Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
 
  
  
  
  
བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི་མའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ཚིགས་བཅད་སོགས།


1 occurrence of བྲག་ཡེར་པ་
[Clear Hits]

 
previousབ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི་མའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ཚིགས་བཅད་སོགས།no next

བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི་མའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི་མའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ཚིགས་བཅད་སོགས།ཨོཾསྭསྟི་པྲ་ཛ་བྷྱཿ། རབ་འབྱམས་གངྒཱའི་ཞིང་རྡུལ་ལས་འདས་པའི། །རྒྱལ་ཀུན་རྣམ་མཁྱེན་ཕུང་པོ་གཅིག་བསྡུས་གང༌། །གསང་གསུམ་མི་ཟད་རྒྱན་གྱི་རོལ་གར་རྩེན། །རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །ཤེས་བྱའི་ཆོས་རྣམས་བློ་གྲོས་མེ་ལོང་ནང༌། །ཉེར་ཤར་མཁས་བཙུན་བཟང་པོའི་སྙན་གྲགས་ཆེ། །སྲིད་པའི་རྩེར་སྒྲོག་སྲས་ཀྱི་ཐུ་བོ་པ། །བ་སོ་ཆོས་རྒྱན་ཞབས་ལ་གསོལ་བ་འདེབས། །(༩༣བ)


GLG021_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྒྱུད་ཡོངས་དག་དབྱིག་འཛིན་འཇམ་པོའི་ངོས། །བསོད་ནམས་ནོར་མཆོག་ཕུང་པོར་རབ་སྤུངས་ཏེ། །རྣམ་དཔྱོད་ཤིང་རྟས་ཐར་གྲོང་ཆེར་འཇུག་པ། །འཕགས་དབོན་རིན་ཅེན་ཞབས་ལ་གསོལ་བ་འདེབས། །གསལ་སྟོང་མ་འགགས་རྫིང་བུར་ཟླ་གཟུགས་ལྟར། །བདེན་དངོས་དང་བྲལ་གང་ལའང་མི་འཇིགས་པས། །སྒྲིབ་གཉིས་འཆིང་བཅོམ་དོན་གཉིས་མཐར་ཕྱིན་མཛད། །ལྷ་ཡི་སྐྱབས་གྱུར་ཞབས་ལ་གསོལ་བ་འདེབས། །སྔོན་གོམས་མ་ལ་ཡ་ཡི་ཀླུང་ཆེན་ནས། །དམ་པའི་བག་ཆགས་ཉེར་སད་ཙནྡན་དྲི། །སྐལ་བཟང་སྙིང་ཞུགས་སྟོབས་འབྱོར་མངའ་ཐང་ཆེར། །འགོད་མཛད་ལི་ཡི་རྒྱལ་པོར་གསོལ་བ་འདེབས། །བརྗོད་དཀའི་གཞུང་ལུགས་མང་གཟིགས་ཐུགས་རྗེའི་གྲིབ། །མཐའ་ཡས་སྐྱེ་རྒུ་བདེ་བར་ངལ་གསོ་བའི། །མ་འདྲིས་ལུས་ཅན་དཔུང་གཉེན་ལྷ་དབང་རྗེ། །ཆོས་ཀྱི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཡེ་ཤེས་རང་སྣང་ངོ་མཚར་སྒྱུ་འཕྲུལ་ཆེའི། །ལང་ཚོར་རབ་དར་ངག་དབང་དབྱངས་ཅན་ལྷས། །མགྲིན་འཁྱུད་མང་རྒྱུད་ཐ་སྙད་གཙུག་ལག་སོགས། །ཀུན་མཁྱེན་དཀོན་ཅོག་ཉི་མར་གསོལ་བ་འདེབས། །རང་བཞིན་རྣམ་དག་མ་བསྒྲིབས་ཐུགས་མཚོའི་ནང༌། །ཆོས་རྣམས་ཟླ་སྣང་ཇི་བཞིན་རོལ་གར་ཅན། །རྒྱུ་འབྲས་མི་བསླུར་ངེས་པ་ཡོངས་གཟིགས་པ། །མཚུངས་བྲལ་རྗེ་བཙུན་བླ་མར་གསོལ་བ་འདེབས། །རིས་མེད་འགྲོ་ལ་བརྩེ་ཆེན་ལྷག་བསམ་ལྗིད། ཁུར་གྱིས་ནོར་འཛིན་བུ་མོ་མ་བཟོད་རྔུལ། །ཉེར་བབས་ལས་ཉོན་བཀྲུ་བའི་ཆོ་ག་མཁན། །ཐུགས་རྗེའི་གཏིང་གྱུར་ཁྱོད་ལ་(༩༤ན)


GLG021_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །བཅོམ་ལྡན་འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་ཆེར། །གཞོལ་གྲུབ་གནམ་ལྕགས་ཐོག་མདའི་ཚ་དབལ་གྱིས། །མི་བསྲུན་བྲག་རི་ཕྱེ་མར་རབ་འཐག་པའི། །ནུས་མཐུའི་གཟི་བྱིན་འབར་ལ་གསོལ་བ་འདེབས། །བླ་མེད་ཡེ་ཤེས་བཻཌཱུར་ཞུན་མའི་ཁམས། །མཐའ་ཡས་ཚེ་ཡི་གཟུགས་སུ་ཉེར་གྲུབ་སྣོད། །འཆི་བ་མེད་པའི་བཅུད་དུ་ལེགས་འཁྱིལ་བ། །ལྷ་མཆོག་དབང་བསྐུར་དམ་པ་མྱུར་དུ་སྩོལ། །ངག་གི་དབང་ཕྱུག་བློ་བཟང་གྲགས་པ་ཡི། །རིང་ལུགས་རྒྱས་པར་གེགས་བྱེད་ནག་པོའི་མུན། །དཀོན་ཅོག་ཐུགས་རྗེའི་ཉི་མའི་ཟེར་འོད་ཀྱིས། །རབ་གསལ་སྣང་བ་ཆེན་པོས་ཁྱབ་གྱུར་ཅིག །ཞི་དུལ་སྡོམ་བརྩོན་དམ་པའི་དཔལ་མངའ་ཞིང༌། །བརྟན་པའི་འཁོར་ལོས་རྗེས་སུ་བཟུང་བ་ལས། །གསུང་རབ་དགའ་སྟོན་བྱེ་བའི་ཟིལ་དངར་རོ། །སྐལ་ལྡན་ཡོངས་ལ་འགྱེད་ཕྱིར་ཞབས་བརྟན་ཤོག །མཁྱེན་དཔྱོད་ཟབ་བརླིང་མཁས་བཙུན་བཟང་པོ་ཡིས། །ལུང་དང་རྟོགས་པའི་ལེགས་བཤད་ཉེར་སྩལ་བས། །ཀུན་གཟིགས་འཇམ་དཔལ་སྙིང་པོའི་ཆོས་སྲིད་བསྟན། །མི་ཉམས་སྤེལ་ཕྱིར་གཡུང་དྲུང་ལྟར་བརྟན་ཤོག །སྔོན་གྱི་ཐུགས་བསྐྱེད་ས་བོན་རབ་སྨིན་ལས། །འགྲོ་བའི་ཡང་དག་མཛའ་བཤེས་དར་བའི་འབྲས། །ལུས་ཅན་ཕན་བདེར་འགོད་པའི་གཉེན་གཅིག་པུ། །འཁོར་བ་སྟོངས་མིན་ཆོས་འཁོར་རྒྱ་ཆེར་སྐོར། །མཆོག་གསུམ་རིན་ཅེན་བྱིན་རླབས་རྨད་པོ་ཆེ། །ཟླ་བའི་མ་མ་ལས་འོངས་བདུད་རྩི་ཡི། །དྲི་མེད་ཐུགས་ཀྱི་ཟ་མ་ཏོག་ཡངས་པོར། །ཡོངས་འཁྱིལ་བཞེད་དོན་ལྷུན་གྱིས་(༩༤བ)


GLG021_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་ཤོག །ཁྲིམས་ལྡན་མང་ཐོས་འདུས་པའི་ཚོགས་ཆེན་གྱི། །རྣམ་པར་དག་པའི་ལྷག་བསམ་རྒྱལ་མཚན་རྩེར། །རྩེ་གཅིག་སྨོན་ལམ་བཏབ་ལྟར་ཡིད་ནོར་ཆེས། །ཅི་བསམ་དོན་ཀུན་མྱུར་དུ་འགྲུབ་པར་ཤོག །དེ་ལྟར་བདེན་སྟོབས་བརྗོད་མཐུས་མཁའ་དབྱིངས་ལས། །མ་སྨད་མཁྱེན་བརྩེ་ནུས་པའི་གྲུ་ཆར་ཆེ། །བབས་པས་དོན་གཉིས་མྱུ་གུ་ལེགས་སྨིན་ནས། །དགའ་སྟོན་མཆོག་ལ་སྤྱོད་པར་བྱིན་གྱིས་རླབས། །ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་དང༌། །བྱ་བ་ལས་ཀྱི་འཁོར་ལོ་རྣམ་གསུམ་གྱིས། །བདག་སོགས་གདུལ་བྱའི་ཡིད་ལ་ཅི་འདོད་ཀུན། །སྐོང་བར་བྱིན་གྱིས་བརླབ་པའི་མཐུ་དཔུང་སྐྱེད། །དགེ་བཅུར་སྤྱད་པའི་རྣམ་སྨིན་ཉེར་བདོ་བས། །བསིལ་བྱེད་ཀཏྤུ་ར་ཡི་ཟེགས་རྡུལ་གྱིས། །འཇིག་རྟེན་ཁམས་སུ་བདེ་སྐྱིད་ཨུཏྤ་ལའི། །འདབ་འཕྲེང་གསར་པས་ཕྱོགས་ཀུན་འགེང་བར་ཤོག །ཡིད་ཅན་ཕན་བདེ་མ་ལུས་འབྱུང་བའི་གནས། །ཟས་གཙང་སྲས་པོའི་དྲི་མེད་རིང་ལུགས་དང༌། །ཁྱད་པར་ཞྭ་སེར་ཅོད་པན་འཆང་བའི་བསྟན། །སྲིད་ཞིའི་སྣང་བྱེད་སྒྲོན་མེ་ཆེས་འབར་ཤོག །ས་གསུམ་གཏོགས་སོ་ཅོག་གི་ལུས་ཅན་སྤྱི། །བྱེ་བྲག་སཱ་ལའི་སྨན་ལྗོངས་མདོ་ཁམས་འགྲོ། །རྣམ་དཀར་འབྲས་བུ་རྫོགས་ལྡན་སྐྱེ་རྒུ་དང༌། །ལྷན་ཅིག་སྤྱོད་པའི་སྐལ་བ་དེང་སྨིན་ཤོག །ཁྱད་པར་ཡུལ་འདིའི་བླ་དཔོན་སྦྱིན་པའི་བདག །འབངས་བཅས་གནས་སྐབས་ནད་ཡམས་འཐབ་རྩོད་དང༌། །མི་མཐུན་གདོན་བགེགས་འཚེ་བྲལ་ཕན་ཚུན་ཀུན། །མཉེས་གཤེན་བྱམས་ལས་རྟག་ཏུ་མཛའ་བར་ཤོག །ཚེ་རིང་ལོངས་སྤྱོད་(༩༥ན)


GLG021_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་མངའ་ཐང་རྣམས། །གོང་འཕེལ་མཐའ་བཞིའི་ལས་སྒོ་ཀུན་འདུས་ཏེ། །རྨུགས་འཛིན་དབང་པོའི་ཕུན་ཚོགས་ལ་འགྲན་པའི། །བདེ་སྐྱིད་ཉི་མ་གུང་ནས་འཆར་བར་ཤོག །ཆོས་ཉིད་མི་འགྱུར་ལྷ་ལམ་ཡངས་པའི་དབྱིངས། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་མཁའ་གླང་ལས། །སླུ་མེད་བདེན་ཚིག་མི་འཛད་ཆུ་རྒྱུན་གྱིས། །ཇི་ལྟར་འདོད་པའི་འབྲས་བུ་གཡུར་ཟ་ཤོག །དུས་དགྲའི་དབང་པོ་རྟ་མཆོག་ཧེ་རུ་ཀ༔ །ཡེ་ཤེས་མགོན་པོ་ལས་གཤིན་རྣམ་ཐོས་སྲས། །གུར་ཞལ་བེག་ཙེ་འདོད་ཁམས་མ་ལ་སོགས། །མཐུ་ལྡན་སྲུང་མས་ལས་བཞི་ལྷུན་བསྒྲུབ་ཤོག །སངས་རྒྱས་བྱང་སེམས་ཉན་རང་སྐྱེ་འཕགས་ཚོགས། །ལྷ་དང་དྲང་སོང་བདེན་མཐུར་དབང་རྣམས་ཀྱིས། །རྨད་བྱུང་བདེ་ལེགས་མེ་ཏོག་ཆར་ཕབ་ནས། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པའང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གདན་ས་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི་མའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཚུལ་གྱི་ས་བོན་དང་བཅས་སྤག་ཤོད་མཁར་གསོལ་བཀྲ་ཤིས་རབ་བརྟན་གྲྭ་མང་རྣམས་ཀྱིས་བསྐུལ་མ་བྱུང་བ་ལྟར་ཡུལ་ལྷོ་བརྒྱུད་དུ་སྐྱེས་པའི་ཟ་ཧོར་གྱི་བན་རྒན་ཚངས་སྲས་བཞད་པའི་རྡོ་རྗེས་ཆུ་ཕག་ཧོར་ཟླ་གཉིས་པར་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པའོ། །རྒྱ་ཆེའི་ཐབས་(༩༥བ)


