Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
སྡེ་པ་སངས་རྒྱས་རྒྱ་མཚོའི་དད་རྟེན་དུ་བྲིས་ཐང་བཅོ་ལྔ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་ཚིགས་བཅད་སོགས།
 
  


2 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousསྡེ་པ་སངས་རྒྱས་རྒྱ་མཚོའི་དད་རྟེན་དུ་བྲིས་ཐང་བཅོ་ལྔ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་ཚིགས་བཅད་སོགས།next

སྡེ་པ་སངས་རྒྱས་རྒྱ་མཚོའི་དད་རྟེན་དུ་བྲིས་ཐང་བཅོ་ལྔ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཤིས་བརྗོད་བརྟན་བཞུགས་སོགས་ཀྱི་ཚིགས་སུ་བཅད་པ་རབ་དཀར་དགེ་བའི་ཆུ་ཀླུང་ལས་གླེགས་བམ་གཉིས་པ་བཞུགས་སོ། །


GLG021_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཛི དྭཱ ཙ ཤ བྡ སྭ ར བ ཛྲ གཱི ཏ ཙཱ ཏུ ཪྻའ བྷི ཥ ཉྩ ཀྵ ར སཱ མ ཀོ མ ཏེཿ བཱ ཎཱ ད ན ཡ རྐ རྞ བྷུ ཥ སུ བྷཱ ག །སཱ རེ ནཱ དི ཀཱ ཡེ བ ཡ ཐཱ མ ཚེ ད ཏཱ། རྒྱལ་གསུང་ངག་གི་སྒྲ་དབྱངས་རྡོ་རྗེའི་གླུ། །དབང་བཞིའི་སྙན་འགྱུར་གདངས་སུ་བློ་གྲོས་ཀྱི། །རྒྱུད་མངས་ལས་དྲངས་སྐལ་བཟང་རྣ་བའི་རྒྱན། །རྒྱ་མཚོར་ཆུ་ཀླུང་ཇི་བཞིན་ཆད་མེད་པར། །ཕྱག་ན་པད་དཀར་འཇིག་རྟེན་དབང་ཕྱུག་དང༌། །ལྷ་ཡི་རྒྱལ་པོ་གཉའ་ཁྲི་བཙན་པོ་རྗེ། །ཐོ་རི་དད་བརྟན་མེས་དབོན་རྣམ་པ་གསུམ། །དགེ་བ་དཔལ་དང་ཁ་ཆེ་དགོན་པ་འབྲོམ། །ས་ཆེན་(༢ན)


GLG021_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་བྲག་ཉང་རལ་དགེ་བ་འབུམ། །པདྨ་བཛྲ་དགེ་འདུན་བསོད་ནམས་གཏེར། །ཡོན་ཏན་རྒྱ་མཚོའི་སྐྱེས་རབས་འཕྲེང་མཛེས་ཀྱིས། །ལེགས་བསྐོར་འདོད་ཁམས་དབང་ཕྱུག་པེ་ཧ་ར། །སྦྱིན་བདག་རིན་ཅེན་སྣ་བདུན་སྔོན་འགྲོ་བ། །གནམ་སའི་ཁྱོན་ལ་དབང་སྒྱུར་སངས་རྒྱས་བསྟན། །རབ་མཛེས་ལུགས་གཉིས་རྣམ་དཔྱོད་རྒྱ་མཚོ་ལྟར། །ཟབ་ཡངས་རིགས་བརྒྱུད་ཚུལ་འདིར་འབད་དོ་ཅོག །ཆོས་དཀར་འབྲས་བུ་ནད་འཁྲུག་དབུལ་ཕོངས་སོགས། །རྩོད་ལྡན་ཆད་པ་མིང་གི་མཐར་བྱས་ནས། །ཚེ་རིང་སྟོབས་འབྱོར་མངའ་ཐང་ཆབ་སྲིད་ཀུན། །མཆོད་སྦྱིན་བརྒྱ་པའི་དཔལ་ལ་འགྲན་པར་ཤོག །དེང་ནས་རྣམ་མཁྱེན་ཡེ་ཤེས་མ་ཐོབ་བར། །བཤེས་གཉེན་མགོན་དང་ནམ་ཡང་མི་འབྲལ་ཞིང༌། །དལ་བའི་རྟེན་ལ་ཐོས་བསམ་བསྒོམས་པའི་མཐུས། །བྱང་ཆུབ་ཆེན་པོའི་ས་ལ་མྱུར་བགྲོད་ཤོག །དགའ་བ་རྒྱ་བའི་ཤེ་མོང་དར་དྲག་པས། །ལུགས་ཟུང་དཔལ་དང་ལྡན་པ་ཕོ་བྲང་ཆེ། །ཆོས་སྲིད་གསེར་གྱི་འཁོར་ལོ་འཛམ་གླིང་གི །ཡངས་པའི་ནོར་འཛིན་ཁྱོན་ལ་བསྒྱུར་བར་ཤོག །ཅེས་སྡེ་པ་(༢བ)


GLG021_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྒྱ་མཚོའི་དད་རྟེན་དུ་བྲིས་ཐང་བཅོ་ལྔ་བཞེངས་པའི་གཙོ་བོ་དང་གཡས་བདུན་ལ་ལྷ་མགྲོན་འདོད་ལྷ་སྣ་ཚོགས་དང་སིནྡྷུ་རྒྱ་མཚོ་ཆེ་བའི་ཞིང་བཀོད་དར་རྒྱས་ཤིན་ཏུ་ཆེ་ཡང་གཞན་རྣམས་ཀྱི་བཀོད་པ་ཡོད་འཕྲོས་མ་ཐོས་པར་སྡེ་པ་རང་ཉིད་ལྷ་སྲས་ཀྱི་བག་ཆགས་སད་པའི་མཐུ་དང༌། འཕྲོག་ཏུ་མེད་པའི་དད་པ་དང་སོ་སོར་འབྱེད་པའི་ཤེས་རབ་སྨོན་ལམ་རྣམ་པར་དག་པའི་རྐྱེན་གྱིས་ལེའུ་རྣམས་ལ་ཞིང་བཀོད་འདི་ལྟ་བུ་ཞིག་བྱུང་ན་ལེགས་པ་འདུག་ཅེས་འཆར་བསྟན་བྱུང་བ་དང་རིགས་འཛིན་ཡོངས་འདུས་ཀྱི་དགོངས་དོན་མཐུན་པར་འདུག་པས་དེ་དོན་བཞིན་བསམ་པ་ལྷུན་གྲུབ་མར་འདི་ག་ནས་ངག་སྤོད་དང༌། དེ་ཕྱིན་འདར་བ་ལོ་ཆེན། རྣམ་གླིང་པཎ་ཆེན། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་ཟིན་བྲིས་བརྒྱག་བཅུག་པར་ངེད་རང་ནས་ཞིབ་མོར་དཔྱད་དེ་གཙོ་ཐང་གི་སྐྱ་བྲིས་དང་གཞུག་ཚགས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། ཚོན་མདངས་དགའ་ལྡན་གླིང་རྟ་མགྲིན་རྒྱལ་པོ་དང་མཁར་རྩེ་དགེ་བསྙེན་རྒྱལ་པོ། འཁོར་གྱི་མཇུག་སྐྱོང་རོང་པ་བསོད་ནམས་རྒྱལ་པོ། གསེར་རིས་འཕྲེང་འགོ་དཀོན་ཅོག་དང་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེས་བྱས་ཤིང༌། ཐང་ཁ་གཞན་ཚོར་ཡང་རི་མོ་བ་མཇུག་ཏུ་མིང་བྱང་ཐེབས་པ་ལྟར་དང༌། ཁ་བྱང་གི་ཡི་གེ་རྒྱལ་རྩེ་འཇམ་དབྱངས་དབང་པོ་དང་ངག་དབང་ཕུན་ཚོགས། ཚོན་སྦྱོར་བ་ལྷ་ས་དཀོན་ཅོག་དང་ཟ་དམ་ཀར་ཀར། དོ་དམ་པ་འབོག་གོང་བློ་གྲོས་རྒྱལ་མཚན་གྱི་བགྱིས་ནས་བཞེངས་པའི་རྒྱབ་ཡིག་སྨོན་ལམ་འདི་ནི་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སརྦ་ལཀྵྨཱི་བྷ་ཝནྟུ། །(༣ན)


GLG021_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་གཡས་དང་པོ། རིང་མེད་པ་ཐུགས་རྗེའི་རྩི་སྨན་གྱིས། །འགྲོ་རྣམས་སྙིང་ལ་བདེ་བ་སྦྱིན་མཛད་མཁན། །སྐལ་བཟང་སྣམ་འདྲེན་བཞི་པ་དོན་ཀུན་གྲུབ། །མཐོང་ཐོས་དྲན་རེག་རྣམ་གྲོལ་སྐྱབས་མགོན་ལ། །ཉིད་ལས་གཞན་མིན་སྣ་ཚོགས་གདུལ་བྱའི་ངོར། །གནས་བརྟན་བཅུ་དྲུག་བཀའ་སྐྱོང་རྒྱལ་ཆེན་བཞི། །ཆོས་འཕེལ་ཧྭ་ཤང་གནམ་བསྐོས་ཐང་གི་རྒྱལ། །མང་བཀུར་ཁབ་ཀྱི་བཀོད་པ་གཅིག་ཏུ་མཚར། །ཤཱཀྱ་སེང་གེའི་བྱིན་རླབས་རྨད་པོ་ཆེ། །དགྲ་བཅོམ་སོ་སོས་སྲིད་ཞིའི་ཡོན་ཏན་ཀུན། །མཆོད་ཆོག་གཞུང་ལས་བྱུང་ལྟར་ཡོན་སྦྱོར་དང༌། །ཕྱོགས་འདིར་བྱེད་པོར་གཏོགས་རྣམས་ལ་འབྱོར་ཤོག །གཡས་དང་པོའི་གཙོ་བོའི་སྐྱ་བྲིས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། འཁོར་གྲ་སྡིངས་མི་འགྱུར། ཚོན་མདངས་ཕོ་བྲང་རབ་བརྟན། གཞུག་ཚགས་སྙེ་མོ་ཀརྨ། གསེར་རིས་འཕྲེང་འགོ་དཀོན་ཅོག་རྣམས་ཀྱིས་བགྱིས། །བདེ་གཡས་གཉིས་པ། གཤེགས་ཀུན་གྱི་བློ་གྲོས་མ་ལུས་པ། །ཐུགས་ཀྱི་བུམ་བཟང་བཅུད་འཁྱིལ་གྲགས་པའི་སྒྲ། །ཚངས་གནས་ཡུལ་སར་དགེ་བ་ཙོང་ཁ་པ། །ཟླ་མེད་གཏན་གྱི་སྐྱབས་གནས་གཅིག་པུ་བར། །རྒྱན་དྲུག་མཆོག་གཉིས་ཕུལ་བྱུང་ཁུ་རྔོག་ཟུང༌། །མཁན་ཆེན་ཕྱག་ན་རྡོ་རྗེ་དབུ་མ་པ། །ཐུགས་སྲས་རྣམ་བཞི་ནོར་བཟང་དཔལ་ལྷུན་རྗེ། །མྱུར་མཛད་མགོན་དང་ལས་གཤིན་གྱིས་བསྐོར་བས། །ཚེ་རབས་ཀུན་ཏུ་སྙིང་ལ་འཇམ་དཔལ་དབྱངས། །ཞུགས་ནས་ཇི་ལྟ་ཇི་སྙེད་ཤེས་བྱའི་གནད། །རྟོགས་ཏེ་འཁོར་འདས་ལེགས་པའི་ཡོན་ཏན་ཚོགས། །ཐོགས་མེད་སྔོན་དུ་(༣བ)


GLG021_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་བདག་བྱིན་རློབས། །གཡས་གཉིས་པའི་གཙོ་བོའི་སྐྱ་བྲིས། དབུ་འབྲིང་ཕོ་བྲང་ཕུན་ཚོགས། འཁོར་སྙེ་མོ་ཀརྨ། ཚོན་མདངས་ལྷ་ས་ཁྱི་སྐྱག །ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གཞིས་རྩེ་རྡོ་རྗེ་རབ་བརྟན་བཅས་གསུམ། གཞུག་ཚགས་སྙེ་མོ་ཀརྨ། གསེར་རིས་ལྷ་ས་གྲགས་པ་རྣམས་ཀྱིས་བགྱིས། འོད་གཡས་གསུམ་པ། མཚན་སྟོང་གི་དྲ་བའི་གར་བསྒྱུར་ཕྱག །མ་རྒད་མདངས་འཛིན་ལྷུང་བཟེད་ཟིལ་མངར་གྱིས། །ལེགས་གཏམ་ཆུ་རྒྱུན་གདུལ་བྱའི་ཚངས་བུག་བརྒྱུད། །སྙིང་གི་ཟ་མ་ཏོག་ཏུ་འཁྱིལ་མཛད་པ། །ཕྱག་མཆོད་སྐྱབས་སུ་སོང་བས་སྡིག་ལྟུང་དྲི། །སྦྱོང་མཛད་བདེ་བར་གཤེགས་པ་མདའ་རྩེ་དང༌། །རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན། །མཁའ་འགྲོའི་གཙོ་མོ་འདོད་ཁམས་མས་སྐོར་བས། །སྲོག་གཅོད་འབྲས་བུ་དུས་མིན་འཆི་བའི་མུན། །ཐུགས་རྗེ་ཉི་མའི་འོད་ཀྱིས་མཐར་བསྐྲད་ཅིང༌། །ལས་ནག་བརྣག་དཀའི་རྡུལ་རྙོག་མ་ལུས་པ། །བྱིན་རླབས་ཀེ་ཏ་ཀ་ཡིས་དྲུངས་པར་ཤོག །གཡས་གསུམ་པའི་གཙོ་བོའི་སྐྱ་བྲིས་དབུ་འབྲིང་ཕོ་བྲང་ཕུན་ཚོགས། །འཁོར་ལྷ་ས་བ་གྲགས་པ། ཚོན་མདངས་མས་གྲོ་ཐུབ་དབང༌། གཞུག་ཚགས་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གསེར་རིས་མཚོ་སྨད་རྡོ་རྗེ་རྣམས་ཀྱིས་བགྱིས། །སྟང་གཡས་བཞི་པ། ཟིལ་བརྩེགས་པའི་ལྷུན་པོ་རྟ་ལྗང་ཅན། །བརྒྱ་ཕྲག་གོས་ཀྱིས་ཀླུབས་པ་མཉྫུ་ཤྲཱི། ཀཱ་ལ་འབར་བའི་བརྔམས་བརྗིད་མི་མཐུན་ཕྱོགས། །མ་ལུས་ཅིག་ཅར་ཟིལ་གྱིས་གནོན་འདྲ་བར། །འཇམ་དབྱངས་དཀར་སེར་ནག་དང་སྤྱན་རས་གཟིགས། །རྣམ་འགྱུར་སྣ་ཚོགས་དམར་པོ་སྐོར་གསུམ་སོགས། །(༤ན)


