེངས་པའི་དགེས། །མི་མཐུན་ཉེས་བརྒྱ་ཞི་ཞིང་སངས་རྒྱས་ཀྱི། །གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པ་འདིའང་འཇོན་དམར་ལས་གྲུབ་པ་བཞེངས་(༩༢ན)


GLG021_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བཀོད། །ལྷག་པའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས། །མཆོད་གསོལ་བསྙེན་སྒྲུབ་རྩེ་གཅིག་རབ་འབད་མཐུས། །འདི་ནང་ནད་གདོན་ཞི་ཞིང་ཚེ་བསོད་རྒྱས། །ཕྱི་མ་པོ་ཏ་ལ་རུ་སྐྱེ་བར་ཤོག །ཅེས་པའང་དཔོན་ས་བུ་ཁྲིད་རྒྱལ་མོས་དད་རྟེན་དུ་མིག་འབྱེད་ཐུགས་རྗེ་ཆེན་པོ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས། །དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུའི་བྱེད་པོ་རུ། །བཤེས་གཉེན་ཚུལ་བཟུང་ཀུན་དགའ་སྙིང་པོའི་བསྟན། །སྲིད་མཐར་མི་ཉམས་སྤེལ་ཕྱིར་གསོལ་བ་འདེབས། །གདོད་ནས་ཡོངས་དག་བདེ་ཆེན་སྣང་མཐའ་དང༌། །མི་ཕྱེད་རྡོ་རྗེ་སློབ་དཔོན་དངས་མའི་སྲོག །མཚན་དཔེའི་གཟི་འབར་ཚེ་དབང་རིག་པ་འཛིན། །སྐྱེ་རྒུའི་གཉེན་གྱུར་ཁྱོད་ལ་གསོལ་བ་འདེབས། །ཕན་བདེའི་རྩ་ལག་དཔལ་ལྡན་ཆོས་སྐྱོང་གི །ཞལ་ལུང་ཆད་མེད་ཕུན་ཚོགས་བཀྲ་ཤིས་སྒོ། །རབ་ཕྱེ་ཚངས་དབྱངས་དྲུག་ཅུར་གྲགས་པའི་སྒྲས། །ས་གསུམ་ཅིག་ཅར་འགོད་ལ་གསོལ་བ་འདེབས། །ལྷ་སྔགས་ཡེ་ཤེས་མི་བཟད་རྡོ་རྗེ་ཡིས། །སྦྱིན་སྐྱེས་སྡེ་དཔུང་ཕྱེར་བཏགས་སྲིད་རྩེའི་བར། །རྒྱལ་མཚན་ཆེར་བསྒྲེངས་དཔལ་ལྡན་སྐལ་བཟང་ཆེའི། །མགོན་པོར་གཡུང་དྲུང་ཁྲི་ལ་ཞབས་བརྟན་ཤོག །སྙན་བརྒྱུད་ཚད་མ་བཞི་ལྡན་ཟབ་མོའི་ཆོས། །གོ་རིམ་མ་འཆོལ་རྟེན་ཅིང་འབྲེལ་འབྱུང་སྒོ །རྩོལ་བར་བལྟོས་མིན་ཡོངས་(༩༢བ)