GLG021_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་ས་བོན་ལས། །སྐུ་བཞིའི་འབྲས་བུ་རོ་བདར་ལེགས་སྨིན་བཅུད། །སྐྱེ་རྒུ་ཡོངས་ཀྱི་ལོངས་སྤྱོད་སྐལ་བཟང་ཅན། །ཐུབ་དབང་ཤཱཀྱའི་རྒྱལ་པོས་ཤིས་པ་སྩོལ། །ཕྱོགས་དུས་དགེ་བའི་ཆུ་ཀླུང་རབ་འཁྱིལ་ནང༌། །ཕུན་ཚོགས་དབྱངས་ཀྱི་མགྲིན་རྔ་ཆེར་བསྒྲགས་པས། །རྣ་བའི་ཟིལ་དངར་རབ་སྟེར་ཀུན་དགའི་དཔྱིད། །ཉེར་སྩོལ་ལུས་དཀར་དབང་པོས་ཟས་གཙང་སྲས། །ཁྱོད་ཀྱི་མཁྱེན་བརྩེ་ནུས་མཐུའི་དྲི་ངད་ཀྱིས། །སྲིད་ཞིའི་ཚ་གདུང་བཅིལ་བའི་བྱེད་པོ་རུ། །ཐེག་གསུམ་སྐྱེས་འཕགས་སློབ་མ་དང་བཅས་པའི། །སྔོན་མེད་ས་མཆོག་ལྗོན་པས་ལུས་ཅན་སྐྱོངས། །ཐོག་མ་མེད་ནས་ད་ལྟའི་དུས་ཀྱི་བར། །རྣམ་དཀར་བྱས་དང་བྱེད་འགྱུར་གྱིས་མཚོན་པའི། །དགེ་བས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པར་ཤོག །བགྲང་དཀར་ལས་ཉོན་མི་བཟད་འབྲས་སྨིན་ཏེ། །འཇིགས་རུང་དུཿཁའི་གཡང་སར་ཉེར་འཕྱན་པ། །བྱིན་རླབས་ཐུགས་རྗེའི་ཤུགས་ཀྱིས་རབ་དྲངས་ནས། །ཐར་པའི་གྲོང་ཁྱེར་ཆེན་པོར་འཇུག་པར་ཤོག །མི་ཁོམ་དང་བྲལ་དལ་བའི་རྟེན་བཟང་པོས། །དབང་ཕྱུག་བརྒྱད་ལྡན་གོ་འཕང་བསྒྲུབ་པ་ལ། །འགྲུབ་བྱེད་རྒྱུ་འབྲས་རྟེན་འབྲེལ་མི་བསླུ་བའི། །ཆོས་ཉིད་མི་འཛད་གཏེར་ལ་མྱུར་སྤྱོད་ཤོག །གནས་སྐབས་སུ་ཡང་འབྱུང་འཁྲུགས་ནད་རིགས་དང༌། །གདོན་བགེགས་མི་མཐུན་བར་གཅོད་ཀུན་ཞི་ཞིང༌། །རིང་འཚོ་མངའ་ཐང་དཔལ་འབྱོར་ལོངས་སྤྱོད་རྒྱས། །མྱུར་དུ་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་པའང་དཔལ་གྲོ་བ་འབག་ལྷུག །ཁྱིམ་འཛིན་མཆོག་ཡགས། བུ་མོ་བདེ་ཆེན་དབང་མོ་དང་དབྱངས་འཛིན་(༩༦ན)


GLG021_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་སྟོན་པ་ཤཱཀྱའི་རྒྱལ་པོའི་གསུང་རབ་ཀུན་གྱི་སྙིང་པོར་གྱུར་པ་ཡུམ་རྒྱས་པ་པོད་ཚད་བཅུ་དྲུག་འདི་ཕྱིའི་དོན་དུ་བཞེངས་པའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །གནས་གསུམ་ཞིང་མཆོག་བདེ་ཆེན་པདྨ་འོད། །སྐུ་གསུམ་རང་བཞིན་གྲུབ་པའི་མཁའ་དབྱིངས་ལས། །རྩ་གསུམ་མཁྱེན་བརྩེ་ནུས་མཐུའི་སྤྲིན་གཏིབས་ནས། །གསང་གསུམ་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །འོད་གསལ་སྙིང་པོ་འཇའ་ལུས་འཕོ་མེད་སྐུར། །ལྷུན་གྲུབ་ཀུན་བཟང་རྡོ་རྗེ་ཐོགས་མེད་རྩལ། །བཀའ་གཏེར་བཤད་ཉན་སྨིན་གྲོལ་ཟབ་ཆོས་ལ། །འགྲོ་རྣམས་བཀོད་མིན་དེ་སྲིད་བརྟན་པར་ཤོག །མི་ཕྱེད་དད་པའི་གདུང་ཤུགས་དྲག་པོ་ཡིས། །དཀོན་ཅོག་ཐུགས་རྗེ་ལེགས་པར་བསྐུལ་བའི་མཐུས། །དེང་འདིར་འདོད་འབྲས་རེ་བ་མ་ལུས་ཀུན། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་པདྨ་དབང་ཆེན་གྱི་སྤྲུལ་པའི་ཟློས་གར་དུ་ལུང་གིས་ཟིན་པ་ཐུགས་སྲས་བསྟན་འཛིན་འགྱུར་མེད་རྡོ་རྗེས་རང་དོན་ཕུན་ཚོགས་ལོ་གསུམ་ལ་མངོན་པར་གྲུབ་སྟེ་ངེད་རང་གི་རིང་འཚོའི་ཆེད་དུ་ལྷག་བསམ་རྣམ་དག་གི་སྒོ་ནས་ཞི་དྲག་གི་གསུང་བསྙེན་ལོ་སྒྲུབ་ཐུན་མཚམས་ཀྱི་ཚེ་བདེན་བརྗོད་མཛད་རྒྱུར་བསྐུལ་མ་བྱུང་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཨོཾསྭསྟི་པྲ་ཛྙ་བྷྱཿ བགྲང་ཡས་སྐྱེ་རྒུ་ཉེར་འཚོ་(༩༦བ)


GLG021_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཀྱི་སྤྲིན། །བདེ་སྐྱིད་དགའ་སྟོན་ཆར་རྒྱུན་སྙན་པོའི་རྔ། །ཆབས་ཅིག་རབ་ལྡིར་རྫོགས་ལྡན་གསར་མགྲོན་དུ། །འགུགས་མཛད་རྩ་གསུམ་ལྷ་ཚོགས་འཁོར་བཅས་ཀྱེ། །མི་མཐུན་གཡུལ་ལས་རྣམ་པར་ཡོངས་རྒྱལ་བའི། །ཕན་བདེའི་སྒོ་འཕར་ཕྱེ་བ་འབྱེད་ནུས་པ། །གསང་སྔགས་རྒྱ་མཚོར་ལེགས་བཤད་འདུས་གླིང་ཆེར། །ཐབས་ཤེས་ཟུང་དུ་འཇུག་པའི་རྟེན་འབྱུང་ཆེར། །རིན་ཅེན་ཞུན་མའི་ཡོལ་གོར་རོ་བརྒྱའི་བཅུད། །མྱངས་པའི་ཟག་མེད་བདེ་ཆེན་དྲངས་མཐུ་ཡིས། །མ་གྱུར་འགྲོ་ཀུན་འདྲེན་པའི་འཕྲིན་ལས་ཀྱིས། །ཕ་མཐའ་ནམ་མཁའི་ཚད་ཀྱང་བརྒལ་ནུས་ཤོག །ཅེས་རྡོ་པ་བློ་བཟང་བཀྲ་ཤིས། ཡར་ཀླུངས་པ་ངག་དབང་སྐལ་བཟང༌། ལྷ་ས་བ་བློ་གྲོས་ལེགས་པ་གསུམ་གྱིས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་དཀོན་གཉེར་འཇོག་ལ་དངུལ་སྲང་དགུ་བཅུ་ལས་གྲུབ་པའི་ལྟི་རི་ཆ་བལ་པོའི་གླ་ལྟོ་དང་བཅས་ཟིན་པའི་དུས་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་ཛཡནྟུ། །ལྷག་བསམ་ཟླ་དཀྱིལ་ཆ་ཤས་ཡོངས་རྫོགས་པར། །རིན་ཅེན་གཉིས་པའི་རི་དྭགས་རྣམ་བུམ་ཆེར། །ཉེར་ཤར་སྐྱེ་བར་སོར་རྟོག་ཤེས་རབ་ཀྱིས། །དཔྱད་དེ་ཐུབ་བསྟན་འཛིན་པའི་དཔལ་ཐོབ་ཤོག །ཅེས་པའང་ཕོ་བྲང་སྔགས་རམས་པ་བློ་བཟང་སྐྱེས་མཆོག་གིས་ཕན་བདེ་ལེགས་བཤད་གླིང་དུ་དངུལ་བུམ་ཕུལ་བའི་ཚེ་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པ་བྷ་ཝནྟུ། །འཆི་མེད་ཟིལ་མངར་རོ་བདའ་མི་ཟད་རྒྱུན། །འཁྱིལ་བས་རྩ་གསུམ་ལྷ་ཚོགས་མ་ལུས་པ། །དགྱེས་སྐོངས་(༩༧ན)


GLG021_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞིའི་འགྲོས་ཀྱིས་ཐར་གྲོང་ཆེར། །ཉེར་ཞུགས་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་ལྷ་ས་བ་བློ་བཟང་རབ་བརྟན་གྱིས་དགེ་སྐོས་ཀྱི་འཇོག་ལ་དངུལ་སྲང་བཅུ་བཞི་དང་ཞོ་དགུའི་པད་སྡེར་ཕུལ་བའི་ཚེ་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །སྲས་བཅས་རྒྱལ་བས་རབ་བསྔགས་བདེ་ཆེན་ཞིང༌། །ངོ་མཚར་བཀོད་ལེགས་མགོན་པོ་སྣང་མཐའ་ཡས། །མཛོད་སྤུའི་ཟེར་འཕྲེང་གཟི་བྱིན་ཡོངས་འབར་བས། །འཆི་བདག་བདུད་སྡེའི་སྨག་རུམ་ལྷག་པར་གཞིལ། །ངག་དབང་ལྷ་མོས་མགྲིན་འཁྱུད་བློ་གྲོས་གཟིངས། །སྐལ་བཟང་རྒྱ་མཚོར་སྒྲོལ་ལ་འཇིགས་མེད་ཀྱི། །བཙན་པོའི་གོ་ཆས་ཡིད་སྲུབས་དཔུང་ཚོགས་བཅོམ། །ཐུབ་བསྟན་ལང་ཚོའི་སྡེ་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པ་ཡི། །མདོ་སྔགས་རིང་ལུགས་འགྱུར་བ་བརྒྱ་ཕྲག་གླུར། །ཉེར་བླངས་དཔྱོད་ལྡན་དགའ་བ་བསྐྱེད་པའི་བཤེས། །བསྟན་འགྲོའི་དཔུང་གཉེན་དམ་པར་གསོལ་བ་འདེབས། །བདེན་ཚིག་མཐུ་ཡིས་འདི་ཕྱི་བར་དོ་རུ། །མགོན་སྐྱབས་རེ་འབྲས་གཞན་ནས་མི་འཚོལ་བས། །སྲིད་ཞིའི་གདུང་བ་མཐའ་དག་ལེགས་བསལ་ཏེ། །བདེ་སྐྱིད་དཔལ་ལ་སྤྱོད་པར་བྱིན་གྱིས་རློབས། །ཐུབ་བསྟན་སྤྱི་དང་ཁྱད་པར་དུས་གསུམ་གྱི། །སངས་རྒྱས་ཀུན་འདུས་རྗེ་བཙུན་ཙོང་ཁ་པའི། །ལུང་རྟོགས་ཆོས་སྲིད་ཡོངས་འདུའི་ལྗོན་པ་ཡིས། །རོ་བདའི་འབྲས་བུ་འགྲོ་བས་རྟག་མྱོང་ཤོག །བསྟན་ལ་གུས་མཆོད་དགའ་ལྡན་བོ་ཤོག་ཐུའི། །སྐུ་ཚེ་བསོད་ནམས་སྟོབས་འབྱོར་གོང་འཕེལ་ནས། །མཚན་ཇུས་མངའ་ཐང་མེས་(༩༧བ)


GLG021_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐལ་པ་དང༌། །མཉམ་ཞིང་མྱ་ངན་མེད་པའི་མཆེད་ཟླར་ཤོག །རབ་ཡངས་ས་སྟེང་སྐྱོང་བའི་རྒྱལ་པོ་ཆེའི། །ལེགས་བྱས་གསེར་འཁོར་ནམ་མཁར་ཉེར་འཕགས་པ། །སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་ཕྱུག་གཙུག །ཞབས་སེན་ཀུནྡ་ཚེས་ལས་ཡོལ་མེད་ཤོག །དཀོན་ཅོག་རིན་ཅེན་རྣམ་གསུམ་བདེན་དཔང་དུ། །མངའ་གསོལ་སྤྱི་སྒོས་རིང་པོར་འཚོ་ཐབས་ལ། །ཆིག་དྲིལ་བརྟན་བཞུགས་གསོལ་འདེབས་གྲ་ཚང་གིས། །ཇི་ལྟར་སྨོན་པ་ལྷུན་གྱིས་གྲུབ་པར་ཤོག །ཆོས་ཉིད་མི་འགྱུར་མཁའ་དབྱིངས་ཡོངས་དག་ལས། །ཆོས་ཅན་སླུ་མེད་རྟེན་འབྱུང་འོད་བཀྲག་ཅན། །ཤར་ཏེ་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀྱིས། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་ཤོག །དངོས་བརྒྱུད་བླ་མ་དུས་དགྲའི་དབང་པོ་དང༌། །ཕྱག་དྲུག་མགོན་པོ་ལས་གཤིན་ཕྱི་ནང་གསང༌། །རྣམ་མང་ཐོས་སྲས་འདོད་ཁམས་མ་ལ་སོགས། །མཐུ་ལྡན་ཚོགས་ཀྱིས་ཉིན་མཚན་མ་གཡེལ་སྲུངས། །མཆོག་གསུམ་ཡོན་ཏན་བརྗོད་པ་རྣམ་པར་དག །གླུ་དབྱངས་རྒྱུད་ལས་ཉེར་དྲངས་གཏམ་སྙན་དང༌། །ལྷན་ཅིག་མནྡ་ར་ཡི་ཆར་ཆེན་པོས། །ཕྱོགས་དུས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་པའང་རབ་འབྱམས་པ་བསྟན་པ་ལྷུན་གྲུབ་ཀྱིས་བརྟན་བཞུགས་གྲྭ་ཚང་ལ་འཛུགས་རྒྱུར་གོང་གི་བརྗོད་དོན་ཚང་བའི་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་མངྒ་ལཾ། །བགྲང་ཡས་དྭངས་མཚོར་སྣང་བ་འབུམ་ཕྲག་བརྒྱ། །ཉེར་ཤར་མཁའ་ཟླ་(༩༨ན)