GLG021_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དབང་བྱེད་ནོར་ལྷ་མཐའ་ཀླས་དང༌། །ཆོས་སྐྱོང་རྒྱལ་ཆེན་ངལ་བསོས་པོས་བསྐོར་མཐུས། །གདོན་རིམས་མི་གཙང་ཉེས་བརྒྱ་ཀུན་སངས་ཤིང༌། །བློ་གྲོས་རབ་ཡངས་གདུལ་དཀའི་འགྲོ་རྣམས་འདུལ། །བརྟན་གཡོ་དབང་སྡུས་ལྷ་མིའི་ཐོར་ཚུགས་རྩེར། །རྐང་སེན་ཟླ་བའི་དཀྱིལ་འཁོར་འཆར་བར་ཤོག །གཡས་བཞི་པའི་གཙོ་བོའི་སྐྱ་བྲིས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། འཁོར་དབུ་ཆུང་སྟག་ལུང་བཀྲ་ཤིས། ཚོན་མདངས་ཁྱོག་པོ་དགེ་བསྙེན། གཞུག་ཚོགས་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གསེར་རིས་མཚོ་སྨད་རྡོ་རྗེ་རྣམས་ཀྱིས་བགྱིས། ལས་འབྲས་གཡས་ལྔ་པ། གཟུགས་འཆར་མཚུན་ལྷའི་མེ་ལོང་དེ། །བསྐལ་བརྒྱར་གཟུང་ཡང་ངལ་ནུས་ཚེ་སྦྱིན་མ། །ཡིད་བཞིན་འཁོར་ལོ་དངོས་གྲུབ་བྱེ་བའི་མཛོད། །མཛེས་སྐུ་སྲིད་ཞིའི་བརྟན་པ་ཡོངས་འཕྲོག་མར། །སྣ་ཚོགས་འཇིགས་པའི་འཚེ་བ་ལས་སྐྱོབ་པའི། །འཕགས་མའི་རྣམ་འགྱུར་ཟླ་མིག་གྲངས་ཅན་དང༌། །དྲག་པོ་གཟི་ལྡན་དབང་ཕྱུག་སྟོབས་འཕྲོག་ནས། །སྒྲོལ་གིང་གནོད་སྦྱིན་ཆེན་པོས་བསྐོར་བའི་མཐུས། །སྲོག་གི་གཡུང་དྲུང་ཀ་བ་བརྟན་པོ་ལ། །མི་གཤིག་རྡོ་རྗེའི་ཚེ་ཡིས་རྒྱས་བཏབ་ཅིང༌། །རྒྱུ་དང་མི་རྒྱུའི་འཇིགས་པ་དུག་གི་ཆུ། །བདུད་རྩིའི་གཡང་ལོན་རྀ་ཥིའི་སྤུན་ཟླར་ཤོག །གཡས་ལྔ་པའི་གཙོ་འཁོར་གྱི་སྐྱ་བྲིས་དབུ་འབྲིང་ཕོ་བྲང་ཕུན་ཚོགས། ཚོན་མདངས་ལྷ་ས་བརྐོས་པ། གཞུག་ཚགས་སྙེ་མོ་ཀརྨ། གསེར་རིས་ལྷ་ས་ལགས་རྟ་མགྲིན་རྣམས་ཀྱིས་བགྱིས། །གཡས་དྲུག་པ། གངྒཱའི་ཡབ་གཅིག་ཟླ་ཞུན་བྱེ་བ་ཡིས། །བྱུགས་(༤བ)


GLG021_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒྲུན་མིན་ཡིད་འཕྲོག་ལྷ་མོའི་གཟུགས། །བདུད་རྩིའི་རྒྱུན་གྱིས་ཨ་ཧཾ་མི་འགྱུར་བ། །གཞོམ་མེད་ལྕགས་ཀྱི་སྲོག་རྩར་གྲུབ་མཛད་ལ། །མཐའ་ཀླས་ཟབ་གཏེར་ལས་འོངས་ཚེ་ཡི་ལྷ། །མཚན་དང་ཉམས་འགྱུར་སྒྱུ་འཕྲུལ་རྨད་པོ་ཆེ། །དུང་སྐྱོང་རྒྱལ་མོ་ཞི་རྒྱས་དབང་དྲག་གི །འདོད་ཁམས་བདག་མོའི་རྣམ་རོལ་གྱིས་བསྐོར་བས། །སྲོག་གི་འཚོ་བ་དོན་དང་ལྡན་བྱེད་ཐབས། །སྒྲུབ་ཡུན་བསྐལ་བརྒྱའི་བར་དེར་ཉི་མའི་བུ། །ལས་ཀྱི་འཕེན་པ་རྫོགས་ནས་ཡང་སྲིད་གཞན། །འཛིན་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །གཡས་དྲུག་པའི་གཙོ་བོའི་སྐྱ་བྲིས་དང༌། །གཞུག་ཚགས་ལྷ་ས་འཇམ་དབྱངས་དབང་པོ། འཁོར་རོང་པ་བསོད་རྒྱལ། ཚོན་མདངས་ཞོལ་བློ་བཟང༌། གཞུག་སྐྱོང་དང་གསེར་རིས་ལྷ་ས་ལགས་རྟ་མགྲིན་རྣམས་ཀྱིས་བགྱིས། །བྱང་གཡས་བདུན་པ། སེམས་ནམ་མཁའི་སྙིང་པོ་དྲེགས་པའི་གཤེད། །གཉན་རིགས་བོད་སྐྱོང་རྒྱལ་པོའི་སྐུ་ཡི་ལྷ། །རྣམ་འགྱུར་བརྒྱད་དང་གསང་ཡུམ་གཡུ་སྒྲོན་མ། །འཇིགས་རུང་སྣང་བརྙན་ཆོ་འཕྲུལ་ཅིར་ཡང་བརྫུ། །ཕོ་ལྷ་མོ་ལྷ་དགྲ་ལྷ་སྲོག་གི་ལྷ། །ཡུལ་ལྷར་བཅས་པ་འགོ་བའི་སྲུང་མ་ཡི། །གཅིག་ལས་དུ་མར་འཕྲོས་པའི་ཟློས་གར་མཁན། །ཀུན་རྟོག་འཆར་སྒོར་འཛད་པ་མེད་པའི་ལྷས། །ཉིན་མཚན་དུས་དྲུག་རྣམས་སུ་མེལ་ཚེ་དང༌། །སྲུང་སྐྱོབ་སྦ་བའི་འཕྲིན་ལས་ཡོངས་མཛད་དེ། །མི་ནོར་རིགས་བརྒྱུད་འཁོར་འབངས་བཅས་པ་ཡི། །བསམས་པའི་དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །གཡས་བདུན་པའི་གཙོ་བོའི་སྐྱ་བྲིས་དང་གཞུག་ཚགས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། །(༥ན)


GLG021_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ནམ་མགོན་པོ་བཀྲ་ཤིས། ཚོན་མདངས་པ་ནམ་མགོན་པོ་བཀྲ་ཤིས་དང་ལྷ་ས་འབའ་ལྷུག་གཉིས། གཞུག་ཚགས་རོང་པ་བསོད་རྒྱལ། གསེར་རིས་མཚོ་སྨད་རྡོ་རྗེ་རྣམས་ཀྱིས་བགྱིས། །སྣང་གཡོན་དང་པོ། བ་མཐའ་ཡས་སིནྡྷུ་རྒྱ་མཚོའི་ཀློང༌། བརྫུས་སྐྱེས་སྤྲུལ་པའི་གར་མཁན་པདྨ་འབྱུང༌། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཞིང༌། །ཁྱད་པར་བོད་འབངས་སྐྱེ་རྒུའི་གཉེན་གཅིག་པུས། །ལས་ཅན་འཁོར་ལྔར་བཀའ་སྩལ་ལེའུ་བདུན་མའི། །བླ་མ་སྐུ་གསུམ་སྒྲུབ་པའི་བཀོད་པ་དང༌། །འདིའི་བརྒྱུད་རིགས་འཛིན་རིམ་བྱོན་སྤེལ་ལེགས་འཕྲེང༌། །དཔལ་ལྡན་སྔགས་སྲུང་རྡོར་ལེགས་ཀྱིས་བསྐོར་བས། །འདི་དང་གཏན་འདུན་བསམ་འཕེལ་དབང་གི་རྒྱལ། །རེ་བ་བསྐོང་བའི་དགོས་འདོད་ཆར་འབེབས་ཤིང༌། །ཆོས་ཀྱི་དབྱིངས་ནས་ལོངས་སྤྱོད་རྫོགས་པའི་འཇའ། །སྤྲུལ་སྐུའི་ཟེར་གྱིས་འགྲོ་ཀུན་འདྲེན་པར་ཤོག །གཡོན་དང་པོའི་གཙོ་བོའི་སྐྱ་བྲིས་དང་གཞུག་ཚགས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། འཁོར་སྐྱ་བྲིས་དང་ཚོན་མདངས་གཞུག་ཚགས་རྣམས་རོང་པ་བསོད་རྒྱལ། གསེར་རིས་ཞོལ་བློ་བཟང་རྣམས་ཀྱིས་བགྱིས། །བགྲང་གཡོན་གཉིས་པ། ཡས་ཞི་ཁྲོའི་ལྷ་ཚོགས་ལུས་དཀྱིལ་ལ། །ཡོངས་འདུས་སྐྱབས་གནས་མཐའ་དག་ཀུན་གྱི་གོ །གཅིག་ཆོད་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ། །མཆོག་མཐུན་དངོས་གྲུབ་ཆར་དུ་འབེབས་མཛད་པར། །བསྟན་པ་རྨད་བྱུང་གསོལ་འདེབས་མངའ་བདག་རྗེར། །སྩལ་བའི་སྟོང་ཐུན་དངོས་བསྟན་བཀོད་པ་རྣམས། །སྙིང་(༥བ)


GLG021_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་གཏེར་སྟོན་དགོངས་དོན་ལྟར་བཀོད་ཅིང༌། །དུར་ཁྲོད་མ་གསུམ་ཁྱབ་འཇུག་གིས་བསྐོར་བས། །བདེ་བར་གཤེགས་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷའི། །ཐུགས་རྗེ་རང་གི་སེམས་ལ་རབ་ཞུགས་ཏེ། །བདུད་བཞིའི་དཔུང་ཚོགས་མཐར་བྱས་དེང་ནས་བཟུང༌། །བྱང་ཆུབ་བར་གྱི་འདུན་མ་ལྷུན་གྲུབ་ཤོག །གཡོན་གཉིས་པའི་གཙོ་བོའི་སྐྱ་བྲིས་དབུ་འབྲིང་ཕོ་བྲང་ཕུན་ཚོགས། གཞུག་ཚགས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། འཁོར་སྐྱ་བྲིས་དང་མཚོན་མདངས་གཞུག་ཚགས་ལྷ་ས་གྲགས་པ། གསེར་རིས་འོ་རློན་ནས་དང་ལྷ་ས་གྲགས་པ་རྣམས་ཀྱིས་བགྱིས། །དག་གཡོན་གསུམ་པ། དང་མ་དག་ཞིང་དབྱེ་བརྫུན་པའི་གཏམ། །རླུང་ལ་སྐུར་བྱེད་སྲིན་པོའི་གྲོང་ཁྱེར་དབུས། །ཟངས་མདོག་དཔལ་རིའི་གཞལ་མེད་ཁང་བཟང་དུ། །རྒྱལ་དབང་པདྨའི་སྒྱུ་འཕྲུལ་ཕ་མཐའ་ཡས། །མ་དང་མཁའ་འགྲོའི་གཙོ་མོ་འཚོ་རྒྱལ་མར། །ཉི་མ་ལྷོ་ནུབ་མ་གསུངས་རྟེན་བརྟེན་པའི། །ཞིང་བཀོད་རྗེས་འབྲེལ་དུར་ཁྲོད་བརྒྱད་ཀྱི་ཚུལ། །དབང་གི་མ་མོ་མཆེད་བདུན་གྱིས་བསྐོར་བས། །འདིར་སྣང་ལངྐའི་རྒྱལ་ཁབ་དང་མཚུངས་སུ། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ཅིང༌། །ཡང་སྲིད་ཕྱི་མར་པདྨ་འོད་ཞིང་དུ། །འོད་གསལ་བཞི་ཡི་ལམ་གྱིས་གྲོལ་ནུས་ཤོག །གཡོན་གསུམ་པའི་སྐྱ་བྲིས་དང་གཞུག་ཚགས་སྙེ་མོ་ཀརྨ། །ཚོན་མདངས་རོང་པ་ཚེ་བདག །གསེར་རིས་ལྷ་ས་ལགས་རྟ་མགྲིན་རྣམས་ཀྱིས་བགྱིས། །གཡོན་བཞི་པ། ལག་ན་རྡོ་རྗེ་དྲང་སྲོང་ཞི་ཁྲོའི་སྐུར། །ཟློས་གར་བསྒྱུར་ནས་དམོད་པའི་མཚོན་ཆ་ཡིས། །(༦ན)