GLG021_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིག་བཞེད་དོན་ཀུན། །ཇི་བཞིན་ལྷུན་གྲུབ་གཡོ་བ་མེད་པར་ཤོག །རྩ་བརྒྱུད་བླ་མ་དགྱེས་མཛད་ཧེ་རུ་ཀ༔། །ཁམས་གསུམ་བརྟན་པ་འཕྲོག་མཛད་དབང་ལྷར་བཅས། །མཐུ་ལྡན་སྲུང་མས་དུས་དྲུག་མ་གཡེལ་བར། །མཆོག་ཐུན་དངོས་གྲུབ་ཆར་ཆེན་ཉེ་བར་ཕོབ། །གནམ་ལ་གཟའ་སྐར་འཛོམ་པའི་འཕྲོད་བཟང་དང༌། །ས་ལ་བཀྲ་ཤིས་གཡང་ཆགས་ཕུན་སུམ་ཚོགས། །མཆོག་གསུམ་ཐུགས་རྗེ་བསྐུལ་བའི་བདེན་མཐུ་ཡིས། །རྫོགས་ལྡན་དགའ་སྟོན་དཔལ་སྦྱང་བཀྲ་ཤིས་ཤོག །གདན་ས་འོག་གི་ཁྲི་ཆེན་འཇམ་དཔལ་དབྱངས་ཚེ་དབང་རིགས་འཛིན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བསྟན་འགྲོའི་ཕན་བདེ་སྤེལ་ཕྱིར་ཡུན་དུ་འཚོ་བཞེས་ཀྱི་བརྟེན་བཞུགས་འདི་ལྟ་བུ་ཞིག་དགོས་ཞེས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་འབྱུང་གནས་བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་ངག་དབང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་མ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་བིཛཡ། །ཐུབ་པའི་གསུང་ངག་མདོ་རྒྱུད་ལ་དབང་བ། །གཏིང་མཐའ་མི་མངོན་རྣམ་དཔྱོད་རྒྱ་མཚོ་ཆེར། །སྐུ་གསུམ་ནོར་བུའི་སྙན་གྲགས་སྲིད་གསུམ་ཁྱོན། །ཡོངས་འགེང་བསྟན་པའི་རྒྱལ་མཚན་འཛིན་ཁྱོད་རྒྱལ། །མཚན་ཙམ་ཐོས་པས་ཉི་བུའི་ཕོ་ཉ་ཡིས། །བླང་དོར་བལྟ་བའི་མེ་ལོང་ཕྱིར་དོར་ཏེ། །ངལ་གསོ་རབ་སྟེར་མགོན་པོ་ཚེ་དཔག་མེད། །བུམ་བཟང་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་མཛོད། །ཆོས་ཀུན་སྤྲོས་དང་བྲལ་བའི་ངང་ཉིད་ལས། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པའི་མཐུས། །འཆི་བདག་(༩༣ན)
བདུད་ཀྱི་ལྕགས་ཁམས་གསེར་འགྱུར་རྩིས། །ཡོངས་བསྒྱུར་མི་ཤིགས་ཀ་བ་བརྟན་ཚུགས་ཤོག །གངྒཱའི་རྡུལ་སྙེད་རྒྱལ་རྣམས་འགྲོར་བརྩེ་ཡང༌། །མ་རིག་སྟུག་པོས་མངོན་བསྒྲིབས་རྟོགས་དཀའ་བ། །ཐུགས་རྗེས་བཤེས་གཉེན་གཟུགས་བཟུང་མིག་ངོ་རུ། །རེ་འབྲས་བསྒྲུབ་ཕྱིར་རྡོ་རྗེ་ལྟར་བརྟན་ཤོག །འཁོན་རིགས་འཇམ་པའི་རྡོ་རྗེའི་གདུང་འཛིན་མགོན། །བསྟན་འགྲོའི་བསོད་ནམས་ཞིང་དུ་འཚོ་གཞེས་པར། །ཉེར་འཚེའི་ཚོགས་ཀུན་རབ་ཞི་མཛད་འཕྲིན་རྣམས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདིའང་འཇམ་དབྱངས་ངག་དབང་ནོར་བུ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་སྐྱེ་རྒུའི་མཆོད་སྡོང་དམ་པར་རིང་པོར་བཞུགས་པའི་སྨོན་ལམ་འདི་ལྟ་བུ་ཞིག་རྒྱུད་ལུང་མན་ངག་རྒྱ་མཚོའི་མངའ་བདག་བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་ངག་དབང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་མ་བྱུང་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སིདྡྷི་ར་སྟུ། །


previousརྒྱལ་བ་ཉི་མའི་གཉེན་གྱི་མཛད་པ་བརྒྱའི་ཞལ་ཐང་གི་རྒྱབ་ཡིག་སྨོན་ལམ་སོགས།next