GLG021_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུའི་རྣམ་འཕྲུལ་ལྟར། །སྐུ་ཡི་བཀོད་པའི་བྱེ་བྲག་མཐའ་ཡས་ཀྱང༌། །སྟོང་ཉིད་སྙིང་རྗེའི་རང་གདངས་དབྱངས་ཅན་མ། །རྟག་ཏུ་བསྟེན་ན་བསམ་པའི་རེ་བ་ཀུན། །ཡིད་བཞིན་དབང་གི་རྒྱལ་པོའི་མཆེད་པོ་རུ། །ངེས་རྙེད་སྙིང་མུན་སེལ་དང་ཆབས་ཅིག་པར། །སྡེ་བཞིའི་སྒོ་འཕར་རྫོགས་ལྡན་ལྟར་འབྱེད་ཕྱིར། །ཁྲག་ཞག་འཁྲུག་སྟེང་མེ་རླུང་འཁྱིལ་བའི་ནང༌། །རྐྱང་སེར་དྲེའུར་ཕྱེད་སྐྱིལ་སྲིན་གཟུགས་གར། །ཡོངས་བསྒྱུར་དཔལ་ལྡན་དམག་ཟོར་རེ་མ་ཏཱི། །རྡོ་རྗེ་འཆང་དངོས་དགེ་འདུན་རྒྱ་མཚོ་ཡིས། །སྡེ་འདིའི་ཕྱི་ནང་ནོར་རྫས་མ་ལུས་དང༌། །ཁྱད་པར་ལུང་རྟོགས་ཡོན་ཏན་བླ་ནས་བླར། །སྤེལ་བར་བཀའ་བསྒོས་དམ་ཚིག་གཉེན་དགོངས་ཏེ། །དལ་མེད་མགོན་སྐྱབས་མཛོད་ཅིག་སྲུང་མའི་གཙོ། །ཀུན་མཁྱེན་སངས་རྒྱས་གཉིས་པ་བཙོང་ཁ་པའི། །དྲི་བྲལ་རིང་ལུགས་བསྟན་པས་ནོར་འཛིན་ཁྱོན། །རབ་གང་ལེགས་ཚོགས་དཀར་ཆའི་ཆུ་ཤེལ་དབང༌། །ཉ་རྒྱས་ཇི་བཞིན་གོང་འཕེལ་འཕྲིན་ལས་སྒྲུབས། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ཕྱག་བསྟར་བའི་ཆོས་འཁོར་རྒྱལ་ཞེས་མཁས་མང་འབྱུང་གནས་འདུས་སྡེའི་ནང་ཚན་མངའ་རིས་གྲྭ་ཚང་བླ་གཉེར་ཐུན་མོང་ནས་འདོད་ཁམས་དབང་ཕྱུག་མའི་འབྲལ་སྤང་ཐང་གའི་རྒྱབ་ཡིག་ལ་ཆོས་སྲིད་གཉེར་གཏད་ཀྱི་འཕྲིན་བཅོལ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་སིདྡྷི་མེ་པྲ་ཡཙྪ། །ལྷག་བསམ་དག་པས་གསེར་(༩༨བ)


GLG021_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ལས། །འཇམ་དབྱངས་དགའ་བའི་བཤེས་གཉེན་གྱི། །འདྲ་འབག་བཞེངས་མཐུས་ལྷ་མིའི་རྟེན། །རིམ་བརྒྱུད་མྱང་འདས་མྱུར་ཐོབ་ཤོག །ཅེས་པའང་སྔགས་རམས་པ་ངག་དབང་གྲགས་པ་དང་གཞོན་ནུ་སྐལ་བཟང་སྤུན་གྱི་ངོར་བྲིས་པ་ཤྲཱི་བྷ་ཝནྟུ། །རབ་དཀར་བསོད་ནམས་ཡོངས་སྨིན་མུ་ཐི་ལ། །འཛད་མེད་ཉེར་སྩོལ་ཐུབ་དབང་ཤཱཀྱའི་ཏོག །ཁྱེད་གསུང་སློབ་བཅས་སྤྱན་སྔར་རྣམ་བཀྲའི་གོས། །ཁྱད་མཚར་བར་སྣང་མཛོད་རིས་ཅན་ཕུལ་དགེས། །ངག་དབང་ལྷ་མོས་མགྲིན་འཁྱུད་བློ་གྲོས་གཏེར། །བསྐལ་བཟང་རྣམ་འདྲེན་བཞི་པའི་ལུང་རྟོགས་བསྟན། །དབྱར་གྱི་རྒྱ་མཚོ་ཇི་བཞིན་རབ་འཕྱུར་ཆེད། །མི་འཇིགས་སེང་གེའི་ཁྲི་ལ་ཞབས་བརྟན་ཤོག །སངས་རྒྱས་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །དྲི་མེད་རིང་ལུགས་རྒྱ་མཚོའི་སྒོ་འཕར་བརྒྱ། །འབྱེད་མཛད་ས་ཡི་དབང་ཕྱུག་ཚངས་པ་ཆེ། །མི་འགྱུར་གཡུང་དྲུང་ལྟ་བུར་རྟག་བརྟན་ཤོག །ཅེས་པ་འདིའང་མཆོད་དཔོན་ངག་དབང་ཤེས་རབ་སྤུན་ཚས། ངེད་རང་ཡུན་རིང་འཚོ་དགོས་པའི་ནན་བསྐྱེད་བྱུང་བ་སྒྲིབ་པའི་ལུས་ཅན་དུ་སོང་གཤིས་རང་དབང་ཅིར་འདུ་རུང་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་བའི་མཐུས་འགྲུབ་བམ་སྙམ་ཁས་ལེན་བྱས་པའི་གཏང་རག་དང༌། སྡེ་པའང་བསྟན་པ་རིན་པོ་ཆེ་གྱེན་དུ་འདེགས་ཕྱིར་རིང་པོར་གནས་པའི་རྟེན་འབྱུང་མཚོན་བྱེད་ཐུན་མོང་ལ། བཀྲས་བཏགས་ཉིན་བདེ་མ། བཀྲ་ཤིས་ཁ་བཏགས་བརྒྱ་ཐམ་པ། གོན་པ་ཆ་ཚང་རེ། གསེར་ཞོ་བརྒྱ། དངུལ་སྲང་བརྒྱ། (༩༩ན)


GLG021_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རྩ་ཡུག་བརྒྱ། བྱང་དར་ཡུག་བརྒྱ། གོས་ཆེན་ལེགས་པ་ཡུག་ལྔ། གོས་ལོག་ཐང་གསེར་མ་ཡུག་དྲུག་ཅུ་དང་ཚོས་གཅིག་མ་བཞི་བཅུ་བཅས་ཡུག་བརྒྱ། རྒྱ་དཀར་ཡུ་ཐུང་ཉིས་བརྒྱ། ཟམ་སོ་ཡུག་བརྒྱ། སག་རི་བུབས་བརྒྱ། བུར་ལྟང་བཅུ་གཉིས། བྱེ་ཤེལ་ལྟང་རྩེ་རེ། སྤོས་དཀར་ལྟང་རྩེ་གསུམ། གོས་རྒྱན་བཞིའི་ཡོལ་བ་རྣམ་པ་སུམ་ཅུ་སོ་གཉིས་རེ་ཡོད་པའི་ཆ་གཅིག །གོས་དཀར་ཡུག་བཅས། གོང་གསལ་རྣམས་གནས་ཚད་གསུམ་གྱིས་ལམ་ཙམ་དངུལ་ལ་ཕབ་པར། ཁྱོན་དངུལ་སྲང་སྟོང་ཕྲག་གཅིག་དང་དྲུག་བརྒྱ་བདུན་ཅུ་དོན་བདུན་ཐོབ་པ་དང་བཅས་སྟོང་འབུལ་བསྟར་བའི་ཚེ་ཡོལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་པ་སརྦ་མངྒལཾ་བྷ་ཝནྟུ། །ཕུལ་བྱུང་བདེ་ལྡན་ཞིང་གཙོ་འོད་དཔག་མེད། །རྣམ་པར་རྒྱལ་མ་ཚེ་སྦྱིན་ཡིད་བཞིན་འཁོར། །ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་མཐུ་ཡིས། །སྲ་བརྟན་མི་འགྱུར་གཡུང་དྲུང་གཡས་འཁྱིལ་སྟེང༌། །ངག་དབང་ལྷ་མོས་རྗེས་བཟུང་ཤེས་བྱའི་ཆོས། །ས་ཆེན་བློ་གྲོས་གོམ་པ་གཅིག་གིས་ཀྱང༌། །འགོམ་མཛད་བཟང་པོའི་བག་ཆགས་ཉེར་སད་པ། །དབྱར་གྱི་རྒྱ་མཚོ་ཇི་བཞིན་ཡོངས་ཕྱུར་ཤོག །གུར་བཀུམ་ངད་པ་འཐུལ་བའི་ཡུལ་གྲུ་ནས། །ཤར་ཕྱོགས་ཆུ་གཏེར་མཐར་ཐུག་འཛིན་མའི་ཁྱོན། །ཞྭ་སེར་ཅོད་པན་མནབས་པའི་ལུགས་བཟང་བསྟན། །ཉི་ཟླས་མུན་སེལ་དེ་བཞིན་ཀུན་ཁྱབ་ཤོག །དད་(༩༩བ)


GLG021_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏོང་བས་མཆོག་གསུམ་བསྙེན་བཀུར་བར། །མགོན་མེད་ཟས་སྦྱིན་ལ་འགྲན་དཔའ་ཞིང་མཛངས། །རྟུལ་ཕོད་རྩལ་མངའ་དགའ་ལྡན་བོ་ཤོག་ཐུའི། །ཚེ་བསོད་སྟོབས་འབྱོར་བླ་ནས་བླར་འཕེལ་ཤོག །རྒྱལ་བ་སྲས་བཅས་མཁྱེན་བརྩེ་མ་ཡོལ་ཆབ། །ཕན་བདེའི་ཆུ་གཉེར་བགྲང་ཡས་འཁྲིགས་ཀློང་ལས། །གང་བསམ་འདོད་པ་འཇོ་བའི་དབང་རྒྱལ་ནོར། །མི་འབྲལ་སྤྱི་བོའི་གཙུག་ཏུ་མཛེས་གྱུར་ཅིག །ཅེས་པའང་ཐ་སུར་ཁའི་བུ་རབ་འབྱམས་པ་བློ་བཟང་དར་རྒྱས་ཀྱིས་རྩལ་སྟོབས་བསྐྱེད་ནས་ཕྱིན་ཏེ་ཡངས་པའི་ས་ཆེན་བདེ་བར་སྐྱོང་བ་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོར་ཇ་ཚུལ་ཐེབས་ཀྱི་སྦྱིན་བདག་བསྐུལ་བར་དད་པས་ཀུན་ནས་བླངས་ཏེ་རི་བོ་དགའ་ལྡན་ཚོགས་ཆེན་དུ་དངུལ་སྲང་སྟོང་དང་ལྔ་བརྒྱ། རྒྱུད་སྨད་དུ་ཉིས་བརྒྱ། ཐོས་བསམ་གླིང་པར་སྟོང་དང་ཕྱེད་སུམ་བརྒྱ་རྣམས་སྦྱར་བའི་དུས་སོ་སོར་འཛུགས་རྒྱུའི་རིང་འཚོའི་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེ་གདོང་དྲུག་བསྙེམས་པའི་ལང་ཚོས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །རྒྱལ་བ་ཀུན་འདུས་པདྨ་འབྱུང་གནས་ཀྱི། །མ་སྨད་མཁྱེན་བརྩེ་ནུས་པའི་གཟི་བྱིན་ཉིས། །ཟུར་གྱི་སྔགས་འཆང་ཨ་གུར་སྒོ་གསུམ་མུན། །ཉེར་སངས་རྔ་ཡབ་གླིང་དང་འབྲལ་མེད་ཤོག །ཞི་ཁྲོའི་དཀྱིལ་འཁོར་མཐོང་ཐོས་དྲན་རེག་མཐུས། །རང་རིག་རང་ཞལ་ཀུན་བཟང་རྡོ་རྗེ་འཆང༌། །མངོན་དུ་གྱུར་མིན་དེ་སྲིད་རིགས་འཛིན་ལས། །མི་འགྱུར་ཡིད་བཞིན་དབང་གི་རྒྱལ་པོར་ཤོག །འདིས་མཚོན་(༡༠༠ན)