GLG021_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ལུས་ཚོགས་ཕྱེ་མར་འཐག་བྱེད་པ། །ཁྲོ་རྒྱལ་སྟོབས་ལྡན་ཞེ་སྡང་རྡོ་རྗེ་ལ། །ནམ་མཁའི་སྙིང་པོར་སྤྲོས་བྲལ་བདེ་ཆེན་མ། །གསུངས་པའི་བརྗོད་བྱའི་དོན་ཀུན་ཉེར་ཚང་བ། །མིག་གི་བདུད་རྩིར་བྱེད་དང་སྒྲོལ་གིང་ཆེ། །སྟོང་དཔོན་ལི་བྱིན་ཧ་རས་ཡོངས་བསྐོར་བས། །རྡོ་རྗེ་བྲག་རིའི་བར་དུ་གནོད་བྱེད་ཚོགས། །ཕྱེར་བཏགས་ལྷག་མ་སྡིག་པའི་ཟས་སུ་རོལ། །རིགས་འཛིན་བླ་མའི་ཚོགས་ཀྱིས་སྐྱེ་བ་ནས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །གཡོན་བཞི་པའི་གཙོ་བོའི་སྐྱ་བྲིས་དབུ་འབྲིང་ཕོ་བྲང་ཕུན་ཚོགས། འཁོར་རྡོ་རྗཻ་བྲག་པ་པདྨ་ཀུན་མཁྱེན། ཚོན་མདངས་རྡོ་རྗེ་བྲག་པ་པདྨ་ཀུན་མཁྱེན་དང་མལ་གྲོ་ཐུབ་དབང༌། གཞུག་ཚགས་དབུ་ཆུང་འོ་རློན་ནས། གསེར་རིས་དགའ་ལྡན་རྟ་མགྲིན་རྒྱལ་པོ་རྣམས་ཀྱིས་བགྱིས། །རྟ་གཡོན་ལྔ་པ། སྐད་ཐེངས་གསུམ་བསྒྲགས་པའི་མོད་ཉིད་ལ། །སྡེ་བརྒྱད་སྤྱི་དང་ཁྱད་པར་རྒྱལ་བསེན་གྱི། །དོན་སྙིང་དུམ་བུར་འགས་ནུས་དབང་གི་རྒྱལ། །གཏུམ་ཆེན་གར་དགུའི་ཉམས་ཀྱིས་རྣམ་རོལ་བར། །རྟོགས་བརྗོད་སེནྡྷུ་རྒྱ་མཚོ་ཆེར་གྲགས་པ། །རྡོ་རྗེ་བདུད་འཇོམ་ལ་གསུངས་ཞིང་བཀོད་དང༌། །སྐབས་སུ་བབས་པའི་འཕྲོས་དོན་ངོ་མཚར་བ། །བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱིས་བསྐོར་བས། །མགོན་པོ་གང་གི་འགྲོ་འདྲེན་དམ་བཅིའི་ཁུར། །འཛིན་པར་འདོད་པའི་སེམས་བསྐྱེད་ཀྱིས་དྲངས་ནས། །ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པའི་སྐུར། །འགྲུབ་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །གཡོན་ལྔ་པའི་གཙོ་བོའི་སྐྱ་བྲིས་(༦བ)


GLG021_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞུག་ཚགས་ལྷ་ས་འཇམ་དབྱངས་དབང་པོ། འཁོར་གྲ་སྡིངས་མི་འགྱུར། ཚོན་མདངས་མཁར་རྩེ་དགེ་བསྙེན་རྒྱལ་པོ། གཞུག་སྒྱོང་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གསེར་རིས་ལྷ་ས་ལགས་རྟ་མགྲིན་རྣམས་ཀྱིས་བགྱིས། །གཡོན་དྲུག་པ། དུས་ཀྱི་དགྲ་བོ་ཕྱག་རྒྱ་ཟིལ་གནོན་ཆེ། །བན་བོན་བྱད་མའི་གཉེན་པོར་ཁྲོས་པའི་ཞལ། །གནམ་ས་ཙམ་གདངས་རབ་དཀར་མཆེ་བའི་རྩེར། །ཕས་རྒོལ་ཁོང་ཁྲག་ཝུ་འཕྲེང་འཁྲིག་བྱེད་པར། །མུ་ཁྲི་བཙན་པོར་སྐུ་གསུང་ཐུགས་ཡོན་འཕྲིན། །གསུངས་པའི་གསོལ་འདེབས་སིནྡྷུ་རྒྱ་མཚོ་ཆུང༌། །གདངས་དབྱངས་བྱ་ཚུལ་སོ་སོར་ཞལ་གདམས་སྩལ། །བཀྲ་བཟང་ཞིང་སྐྱོང་རྣམས་ཀྱིས་ཡོངས་བསྐོར་བས། །ཡིད་ཀྱི་གདུང་ཤུགས་རྒྱུད་མངས་གླུ་ཇི་བཞིན། །རྩེ་གཅིག་གསོལ་བ་བཏབ་པས་གནས་ལྔ་ལས། །སྤྲུལ་པ་ལེགས་བསྟན་དང་མཚུངས་བྱིན་རླབས་རྣམས། །བདག་སོགས་འགྲོ་བ་ཀུན་ལ་འཇུག་པར་ཤོག །གཡོན་དྲུག་པའི་གཙོ་བོའི་སྐྱ་བྲིས་དང་གཞུག་ཚགས་ལྷ་ས་འཇམ་དབྱངས་དབང་པོ། འཁོར་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། ཚོན་མདངས་མཁར་རྩེ་དགེ་བསྙེན་རྒྱལ་པོ། གཞུག་ཚགས་དབུ་ཆུང་འོ་རློན་ནས། གསེར་རིས་འཕྲང་འགོ་དཀོན་ཅོག་རྣམས་ཀྱིས་བགྱིས། གཡོན་བདུན་པ། གསང་འཛིན་ལག་ན་རྡོ་རྗེའི་ཐུགས་ཀ་རུ། །མཚོ་སྐྱེས་རྡོ་རྗེ་སྨན་པའི་རྒྱལ་པོའི་ཚུལ། །མཁའ་ལྡིང་བྱ་ནག་དུག་སྨན་ལྟོ་འགྲོ་དང༌། །རྒོད་གཡུང་ཕག་རྒོད་ཆོ་འཕྲུལ་མཐའ་ཀླས་པར། །ལྷ་སྲས་ལ་གསུངས་བསམས་པ་ལྷུན་གྲུབ་མའི། །ལས་ཚོགས་བཅུ་གསུམ་སླར་ཡང་རྔ་ཡབ་ནས། །སློབ་(༧ན)


GLG021_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བོད་རྗེས་འཛིན་པར་བྱོན་ཚུལ་དང༌། །དཔལ་ལྡན་ལྷ་མོ་ནོར་བཟང་གིས་བསྐོར་བས། །ས་ནད་གཉན་རྒོད་རིམས་ཀྱི་འཚེ་བ་ཀུན། །ཚ་གྲང་ཉི་ཟླ་བརྡབས་པས་ཆེར་འཐག་ཅིང༌། །འདི་ཕྱི་བར་དོའི་གནས་སྐབས་མ་ལུས་པ། །བསམས་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །གཡོན་བདུན་པའི་གཙོ་བོའི་སྐྱ་བྲིས་དབུ་འབྲིང་ཕོ་བྲང་ཕུན་ཚོགས། གཞུག་ཚོགས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ། ཞིང་བཀོད་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གཞུག་ཚགས་རོང་པ་བསོད་རྒྱལ། གསེར་རིས་ལྷ་ས་ལགས་རྟ་མགྲིན་རྣམས་ཀྱིས་བགྱིས། གཙོ་ཐང༌། བ་སྦུའི་བུ་ག་ཀུན་ནས་མེ་དཔུང་དང༌། །ལྷན་ཅིག་ཁྲོ་ཚོགས་ཉི་མའི་ཟེར་རྡུལ་ལྟར། །འཕྲོས་པས་སྟོང་གསུམ་འབྱུང་པོའི་སྦུར་མ་རྣམས། །བསྲེག་མཛད་རྟ་མཆོག་རོལ་པ་ཁྲོ་བོའི་རྒྱལ། །ལྷ་ཁྱོད་དྲན་པའི་མོད་ལ་ཡོན་སྦྱོར་བདག །མི་ནོར་རིགས་བརྒྱུད་བཅས་པར་འཚེ་བའི་བགེགས། །གནོད་བྱེད་སྡེ་བརྒྱད་ཐམས་ཅད་ཚར་བཅད་ནས། །རྟ་སྐད་གཅིག་གི་འོག་ཏུ་ཟིལ་གྱིས་གནོན། །འབོད་གྲོགས་གྲོང་ཁྱེར་དབུས་ན་སྲིན་པོའི་རྒྱལ། །པདྨ་ཐོད་ཕྲེང་དྲག་པོའི་རོལ་གར་ཅན། །ཁྱོད་ཀྱིས་བྱང་ཆུབ་བར་དུ་རྗེས་བཟུང་སྟེ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །གཙོ་བོའི་སྐྱ་བྲིས་དབུ་འབྲིང་ཕོ་བྲང་ཕུན་ཚོགས། འཁོར་གྲ་སྡིངས་མི་འགྱུར། གཞུག་ཚགས་དབུ་འབྲིང་ལྷ་ས་འཇམ་དབྱངས་དབང་པོ་དང་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ། གསེར་རིས་ལྕང་སྲུང་ཁང་རིན་ཅེན་རྡོ་རྗེ་རྣམས་ཀྱིས་བགྱིས། །འདུས་མ་བྱས་(༧བ)


GLG021_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་རིག་ཆོས་སྐུའི་རྩལ། །རྣམ་དག་དབྱིངས་ཀྱི་སྒྲོན་མར་ལོངས་སྐུའི་ཞིང༌། །མྱུལ་བས་བླ་མེད་ཡེ་ཤེས་ཕུན་ཚོགས་པ། །འཁྲུལ་མེད་སྤྲུལ་པའི་ཟློས་གར་མྱུར་འབྱོན་ཤོག །ཨོཌི་ཡ་ཎའི་མཁན་པོའི་ཐུགས་ཀྱི་བཅུད། །ཆོས་རྒྱལ་རཏྣ་གླིང་པའི་ཟབ་མོའི་གཏེར། །སླར་ཡང་འཛིན་ཞིང་སྤེལ་བའི་སྤྲུལ་པའི་གར། །རྩ་གསུམ་ཐུགས་རྗེའི་མཐུ་ཡིས་མྱུར་འགྲུབ་ཤོག །དྨ་ཀ་རས་དམ་ལ་ཉེར་བཏགས་པ། །མཐུ་ལྡན་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །གློ་བུར་བཅས་པས་རྩེ་གཅིག་གསོལ་བཏབ་པའི། །འབྲས་བུ་ཇི་བཞིན་དུས་སུ་སྨིན་པར་མཛོད། །ཅེས་པའང་དགེ་སློང་ཡེ་ཤེས་ཕུན་ཚོགས་ཀྱི་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དབང་པོའོ། །སྐྱབས་གནས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །ཚེ་དབང་རིགས་འཛིན་གྲུབ་པའི་ཕྱག་སོར་གྱིས། །ལེགས་བཏེག་བུམ་བཟང་ལས་འོངས་མཐོ་རིས་ཆབ། །བདུད་རྩི་སྙིང་གི་དཔལ་བེར་འཁྱིལ་བར་མཛོད། །ཟིལ་གནོན་བཞད་པའི་ཆེ་མཆོག་འདུས་པ་རྩལ། །གང་ཤར་ཆོས་ཀུན་རང་སར་ཡོངས་གྲོལ་བ། །ཀ་དག་དབྱིངས་སུ་ལྷུན་གྲུབ་འོད་ལྔའི་གདངས། །སྤྲུལ་པའི་ཟེར་ཕྲེང་འཕོ་མེད་བརྟན་པར་ཤོག །སངས་རྒྱས་བསྟན་པ་རྒྱ་མཚོའི་གོས་ཅན་གཞིར། །རྒྱས་མཛད་མི་དབང་སྐུ་ཚེ་མངའ་ཐང་དང༌། །ཆབ་སྲིད་འཕེལ་ཞིང་ལུགས་གཉིས་བཀའ་ཁྲིམས་ཀྱིས། །འབངས་རྣམས་རྫོགས་ལྡན་དགའ་སྟོན་ལ་འགོད་ཤོག །རྒྱལ་དབང་པདྨའི་ལུང་བཞིན་ཤ་འུག་གི །ཟབ་ཆོས་སྒོ་ཕྱེ་སྤྲུལ་སྐུ་གཏེར་བདག་གླིང༌། །སྐུ་ཚེ་འཕྲིན་(༨ན)