GLG021_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཀར་དགེ་ཚོགས་ཞིང་ས་ལ། །ལྷག་བསམ་སྨོན་ལམ་ས་བོན་དྲོད་གཤེར་གྱིས། །རབ་སྨིན་བདེ་སྐྱིད་གསེར་སྙེ་དར་དྲག་པར། །སྤྱོད་པའི་སྐལ་མཆོག་མྱུར་དུ་འགྲུབ་པར་ཤོག །ཅེས་གཞིས་ཀ་ཤར་གུ་རུ་རྟ་མགྲིན་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་ཟུར་དཔལ་ནོར་བུས་ཚེས་བཅུ་ཁག་སོགས་སུ་འཛུགས་རྒྱུར་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སིདྡྷི་རསྟུ། །སྒྲིབ་གཉིས་འཆིང་རྒྱ་ཉེར་གྲོལ་ཡོན་ཏན་ཀུན། །རྫོགས་པར་རྣམ་འདྲེན་མཐའ་དག་མཉམ་ན་ཡང༌། །ཚེ་དང་ཡེ་ཤེས་གཏེར་ལ་མངའ་བརྙེས་པའི། །འོད་དཔག་མེད་ཀྱིས་མཁྱེན་བརྩེ་ནུས་དཔུང་སྐྱེད། །ཟླ་ཞུན་བྱེ་བའི་མདངས་ལྡན་དངུལ་དཀར་ལས། །ལེགས་གྲུབ་མཚན་དཔེའི་གཟི་བྱིན་རབ་རྒྱས་སྐུ། །བསྐྲུན་པས་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །མི་འགྱུར་སྲོག་གི་ཀ་བ་བརྟན་ཚུགས་ཤོག །གསེར་མདོག་ཞྭ་ཡི་ཅོད་པན་ཡོངས་འཆང་བའི། །དྲི་མེད་ལུང་རྟོགས་ལུས་ཅན་བསོད་ནམས་ཀྱི། །ཞིང་དུ་མ་ཕམ་མགོན་པོ་འཛམ་གླི་ང་དབུས། །བྱོན་མིན་དེ་སྲིད་བླ་ནས་བླར་འཕེལ་ཤོག །ཅེས་ནོར་འཛིན་གྱི་ཁྱོན་ཡངས་པོར་མངའ་སྒྱུར་བ་དད་སྟོབས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོས་ཀུནྡ་ལྟར་དཀར་བའི་ལྷག་བསམ་ཀུན་བླངས་ཀྱིས་ངེད་རང་རིང་པོར་འཚོ་བའི་རྟེན་འབྲེལ་དུ་རིན་ཅེན་གཉིས་པ་ལས་གྲུབ་པའི་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་ལྔ་བཅུ་གྲུབ་པའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་(༡༠༠བ)


GLG021_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དཀོན་ཅོག་གིས་བགྱིས་པ་ཨཱཡུ༔སིདྡྷི་པྲ་ཡཙྪ། །ཟག་བྲལ་མི་ཟད་འཆི་མེད་ཨ་མྲི་ཏ། །ལྷ་སྔགས་ཡེ་ཤེས་རོལ་པའི་འོད་སྣང་ལས། །ལྷུན་གྲུབ་ཨ་ཧཾ་ཀ་བ་སྲ་བརྟན་སྲོག །ཉེར་འཇུག་རིགས་བདག་པདྨ་ཚེ་དབང་རྩལ། །ཐུགས་རྗེས་བྱིན་རློབས་དབྱངས་ཅན་བཞད་པའི་སྡེར། །རྟེན་ཅིང་འབྲེལ་འབྱུང་ཆོས་ཟབ་རབ་བསྒྲིགས་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕན་བདེའི་སྒོ། །ལེགས་ཕྱེ་ངེས་གསང་བཤད་དང་སྒྲུབ་གླིང་ཆེར། །དཔག་བསམ་བཅུད་འཁྱིལ་རིན་ཅེན་གཉིས་པ་ལས། །ཡོངས་གྲུབ་ཕུལ་མཚོན་སྒོ་གསུམ་གང་འབད་མཐུས། །རྗེ་བཙུན་བླ་མ་འོག་མིན་མགོན་པོ་ལྟར། །མི་འགྱུར་འཕྲིན་ལས་ཕྱོགས་ཀུན་ཁྱབ་པར་ཤོག །ཅེས་པ་འདིའང་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་བསྟན་པ་ལ་མི་ཕྱེད་པའི་དད་སྟོབས་ཀྱི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོས་ངེད་རང་རིང་པོར་འཚོ་བའི་རྟེན་འབྲེལ་བསྒྲིགས་སྐབས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་དངུལ་ལྟིར་ཚ་གསེར་མ་ངོ་མཚར་བཀོད་ལེགས་དགུ་ཕུལ་བའི་ཚེ་སྨོན་ལམ་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་ཤྲེ་ཡ་བྷཝནྟུ། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་མ་ལུས་པའི། །ལྷ་སྔགས་ཡེ་ཤེས་ཡོངས་འདུས་རིག་རྩལ་གདངས། །མ་འགགས་རང་ཤར་ཁྲོ་རྒྱལ་གྲོ་བོ་ལོད། །གར་དགུའི་ཉམས་ཀྱིས་རྒྱལ་བསེན་གདོན་བགེགས་བརྫིས། །རྣམ་གསུམ་ཡོ་གའི་(༡༠༡ན)


GLG021_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་དོན་མཐའ་ཀླས་པ། །ཡོངས་ཚང་ཡི་དམ་སྒྲུབ་སྡེ་བཀའ་བརྒྱད་ལྷའི། །མཆོག་ཐུན་དངོས་གྲུབ་མངའ་བརྙེས་རྗེ་དང་འབངས། །ཉེར་ལྔའི་འཕྲུལ་གྱིས་སྐྱེ་རྒུ་ཕན་བདེར་བཀོད། །ཚེ་དབང་རིགས་འཛིན་སྔགས་སྲུང་རལ་གཅིག་མ། །གཟའ་མཆོག་ཆེན་པོ་དམ་ཅན་རྡོར་ལེགས་ཀྱིས། །རྒྱུ་སྦྱོར་ཉིན་མཚན་སྲུང་སྐྱོབ་མ་གཡེལ་བར། །འདོད་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །གཡས་ཐང་བརྒྱད་པའི་སྐྱ་རིས་ནས་མཇུག་ཚགས་ཀྱི་བར་ལྕང་སྲུང་ཁང་པ་རིན་ཅེན་རྡོ་རྗེས་བགྱིས། །རབ་འབྱམས་དཀྱིལ་འཁོར་ཁྱབ་བདག་དབང་པོའི་སྡེ། །ཟབ་གཏེར་ཉིང་ཁུ་འཆི་མེད་སྐུ་གསུམ་དཔྱིད། །རིགས་འདུས་མཚོ་སྐྱེས་རྡོ་རྗེ་ཉི་སྣང་གིས། །དུས་མིན་མཚུན་ལྷའི་སྨག་རུམ་མཐའ་དག་གཞིལ། །མཁའ་སྤྱོད་ཌཱ་ཀིའི་གཙོ་མོ་ཙནྜ་ལཱི། །རྩ་བརྒྱུད་བླ་མ་འཇིག་རྟེན་དབང་ཕྱུག་དང༌། །པདྨ་ཀཱ་ར་རྟ་མཆོག་བདུད་བཙན་ཀླུས། །ཡོངས་བསྐོར་བཞེངས་མཐུས་ས་སྤྱོད་སངས་རྒྱས་བསྟན། །རྒྱ་མཚོའི་མཐར་སྤེལ་སྐྱེ་རྒུའི་རྩ་ལག་གི །གཞི་མར་བསྟན་འགྲོའི་ལེགས་ཚོགས་རབ་འབར་བའི། །ཉི་མ་སྲིད་པ་གསུམ་གྱི་ཀུན་གསལ་ངོས། །རྟག་ཏུ་འཆར་བའི་འོད་སྣང་དེང་འབར་ཤོག །གཡས་ཐང་དགུ་པའི་སྐྱ་རིས་ནས་མཇུག་ཚགས་ཀྱི་བར་རྣམ་སྲས་གླིང་པ་ཇི་ལས་བགྱིས། །གྲུབ་པའི་དབང་ཕྱུག་རིན་ཅེན་གསལ་བ་ཡི། །དཀྱུས་རིང་སྤྱན་ཟུར་ལྷུང་བའི་མོད་ཉིད་ལ། །རྡོ་རྗེ་རྩེ་བརྒྱ་ཉེར་གདེངས་སྟེང་གདོན་ཀུན། །ཐལ་བར་རློག་ཅིག་གསང་བདག་གཏུམ་པོ་ཆེ། །རྡོ་རྗེ་འཆང་(༡༠༡བ)


GLG021_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྩ་བའི་བླ་མའི་བར། །མ་ཆད་བརྒྱུད་འཕྲེང་བཅོམ་ལྡན་རིགས་གསུམ་མགོན། །ལྷ་ཆེན་ལྕམ་དྲལ་དང་བཅས་རབ་བསྐོར་བས། །ས་འོག་ས་སྟེང་ས་བླའི་འགྲོ་ཀུན་སྙིང༌། །ཉེར་སྒུལ་ཡིད་ལ་བསམ་དགུའི་འདོད་ཡོན་ནོར། །གཏེར་སྒོ་ཕྱེ་སྟེ་རྒྱལ་ཁབ་ཡོལ་གོའི་ནང༌། །ཕྱུར་བུར་སྤུངས་ཤིག་དབུལ་བྲལ་ལོངས་སྤྱོད་ཚོགས། །དབྱར་མཚོ་ཇི་བཞིན་རྒྱས་པར་མཛད་དུ་གསོལ། །གཡོན་ཐང་བརྒྱད་པའི་སྐྱ་རིས་ནས་མཇུག་ཚགས་ཀྱི་བར་རོང་པ་བསོད་ནམས་རྒྱལ་པོས་བགྱིས། །ངེས་ངོར་དབྱངས་ཅན་ལྷ་མོ་མ་རུངས་པའི། །གཤེད་མར་འདོད་ཁམས་དབང་ཕྱུག་བརྒྱུད་པར་བཅས། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང༌། །དགྲ་ལྷ་སྐྱེས་གཅིག་རྡོ་རྗེ་གྲགས་ལྡན་གྱིས། །དུས་དྲུག་མི་གཡེལ་གདོང་གྲོགས་སྐྱབས་མཛད་པར། །ཐུགས་དམ་གཉེན་བསྐུལ་དབྱིངས་ནས་ཉེར་དགོངས་ལ། །སྒྲིབ་གཉིས་ནད་གདོན་འཆི་མེད་བུམ་པས་ཁྲུས། །བསམ་འཕེལ་ནོར་གྱིས་ཚེ་བསོད་མངའ་ཐང་སྤེལ། །འགུགས་བྱེད་ཚོགས་ཀྱིས་བརྟན་གཡོ་དབང་དུ་སྡུས། །མི་བཟད་མཚོན་ཆས་དགྲ་བགེགས་ཕྱེ་མར་ཐོགས། །དགའ་ལྡན་ཕོ་བྲང་ལུགས་ཟུང་ཉེར་འདེགས་པའི། །སྙིང་སྟོབས་ལྷག་བསམ་བླ་ནས་བླར་འཕེལ་མཛོད། །གཡོན་ཐང་དགུ་པའི་སྐྱ་རིས་ནས་བཟུང་མཇུག་ཚགས་ཀྱི་བར་ལྷ་ས་བ་བསོད་ནམས་ཀྱིས་བགྱིས། །ཞེས་པ་འདིའང་ལྷ་སྲས་ཀྱི་རྣམ་སྤྲུལ་མི་དབང་སངས་རྒྱས་རྒྱ་མཚོས་ལྕགས་སྤྲེ་དད་རྟེན་གྲྭ་ཚར་བཅོ་ལྔ་བཞེངས་པའི་ཁ་ལོངས་སུ་རྡོ་རྗེ་གྲོ་ལོད་ལ་པདྨ་ཚེ་དབང་རྩལ། བྱིན་རླབས་དབང་གི་ཆུ་རྒྱུན་ལས་བྱུང་བའི་རྗེ་འབངས་ཉེར་ལྔ། །མ་གཟའ་(༡༠༢ན)


GLG021_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་གསུམ་གྱིས་བསྐོར་བ། །ཚེ་དཔག་མེད་སྐུ་གསུམ་རིགས་འདུས་ལ་ལྷ་མོ་ཙནྜལཱི་བརྒྱུད་པའི་བླ་མ་དང་ལུས་དཀྱིལ་གྱི་ལྷ་གཉིས། བདུད་བཙན་ཀླུ་གསུམ་གྱིས་བསྐོར་བ། ཉི་མ་མདུང་གང་མའི་ཕྱག་རྡོར། བླ་བརྒྱུད། རིགས་གསུམ་མགོན་པོ། གཏེར་གསར་ལྷ་ཆེན་གྱིས་བསྐོར་བ། དཔལ་ལྡན་དམག་ཟོར་མ་ཞི་དྲག་གཙོ་འཁོར་ལ་བླ་བརྒྱུད། གཉེན་ཆེན་པོ། རྡོ་རྗེ་གྲགས་ལྡན་དང་བཅས་པས་བསྐོར་བ་ལྷ་བཟོ་བ་སོ་སོས་རྩལ་གང་ཡོད་འདོན་པ་ལས་གཞན་འདྲེས་མེད་པར་ལེགས་ཉེས་ཕྱེད་ཅིང་མིག་ལྟོས་ལ་ཕན་པ་ཆུ་ཕག་ལོར་བཞེངས་པའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སརྦ་སིདྡྷི་མེ་པྲ་ཡཙྪ། །གསང་གསུམ་ཡོན་ཏན་ཆ་ཙམ་དྲན་པས་ཀྱང༌། །སྲིད་ཞིའི་གདུང་བཅིལ་རྩ་གསུམ་ལྷའི་འཁོར་ལོར། །པད་རཱག་མདངས་འཛིན་གན་གོས་རི་མོ་ཅན། །དབང་གཞུ་ལྟར་བཀྲའི་ཡོལ་བ་ཡོངས་སྤེལ་དགེས། །སྐྱིད་སྐྱིད་སྲི་ཐར་དབང་མོ་མ་དག་གནས། །རབ་སྤངས་བདེ་བ་ཅན་དུ་པདྨའི་སྦུབས། །རྫུས་སྐྱེས་འོད་དཔག་མེད་ཀྱིས་རྗེས་བཟུང་ནས། །འགྲོ་འདྲེན་དེད་དཔོན་མྱུར་དུ་བྱེད་པར་ཤོག །ནམ་མཁའི་མཐའ་མཉམ་མ་གྱུར་སེམས་ཅན་རྣམས། །ཟུག་རྔུའི་དུ༔ཁ་ལས་གྲོལ་ངེས་ལེགས་ཀྱི། །རིན་ཅེན་ཡིད་འོང་ཁང་པར་བདེ་ཆེན་ལ། །རྟག་ཏུ་སྤྱོད་པའི་སྐལ་བཟང་ཉེར་ཐོབ་ཤོག །རྣམ་དཀར་འབྲས་བུ་མི་འཛད་རྒྱ་མཚོ་ཆེ། །ཉེས་(༡༠༢བ)


GLG021_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའི་རོ་དང་ལྷན་ཅིག་མི་གནས་ཤིང༌། །ཕུན་ཚོགས་དཔལ་འབྱོར་ལྷུན་གྲུབ་གཏན་མདུན་བདེའི། །ཡིད་བཞིན་ནོར་གྱིས་ཅི་འདོད་རེ་སྐོང་ཤོག །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ཡིས། །ལེགས་བྱས་འཕྲིན་ལས་སྒོ་འཕར་ཡོངས་ཕྱེ་སྟེ། །ཐོག་མཐའ་བར་དགེའི་ཕུན་ཚོགས་བཀྲ་ཤིས་སྩོལ། །ཞེས་པ་འདིའང་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་མ་སྐྱིད་སྐྱིད་དང་སྲིང་མོ་སྲི་ཐར་དབང་མོ་སོགས་ཀྱི་དོན་དུ་གཡོ་རུ་ཁྲ་འབྲུག་བདེ་གཤེགས་མཐོང་གྲོལ་ལྷ་ཁང་དུ་ཅོད་ལྡན་དམར་པོའི་ཡོལ་བ་ཕུལ་བའི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་བྷ་ཝནྟུ། །རིན་ཅེན་གཉིས་པ་ལས་གྲུབ་པདྨའི་དབྱིབས། །དམ་རྫས་བ་ལིཾ་རྒྱན་ལྡན་གཏམས་པའི་སྣོད། །མཆོག་གསུམ་ལ་ཕུལ་བདེ་སྣང་བདེ་ཞིང་སྐྱིད། །ཕྱི་མ་རྔ་ཡབ་དཔལ་རིར་སྐྱེ་བར་ཤོག །ཅེས་པའང་སྙེ་ཐང་པ་བློ་གྲོས་རྣམ་རྒྱལ་གྱིས་དགེ་སྐོས་བྱས་པའི་འཇོག་ལ་སྲང་བཅུ་བཞིར་གྲུབ་པའི་པད་སྡེར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བཀོད་པ་བྷཝནྟུ། །མཁས་པའི་རྩེར་སོན་ངག་དབང་བློ་གཏེར་དངོས། །བྱམས་བརྩེས་འགྲོར་ཆགས་རྗེ་བཙུན་པད་དཀར་འཆང༌། །བཟང་པོའི་མཐུ་སྟོབས་རྒྱ་མཚོ་རྡོ་རྗེ་འཛིན། །རིགས་འཛིན་འདུས་པའི་ངོ་བོར་གསོལ་བ་འདེབས། །དེང་ནས་སྐྱེ་བ་ཀུན་ཏུ་མགོན་ཁྱོད་དང༌། །ནམ་ཡང་འབྲལ་མེད་མི་ཁོམ་སྐྱོན་བྲལ་ཞིང༌། །དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་བཟང་པོ། །(༡༠༣ན)


GLG021_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་ཐོབ་ཐེག་ཆེན་དམ་ཆོས་སྟོན་པར་ཤོག །བསྐལ་མང་ཚིགས་ཀྱིས་རླབས་ཆེན་སྤྱད་པ་དང༌། །ས་ལམ་ཚོགས་བསྒྲུབ་བལྟོས་པས་མ་ངོམས་པར། །གསང་སྔགས་སྨིན་ཅིང་གྲོལ་བས་རྒྱུད་སྦྱངས་ནས། །ཁ་སྦྱོར་བདུན་ལྡན་མྱུར་དུ་འགྲུབ་བྱིན་རློབས། །བེ་རི་རབ་འབྱམས་པ་ངག་དབང་ལེགས་པས་འདི་ལྟ་བུ་ཞིག་དགོས་ཞེས་ནན་གྱིས་བསྐུལ་བར་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །ཉེར་བཞིའི་སྲང་ལྡན་དངུལ་དཀར་ལས། །ཡོངས་གྲུབ་ཀོང་ཕུལ་མ་གྱུར་འགྲོའི། །སྒྲིབ་གཉིས་སྨག་རུམ་ཡེ་ཤེས་ཀྱི། །མེས་བསལ་ཟུང་འཇུག་མྱུར་ཐོབ་ཤོག །ཅེས་པའང་སྙེ་མོ་ཨ་གླིང་ཆོས་མཛད་དངོས་གྲུབ་རྒྱ་མཚོས་སྔགས་རམས་པ་བགྱིས་པའི་ཚེ་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་བཀོད་པ་ཛ་ཡནྟུ། །ཕུན་ཚོགས་གསུང་རབ་མཐའ་ཡས་གཞུང་ལུགས་དོན། །ལེགས་པར་ཐོས་བསམ་སྒོམ་པའི་ཤེས་རབ་གྱིས། །གཏན་ཕབ་ངག་དབང་བློ་བཟང་ལྷག་བསམ་ཅན། །རྒྱ་མཚོ་ཇི་བཞིན་ཟབ་ཡངས་བརྩེ་ཆེན་མགོན། །ཟས་གཙང་སྲས་པོའི་རིང་ལུགས་དྲི་མ་མེད། །ཡོངས་སུ་ཉེར་བཟུང་སྤོབས་པ་རྩེར་སོན་མཐུ། །དར་དྲག་འཕྲིན་ལས་བླ་ནས་བླར་སྤེལ་བ། །དབྱངས་ཅན་བཞད་པའི་སྡེ་ལ་གསོལ་བ་འདེབས། །དད་གུས་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ། །མི་ཕྱེད་སྙན་པའི་གདངས་ཀྱིས་གསོལ་བཏབ་པས། །བྱང་ཆེན་ཐོབ་མིན་དེ་སྲིད་དཔུང་གཉེན་མཆོག །རབ་མཛད་འདི་ཕྱིའི་མདུན་མ་ལྷུན་གྲུབ་ཤོག །ཅེས་(༡༠༣བ)


GLG021_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིའང་མཁར་སྔོན་བློ་བཟང་དཔལ་འབྱོར་དགེ་སློང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །འགྲོ་ཁམས་དང་འཚམ་རིས་མེད་རྗེས་འཛིན་པར། །འཆར་ནུབ་སྤངས་པའི་དམ་བཅའ་བརྟན་པོའི་ཁུར། །ཡོངས་བཏེགས་སངས་རྒྱས་དེ་གསུང་དགེ་འདུན་བཅས། །དཀོན་ཅོག་ཐུགས་རྗེའི་མཐུ་དཔུང་ཆེས་ཆེར་སྐྱེད། །ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་ཀྱི། །རྣལ་འབྱོར་ལ་དབང་བློ་གྲོས་བཟང་པོའི་གྲུས། །རིམ་གཉིས་རྒྱ་མཚོའི་མཐར་སོན་ཟུང་འཇུག་ནོར། །འདྲེན་མཆོག་དེད་དཔོན་ཁྱེད་ལ་གསོལ་བ་འདེབས། །དད་གུས་བློ་བརྩོན་མི་དམན་ལྷག་བསམ་གྱིས། །གཏོང་ཕོད་རི་བོ་དངོས་སུ་རྒྱུ་འདྲ་བའི། །བསོད་ནམས་བསགས་མཐུས་ཡང་སྲིད་བཟུང་མ་ཐག །མགོན་པོ་ཁྱོད་ཀྱི་འཁོར་དུ་སྐྱེ་བར་ཤོག །འཇམ་དབྱངས་མི་ཡི་ཚུལ་བཟུང་ཙོང་ཁ་པའི། །རིང་ལུགས་བསྐལ་འཚོ་ལུས་ཅན་རྟག་བདེ་ལ། །འགོད་ཆེད་མང་བཀུར་རིགས་ཐོབ་ཞྭ་སེར་བསྟན། །ཕྱོགས་བཅུར་གོང་ནས་གོང་དུ་སྤེལ་ནུས་ཤོག །འདིས་མཚོན་དུས་གསུམ་རྣམ་དཀར་དགེ་ཚོགས་རྣམས། །འཛད་མེད་མཐོ་རིས་ཆུ་བོའི་མཆེད་པོ་བཞིན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ཀློང༌། །ཉེར་བབས་སྐལ་བཟང་མངོན་སུམ་མཐོང་བར་ཤོག །ཅེས་པ་འདིའང་ཨོད་ནོད་དྷུ་རིང་ཝང་གི་མ་མི་འཕྲོག་པའི་དད་པ་དང་ལྡན་པ་ཁོ་ཤོལ་གེ་གེ་ཤེས་རབ་རྒྱ་མཚོས་ཟང་ཟིང་གི་བདོག་པ་གྱ་ནོམ་པ་དང་བཅས་འདི་ལྟ་བུ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་(༡༠༤ན)


GLG021_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སིདྡྷི་རསྟུ། །ཚོགས་གཉིས་བསིར་བུའི་ཤུགས་འཆང་རྟ་བདུན་གྱིས། །རབ་དྲངས་ཟས་གཙང་སྲས་པོ་ཚ་ཟེར་ཅན། །བྱིན་རླབས་འོད་སྟོང་སྐྱེ་རྒུའི་སྙིང་གི་དབུས། །མྱུར་དུ་བཀྱེ་ཞིག་མ་འདྲིས་མཛའ་བའི་བཤེས། །དཔལ་གྱི་མགུར་ནས་བདེན་གཉིས་དམ་པའི་ཆོས། །ནམ་མཁའི་མཐའ་ལྟར་ཚད་བཟུང་དང་བྲལ་བ། །ཚུལ་བཞིན་བསྒྲུབ་པའི་སྐྱེ་འཕགས་དགེ་འདུན་ཏེ། །མཆོག་གསུམ་སྤྱི་དང་བྱེ་བྲག་ལྔ་བདོའི་འགྲོ། །སྒྲིབ་གཉིས་དེས་བསྐྱེད་གཉིད་པོ་ཆེར་འཐིབས་ལས། །ཉེར་སློང་ཐུགས་རྗེའི་གཟི་འབར་བདེ་གཤེགས་བདུན། །བྱང་སེམས་གནོད་སྦྱིན་ཕྱོགས་སྐྱོང་རྒྱལ་ཆེན་བཞིས། །རྟག་ཏུ་འཆར་ནུབ་སྤངས་པའི་སྣང་བ་སྩོལ། །དགེ་བཅུའི་ཡོན་ཏན་ཀུན་ཚང་སྨན་ལྗོངས་ནང༌། །རྡོ་རྗེ་གདན་མཚུངས་ལྷ་ལྡན་གཙུག་ལག་འདབས། །སྔོན་བསགས་མཐུར་གྲུབ་རྣམ་འཇོམས་ཨོ་ཆོག་ཟུང༌། །སངས་རྒྱས་བསྟན་མཇལ་དལ་འབྱོར་རྟེན་རྙེད་ནས། །ཚེ་འདིའི་སྲིད་འབྱོར་ནགས་ཀླུང་སྟུག་པོའི་ལྗོན། །དད་མོས་ཤེས་རབ་རྣོན་པོའི་རལ་གྲི་ཡིས། །ཡོངས་བཅད་ངེས་ལེགས་སྤང་ལྗོངས་ཆས་ཡངས་པོར། །གཏན་མདུན་ཆུ་སྐྱེས་འདབ་བརྒྱ་དེང་བཞད་སྨོན། །རྟེན་གསུམ་བཞེངས་དང་བཀའ་གསང་རབ་བསྒྲགས་ཤིང༌། །དཀོན་ཅོག་བསྙེན་བཀུར་དབུལ་ཕོངས་སྦྱིན་ལ་སོགས། །བྱས་དང་བྱེད་བཞིན་བྱེད་འགྱུར་རྣམ་དཀར་ལས། །མ་(༡༠༤བ)