GLG021_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཐར་ཕྱིན་རང་སྐལ་གཏེར། །བསྟན་འགྲོའི་དོན་དུ་སླར་ཡང་བཞེས་པར་ཤོག །ཚེ་རིང་གནམ་གྱི་ལུང་གིས་ཡངས་པའི་ས། །སྟོབས་ཀྱི་འཁོར་ལོས་མངོན་པར་སྒྱུར་བ་ཡིས། །དགའ་ལྡན་ཕོ་བྲང་ཆོས་དང་སྲིད་ཀྱི་བསྟན། །རྒྱ་ཧོར་བོད་ཁྱབ་འཕེལ་ཞིང་བརྟན་པར་ཤོག །གཏེར་གསར་བཤད་སྒྲུབ་ལུགས་འཛིན་སྨིན་གྲོལ་གླིང༌། །ཐོས་བསམ་སྒོམ་དང་སྲིད་ཞིའི་ཡོན་ཏན་ཚོགས། །བླ་ནས་བླར་འཕེལ་གངས་ཅན་བདེ་སྐྱིད་སྲོག །སྔ་འགྱུར་བསྟན་པའི་རྒྱན་དུ་མཛེས་པར་ཤོག །རིགས་འཛིན་རྩ་བརྒྱུད་བླ་མའི་ཐུགས་རྗེ་དང༌། །བདེ་གཤེགས་རྒྱལ་བ་ཞི་ཁྲོའི་བྱིན་རླབས་མཐུ། །འབར་མ་མ་ནིང་བསྟན་སྲུང་རྒྱ་མཚོ་ཡིས། །སྨོམ་ལམ་ཅི་བཏབ་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པའང་ཆོས་རྗེ་ཀུན་དགའ་ཚུལ་ཁྲིམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་བློ་བཟང་དབང་པོའོ། །ངག་ལ་སྨྲ་བའི་དབང་པོར་དབྱངས་ཅན་ལྷས། །གཟེངས་སྟོད་བློ་གྲོས་བཟང་པོའི་ཟ་མ་ཏོག །གཙུག་ལག་རྒྱ་མཚོར་འཁྱིལ་བས་འཇམ་དཔལ་དབྱངས། །དགའ་བའི་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །བསྐལ་པར་སྐྱིལ་མོ་ཀྲུང་གཅིག་རྡོ་རྗེའི་ཁྲིར། །བཅས་ཏེ་བདག་སོགས་ཡིད་ཅན་མཐའ་དག་གི །མགོན་སྐྱབས་གླིང་དང་དཔུང་དུ་རྟག་བཞུགས་ནས། །ཐུགས་རྗེའི་བྱིན་རླབས་སྙིང་དབུས་འཇུག་པར་ཤོག །ཆོས་བཞིན་སྤྱོད་པའི་འདོད་དོན་མ་ལུས་པ། །འབད་རྩོལ་དག་ལ་བལྟོས་མིན་ལྷུན་གྱིས་གྲུབ། །ཉིང་མཚམས་སྦྱར་ཚེ་གྲུ་འཛིན་རི་བོའི་སྤོར། །སྐྱེས་ཏེ་ཕྱག་ན་པདྨ་རྗེས་བཟུང་ཤོག །ཅེས་པ་འདི་ཡང་བླ་མ་ངག་དབང་དོན་ལྡན་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །བ་སོ་སྤྲུལ་སྐུ་ངག་གི་(༨བ)


GLG021_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མཆོག །དཀོན་མཆོག་ཉི་མའི་ཐུགས་དམ་རྟེན་ཐང་འདི། །བཞེངས་པས་སྲིད་ཞིའི་བཞེད་དོན་ལྷུན་གྲུབ་སྟེ། །འགྲོ་ཀུན་བྱང་ཆུབ་ཆེན་པོར་འདྲེན་གྱུར་ཅིག །ཅེས་པའང་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་དཀོན་ཅོག་ཉི་མའི་ཐུགས་དམ་རྟེན་གྱི་རྒྱབ་ཡིག་ཤློཀ་གཅིག་པ་ཞིག་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཐང་པའི་གདན་ས་ངག་དབང་དཔལ་བཟང་གིས། །ཚིགས་གསུམ་ནོས་པ་མཁན་པོའི་འདྲ་འབག་འདི། །བསྐྲུན་པའི་དགེ་བས་སྐྱེ་བར་སངས་རྒྱས་ཀྱི། །རྗེས་སུ་ཞུགས་ནས་བྱ་བ་བྱེད་པར་ཤོག །བསྟན་རྩ་སོ་ཐར་འདུལ་ཁྲིམས་མཆོག་ཏུ་གཙང༌། །རླབས་ཆེན་སྤྱོད་པས་རིས་མེད་འགྲོ་རྣམས་འདྲེན། །གསང་སྔགས་ཐེག་པ་ཉེ་བའི་ལམ་བརྒྱུད་དེ། །འགྲོ་ཀུན་བཅུ་གསུམ་རྡོ་རྗེའི་སར་ཁྲིད་ཤོག །ངག་གི་དབང་ཕྱུག་ཐང་པའི་ལུང་རྟོགས་གཉིས། །སྤེལ་བར་དཔལ་ལྡན་བཟང་པོའི་སྐལ་བ་ཅན། །གྲུབ་རིགས་ཡོངས་ཀྱི་བསྟན་ལ་འཕྲིན་ལས་རྣམས། །དབྱར་མཚོ་ལྟ་བུར་འཕེལ་ཞིང་རྒྱས་པར་ཤོག །ཅེས་སྟག་ལུང་གདན་ས་པ་ཀ་དྲུག་པ་ངག་དབང་དཔལ་བཟང་གིས་ངེད་རང་གི་གཟུགས་བརྙན་འབྲི་བར་མཛད་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །རྒྱལ་ཀུན་འདུས་པ་རྔ་ཡབ་གླིང་པ་ཡི། །ཐུགས་རྗེའི་ཉི་མའི་འོད་ཀྱིས་མཚུན་ལྷའི་མུན། །མཐར་བྱས་འཆི་མེད་གྲུབ་པའི་ཕན་དང་བདེའི། །སྣང་བ་དམ་པས་ཁམས་གསུམ་ཡོངས་ཁྱབ་ཤོག །ཐ་སྙད་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ཆེ། །སྨྲ་མཁས་ངག་གི་དབང་ཕྱུག་ཆོས་རྣམས་ལ། །འཆད་རྩོད་རྩོམ་པའི་དཔལ་གྱིས་དབང་འབྱོར་བ། །འཇིག་རྟེན་མིག་གཅིག་བསྐལ་བརྒྱར་ཞབས་བརྟན་ཤོག །སྒྲུབ་སྡེ་བརྒྱད་དང་འབར་མ་མ་(༩ན)


GLG021_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ནིང་སོགས། །ཡི་དམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །རིགས་འཛིན་ཆོས་རྗེར་སྔར་གྱི་སྲི་ངན་ཀུན། །རབ་ཞི་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །ལོ་ཆེན་ངག་དབང་ཆོས་དཔལ་གྱི་བརྟན་བཞུགས་ཤིག་དགོས་ཞེས་ཆོས་མཛད་ངག་དབང་འཕྲིན་ལས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །བཻཌཱུཪྻ་མདོག་མཚན་དཔེའི་གཟི་འབར་བ། །ཐུགས་སྤྲུལ་མི་བསྐྱོད་རྡོ་རྗེ་ལྷུང་བཟེད་བསྣམས། །དཔལ་ལྡན་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེ། །ཚངས་པའི་དབྱངས་ཀྱིས་ལེགས་གསུངས་སྟོན་པ་པོ། །དེ་བཞིན་སྐུ་དང་ཡོན་ཏན་གསུང་སྤྲུལ་ལ། །གཡུ་ཐོག་རྙིང་མའི་གདུང་རབས་རྣམ་པར་ཐར། །སྐལ་བཟང་ཡིད་ཆེས་བསྐྱེད་པའི་ངོ་མཚར་གཏམ། །འཁྲུལ་མེད་ཞིང་བཀོད་མིག་གི་བདུད་རྩིའི་དཔྱིད། །དགེ་འབྲས་གསོ་དཔྱད་མ་དྲོས་མཚོ་ཆེན་ལས། །ལྷ་མི་དྲང་སྲོང་མུ་སྟེགས་ཚེའི་རིག་བྱེད། །ཆུ་ཀླུང་རྣམ་བཞིས་འགྲོ་བའི་དུག་གསུམ་པོ། །དེས་བསྐྱེད་ནད་ཀྱི་རྙོག་དྲི་ཡོངས་འཁྲུད་ཤོག །སྨན་རྒྱལ་རིགས་འདུས་གཡུ་ཐོག་ལེགས་བཤད་ཀྱི། །བདུད་རྩི་སྐྱེ་བར་བཏུངས་པས་ཐར་པ་དང༌། །ཀུན་མཁྱེན་ཡེ་ཤེས་ལྕགས་ཀྱི་སྲོག་རྩ་ཡིས། །འཆི་མེད་གཏན་གྱི་མདུན་མ་འགྲུབ་བྱིན་རློབས། །གསོ་རིག་རིང་ལུགས་སྲིད་མཐར་འཕེལ་ཞིང་རྒྱས། །བསྟན་དང་དེ་འཛིན་སྐྱེས་བུ་ཞབས་པད་བརྟན། །ས་སྤྱོད་སྐུ་ཚེ་ཆབ་འབངས་མངའ་ཐང་དར། །འཇིག་རྟེན་ཀུན་ཏུ་བདེ་སྐྱིད་འབྱུང་བར་ཤོག །ཡོན་སྦྱོར་དར་མོ་དཔོན་ཚང་སྨན་རམས་པའི། །འདི་ཕྱི་གཏན་གྱི་ལེགས་ཚོགས་(༩བ)


GLG021_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །བསམ་དོན་ཇི་བཞིན་འབད་མེད་ལྷུན་གྲུབ་པར། །སྨན་བླ་དྲང་སྲོང་བརྒྱུད་པས་ཐུགས་རྗེས་ཟུངས། །འགྲོ་ལ་སྲོག་འཚོ་མི་འཇིགས་སྦྱིན་པའི་སྨན། །རབ་བསྐྲུན་གཙུག་ལག་པཻཌཱུཪྻ་ཡི་འཕྲེང༌། །བཤད་སྒྲུབ་སྲད་བུར་བརྒྱུས་ནས་ཆད་མེད་དུ། །འཇིག་རྟེན་གསུམ་གྱི་བསོད་ནམས་དཔལ་འབར་ཤོག །ཅེས་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྟོན་པ་ལྔ་ལ་གཡུ་ཐོག་གསར་རྙིང་གི་རྣམ་ཐར་གྱིས་བསྐོར་བ། རྣམ་སྲས་གཙོ་འཁོར། སྨན་བླ་དང་སྒྲོལ་དཀར་སོ་སོར་སྟོང་ཐང་རེ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །རབ་དཀར་སྐུ་སྤྲུལ་རྣམ་པར་སྣང་མཛད་ལྷ། །འཁོར་ལོ་ལྷུང་བཟེད་འཛིན་པས་བཤད་པའི་རྒྱུད། །ཇི་ལྟར་སྩལ་བའི་ཚིགས་དོན་མ་ལུས་པ། །སྐལ་ལྡན་འགྲོ་བ་ཀུན་གྱིས་རྟོགས་པར་ཤོག །ཡོན་ཏན་སྤྲུལ་པ་རིན་ཅེན་འབྱུང་ལྡན་ཆེ། །ནོར་བུ་ལྷུང་བཟེད་བསྣམས་པས་མན་ངག་རྒྱུད། །གསུངས་ལྟར་འགྲོ་བའི་གཙུག་ནས་རྐང་མཐིལ་བར། །ནད་རྣམས་འཇོམས་པའི་སྨན་གྱི་ལྗོན་པར་ཤོག །མདོག་དམར་སྣང་མཐའ་གསུང་སྤྲུལ་ཞུ་བ་པོ། །པདྨ་ལྷུང་བཟེད་འཛིན་པས་སླད་མར་ཡང༌། །རིགས་ལྔ་འདུས་པས་སྨན་གྱི་བླ་མ་ལ། །ཆོས་འཁོར་ཆད་མེད་རྟག་ཏུ་བསྐུལ་གྱུར་ཅིག །མདོག་ལྗང་འཕྲིན་ལས་སྤྲུལ་པ་དོན་གྲུབ་རིགས། །རྒྱ་གྲམ་ལྷུང་བཟེད་འཛིན་པས་ཕྱི་མའི་རྒྱུད། །གསུངས་པ་ཇི་བཞིན་སྨན་དཔྱད་ཐོག་མདའ་ཡིས། །ནད་གདོན་བྲག་རི་ཕྱེ་མར་འཐག་པར་ཤོག །བརྒྱ་ཕྲག་ཉི་མའི་(༡༠ན)


GLG021_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱང་ཟིལ་གནོན་པ། །ངལ་བསོས་པོ་ཡི་ཞལ་དང་ནེའུ་ལེའི་ཁར། །བབས་པའི་ཕུན་ཚོགས་འདོད་དགུའི་ཆར་ཆེན་པོས། །དབུལ་བའི་སྡུག་བསྔལ་མཐའ་དག་དྲུངས་འབྱིན་ཤོག །ཐུགས་རྗེ་སྙིགས་མའི་དུས་འདིར་ཆེར་ལྷག་པ། །སྨན་གྱི་བླ་མའི་སྐུ་བརྙན་སྟོང་ཕྲག་གི །གྲངས་ལྡན་བཞེངས་པས་སྲིད་དང་ཞི་བ་ཡི། །བདེ་སྐྱིད་དཔལ་ལ་སྤྱོད་པར་བྱིན་གྱིས་རློབས། །སྤྱན་བདུན་གཟིགས་པའི་མོད་ལ་ཉི་བུའི་དཔུང༌། །མཁའ་མཐར་བསྐྲད་དེ་འཆི་མེད་བདུད་རྩིའི་སྲོག །འཚོ་བ་དོན་ལྡན་སྟེར་བའི་སྟོང་ཕྲག་སྐུ། །བཞེངས་མཐུས་ཚེ་སྦྱིན་ལྷ་མོས་རྗེས་ཟུངས་ཤིག །ཚེ་དཔག་མེད་མགོན་ཕྱག་གི་བུམ་བཟང་ལས། །འཆི་མེད་ཟིལ་མངར་ཆུ་རྒྱུན་རབ་སྦྲེངས་ཏེ། །སྤྲུལ་སྐུ་ངག་དབང་ཀུན་དགའ་བདེ་ལེགས་ལ། །མི་འགྱུར་གཡུང་དྲུང་ལྟར་བརྟན་དབང་བསྐུར་སྩོལ། །མཁའ་འགྲོ་སྡེ་ལྔ་སྣང་སྲིད་ལྷ་འདྲེ་ཡིས། །ཞིང་གཞན་འདྲེན་པའི་བསུན་མ་ཕྱིར་བཟློག་ནས། །དཔལ་ལྡན་བླ་མ་རྡོ་རྗེ་མཁའ་འགྲོའི་སྐུར། །སྲ་བརྟན་ཁྲི་ལ་གཡོ་བ་མེད་པར་ཤོག །བདེ་བ་ཅན་དང་པདྨ་འོད་ཞིང་མགོན། །ཚེ་མཐའ་ཡས་པའི་ངོ་བོ་ཐོད་ཕྲེང་རྩལ། །ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཕུང་དབབ་ཏུ་གསོལ། །མཚན་བཅས་མཚན་མེད་རྣམ་པར་དཀར་བ་ཡི། །རྒྱ་ཆེ་རིམ་གྲོའི་ས་བོན་ཡོངས་སྨིན་ལས། །སྐུ་ཚེའི་སྙེ་མ་དར་དྲག་འབྲས་བུ་ལ། །སྐལ་བཟང་གདུལ་བྱ་ཀུན་གྱིས་ལོངས་སྤྱོད་ཤོག །ཐུབ་བསྟན་སྲུང་བར་ཞལ་བཞེས་ཡེ་ཤེས་མགོན། །ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་(༡༠བ)


GLG021_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཡིད་སྲུབས་སྡེ་ལས་རྣམ་པར་རྒྱལ་བ་ཡི། །རུ་མཚོན་སྲིད་རྩེར་བསྒྲེང་བའི་འཕྲིན་ལས་མཛོད། །ཅེས་གནས་རྙིང་སྤྲུལ་པའི་སྐུར་བརྗོད་དོན་འདི་ལྟ་བུ་ཡོད་པའི་བརྟན་བཞུགས་ཡང་ཡང་འབུལ་དགོས་ཚུལ་ཐང་སྲས་དང༌། གནས་རྙིང་གི་རྟ་སྒོ་ལྷ་བཙན་གཉིས་ཀྱིས་ལུང་བསྟན་ལྟར་དྲུང་ཆེན་དང་རི་བོ་བདེ་ཆེན་གྱི་དབུ་མཛད་ཀྱིས་བསྐུལ་མ་བྱུང་བ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །དགེ་འདིས་དཀོན་ཅོག་རྣམ་གསུམ་ཐུགས་རྗེའི་མཐུས། །དགའ་ལྡན་ཕོ་བྲང་ཆོས་དང་སྲིད་ཀྱི་བསྟན། །དེ་འཛིན་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །བསྐལ་བརྒྱར་ཞབས་ཟུང་རྡོ་རྗེ་ལྟར་བརྟན་ཤོག །ས་ཡི་དབང་ཕྱུག་སངས་རྒྱས་རྒྱ་མཚོ་ཡི། །སྐུ་ཚེ་མངའ་ཐང་ཆབ་སྲིད་མ་ལུས་པ། །རྣམ་མང་ཐོས་པའི་སྲས་ལ་འགྲན་ནུས་པར། །བླ་མ་ཡི་དམ་སྲུང་མས་བྱིན་གྱིས་རློབས། །ལྷག་བསམ་སྟོན་ཟླ་ལྟར་དཀར་རྒྱུ་སྦྱོར་བ། །འདིར་སྣང་ཚེ་རིང་ནད་མེད་བདེ་སྐྱིད་འཕེལ། །སྐྱེ་བར་ལྷ་མིའི་རྟེན་བཟང་ཉེར་བརྒྱུད་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག །ཅེས་པ་འདིའང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་རིས་མེད་ལ་མང་བཀོལ་དུས་ཚོགས་འདོན་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཟ་ཧོར་རིགས་ལས་ཚངས་སྲས་མ། །བཞད་པའི་རྡོ་རྗེའི་འདྲ་འབག་འདི། །བསྐྲུན་པས་ངག་དབང་ཀུན་ཏུ་དགའ། །ཕུན་ཚོགས་བདེ་ལེགས་བརྟན་ཁྱབ་ཤོག །བརྒྱ་ཕྲག་ཟླ་ཞུན་(༡༡ན)


GLG021_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པས་བསྒྲུན་མིན་པ། །མཚར་སྡུག་ལང་ཚོའི་དཔལ་གྱི་འཇོ་སྒེག་ཅན། །འཆི་མེད་ཚེ་དཔལ་མཆོག་སྦྱིན་ཕྱག་རྒྱ་ཡིས། །འགྲོ་ཀུན་རྡོ་རྗེའི་སྲོག་ཏུ་འགྲུབ་བྱིན་རློབས། །ལྔ་རིག་གཞུང་བརྒྱར་བརྗོད་པ་རྣམ་དག་ངག །དབང་ཕྱུག་བློ་ཡི་མ་དྲོས་ཀླུང་ཆེན་ལས། །ལེགས་བཤད་རྣམ་བཞིའི་ཆུ་བོ་སྐལ་བཟང་གི །ཐོས་འཛིན་རྒྱ་མཚོའི་ཀློང་དུ་འབབ་པར་ཤོག །ཕས་རྒོལ་འཁྱོག་ཚིག་མཚོན་ཆར་འཇིགས་མེད་པ། །ལུང་རིགས་བཙན་པོའི་གོ་ཆས་ཐུབ་བསྟན་སྲོག །ཡོངས་སྐྱོབ་འཁོར་ལོ་གསུམ་གྱི་ལང་ཚོའི་འཕྲུལ། །སྡེ་བཞིའི་སྒོ་འཕར་རྟག་ཏུ་འབྱེད་པར་ཤོག །འཇམ་དབྱངས་མཁྱེན་པའི་རལ་གྲིས་མ་རིག་རྒྱ། །ཕྲལ་བས་མུན་སངས་དགའ་སྟོན་སྣང་བའི་དཔྱིད། །ཐར་ལམ་གསལ་བྱེད་མཛའ་བཤེས་དཔུང་གཉེན་མཆོག །རྡོ་རྗེའི་ཁྲི་ལ་ནམ་ཡང་གཡོ་མེད་ཤོག །རྒྱལ་ཀུན་ངོ་བོ་རྗེ་བཙུན་བཙོང་ཁ་པའི། །བཤད་སྒྲུབ་བསྟན་པ་རབ་སྤེལ་ཆོས་དང་སྲིད། །ཟུང་འབྲེལ་ཁྲིམས་ཀྱིས་གྱེན་འདེགས་མི་ཡི་དབང༌། །སྐུ་ཚེ་མངའ་ཐང་ཆབ་འབངས་དར་བར་ཤོག །ཉོན་མོངས་དགྲ་བཅོམས་སྦས་ཏི་ཆེན་པོ་ཡིས། །ལེགས་བཏབ་སྐྱེ་བ་ལུང་གི་ཆོས་ཀྱི་སྡེ། །བྱམས་མགོན་བསྟན་པ་མ་ཤར་དེ་སྲིད་དུ། །སཱ་ལའི་སྨན་ལྗོངས་མཛེས་པའི་རྒྱན་དུ་ཤོག །ཀུན་བཟོད་རབ་ཡངས་ཕ་མཐའ་བསོད་ནམས་ཀྱི། །དོ་རར་ཡོངས་སུ་ཆུད་པ་འཇིག་རྟེན་འདིར། །ནད་མཚོན་དབུལ་སོགས་ལྔ་བདོའི་ཆད་པ་རྣམས། །ཉེར་ཞི་སིམ་པའི་ཚོར་བ་རྟག་མྱོང་ཤོག །འདིས་མཚོན་དུས་གསུམ་ཡོངས་བསགས་རྣམ་དཀར་གྱི། །ས་བོན་(༡༡བ)


GLG021_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་དྲོད་གཤེར་གྱིས་སྨིན་ཏེ། །ས་བཅུ་ལམ་ལྔ་ཛམྦུ་ཏྲི་ཤའི་འབྲས། །ཀུ་བའི་གསེར་གྱི་སྙེ་མར་འགྱུར་བར་ཤོག །རྣམ་འདྲེན་དེའི་གསུང་ལེགས་འཛིན་སྐྱེ་འཕགས་ཚོགས། །ལྷ་དང་དྲང་སྲོང་བདེན་པའི་ཚིག་ལ་དབང༌། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུས། །རེ་བའི་འདོད་དོན་མ་ལུས་འགྲུབ་པར་ཤོག །ཅེས་བདེན་པ་བརྗོད་པའི་ཚིགས་སུ་བཅད་པ་འདི་ནི་ཁྱམས་པ་སློབ་དཔོན་བཀྲ་ཤིས་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །པདྨ་འདབ་རྒྱས་རྗེས་འགྲོ་དངུལ་དཀར་སྡེར། །སྲང་གྲངས་བཅུ་བཞི་ལས་གྲུབ་བ་ལིཾ་སྣོད། །དཔལ་འབྱོར་རྒྱ་མཚོས་རྩ་གསུམ་སྤྱན་སྔ་རུ། །ཕུལ་དགེས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཕན་བདེ་ལེགས་བཤད་གླིང་གི་དགེ་སྐོས་ཐོག་སྤྱི་རྫས་སུ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །སངས་རྒྱས་ཀུན་དངོས་རྗེ་བཙུན་ཙོང་ཁ་པའི། །སྐུ་བརྙན་དགེ་སློང་དཔལ་འབྱོར་རྒྱ་མཚོ་ཡིས། །གསེར་ཟངས་ལས་གྲུབ་བཞེངས་པས་ཚེ་རབས་ཀུན། །འབྲལ་བ་མེད་པར་རྗེས་སུ་འཛིན་པར་ཤོག །ཅེས་པའང་ཟ་ཧོར་བནྡེས་བཀོད། །སྡོམ་བརྩོན་དཔལ་འབྱོར་རྒྱ་མཚོས་གསེར་ཟངས་རྒྱུར། །ཉེར་བཞེངས་འཇམ་དབྱངས་དགའ་བའི་བཤེས་གཉེན་གཟུགས། །བསྐྲུན་པས་དད་པའི་རིན་ཅེན་ཐེམ་སྐས་ལ། །འཛེགས་ནས་ངེས་ལེགས་གྲོང་དུ་བགྲོད་པར་ཤོག །ཅེས་པའང་ཟ་ཧོར་བནྡེས་བཀོད། །མཁྱེན་བརྩེ་ནུས་(༡༢ན)


GLG021_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་སངས་རྒྱས་གར་གྱི་དབང༌། །བདེན་གཉིས་ཆོས་ཕུང་དབྱངས་སྙན་ཚེ་ཡི་གཟུངས། །རིག་གྲོལ་དཔལ་ལྡན་རྒྱལ་སྲས་དགེ་འདུན་ཏེ། །མཆོག་གསུམ་ཐུགས་རྗེའི་གཟི་འོད་དེང་འབར་མཛོད། །གཙུག་ལག་བྱེ་བར་བརྗོད་པ་རྣམ་དག་ངག །དབང་ཕྱུག་གྲུབ་པའི་བློ་གྲོས་སྐལ་བཟང་གི །རྣམ་འདྲེན་བཞི་པའི་རིང་ལུགས་རྒྱ་མཚོའི་གཏིང༌། །དཔོགས་ནུས་འཇིགས་མེད་བཤེས་གཉེན་རྟག་བརྟན་ཤོག །ཐོས་བསམ་སྒོམ་པའི་གོ་ཆ་བཙན་པོ་ཅན། །ཐུབ་བསྟན་རུ་བཞིའི་དཔུང་གིས་བདུད་ཚོགས་ཀྱི། །གཡུལ་ལས་རྒྱལ་བའི་ལང་ཚོ་དར་དྲག་པའི། །སྡེ་བཞིའི་སྒོ་འཕར་འབྱེད་ཕྱིར་སླུ་མེད་ཤོག །མ་རིག་མུན་སངས་ཆོས་ནོར་འདོད་ཐར་ལ། །འཇུག་པའི་བློ་རྒྱས་ལུགས་གཉིས་རྒྱ་མཚོའི་མཐའ། །མཁྱེན་དཔྱོད་རྫིངས་ཀྱིས་བརྒལ་ནས་བདེ་སྐྱིད་དབྱིག །འདྲེན་པའི་ས་དབང་གཡུང་དྲུང་ལྟར་བརྟན་ཤོག །དགའ་བ་བརྒྱ་པའི་རྗེས་འགྲོ་རྫོགས་ལྡན་གྱི། །རྣམ་ཐར་སྒོ་བཞི་ཕྱེ་བའི་ཕོ་བྲང་ཆེའི། །ཁྲིམས་གཉིས་གསེར་འཁོར་ཛམྦུའི་ལྗོན་པ་ཡིས། །མཚན་པའི་ཀུན་བཟོད་ལྟོ་བར་རྟག་བསྒྱུར་ཤོག །ཉི་མའི་གཉེན་གྱི་ལུང་རྟོགས་དམ་པའི་ཆོས། །འཁྲུལ་བྲལ་ཚུལ་བཞིན་འཛིན་པའི་མདོ་རྒྱུད་སྡེ། །ཀློག་དང་སྤོང་བ་ལས་ཀྱི་འཁོར་ལོའི་རྒྱུན། །སྲིད་མཐའ་དེ་སྙེད་ཚད་མེད་འཕེལ་བར་ཤོག །དབུལ་ཕོངས་འཐབ་རྩོད་ནད་མཚོན་དུས་མིན་དུ། །འཆི་སོགས་ཆེར་སྙིགས་ལྔ་བདོའི་ཆད་པའི་མུན། །ཕ་མཐར་བྱེད་པ་ལེགས་བྱས་རྟ་བདུན་ཅན། །འཇིག་རྟེན་ཁམས་ཀྱི་དགུང་དུ་འཆར་བར་ཤོག །སྒོ་གསུམ་ཉེར་(༡༢བ)