GLG021_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གཅིག་ཏུ་བསྡུས་པའི་དགེ་བའི་མཐུས། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །བསྐལ་བརྒྱར་ཞབས་པད་རབ་བརྟན་རྒྱུ་སྦྱོར་བ། །དེང་ནས་རྣམ་མཁྱེན་ཡེ་ཤེས་འཐོབ་མིན་བར། །བརྩེ་བས་རྗེས་བཟུང་ནམ་ཡང་འབྲལ་མེད་ཤོག །ཐུབ་པའི་བསྟན་དར་ཞྭ་སེར་འཛིན་པའི་སྡེའི། །རིང་ལུགས་གོང་འཕེལ་མངའ་འབངས་གཏོགས་ཀུན་གྱི། །མི་མཐུན་དུས་ཀྱི་སྐལ་ངན་ཉེར་ཞི་ཞིང༌། །མཁོ་དགུའི་འབྱོར་པར་རྫོགས་ལྡན་ལྟར་སྤྱོད་ཤོག །ཡང་སྲིད་བརྒྱུད་མར་ལྷ་མིའི་རྟེན་བཟང་ཐོབ། །དམ་ཆོས་སྒོར་ཞུགས་ཐོས་བསམ་སྒོམ་ལ་སོགས། །ཚུལ་བཞིན་ཉམས་སུ་བསྟར་བས་འཁོར་བ་ཡི། །སྡུག་བསྔལ་གསུམ་གྱི་རྩ་བ་དྲུངས་འབྱིན་ཤོག །གྲངས་མེད་བསྐལ་མང་ཡུན་ཚད་མ་གྱུར་འགྲོའི། དུ༔ཁ་མ་བཟོད་གསུང་གསང་རྒྱ་ཆེའི་ནང༌། །ཐེག་པ་ཆེན་པོའི་ཉེ་ལམ་ཆེས་ཟབ་མོས། །རྒྱུད་གྲོལ་སྐུ་བཞིའི་དབང་ཕྱུག་ཉེར་འཐོབ་ཤོག །བྱིན་རླབས་ཉེར་སྩོལ་རྩ་བརྒྱུད་བླ་མ་དང༌། །དངོས་གྲུབ་ཆར་འབེབས་རྒྱལ་སྲས་སློབ་མར་བཅས། །བར་ཆོད་ཀུན་སེལ་མཐུ་ལྡན་ཆོས་སྲུང་གིས། །འདོད་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདིའང་ཀ་བརྒྱད་མདོ་པ་ཁྱོ་ཤུགས་ཀྱིས་དམར་སེར་ཅན་ནས་བཟུང་ཁྲག་སྐྱུག་གི་ལོའི་བར་ཟང་ཟིང་གི་བདོག་པ་དངུལ་ཐོག་ཏུ་ཕབ་པ་སྲང་སྟོང་ཕྲག་ཕྱེད་བཞི་ལྷག་བཅས་ཀྱིས་ཇོ་ཤཱཀ་གིས་གཙོས་དཀོན་ཅོག་མཆོད་པ། སེར་འབྲས་དགེ་གསུམ་སོགས་དགེ་འདུན་ལ་བསྙེན་བཀུར་བ། སོ་སྐྱེར་སྦྱིན་གཏོང༌། རྟེན་གསུམ་བཞེངས་པ། རང་གིས་(༡༠༥ན)


GLG021_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཏོན་བགྱིས་པས་མཚོན་རྣམ་དཀར་དགེ་ཚོགས་བསམ་གྱིས་མི་ཁྱབ་པ་བསྐྲུན་པར་བརྟེན། སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང༌། དེ་འཛིན་གྱི་སྐྱེས་བུ་ཞབས་པད་བརྟན་ཅིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བ། སྒོས་སུ་ངེད་རང་དང་མཆོད་ཡོན་གྱི་རིང་འཚོ། རྟ་དཔོན་རྣམས་འཇོམས། ཨ་ཆོག །དཔལ་མོ། ཆོག་སྐྱིད་རྣམས་ཀྱི་འདི་ཕྱིའི་ལེགས་ཚོགས་སོགས་བླ་ནས་བླར་འཕེལ་བའི་བསྔོ་སྨོན་གྱི་མཚམས་སྦྱོར། སྨན་བླ་ཚུགས་པའི་གྲྭ་ཚང་རྣམས་དང༌། སྡེ་དགོན་ཆེ་ཕྲ་མང་པོ་ལ་འཛུགས་རྒྱུར་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེ་འཇམ་དབྱངས་དགའ་བའི་བཤེས་གཉེན་གྱིས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་བྷ་ཝནྟུ། །ཟབ་གསལ་ཡེ་ཤེས་རྒྱ་མཚོར་མངའ་འབྱོར་བའི། །འདུས་ཚོགས་བླ་མ་ཡི་དམ་མཁའ་འགྲོ་ཡི། །དགྱེས་སྐོང་བཅུད་འཁྱིལ་ཡོལ་གོ་ཆེས་ཡངས་པ། །ཕུལ་དགེས་མཆོག་ཐུན་དངོས་གྲུབ་ཆར་དུ་སྙིལ། །ཞེས་པའང་བྱིངས་པ་བྱམས་པ་ནོར་བུས་དགེ་སྐོས་འཇོག་ལ་དངུལ་སྲང་བཅོ་ལྔ་ལྷག་བཅས་ཀྱི་པད་སྡེར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པ་བྷ་ཝནྟུ། །སྣོད་བཅུད་བདེ་ལྡན་ཞིང་མགོན་འོད་དཔག་མེད། །ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་མཛོད་སྤུ་ནས། །ཉེ་བར་འཕྲོས་པའི་འོད་འཕྲེང་སྣང་བ་ཡིས། །མི་བསྲུན་འཆི་བདག་མུན་རུམ་མཐར་སྐྲོད་མཛོད། །སངས་རྒྱས་དེ་གསུང་བྱང་སེམས་ཉན་རང་ཚོགས། །(༡༠༥བ)


GLG021_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

སླུ་མེད་སྐྱབས་གནས་དཀོན་ཅོག་རྣམ་གསུམ་དང༌། །ཁྱད་པར་བླ་མ་ཡི་དམ་མཁའ་འགྲོར་བཅས། །ལྷག་བསམ་དག་པའི་རེ་འབྲས་དེང་སྨིན་སྩོལ། །ངག་དབང་དབྱངས་ཅན་བློ་གྲོས་ཟབ་གཏེར་གྱིས། །སྐལ་བཟང་ཡོངས་ལ་རྒྱ་ཆེའི་གསུང་རབ་དོན། །དྭངས་མཆོར་ཟླ་གཟུགས་ཇི་བཞིན་མངོན་སུམ་དུ། །སྟོན་མཛད་རིགས་ཀུན་བདག་པོར་གསོལ་བ་འདེབས། །ཕྱི་ནང་རིག་གནས་འཆད་ལ་འཇིགས་མེད་ཀྱི། །སྤོབས་མཐོའི་གོ་བཙན་རྣམ་དཔྱོད་ཆ་རྫོགས་ཉ། །ཐུབ་བསྟན་ཆུ་ཀླུང་ལང་ཚོར་དར་བའི་སྡེ། །ཚངས་སྲས་བཞད་པའི་རྡོ་རྗེ་ཞབས་བརྟན་ཤོག །མེས་པོའི་ལུང་གིས་མང་བཀུར་ཁྲི་ཡངས་པོར། །དབང་བསྐུར་ནོར་འཛིན་སྐྱོང་བའི་མི་བདག་རྗེའི། །སྐུ་ཚེ་སྟོབས་འབྱོར་མངའ་ཐང་མཚན་ཇུས་སོགས། །དབྱར་གྱི་ཆུ་གཏེར་ལྟ་བུར་གུང་འཕྱུར་ཤོག །འཇིག་རྟེན་སྤྱི་དང་བྱེ་བྲག་གངས་ལྗོངས་འདིར། །ཕྱོགས་དུས་ཀུན་ཏུ་བདེ་སྐྱིད་དཔལ་སྤྱད་རྗེས། །རིང་པོར་མི་ཐོགས་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་མྱུར་ཐོབ་བཤེས་གཉེན་མཛད་པར་ཤོག །རྒྱུ་འབྲས་མི་བསླུ་རྟེན་ཅིང་འབྲེལ་འབྱུང་ཆོས། །བདེ་བར་གཤེགས་པས་ཉེ་བར་གསུངས་པའི་བཀའ། །ཚད་མའི་དཔང་གྱུར་སྨོན་ལམ་བཏབ་དོན་བཞིན། །ལྷུན་གྱིས་གྲུབ་པར་མཆོག་གསུམ་མཐུས་བྱིན་རློབས། །ཞེས་པ་འདིའང་གཉའ་ནང་ཤོ་པ་ཇོ་རྫོང་པ་དང་སྤྱི་ཁང་དཀོན་ཅོག །བསྟན་འཛིན་བཟང་པོ་སྤུན། རྒན་པོ་དང་བཅས་པས་རིང་འཚོར་བྱང་གཏེར་ཐུགས་སྒྲུབ་ལས་བྱང་འབྲིང་པོར་བརྟེན་ནས་ཚེས་བཅུ་(༡༠༦ན)


GLG021_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་སྐབས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །རྣམ་དཀར་ལེགས་བྱས་འབུམ་ཕྲག་ཀུན་གསལ་བུ་མོའི་འགྲམ་པར་རྟག་ཏུ་ཡང༌། །ཉེར་རྒྱུ་མཚན་དང་དཔེ་བྱད་ཀུ་མུད་དར་བབ་རྗེས་ཆགས་རབ་བཀྲའི་གཟུགས། །སྐལ་བཟང་གདུལ་བྱའི་ཡིད་ཀྱི་དྭངས་ཤེལ་ངོས་ཤར་ངོ་མཚར་ཕུལ་བྱུང་གར། །བསྒྱུར་ལ་ལྷར་བཅས་འགྲོ་བ་ཡོངས་ཀྱིས་མི་ཕྱེད་དད་པས་ཡོངས་སུ་འདུད། །ཤིན་ཏུ་བགྲང་དཀའི་བསྐལ་པར་རླབས་ཆེན་ཚོགས་བསགས་བདེན་དཔང་དུ། །སྐད་ཅིག་དེ་ཉིད་ས་ཡི་ལྷ་མོ་མངོན་སུམ་རབ་འཐོན་ནས། །ལེགས་སོའི་དྲང་ཚིག་མེ་ཏོག་ཆར་གྱིས་ཕྱོགས་ཀུན་དོག་པོ་རུ། །བཀང་སྟེ་བུ་རམ་ཤིང་པ་ཟས་གཙང་སྲས་མཆོག་སྐྱེ་རྒུའི་གཉེན། །རྒྱལ་རྣམས་སྤང་རྟོགས་མཉམ་པར་མཚུངས་ཀྱང་ལྷག་པའི་ཐུགས། །གཞན་གྱིས་འགྲན་ཟླའི་དཔེར་བྱ་སྙེམས་པ་དང་བྲལ་བའི། །དམ་བཅའི་ཁུར་ཆེན་སྙིགས་མ་ལྔ་ཡི་བགོ་སྐལ་དུ། །ཐོབ་ལ་རྣམ་འདྲེན་སྲས་སློབ་ཀུན་གྱིས་མགྲིན་གཅིག་བསྔགས། །རིག་གནས་བཅུ་ཕྲག་སྨྲ་བར་སྤོབས་དགེ་བས། །མ་ག་དྷ་སོགས་འཕགས་པའི་ཡུལ་གྲུ་ཆེའི། །ཐུབ་གསུང་དགོངས་འགྲེལ་དང་བཅས་བསིལ་ལྡན་ལྗོངས། །བསྒྱུར་མཛད་ལོ་པཎ་ཚོགས་ཀུན་ཕྱག་གི་གནས། །དུས་གསུམ་རྒྱལ་བས་ཤེས་བྱ་གང་མཁྱེན་གནང༌། །ཇི་བཞིན་མངོན་གཟིགས་རྗེ་བཙུན་ཙོང་ཁ་པ། །འཇམ་མགོན་མི་སྲིད་ཟློས་གར་བརྩེ་(༡༠༦བ)


GLG021_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །ངེས་རྙེད་ཆོས་རྗེས་དད་པ་ཅིས་མི་ཐོབ། །བདེ་བར་གཤེགས་པའི་གསང་གསུམ་བཀོད་པ་ཆེའི། །མཛད་འཕྲིན་སྨྲ་བསམ་བརྗོད་པའི་ཡུལ་འདས་ནང༌། །ཁྱད་འཕགས་མགུར་བུམ་ལས་དྲངས་བདེན་གཉིས་ཆོས། །ཡོངས་འཁྱིལ་བུས་འཕྲེང་ཕ་མཐའ་སུ་ཡིས་རྙེད། །བྱེ་བྲག་ཆོས་རྣམས་དོན་དམ་གདོད་མ་ནས། །བདེན་སྟོང་ཀུན་རྫོབ་མི་འགལ་འཇོག་ནུས་ཀྱི། །མཉམ་གཞག་རྗེས་ཐོབ་ཟུང་དུ་འབྲེལ་བྱེད་པའི། །ལམ་མཆོག་ཉེ་བར་སྟོན་པ་ཤེར་ཕྱིན་བཀའ། །རྒྱས་འབྲིང་བསྡུས་པའི་གསུང་རབ་ཡིད་བཞིན་དབང༌། །འདྲི་ཀློག་འཆད་ཉན་འཆང་སོགས་སྲི་ཞུ་ཡི། །ལེགས་བྱས་ཕུང་པོ་ཆེར་སྤུངས་རིན་ཅེན་རི། །རིངས་བརྒྱུས་དབུལ་བྲལ་དགའ་སྐྱིད་ཕན་བདེའི་དཔྱིད། །རབ་འཇམ་ཤོག་བུ་མན་ཤེལ་ལྟར་དྭངས་ངོགས། །བརྡ་དག་གཟུགས་མཛེས་འོད་བཀྲག་བརྗིད་ཆགས་པའི། །བཅུ་ཕྲག་སུམ་སྐོར་གླེགས་བམ་ཚར་དངར་བ། །སྟོན་ཟླ་ལྟ་བུའི་ལྷག་བསམ་མཆོག་གིས་བསྒྲུབས། །སངས་རྒྱས་ཀུན་དངོས་བློ་བཟང་གྲགས་པ་ཡི། །བསྟན་པའི་གདུགས་དཀར་འཛིན་པར་སྔོན་གོམས་མཐུས། །བསོད་ནམས་ཚར་སྤུངས་སྦྱིན་པའི་སྒོ་འཕར་བརྒྱ། །ཕྱེ་སྟེ་དབུལ་ཕོངས་མིང་ཡང་མི་གྲགས་ཤོག །བྱས་འབྲས་རཱ་མ་ཎ་ཡི་མདའ་བོ་ཆེས། །སྒྲིབ་གཉིས་དེ་རྒྱུ་ལངྒའི་མགྲིན་བཅད་དེ། །བཤེས་གཉེན་སི་ཏུའི་མཛའ་ན་མོར་བརྟེན་ནས། །རྣམ་མཁྱེན་རྩེད་འཇོར་འགྲོ་བས་གར་བསྒྱུར་ཤོག །འབངས་འཁོར་ཉ་ཕྱིས་རྒྱ་ཁྱོན་རབ་ཡངས་པོར། །ལེགས་ཚོགས་(༡༠༧ན)