GLG021_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྨན་སྔགས་མཐུ་ནུས་འགྲུབ། །ལྷ་མིན་འབྱུང་པོ་རང་རྒྱུད་ཞི་ཞིང་དུལ། །ལོ་ཏོག་རྩི་བཅུད་ཚོང་གི་ཁོ་སྤོགས་འཕེལ། །སྲིད་འབྱོར་ཡོངས་འདུའི་སྙེ་མ་གཡུར་ཟ་ཤོག །མང་ཐོས་དོན་བསམ་སྒོམ་པའི་ཐེམ་སྐས་ལ། །ངེས་འབྱུང་བྱང་སེམས་སྟོང་ཉིད་བསྐྱེད་རྫོགས་ཀྱི། །གོམ་སྟབས་ལྷོད་པོར་འཛེགས་ནས་སྐུ་བཞི་དང༌། །ཡེ་ཤེས་ལྔ་ལྡན་གྲོང་དུ་བགྲོད་པར་ཤོག །འདིའི་ཆེད་ཡོན་སྦྱོར་གྱིས་མཚོན་བདག་གཞན་གྱི། །དུས་གསུམ་བསགས་པའི་ལེགས་བྱས་ཇི་སྙེད་པ། །ནམ་མཁའི་མཐས་ཀྱང་གཞལ་དཀའི་ལུས་ཅན་རྣམས། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་རྒྱུར་བསྔོ། །དཀོན་ཅོག་རིན་ཅེན་རྣམ་གསུམ་ཐུགས་རྗེ་དང༌། །བཅུད་ལྡན་རིག་འཛིན་དྲང་སྲོང་བདེན་པའི་ཚིག །རྟེན་འབྲེལ་སླུ་མེད་མཐུ་ཡིས་འགྲོ་ཀུན་ལ། །ཡོངས་ཁྱབ་ཕན་བདེའི་བཀྲ་ཤིས་འདོད་འཇོ་ཤོག །ཅེས་པ་འདིའང་དབུས་གཙང་གི་གྲུབ་མཐའ་རིས་སུ་མ་ཕྱེ་བ་མཐའ་དག་གིས་མགྲིན་གཅིག་ཏུ་བདེན་ཚིག་བརྗོད་བདེ་བ་ཞིག་བརྩམས་ནས་འཛུགས་དགོས་ཞེས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ན་ལནྡཱའི་བཅོ་བརྒྱད་ཆོས་རྗེ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་བཀྲས་བཏགས་ཉིན་མོ་བདེ་ལེགས་མ། གོས་ཕྱི་ནང་རྟ་སོགས་དགུ་ཚན་གྱི་མཎྜལ་དང་བཅས་འབད་རྩོལ་ཆེན་པོའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེ་ཚངས་སྲས་བཞད་པའི་རྡོ་རྗེ་ལྕགས་མོ་བྱ་ལོ་ཆོ་འཕྲུལ་གྱི་ཟླ་བའི་ཡར་ཚེས་དགེ་བར་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་ལོ་ཙཱ་བས་བགྱིས་པ་སིདྡྷི་རསྟུ། །ནམ་མཁའི་(༡༣ན)


GLG021_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་རྣམས་གཞན་དུ་མ་གྱུར་བར། །མི་ཤིགས་སྐྱིལ་ཀྲུང་གཅིག་བཅས་ཚེ་དཔག་མེད། །མཛོད་སྦུའི་ཟེར་གྱིས་སྲིད་འཁྱམས་འགྲོ་ཀུན་གྱི། །དུས་མིན་འཆི་བའི་སྨག་རུམ་མཐར་སྐྲོད་ཅིག །མགྲིན་པར་འཇམ་མགོན་གཞོན་ནུའི་འཇོ་སྒེག་ལ། །ཚངས་སྲས་ལྷ་མོས་ཉེར་འཁྱུད་བཞད་པའི་སྒྲ། །གཞོམ་མེད་རྡོ་རྗེའི་གླུར་ལེན་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོ་བརྟན་པར་ཤོག །རྫོགས་སངས་རྒྱས་བསྟན་རྒྱ་མཚོའི་མཐའ་ཀླས་པར། །བླ་ནས་བླར་འདེགས་གནམ་སའི་དཀྱིལ་འཁོར་ལ། །དབང་ཕྱུག་སྐུ་ཚེ་མངའ་ཐང་ཆབ་སྲིད་གང༌། །རྣམ་ཐོས་བུ་ཡི་མཆེད་པོར་འགྲན་ནུས་ཤོག །བཀའ་བརྒྱུད་གཙུག་རྒྱན་དཔལ་ལྡན་སྒམ་པོ་པའི། །སྤྲུལ་སྐུ་རིམ་པར་བྱོན་རྣམས་མགོན་ཁྱོད་དང༌། །བྲལ་མེད་མཐའ་ཀླས་རྣམ་དཀར་འཕྲིན་ལས་རྒྱུན། །རྒྱ་ཆེར་སྤེལ་བའི་བཞེད་དོན་ལྷུན་གྲུབ་ཤོག །བཤད་སྒྲུབ་བསྟན་པ་ཁ་བའི་སྨན་ལྗོངས་འདིར། །དབྱར་གྱི་ཆུ་གཏེར་ལྟ་བུར་རབ་འཕེལ་ཞིང༌། །འཇིག་རྟེན་ཁམས་སུ་རྫོགས་ལྡན་གསར་པ་ཡི། །བདེ་སྐྱིད་རྩེ་དགའ་ཁོང་ནས་རྒོད་པར་ཤོག །ཀུན་ལ་སྙོམས་པར་འཇུག་པ་མཆོག་གསུམ་གྱི། །ཐུགས་རྗེ་ཉི་མའི་དངོས་བརྒྱ་འབར་བའི་ལུས། །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །སྐྱེ་རྒུའི་བསོད་ནམས་མཁའ་ལ་འཆར་བར་ཤོག །ཅེས་ངེད་རང་དང་སྡེ་པའི་རིང་འཚོ་སྤྲུལ་སྐུ་རིན་པོ་ཆེ་ཉིད་ངོས་ཀྱི་གམ་དུ་འཁྲུངས་ཤིང་ཇི་ལྟར་བཞེད་པའི་འཕྲིན་ལས་བསྒྲུབ་ནུས་པའི་བདེན་ཚིག་སྨོན་ལམ་དང་བཅས་པ་ཞིག་དྭགས་ནང་གི་ཆོས་སྡེ་ཁག་དང་(༡༣བ)


GLG021_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར་མང་ཇ་འགྱེད་བཅས་གང་ལྕོགས་ཐོག་འཛུགས་རྩིས་ཡིན་པས་རྩོམས་ཤིག་པར་དྭགས་ལྷ་སྒམ་པོ་ནས་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་ངེས་དོན་གྲུབ་པའི་ཤིང་རྟ་མཆོག་གི་སྡེའི་གསུང་གིས་བསྐུལ་བ་དང་དུ་བླངས་ཏེ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རྩ་གསུམ་བྱིན་རླབས་རྟེན་འབྲེལ་སླུ་མེད་མཐུས། །ངག་དབང་བློ་བཟང་རྒྱ་མཚོ་བསྐལ་བརྒྱའི་བར། །རྡོ་རྗེ་ལྟར་བརྟན་ཐུགས་རྗེ་བདག་སྙིང་ལ། །ཞུགས་ནས་འདི་ཕྱིའི་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་གཞིས་ཀ་བ་བློ་བཟང་ཆོས་ལྡན་གྱི་ངག་འདོན་དུ་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་བཀོད། ཕན་བདེ་ལེགས་བཤད་གླིང་དུ་ཉེར་གསུམ་སྲང༌། །གྲངས་ལྡན་དངུལ་ཀོང་བློ་བཟང་ཐོགས་མེད་ཀྱིས། །ཕུལ་བས་སྲིད་ཞིའི་མུན་སེལ་ཡེ་ཤེས་ཆེ། །སྒྲོན་མེས་ཟུང་འཇུག་མངོན་སུམ་མཐོང་བར་ཤོག །ཅེས་པའང་རབ་འབྱམས་གྲྭ་སྐོར་གྱི་ཚེ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །མཚན་དཔེ་ཉི་མ་སྟོང་གི་གཟི་བྱིན་གྱིས། །འགྲོ་ལ་ཕན་བདེའི་སྣང་བ་ཆེས་དཀར་བས། །ཆེར་སྙིགས་ལྔ་བདོའི་སྨག་རུམ་མཐར་མཛད་པ། །ཤཱཀྱའི་སྐྱེས་མཆོག་མཐོང་ཐོས་དྲན་ཀུན་གྲོལ། །མགོན་པོ་ཁྱོད་དང་མཉམ་པའི་སྤང་རྟོགས་ཀྱི། །ཡོན་ཏན་ཕ་རོལ་སོན་ཀྱང་གདུལ་བྱའི་ངོར། །ཐེག་དམན་དགྲ་བཅོམ་ཚུལ་འཛིན་གནས་བརྟན་ཆེ། །བཅུ་དྲུག་བསྟན་པའི་མཐའ་རྙེད་མངོན་སུམ་བཞུགས། །རྒྱལ་དང་དེ་སྲས་སློབ་མར་བཅས་པ་རྣམས། །(༡༤ན)


GLG021_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མེད་སྐྱེ་རྒུར་བརྩེ་ཡང་ཞི་བའི་དབྱིངས། །གཟུགས་སྐུ་མ་བསྡུས་འདོད་ཁམས་གནས་སོ་སོར། །ལེགས་བཞུགས་ཟུག་རྔུ་འབྱིན་ཅིང་སིམ་པ་སྟེར། །དེ་ཕྱིར་ཐུབ་དབང་གནས་བརྟན་བཅུ་དྲུག་གི །སྣང་བརྙན་བྲིས་ཐང་བདུན་ལ་ཉེར་ཚང་བ། །ལྷ་བཟོ་ཆོས་སྐྱོང་སྤུན་དང་མར་བཅས་པས། །རྣམ་དག་བསམ་དང་སྦྱོར་བས་བཞེངས་པའི་མཐུས། །དུས་ཀྱི་ཆོས་ཉིད་གྱུར་བ་དཔལ་ལྷ་ཡི། །བགྲང་རིང་སྐྱེ་བར་རབ་བསགས་སྡིག་ལྟུང་དང༌། །ལས་ཉོན་འབྲས་བུ་བརྣག་དཀའི་སྡུག་བསྔལ་དྲི། །ཐུགས་རྗེ་ཆུ་རྒྱུན་གྱིས་བཀྲུས་དག་པར་ཤོག །ཚེ་རབས་ཀུན་ཏུ་ལྷ་མིའི་རྟེན་བཟང་མཆོག །ཉེར་བརྒྱུད་འཁོར་བའི་རྒྱ་མཚོ་ཆེན་པོ་ལ། །ཐོས་བསམ་སྒོམ་པའི་རྫིངས་ཀྱིས་ལེགས་བསྒྲལ་ནས། །མྱང་འདས་ནོར་བུའི་གླིང་དུ་བགྲོད་པར་ཤོག །རྒྱུ་སྦྱོར་འཁོར་བཅས་གནས་སྐབས་ལྷ་མི་ཡི། །བདེ་སྐྱིད་དཔལ་ལ་སྤྱོད་ཅིང་རིང་མིན་དུ། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག །མངོན་གྱུར་འགྲོ་བ་མ་ལུས་འདྲེན་པར་ཤོག །ཡིད་དགའ་ཆོས་འཛིན་གནས་སུ་རིན་པོ་ཆེའི། །ཅོད་པན་དབུ་ལ་བཅིངས་ནས་རྒྱལ་ཚབ་ཏུ། །བཞུགས་ཀྱང་བསྐལ་བཟང་རྣམ་འདྲེན་ལྔ་པ་རུ། །རིང་མིན་དབུས་འགྱུར་འཆང་འབྱོན་མ་ཕམ་མགོན། །ཁྱོད་ཀྱི་དམ་བཅའི་གཟུངས་སྔགས་ཐོས་སོ་ཅོག །གནས་ངན་ལས་དྲངས་བྱང་ཆུབ་ལ་འགོད་པར། །ཞལ་འཆེས་རྡོ་བའི་རི་མོ་སླུ་མེད་དུ། །མི་འགྱུར་དཔྱོད་ལྡན་མཐའ་དག་སོམ་ཉི་བྲལ། །བརྒྱ་ཕྲག་སྣང་བརྙན་རས་དཀར་རྫིང་བུའི་ངོས། །འཆར་བྱེད་ཁྱོད་ཞལ་(༡༤བ)


GLG021_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་ཟླ་བ་ཡི། །དཔལ་ལྷ་ངན་སོང་གསུམ་མུན་ལ་འབྱོན་པ། །རབ་གསལ་མངོན་མཐོའི་ཀུནྡ་བཞད་བྱིན་རློབས། །དམིགས་ཡུལ་ཡོན་སྦྱོར་གྱིས་མཚོན་མཁའ་མཉམ་གྱི། །སེམས་ཅན་མཐའ་དག་སྲིད་ཞིའི་མཐའ་གཉིས་སུ། །མ་ལྷུངས་དབུ་མར་གནས་པ་རྫོགས་སངས་རྒྱས། །ཐོབ་ཕྱིར་བྱམས་མགོན་ཕྱག་རིང་གཙུག་རྐྱོང་མཛོད། །ཅེས་པའང་ལྷ་བཟོ་བ་ཆོས་སྐྱོང་ནང་མིར་བཅས་པས་ཚེ་འདས་དཔལ་ལྷའི་དོན་དུ་ཐུབ་དབང་ལ་གནས་བཅུས་བསྐོར་བ་དང་མ་ཕམ་མགོན་པོའི་བརྒྱ་ཐང་བཞེངས་པར་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ནམ་མཁའི་རང་བཞིན་གཞན་དུ་མ་གྱུར་བར། །མཚན་དཔེའི་སྣང་བརྙན་མངོན་སུམ་རབ་གསལ་བ། །བདེ་ལྡན་ཞིང་ན་བཞུགས་ཀྱང་འཛམ་གླིང་འདིར། །ཐུགས་རྗེས་ཉེར་གཟིགས་སྤྱན་དཀྱུས་རིང་པོར་ཁྱོངས། །པདྨ་རཱ་གའི་མདངས་འཛིན་ཧྲཱིཿཡིག་མཐར། །གཟུངས་སྔགས་འཁོར་ལོ་འོད་ཟེར་དྲ་བ་ཅན། །ཀུན་ཁྱབ་སྣང་བས་དུས་ཀྱི་ཕོ་ཉའི་མུན། །མཐར་བྱས་སྐྱེ་རྒུ་མ་ལུས་དབུགས་ཕྱུངས་ཤིག །རྨད་བྱུང་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་རྔ། །ལྷག་བསམ་རྣམ་དག་དབྱུ་གུས་བསྣུན་པའི་མཐུས། །ངག་དབང་བློ་བཟང་རྒྱ་མཚོ་མགོན་ཁྱོད་དང༌། །དབྱེར་མེད་རིགས་ཀྱི་བདག་པོར་བརྟན་པར་ཤོག །རྫོགས་སངས་རྒྱས་དངོས་འཇམ་དཔལ་སྙིང་པོའི་བསྟན། །འདེགས་ལ་མཁྱེན་དཔྱོད་མཁའ་ལྟར་རྒྱ་ཆེ་ཞིང༌། །མཚོ་ལྟར་གཏིང་ཟབ་གནམ་(༡༥ན)


GLG021_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སའི་དབང་ཕྱུག་མཆོག །གཞོམ་མེད་རྡོ་རྗེའི་ངོ་བོར་ལྷུན་གྲུབ་ཤོག །སྐུ་ཚེ་རིགས་བརྒྱུད་ཕུན་ཚོགས་དཔལ་འབྱོར་ཀུན། །གསེར་གྱི་འཁོར་ལོ་སྒྱུར་རྒྱལ་ཇི་བཞིན་གྱི། །ཁྲིམས་གཉིས་གཉའ་ཤིང་མངའ་འབངས་ཕྲག་པ་ལ། །ལྕི་བའི་རྫོགས་ལྡན་དུས་ཀྱི་རྗེས་འགྲོར་ཤོག །ཐུབ་པས་ལེགས་གསུངས་བགྲང་ཡས་མདོ་རྒྱུད་ཆོས། །འགལ་མེད་བྱང་ཆུབ་བསྒྲུབ་ལ་གདམས་པ་རུ། །ངེས་པར་འཆར་བ་ཀུན་མཁྱེན་བཙོང་ཁ་པའི། །རིང་ལུགས་ཐོས་བསམ་སྒོམ་པས་འཕེལ་རྒྱས་ཤོག །བསྟན་འདི་གྱེན་དུ་འདེགས་ལ་རྣམ་དག་སེམས། །ཆེས་དཀར་རྒྱ་ཧོར་བོད་སོགས་འཛམ་གླིང་དུ། །གནས་པའི་འགྲོ་ཀུན་འདི་ཕྱི་བར་གསུམ་གྱི། །ཕན་བདེའི་དོན་རྣམས་བདེ་བླག་འགྲུབ་པར་ཤོག །འདུས་ཚོགས་འདིར་ཡང་འདུལ་ཁྲིམས་རྩ་བ་བརྟན། །ཀློག་པ་ཐོས་བསམ་སྡོང་པོ་ཡལ་ག་རྒྱས། །སྤོང་བ་བསམ་གཏན་འབྲས་བུའི་ཁུར་གྱིས་དུད། །ལས་ཀྱི་འཁོར་ལོའི་ལོ་འདབ་སྟུག་པོར་ཤོག །རྩི་བཅུད་ལོ་ཏོག་ཁེ་སྤོགས་རྐང་བཞི་དར། །སྨན་སྔགས་མཐུ་ལྡན་ནད་ཅན་ནད་ལས་གྲོལ། །མི་དང་མི་མིན་འབྱུང་པོའི་གདུག་རྩུབ་ཞི། །འཇིག་རྟེན་ཁམས་སུ་བདེ་སྐྱིད་འཕེལ་བར་ཤོག །ཡོན་སྦྱོར་གྱིས་མཚོན་བདག་གཞན་འགྲོ་རྣམས་ཀྱི། །དགེ་འབྲས་གནས་སྐབས་ལྷ་མིའི་དགའ་སྟོན་དང༌། །མཐར་ཐུག་བླ་མེད་ཡེ་ཤེས་རིང་མིན་དུ། །ཐོབ་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཐུབ་བསྟན་བསྲུང་མཛད་ལེགས་ལྡན་ལྕམ་དྲལ་དང༌། །གཙང་རིས་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །མཐུ་ཆེན་དཀར་ཕྱོགས་སྐྱོང་བའི་(༡༥བ)


GLG021_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱིས། །བསམས་པའི་དོན་ཀུན་འགྲུབ་པའི་གྲོགས་བྱེད་ཤོག །ཅེས་ངེད་རང་དང་སྡེ་པའི་རིམ་གྲོ་གཙོ་བོར་གྱུར་པའི་སྨོན་ལམ་གྱི་བདེན་བརྗོད་ཚིག་སྦྱོར་གསལ་ཞིང་འཇམ་བདེ་བ་ཞིག་འབྲས་སྤུངས་དང་རི་བོ་ཆོས་གླིང་སོགས་ཆོས་སྡེ་ཁ་ཤས་སུ་འཛུགས་རྩིས་ཡིན་པས་དགོས་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཡིད་བཞིན་མཚོ་དབུས་པད་སྡོང་ཟེའུ་འབྲུའི་སྟེང༌། །བདེ་ཆེན་གར་གི་ཉམས་ལྡན་ཚེ་དབང་རྩལ། །སྟོང་ཉིད་སྙིང་རྗེའི་རང་གདངས་འཚོ་རྒྱལ་མ། །མཉམ་སྦྱོར་དངས་མས་སྲོག་གི་ཀ་བ་ཚུགས། །ཙཎྜ་ལཱི་སོགས་འཆི་མེད་ལྷ་ཚོགས་ཀྱིས། །མཁའ་འགྲོ་ཤུགས་འགྲོ་ལྷ་སྲིན་གདུག་ཅན་གྱི། །བསུན་མའི་ལམ་ཆོད་བླ་ཚེ་སྲོག་འཕྲོག་པའི། །རྩུབ་སེམས་དཔལ་ཞི་ཕྱིར་བཟློག་འཕྲིན་ལས་མཛོད། །འཁོར་འདས་ཡོངས་ཀྱི་ཕྱག་རྒྱ་ཟིལ་གནོན་པར། །ཀུན་བཟང་འཇམ་མགོན་རིག་པའི་མཁའ་དབྱིངས་སུ། །གང་ཤར་རང་གྲོལ་རྡོ་རྗེ་ཐོགས་མེད་རྩལ། །དཀྱིལ་འཁོར་རྒྱ་མཚོའི་བྱེད་པོར་བརྟན་གྱུར་ཅིག །གངས་ཅན་ལུགས་གཉིས་སྐྱོང་བ་མུ་ཁྲི་བཙན། །གནམ་སའི་ཁྱོན་ལ་སྟོབས་ཀྱི་འཁོར་ལོ་ཡིས། །དབང་སྒྱུར་སངས་རྒྱས་རྒྱ་མཚོ་གཡུང་དྲུང་གི །ཨཧཾ་ཀ་བ་ཉེར་ཚུགས་ཞབས་བརྟན་ཤོག །རིགས་བརྒྱུད་དཔལ་འབྱོར་ལོངས་སྤྱོད་མངའ་ཐང་སོགས། །ངལ་བསོས་པོ་ཡི་བསོད་ནམས་སྐལ་མཉམ་ཞིང༌། །འཇིག་རྟེན་གསུམ་གྱི་གཙུག་ན་ཞབས་སེན་ཟླ། །འཆར་བར་མེས་པོ་ཚངས་པའི་(༡༦ན)


GLG021_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་པོར་ཤོག །ཤཱཀྱ་སེང་གེའི་རིང་ལུགས་མ་ལུས་དང༌། །ཁྱད་པར་ཞྭ་སེར་ཅོད་པན་འཆང་བའི་བསྟན། །ལྷ་གཅིག་སྙིང་སྟོབས་བརྩོན་པའི་དཔུང་པ་ཡི། །ཉེར་བཏེག་སྲིད་མཐའི་བར་དུ་ཡར་རྒྱས་ཤོག །མཐའ་བཞི་དབུས་ཀྱི་འབངས་སུ་གཏོགས་སོ་ཅོག །ནད་མཚོན་དབུལ་ཕོངས་སྡུག་བསྔལ་ཀུན་ཞི་ཞིང༌། །རིང་པོའི་ཚེ་དང་མཁོ་དགུའི་འབྱོར་པ་རྣམས། །ལྷ་ཡི་གྲོང་ཁྱེར་ས་ལ་འཕོས་འདྲར་ཤོག །འཁོར་འདས་ཡོངས་ཀྱི་ཡོན་ཏན་མ་ལུས་པས། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་འབྱུང་བའི། །བཤད་དང་སྒྲུབ་པའི་གླིང་འདི་ཉེར་བཀང་སྟེ། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པར་ཤོག །འདིས་མཚོན་ཐོག་མ་མེད་ནས་ད་ལྟའི་བར། །བསགས་པའི་བསོད་ནམས་ཕུང་པོར་སྤུངས་པ་ལས། །དེང་ནས་བྱང་ཆུབ་བར་དུ་ཕུན་ཚོགས་ཀྱི། །མདུན་མ་མཐའ་དག་ལྷུན་གྱིས་གྲུབ་པར་ཤོག །ཁྲིམས་ལྡན་རིགས་འཛིན་འདུས་གླིང་ཚོགས་རྣམས་ཀྱིས། །ལྷག་བསམ་རྣམ་དག་ཀུན་བླངས་བདེན་བརྗོད་དང༌། །རྟེན་ཅིང་འབྲེལ་པར་འབྱུང་བ་སླུ་མེད་མཐུས། །སྨོན་ལམ་རབ་བཏབ་རེ་བ་འབྲས་ལྡན་ཤོག །སྲིད་གསུམ་དབང་སྒྱུར་དམག་ཟོར་ལྷ་མོ་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བསམས་པ་ཇི་བཞིན་འགྲུབ་པའི་འཕྲིན་ལས་དང༌། །བཀྲ་ཤིས་དཔལ་གྱིས་དུས་ཀུན་ཁྱབ་པར་མཛོད། །ཅེས་རིང་འཚོའི་ཚིགས་བཅད་དོན་བཟང་ལ་ཚིག་འཇམ་བདེ་བ་གྲྭ་ཚང་དུ་འཛུགས་རྒྱུ་ཞིག་དགོས་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་(༡༦བ)


GLG021_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ་ངག་དབང་དགེ་ལེགས་སོ། །སོ་སོ་ཐར་དང་རྒྱ་ཆེན་སྤྱོད་པའི་གཞུང༌། །ཟབ་མོ་ལྟ་བ་རྡོ་རྗེ་ཐེག་པ་ཡི། །རྩ་བ་བརྒྱུད་པའི་བླ་མ་ཀུན་འདུས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གསང་བ་འདུས་པ་གཤེད་སྐོར་བདེ་དགྱེས་དང༌། །དུས་འཁོར་རྡོར་དབྱིངས་རྣམ་སྣང་མངོན་བྱང་སོགས། །རྒྱུད་སྡེ་རྣམ་བཞིའི་ལྷ་ཚོགས་ཀུན་འདུས་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །རྣམ་སྣང་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །རིགས་ལྔ་བསྐལ་བཟང་རྣམ་འདྲེན་སྟོང་ལ་སོགས། །དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །བྱམས་པ་རིགས་གསུམ་མགོན་སོགས་རྒྱལ་བའི་སྲས། །མཐའ་ཀླས་ཞིང་ཁམས་རྒྱ་མཚོར་སེམས་དཔའ་ཡི། །ཚུལ་འཛིན་རྒྱལ་སྲས་འདུས་པའི་ངོ་བོ་ཉིད། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །ཚོགས་སྤྱོད་བསེ་རུ་སྐྱེས་བུ་ཟུང་བཞི་དང༌། །གང་ཟག་ཡ་བརྒྱད་ལ་སོགས་ཉན་རང་གི །སྐྱེ་འཕགས་དགེ་འདུན་འདུས་པའི་ངོ་བོ་ཉིད། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང༌། །ཐུབ་པའི་སྤྱན་སྔར་བསྟན་པ་བསྲུང་བ་རུ། །ཞལ་བཞེས་ཆོས་སྐྱོང་འདུས་པའི་ངོ་བོ་ཉིད། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མི་ཕྱེད་དད་པའི་སྙིང་དབུས་མེ་ལོང་དུ། །སྐྱབས་གནས་ཀུན་གྱི་ཐུགས་རྗེའི་གཟུགས་འཆར་བ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །རྩ་བརྒྱུད་བླ་མའི་ངོ་བོར་ཞབས་བརྟན་ཤོག །ཚེ་ཅིག་ཉིད་ལ་སྨིན་གྲོལ་ཟབ་ལམ་(༡༧ན)