GLG021_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཐི་ལ་ཡིས་ཆེར་གཏམས་པ། །རིན་ཐང་དང་བྲལ་དགའ་བདེ་ཟག་མེད་ཀྱི། །སྐྱིད་པའི་དཔལ་འབྱོར་སུམ་རྩེན་རྗེས་བསྙེག་ཤོག །དཀོན་ཅོག་རིན་ཅེན་བྱིན་རླབས་མི་ཟད་རྒྱུན། །དམིགས་བྱའི་ལུས་ངག་ཡིད་ལ་ཕོག་པའི་མོད། །སྡིག་སྒྲིབ་བཅས་རང་ཁ་ན་མ་ཐོ་བའི། །མི་དགེའི་དྲི་ཚོགས་རྩ་བ་དྲུངས་འབྱིན་ཤོག །རྣམ་དག་བསམ་པས་ཚུལ་འདིར་སྒོ་གསུམ་གྱིས། །བཟོ་གཡོས་བྲན་དང་ཡང་བྲན་ཉེར་བཀོལ་སོགས། །རྡུལ་ཕྲན་ཙམ་གྱིས་མཐའ་བརྟེན་བྱེད་པོ་རུ། །གཏོགས་རྣམས་བརྒྱ་བྱིན་སྐལ་མཉམ་དེང་ཐོབ་ཤོག །འཇིག་རྟེན་གསུམ་དང་ཁྱད་པར་གངས་ཅན་ལྗོངས། །མི་མཐུན་དུས་ངན་བཙལ་ཀྱང་མི་རྙེད་པར། །རྫོགས་ལྡན་གསར་བའི་དགའ་སྟོན་རྨད་བྱུང་རོས། །སྐྱེ་རྒུའི་རོ་འཛིན་རྟག་ཏུ་སིམ་ནུས་ཤོག །སྔོན་གོམས་ཤིང་རྟ་བཅུ་ཡི་ཤུགས་དྲག་གིས། །འགོག་མེད་བསྟན་ཉི་མཁར་ཤར་ཨ་ཏི་ཤའི། །རིང་ལུགས་ལེགས་འཛིན་ཀུན་མཁྱེན་བཙོང་ཁ་པའི། །བཤད་སྒྲུབ་བསྟན་དང་སྐྱེ་བར་མཇལ་བར་ཤོག །སྲིད་པར་ཐོག་མ་མེད་ནས་ད་ལྟའི་བར། །ངལ་དུབ་དང་བྲལ་བྱམས་པའི་མ་གྱུར་འགྲོ། །ལྷ་མིའི་རྟེན་བཟང་ལེགས་ཐོབ་མི་རིང་བར། །ཐར་པའི་གྲོང་ཁྱེར་ཆེན་པོར་མྱུར་འཇུག་ཤོག །རེ་འབྲས་ཇི་བཞིན་འགྲུབ་པའི་དཔང་པོ་རུ། །དུས་གསུམ་རྒྱལ་བ་སྲས་བཅས་ཉེར་དགོངས་ལ། །སྨོན་ལམ་གང་བཏག་མངོན་སུམ་ལྷུན་གྲུབ་པར། །དྲུག་ཅུའི་གསུང་དབྱངས་རྣ་བའི་དཔྱིད་དུ་སྒྲོགས། །སླུ་མེད་(༡༠༧བ)


GLG021_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་གདོད་ནས་རྣམ་པར་དག །ཆོས་ཅན་རྒྱུ་འབྲས་འཆར་བའི་རྟེན་འབྲེལ་སླད། །ཀུན་མཁྱེན་གོ་འཕང་ཐོབ་པའི་རྒྱུར་བསྔོའོ། །ཞེས་སྡེ་པ་ཟུར་པ་སྣེའུ་སྡོང་བློ་བཟང་སྦྱིན་པ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་དུས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་འདི་གནས་བྱང་བུ་བཞུ་བའི་རྟགས་གསལ་ལྟར། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་ནས་ཆེས་ཆེར་རྨད་དུ་བྱུང་བའི་སྙིང་པོ་བཀའ་བར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། ཁྲི་སྣ་ཚོགས་ཏེ་པོད་ལོངས་ཉི་ཤུ་རྩ་བདུན་བཞེངས་པར་བསྔོ་སྨོན་གྱི་མཚམས་སྦྱོར་ཞིག་དར་རྒྱས་བཀྲ་ཤིས་སོགས་ལས་བྱེད་པ་རྣམས་ཀྱིས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེ་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་ཡ་ཐཱ་སརྦ་པྲ་ཎི་དྷ་ན་ནི་ར་བྷོ་ག་སྱཤྲེ་ཡ་བྷ་བནྟུ། །ཟླ་བ་དུ་མ་སྤུངས་པའི་འོད་ཀྱིས་ཀྱང༌། །ཆ་ཙམ་བསྒྲུན་མིན་རིན་ཅེན་གཉིས་པ་ལས། །ཉེར་གྲུབ་རྩ་གསུམ་ཐུགས་དམ་གཉན་སྐོང་སྣོད། །ཕུལ་དགེས་ཁ་སྦྱོར་བདུན་ལྡན་སར་བགྲོད་ཤོག །ཅེས་པའང་ངག་དབང་ནམ་མཁས་དགེ་སྐོས་ཀྱི་ལས་སྣེའི་འཇོག་ལ་སྲང་ཕྱེད་བཅོ་ལྔའི་པད་སྡེར་ཕུལ་བའི་ཚེ་ཟ་ཧོར་བནྡེས་བཀོད་པའི་ཛ་ཡ། །(༡༠༨ན)


GLG021_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

སུ ག །ཏ ཙ བི ཤྭ ནཱ ཀ ས མ མ གཱ ཏི ནཱི པྲ ཏཱི ཛྙཱ། །ཨ བ ཡ བ ས རྦ པཱུ རྞ ན བི ས རྦ ཎཱ བ ཀ ཪྵ། རྒྱལ་ཀུན་མཁའ་མཉམ་འགྲོ་འདྲེན་དམ་བཅའ་ཡི། །ཆ་ཤས་ཡོངས་རྫོགས་འཕེལ་འགྲིབ་རབ་སྤངས་པ། །པྲ བྷ ནི དྷི བྷཱ བ ཤཱ ནྟྱ ཙ བི པ ཤྩི མོ ད ཡ སྱ། །ཀ རུ ཎ ཙ ལོ ཙ ནཱ ཡ ཏ ཙ དཱི རྒྷ རེ ཏྲ ད ཪྵི། སྣང་མཛོད་སྲིད་ཞིར་འཆར་ནུབ་དང་བྲལ་བའི། །ཐུགས་རྗེའི་སྤྱན་དཀྱུས་རིང་པོ་དེང་འདིར་གཟིགས། །སྐུ་རྟེན་འདིས་མཚོན་རྣམ་དཀར་བགྱིས་སོ་ཅོག །ཉེར་བསྡུས་བསྟན་འགྲོའི་ལེགས་བྱས་རྒྱ་མཚོའི་ཞིང༌། །སླར་སྤེལ་ཆེད་དུ་མགོན་ཁྱོད་སྲིད་པ་འདིར། །འགྱུར་མེད་འདོད་དོན་ཡིད་བཞིན་སྐོང་བར་ཤོག །དགའ་བའི་དཔལ་ལྡན་ཕོ་བྲང་ལུགས་ཟུང་བསྟན། །ཕུལ་བྱུང་སྡེ་བཞི་དྲུག་ཅུའི་གཡས་འཁྱིལ་དུང༌། །བློ་བཟང་སྙན་གྲགས་སྲིད་པའི་རྩེ་མོའི་བར། །ཆེར་སྒྲོགས་གཏན་གྱི་མདུན་མ་ལྷུན་གྲུབ་ཤོག །ཅེས་པའང་མི་དབང་སངས་རྒྱས་རྒྱ་མཚོས་ངེད་རང་རིང་པོར་འཚོ་ཐབས་སུ་གཙོ་བོ་(༡༠༨བ)


GLG021_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སུམ་ཅུ་སོ་ལྔ། སྨན་བླ་བདེ་གཤེགས་བརྒྱད། གདུགས་དཀར་གྱི་བཅུ་བདུན། ཕྱོགས་བཅུ་མུན་སེལ་དང་ཁྱེའུ་ཟླ་བའི་བཅུ་རེ། དོན་གྲུབ་སྟེ་བརྒྱད་ཅུ་གྱ་གཅིག་སྟེང་པཎ་ཆེན་དགེ་འདུན་གྲུབ་ཀྱི་སྐྱེས་རབས། ཨྱོན། ཇོ་བོ་རྗེ། རྒྱལ་བ་བཙོང་ཁ་པ། འཁོར་སངས་རྒྱས་སྟོང༌། དཔང་སྐོང་ཕྱག་རྒྱ་པའི་སངས་རྒྱས། བྱམས་འཇམ་དབྱངས། །སྦྱིན་བདག །ཆོས་སྐྱོང་དམག་ཟོར་མ་དང་བཅས་པའི་སྐུ་རྒྱུར་གོས་ཏ་ཧུང་འཇམ་སང་ཡུག་ཉེར་བདུན་ལ་ཁ་བཞིབརྒྱ་དང་གྱ་དྲུག །གྲང་གསེར་ཞོ་བཞི་བརྒྱ་དང་ལྔ། ཚོན་འོས་འཚམ་སོང་བའི་ལར་རྒྱའི་འགོ་པ་འབོག་བཙུན་བློ་གྲོས་རྒྱལ་མཚན། །དོ་དམ་པ་གྲོང་མོ་ཆུང་བ་དང་མཐར་རྒྱས་པ། རི་མོ་བ་ལྷ་ས་འཇམ་དབྱངས་དོན་གྲུབ་སོགས་ཉེར་བདུན། གོང་གཤམ་ཁ་ཐི་སྔོན་པོ་ཁ་བཞི་བརྒྱ་གོ་དྲུག །དམར་པོ་ཁ་གྱ་ལྔ། སེར་པོ་ཁ་གྱ་གཅིག །ཧོར་གོས་ལུ་ཧང་ཁ་ཞེ་གཉིས། འཆོར་ལིང་འདྲེས་པ་ཁ་ཆིག་སྟོང་བདུན་བརྒྱ་ཉི་ཤུ། ཞལ་ཁེབས་སྨན་རྙིང་ཁ་ཆིག་སྟོང་ཉིས་བརྒྱ་བཅུ་གཅིག །ཧོར་དར་དམར་པོ་ཁ་ཆིག་སྟོང་དྲུག་བརྒྱ་གྱ་གསུམ། རླུང་གནོན་ཧོར་དར་སྔོན་པོ་ཁ་ལྔ་བརྒྱ་རེ་བདུན། འདོགས་ཐག་ལིང་མེན་འདྲེས་པ་ཁ་སུམ་བརྒྱ་སོ་ལྔ། སྐུད་རྒྱུར་གོས་སྣ་ཚོགས་ཁ་བརྒྱ་ཞེ་བཞི། ཟུར་བཀག་ལ་སག་རི་ཞེ་བརྒྱད། །འདྲ་བའི་འགོ་པ་བྱ་སྒོ་བ་བློ་བཟང་དབང་ཕྱུག །དོ་དམ་ཚོགས་རྒྱལ་གླིང་པ། དབུ་ཆེན་ར་རྩེ་ཤག་པ་བསོད་ནམས། དབུ་ཆུང་རྒྱལ་རྩེ་དཔལ་འབྱོར་དང་ཆོས་དབང༌། བྱིངས་བཅུ་བདུན། སྔོ་བཟོ་དབུ་ཆེན་གུ་རུ། དབུ་ཆུང་ཨ་ལྐུག་དང་ཕག་སྐྱག །བྱིངས་ཉེར་ལྔ། ཏོག་(༡༠༩ན)


GLG021_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངུལ་སྲང་ཕྱེད་སུམ་བརྒྱ། ཏི་ཚ་ཞོ་དྲུག །གསེར་འདམ་སྲང་ཉི་ཤུ། དངུལ་ཆུ་སྲང་བཅུ་བཅས་བཟོ་བོའི་འགོ་པ་རྒྱས་བསྐོར་བ་དང་གཞིས་ཀ་བ། བལ་པོ་ཨིན་དུ་ཤིང་དང་དྷ་ན་ཤིང༌། བྱིངས་ཉེར་བརྒྱད། རྒྱ་བོད་ཀྱི་ཡིག་རིགས་འདྲི་མི་རྒྱལ་རྩེ་འཇམ་དབྱངས་དབང་པོ་སོགས་ཀྱིས་བྱས་ཏེ་གྲུབ་པའི་ཚེ་རྒྱབ་ཡིག་སྨོན་ལམ་དུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་བྷ་བནྟུ། །ངག་གི་དབང་ཕྱུག་འཇམ་མགོན་བློ་གྲོས་གཏེར། །སྐལ་བཟང་གདུལ་བྱ་རྒྱ་མཚོའི་རེ་སྐོང་མཆོག །ཟ་ཧོར་ཚངས་སྲས་བཞད་པའི་རྡོ་རྗེ་ཆེ། །སྐྱབས་གནས་ཀུན་འདུས་ངོ་བོར་གསོལ་བ་འདེབས། །སྙོམས་པར་འཇུག་པ་གསང་གསུམ་མི་ཟད་པའི། །བྱིན་རླབས་ཉིན་བྱེད་དངོས་བརྒྱ་རབ་འབར་བ། །འཇིག་རྟེན་སྤྱི་དང་བྱེ་བྲག་རྒྱ་ཧོར་སོགས། །ལུས་ཅན་བསོད་ནམས་མཁའ་ལ་རྟག་འཆར་ཤོག །དེང་ནས་བཟུང་སྟེ་ཡང་སྲིད་ཐམས་ཅད་དུ། །ཐེག་པ་མཆོག་གི་བཤེས་གཉེན་ལེགས་མཛད་དེ། །སྲིད་དང་ཞི་བའི་ཡོན་ཏན་མ་ལུས་པ། །དཀར་ཆའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །ཅེས་པ་འདིའང་ཐོར་གོད་ཐུར་ཁེན་ཐའི་ཇིའི་དཔོན་མོ་ཚེ་སྐྱིད་ཀྱི་ངོར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །སྭ་སྟི་པྲ་ཛཱ་བྷྱ༔ དངུལ་དཀར་ཟླ་ཞུན་རྗེས་འགྲོའི་ཀོང་ཕུལ་དགེས། །ཤེས་རབ་ཡེ་ཤེས་སྒྲོན་མེའི་གཟི་བྱིན་གྱིས། །ཡིད་ཅན་ལས་ཉོན་མུན་པ་གཏན་བཅོམས་ཏེ། །རྫོགས་པའི་(༡༠༩བ)


GLG021_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མངོན་སུམ་སྐལ་ཐོབ་ཤོག །ཅེས་ལྷ་ས་བ་ངག་དབང་ཐུབ་བསྟན་གྱིས་སྨོན་ལམ་ཆེན་མོར་སྔགས་རམས་པ་བགྱིས་སྐབས་གྲྭ་ཚང་དུ་སྲང་ཉེར་གསུམ་གྱི་ཀོང་ཕུལ་བའི་ཁ་བྱང་དགོས་ཚུལ་བཞིན་ཟ་ཧོར་བནྡེས་བྲིས། །ན ནྟ ཙཱ བྷ ཡཾ ཤ ཏོ མ ན པྲ ཎཱི དྷ རེ ན ན ནྡ བྷཱ བ ནེ ཥུ སཱ དྷུ མཱ རྒ ལ ཀྵ དྷ རྨ དྷཱ ར མཽ ལི ཤ སྟྲ ཀེ ན ཤི རཱ བ ནྡྷ ། འཇིགས་མེད་དགའ་བ་བརྒྱ་ཕྲག་དང་ལྡན་ཡིད་སྨོན་ཙམ་གྱིས་དགའ་བའི་གནས། །ལེགས་ལམ་འབུམ་སྡེའི་དམ་ཆོས་འཛིན་པར་སྟོན་པས་ཅོད་པན་དབུར་བཅིངས་ཏེ། །བྱ ཉྫ ལ ཀྵ ཎཱ པྲ ཏཱི ཀུ ལོ པ ད ཏྟ ཀཱ ཡ ཏེ ཛ བྷཱ བ དཱི པྟ གཽསྭ རོ བ ས ནྟ ལེ ཁ ཀ རྞ ཀཱ རུ ཎཻ རྦི ཏཱ པ མཻ ཏྲི ནཱ ཐ། རྒྱལ་སྲིད་ཉེར་གཏད་མི་མཐུན་མེད་པའི་མཚན་དཔེའི་གཟི་བྱིན་འབར་བའི་སྐུ། །གསུང་དབྱངས་ལེགས་བྲིས་རྣ་བའི་དཔྱིད་གྱུར་ཐུགས་རྗེས་གདུང་སེལ་མི་ཕམ་མགོན། །ལུས་ཅན་བརྒྱུ་དང་མི་བརྒྱུར་བཅས་ཀུན་རྣམ་མཁྱེན་ཡེ་ཤེས་སར། །འཁྲིད་པའི་དམ་བཅའ་དཔལ་བེའི་ངོས་གསལ་རི་མོར་རབ་(༡༡༠ན)


GLG021_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་བ། །ནམ་ཡང་ཟུབས་མིན་ལྷོད་མེད་བརྩོན་པས་ཐར་པའི་ཁང་བཟང་ཆེར། །མྱུར་པར་འདྲེན་ཕྱིར་མ་ཡེངས་སྤྱན་དཀྱུས་རིང་པོ་རྟག་ཏུ་གཟིགས། །ཁྱོད་ཀྱི་མཚན་ཙམ་སྐྱེ་རྒུའི་རྣ་བའི་ཁུང་བུ་རུ། །ཐོས་པས་འཁོར་བའི་འཇིགས་སྐྲག་བྲལ་བ་བསམ་ཡས་ན། །མཐོང་བས་སྲིད་ཞིའི་ཕ་མཐའ་མི་གནས་རྣམ་གྲོལ་བའི། །བླ་མེད་བྱང་ཆུབ་ཆེན་པོའི་ས་མཆོག་མི་རིང་ཉེ། །ཆོས་ཀུན་ཡེ་ནས་དག་ཀྱང་སྤྲོ་བསྡུ་ཡི། །ཁྱབ་བདག་རྡོ་རྗེ་འཆང་དབང་ཐོད་ཕྲེང་སྐུ། །རྫོགས་པས་དམ་པ་རིགས་བརྒྱ་ལ་སོགས་པ། །གཞན་ནས་རྙེད་མིན་བདེ་གཤེགས་ཀུན་འདུས་གཙོ། །གཅིག་པུ་ཉིད་ལས་དུ་མའི་གར་ཇི་བཞིན། །གདུལ་བྱའི་སྣང་ངོར་མཚན་བརྒྱད་སྐུའི་བཀོད་པ། །སྣ་ཚོགས་ཚོན་དང་ཉེ་བའི་མན་ཤེལ་ལྟར། །མ་འདྲེས་སོ་སོར་ཤར་འདི་རྨད་དུ་བྱུང༌། །པུར་རྒྱལ་བསྟན་པའི་རིན་ཅེན་བ་གམ་ངོས། །ལྟ་ལོག་ལངྐའི་གཟུགས་བརྙན་ཤར་བའི་མོད། །མཁྱེན་རབ་མདའ་ཡིས་སྙིང་ཕུག་རཱ་མ་ཎའི། །ཁེངས་པའི་རི་བསྙིལ་དཔལ་ལྡན་ཨ་ཏི་ཤ །བློ་གྲོས་བཟང་པོས་སྐལ་ལྡན་ཡོངས་སྨིན་པར། །ཟླ་མེད་གྲགས་པའི་དབྱངས་སྙན་སྲིད་རྩེའི་ཁོངས། །ཆེས་ཆེར་རབ་ལྡིར་ཐོས་འཛིན་རྣ་བའི་རྒྱན། །ཁམས་གསུམ་འགྲོ་བའི་འདྲེན་པ་ཙོང་ཁ་པ། །སངས་རྒྱས་གཉིས་པ་བློ་བཟང་གྲགས་པ་ཡི། །དམ་པའི་ཆོས་ཀྱི་བདུད་རྩིས་ལེགས་མྱོས་ཤིང༌། །རིང་ལུགས་རྒྱལ་མཚན་མཐོན་པོར་ཉེར་བཏེག་པའི། །གྲིབ་མར་ལོངས་སྤྱོད་དཔྱིད་ཀྱི་ཐིག་ལེ་དངོམ། །སྐྱེ་བར་འཇམ་དཔལ་དབྱངས་ཀྱིས་རྗེས་བཟུང་བས། །ཀུན་ལ་དགའ་(༡༡༠བ)


GLG021_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེར་བའི་སྟོན་པ་མཆོག །ཕུལ་བྱུང་ཚོགས་གཉིས་ལྷུན་གྲུབ་བཤེས་གཉེན་ཆེ། །མི་འབྲལ་བརྩེ་བས་རྗེས་སུ་འཛིན་ལ་བྲེལ། །ལྷ་དང་མི་ཡི་འབྱོར་བའི་ཡིད་བཞིན་ནོར། །ཕྱུར་བུར་འཁྱིལ་བའི་ཡོལ་གོ་ཆེར་ཡངས་ནང༌། །མགྲིན་བཙིར་མི་མཛད་འདོད་དགུའི་ལོངས་སྤྱོད་ཆར། །འབེབས་མཁས་གནོད་སྦྱིན་ཨཱཪྻ་ཛམྦྷ་ལ། །མ་ཚང་མེད་པའི་དགེ་བཅུ་ཕུན་ཚོགས་ཀྱིས། །མངལ་ཁུར་ཉེར་དུད་གཡོ་རུའི་ནོར་འཛིན་གཞིར། །ལུགས་གཉིས་ཁ་ལོ་བསྒྱུར་བ་དཔའ་མཛངས་དང༌། །བློ་མིག་ཟུང་འབྲེལ་སྙིང་སྟོབས་ཆེ་འདི་རྨད། །འདིའི་ཆེད་སྒོ་གསུམ་འབད་པར་གཏོགས་ཀུན་དང༌། །ཁྱད་པར་ཡོན་གྱི་བདག་པོར་བཅས་པ་རྣམས། །དེང་ནས་བཟུང་སྟེ་རྣམ་མཁྱེན་མ་ཐོབ་བར། །འཆི་མེད་དབང་པོའི་མངའ་ཐང་ལ་སྤྱོད་ཤོག །ཡོངས་རྫོགས་སྡེ་བཞིའི་དཔལ་ལྡན་སྒོ་འཕར་བརྒྱ། །འབྱེད་པ་བརྒྱད་ཁྲིའི་ཚེ་ལོར་འཛམ་གླིང་འདིར། །མགོན་ཁྱོད་ཆོས་འཁོར་བསྐོར་བའི་ཐོག་མ་རུ། །གདུལ་བྱར་སྐྱེས་ནས་བྱང་ཆེན་མྱུར་ཐོབ་ཤོག །དགེ་བ་མཁའ་མཉམ་སེམས་ཅན་ལ་བསྔོས་པའི། །ལེགས་བྱས་ཆུ་ཡི་ཟེགས་མའི་ཐིགས་འཕྲེང་རྒྱུན། །རྫོགས་པའི་སངས་རྒྱས་ཀླུང་ཆེན་དང་འདྲེས་ཏེ། །མི་འཛད་ནམ་མཁའི་མཛོད་ལ་མངའ་བརྙེས་ཤོག །དཀོན་ཅོག་རིན་ཅེན་རྣམ་གསུམ་བྱིན་རླབས་དང༌། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་སླུ་མེད་ཀྱི། །བདེན་སྟོབས་མཐུ་ཡིས་ས་འོག་ས་ཡི་སྟེང༌། །ས་བླར་ཕུན་ཚོགས་དགའ་སྟོན་ཁྱབ་པར་ཤོག །ཅེས་ལྷ་ཆེན་ཚངས་པ་དུང་གི་ཐོར་ཚུགས་ཅན་གྱིས་ས་སྐྱོང་ལྷ་རྒྱལ་རབ་(༡༡༡ན)


GLG021_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱི་སྒོས་རིམ་ལ་ཟན་གཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱལ་བ་བྱམས་པ་མགོན་པོར་སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་སྤྲེ་ཟླར་གྲུབ་པ་བཞེངས་ཤིག་པའི་བསྐུལ་མ་མཛད་པ་བཞིན་གོང་སྟེང་འདོད་ལྷར་སློབ་དཔོན་པདྨ་སཾ་བྷ་ཝ། དཔལ་མར་མེ་མཛད། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ངེད་རང་གི་འདྲ་འབག །ཛཾ་བྷ་ལ་སེར་པོ། ཚེ་རིང་ལྗོངས་དང་བཅས་པ་རི་མོ་བ་དབུ་མཛད་ཕུན་ཚོགས། རོགས་བྱེད་ཆོས་གྲགས། གོས་བཟོ་བ་ཚེ་རིང༌། བདུད་འདུལ། བཞི་འཛོམ་གསུམ་གྱིས་གཙོས་བྱིངས་སུམ་ཅུས་བྱས་ཏེ་བཞེངས་པའི་ཚེ་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱིས་སྨོན་ལམ་བསྡུས་པ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་སྔགས་རྒན་ཟིལ་གནོན་བཞད་པ་རྩལ་གྱིས་ཤིང་གླང་ཧོར་ཟླ་གཉིས་པའི་དམར་ཕྱོགས་དཔའ་བོ་མཁའ་འགྲོ་འདུ་བའི་ཉེར་ལྔར་འཕྲལ་དུ་བྲིས་པའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བགྱིས་པ་སིདྡྷིརསྟུ།། །


previousབ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་པའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་ངག་དབང་དཀོན་ཅོག་ཉི་མའི་འཁྲུངས་རབས་དང་འབྲེལ་བའི་གསོལ་འདེབས་སྨོན་ལམ་ཚིགས་བཅད་སོགས།no next