GLG021_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །བཅུ་གསུམ་རྡོ་རྗེ་འཛིན་པའི་སར་འགོད་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །ཡི་དམ་ཀུན་འདུས་ངོ་བོར་ཞབས་བརྟན་ཤོག །མཐོང་ཐོས་དྲན་དང་རེག་པ་མ་ལུས་ཀུན། །འདི་ཕྱིའི་གཏན་མདུན་འགྲུབ་པའི་བྱེད་པོ་མཆོག །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །སངས་རྒྱས་འདུས་པའི་ངོ་བོ་ཞབས་བརྟན་ཤོག །བདག་གཞན་མཉམ་པར་བརྗེ་བའི་སེམས་བཟང་པོས། །སྲིད་ཞིའི་འཆིང་བ་ཀུན་ལས་གྲོལ་མཛད་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །བྱང་སེམས་འདུས་པའི་ངོ་བོར་ཞབས་བརྟན་ཤོག །ངེས་པར་འབྱུང་བའི་ཁྲིམས་ལ་མཆོག་དམན་ཀུན། །བཀོད་ནས་ཐར་པའི་ལམ་ལ་བཀྲི་མཛད་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །ཉན་རང་འདུས་པའི་ངོ་བོར་ཞབས་བརྟན་ཤོག །ནད་གདོན་བགེགས་སོགས་བར་གཅོད་ཐམས་ཅད་ལས། །བསྲུང་ཞིང་སྐྱོབ་པའི་མཐུ་སྟོབས་ནུས་ལྡན་པ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །ཆོས་སྲུང་འདུས་པའི་ངོ་བོར་ཞབས་བརྟན་ཤོག །སྨོན་ལམ་བཏབ་པ་ཇི་བཞིན་མགོན་པོ་ཁྱོད། །ལོངས་སྤྱོད་རྫོགས་པའི་སྐུ་བཞིན་འཁོར་བའི་མཐའ། །སྟོངས་མིན་བར་དུ་གཟུགས་སྐུའི་བཀོད་པ་མཆོག །གཡོ་མེད་རྡོ་རྗེ་ལྟ་བུར་བརྟན་པར་ཤོག །དགེ་འདིས་ཞྭ་སེར་ཅོད་པན་འཆང་བའི་བསྟན། །བྱམས་པའི་བསྟན་པ་མ་ཤར་དེ་སྲིད་དུ། །འཇིག་རྟེན་གསུམ་གྱི་སྐྱབས་མགོན་དཔུང་གཉེན་དུ། །ཆེས་ཆེར་དར་ཞིང་ཡུན་དུ་གནས་པར་ཤོག །དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོ། །བཙུན་མོ་སྲས་བློན་འབངས་འཁོར་སྐྱེ་བ་ཀུན། །བློ་བཟང་(༡༧བ)


GLG021_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་བསྟན་དང་ལེགས་མཇལ་ཞིང༌། །ཆོས་དང་སྲིད་ཀྱི་འཛིན་སྐྱོང་སྤེལ་ནུས་ཤོག །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །མགོན་ཁྱོད་མཉེས་པ་ཁོ་ན་ལེགས་བསྒྲུབ་ཅིང༌། །ལུགས་གཉིས་འཕྲིན་ལས་རྒྱས་པའི་བྱེད་པོར་ཤོག །བསྟན་དང་བསྟན་འཛིན་གཙུག་ཏུ་ཉེར་བསྟན་ནས། །སྐྱེ་བ་ཀུན་ཏུ་ཐོས་བསམ་སྒོམ་པའི་མཐུས། །ས་དང་ལམ་གྱི་ཐེམ་སྐས་རིམ་འཛེགས་ཏེ། །འགྲོ་འདྲེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །སླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༌། །དམ་ཅན་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །བསྟན་པའི་སྦྱིན་བདག་བོ་ཤོག་ཐུ་རྒྱལ་པོ། །སྐུ་ཚེ་རིགས་བརྒྱུད་མངའ་ཐང་རྒྱས་པར་ཤོག །མཁའ་ལ་ཉི་ཟླ་གཟའ་སྐར་འཕྲོད་སྦྱོར་དགེ །ས་ལ་ཕུན་ཚོགས་བདེ་སྐྱིད་གཡང་དུ་ཆགས། །ཕྱོགས་དུས་ཀུན་དུ་བསམ་དོན་ལྷུན་གྲུབ་པའི། །ཐོག་མཐའ་བར་དུ་དགེ་བའི་བཀྲ་ཤིས་ཤོག །ཅེས་སྐྱབས་གནས་ཀུན་འདུས་ཀྱི་བརྗོད་བྱ་དང་འབྲེལ་བའི་གསོལ་འདེབས་བརྟན་བཞུགས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་དང་སྙིང་སྟོབས་ཕུལ་དུ་བྱུང་བས་ཆོས་རྒྱལ་མྱ་ངན་མེད་དང་ཚུལ་མཚུངས་པ་མིའི་དབང་ཕྱུག་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོས་རྒྱང་རིང་ནས་གསོལ་བ་བཏབ་པ་ལ་བརྟེན། རང་ལ་དེ་ལྟ་བུའི་ཡོན་ཏན་མེད་ཀྱང་གདུལ་བྱ་ལ་ཡིད་ཆེས་ཀྱི་མོས་པ་ཡོད་ཕྱིན་བྱིན་རླབས་འཇུག་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་མཆོག་དམན་ཀུན་གྱིས་གོ་བདེ་ཕྱིར་སྙན་དངགས་ཀྱི་(༡༨ན)


GLG021_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནས་མ་དྲངས་པར་འབོལ་རྩོམ་དུ་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམ་པ་ངག་དབང་དགེ་ལེགས་སོ། །ཕྱག་རྡོར་དབང་ཕྱུག་བློ་གྲོས་རྣམ་རྒྱལ་དང༌། །བྲག་གདོང་སྔགས་རམས་གསུམ་གྱི་དུངལ་བུམ་བཅུར། །དགུ་བཅུའི་སྲང་གྲངས་དཀོན་གཉེར་ལས་འཛིན་དུས། །རབ་དཀར་བསམ་པས་ཕུལ་བའི་དགེ་ཚོགས་ཀྱིས། །རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང༌། །སྲིད་མཐའི་བར་དུ་དར་ཞིང་རྒྱས་པ་དང༌། །འདི་ཕྱི་གཏན་གྱི་སྡུག་བསྔལ་མུན་བསལ་ནས། །སྒོ་གསུམ་སྐྱིད་པའི་སྣང་བས་ཀུན་ཁྱབ་ཤོག །ཅེས་པའང་ཟ་ཧོར་བནྡེ་བྲིས། །གསེར་ཞུན་བརྩེགས་པའི་ལྷུན་པོ་བརྒྱ་ཕྲག་ཉིས། །ལན་བརྒྱར་འཁྱུད་པས་བསྒྲུན་མིན་མཚན་དཔེའི་དཔལ། །རབ་འབར་གདུལ་དཀའི་འགྲོ་འདྲེན་ཤཱཀྱའི་ཏོག །མཐོང་ཐོས་དྲན་པས་རྣམ་གྲོལ་ཟས་གཙང་སྲས། །དབུ་སེམས་མདོ་སྡེ་བྱེ་སྨྲའི་གྲུབ་མཐའ་ལ། །མཁས་པའི་རྩེར་སོན་རྒྱན་དྲུག་མཆོག་གཉིས་དང༌། །གང་གི་རྗེས་སུ་འཇུག་ལ་ཉེར་སྨོན་པ། །ངག་དབང་བློ་བཟང་རྒྱ་མཚོའི་སྣང་བརྙན་རྣམས། །བློ་བཟང་སྐྱེས་མཆོག་དད་པས་བཞེངས་པའི་མཐུས། །ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །སྐྱེ་བར་ལྷ་མིའི་རྟེན་བཟང་ལེགས་བརྒྱུད་ནས། །རིང་པོར་མི་ཐོགས་སངས་རྒྱས་ཐོབ་པར་ཤོག །ཅེས་པའང་རྣམ་གླིང་པ་བློ་བཟང་སྐྱེས་མཆོག་གིས་ཐང་གའི་རྒྱབ་ཡིག་དགོས་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཐ་མལ་སོ་སྐྱེའི་བགས་ཆགས་ཉེར་གོམས་(༡༨བ)


GLG021_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དུག་གསུམ་གོམ་སྟབས་ཤུགས་དྲག་གཉིས་འཐུང་ལ། །འཕགས་ཆེན་དམ་པའི་སེང་གེར་སྒྲོ་བཏགས་ནས། །ཐུབ་བསྟན་གངས་རིའི་སྤོ་ལ་འགྱིང་བ་མཚར། །འོན་ཏེ་གདུལ་བྱའི་དད་པ་དངས་མའི་མཚོར། །སངས་རྒྱས་དངོས་ཀྱི་ཟླ་གཟུགས་ཡོངས་ཤར་ན། །བྱིན་རླབས་ཐོགས་མེད་འཇུག་པའི་རྟེན་འབྲེལ་གྱིས། །རྒྱུ་འབྲས་བསླུ་བ་མེད་ལ་གང་གི་བསྙོན། །དེ་ཕྱིར་བདག་འདྲའི་གཟུགས་བརྙན་བྲིས་པའི་དགེས། །སྐྱེ་བར་ཐེག་པ་མཆོག་གི་བཤེས་གཉེན་གྱིས། །རྗེས་སུ་བཟུང་ནས་འཁོར་འདས་ལེགས་ཚོགས་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །ཅེས་པ་འདིའང་སྒྱིད་ཐང་ནོར་བུའི་འདོད་སྦྱར་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཡིད་དགའ་ཆོས་འཛིན་གནས་སུ་ཐེག་ཆེན་གྱི། །ཚིག་དོན་རྒྱུན་ཆད་མེད་པར་རྟག་གསུང་ཡང༌། །འཛམ་བུའི་གླིང་འདིར་ཐུགས་རྗེའི་སྤྱན་རས་དཀྱུས། །བཙའ་བར་མི་གཡེལ་མ་ཕམ་མགོན་པོ་ཀྱེ། །གང་གི་སྣང་བརྙན་རི་མོ་བྲིས་པ་དང༌། །དམ་བཅའི་གཟུངས་སྔགས་བཟླས་བརྗོད་ལྷུར་བླངས་པས། །རྒྱུ་སྦྱོར་ནོར་བུས་མཚོན་པའི་སེམས་ཅན་རྣམས། །གནས་ངན་གང་དུ་སྐྱེས་ཀྱང་མྱུར་དུ་དྲོངས། །འདི་ནས་འཕོས་ཏེ་རིམ་བརྒྱུད་སྐྱེ་བ་ཀུན། །ལྷ་མིའི་རྟེན་བཟང་ཐོབ་ཅིང་དམ་ཆོས་དང༌། །རབ་མཇལ་ཐོས་བསམ་སྒོམ་པས་རིང་མིན་དུ། །ངེས་པར་ལེགས་པའི་གོ་འཕང་མངོན་འགྱུར་ཤོག །ཁྱད་པར་དབུས་འགྱུར་འཆང་དུ་རྗེ་བཙུན་ཉིད། །མཆོག་གི་སྤྲུལ་སྐུར་མངོན་སངས་རྒྱས་པའི་ཚེ། །བདག་སོགས་འདུས་པ་དང་པོའི་འཁོར་(༡༩ན)


GLG021_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །བདུད་རྩིའི་ཐོག་མ་ལོངས་སུ་སྤྱོད་པར་ཤོག །འདིས་མཚོན་ཐོག་མ་མེད་ནས་ད་ལྟའི་བར། །བསགས་པའི་རྣམ་དཀར་དགེ་ཚོགས་མ་ལུས་པ། །ནམ་མཁའི་ཕ་མཐའ་དང་མཉམ་སེམས་ཅན་རྣམས། །སངས་རྒྱས་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་པ་འདིའང་སྒྱིད་ཐང་ནོར་བུས་ཐང་གའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །མི་ཟད་རྒྱན་གྱི་འཁོར་ལོའི་སྐུ་གསུང་ཐུགས། །དྲན་པའི་མོད་ལ་འཁོར་བའི་འཇིགས་པ་ཀུན། །ཉེར་ཞི་མངོན་མཐོ་ངེས་ལེགས་ལ་སྦྱོར་བ། །ཤཱཀྱ་སེང་གེས་ཚེ་རབས་གཏན་དུ་སྐྱོངས། །རིགས་གསུམ་མཁྱེན་བརྩེའི་ནུས་མཐུ་འཕྲུལ་པོ་ཆེ། །བཤེས་གཉེན་དམ་པར་ཤར་བ་ཙོང་ཁ་པའི། །བསྟན་ལ་སྐྱེ་བར་ཞུགས་ནས་མདོ་རྒྱུད་དོན། །ཐོས་བསམ་སྒོམ་པ་ཕ་མཐར་ཕྱིན་པར་ཤོག །སྒྱུ་མས་སྤྲུལ་པའི་མཁའ་ལྡིང་ནམ་མཁའི་མཐའ། །འཇལ་བའི་དོན་བྱེད་ནུས་ལྟར་གདུལ་བྱ་ཡི། །གྲངས་མེད་བསོད་ནམས་བྱེ་བའི་ཞིང་གྱུར་པ། །ངག་དབང་བློ་བཟང་རྒྱ་མཚོར་གསོལ་བ་འདེབས། །མཐོང་བའི་མོད་ལ་ཁྲོ་རྒྱལ་མཐའ་དག་གི །ལག་ཆ་སྟབས་གཅིག་འཆོར་ནུས་མ་ཧེའི་ཞལ། །འཇམ་དཔལ་ཞི་ཁྲོས་དེང་ནས་ཚེ་རབས་ཀུན། །རྗེས་སུ་བཟུང་ནས་དོན་གཉིས་འགྲུབ་པར་ཤོག །གང་གི་སྐུ་ལ་སྐྱབས་གནས་མ་ལུས་ཚོགས། །ཚང་བར་ངེས་ཤེས་བརྟན་པོས་གསོལ་བཏབ་པ། །ཇི་བཞིན་ལྷུན་གྱིས་གྲུབ་པར་འཇམ་དཔལ་དབྱངས། །དགའ་བའི་བཤེས་གཉེན་ཁྱོད་ཀྱིས་བདག་རྗེས་ཟུངས།(༡༩བ)


GLG021_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱལ་ཀུན་འདུས་པ་བློ་བཟང་གྲགས་པ་ཡི། །ལེགས་གསུངས་མདོ་སྔགས་ལམ་གྱི་རིམ་པའི་གནད། །ཚུལ་བཞིན་ཉམས་སུ་བསྟར་བས་ཚེ་གཅིག་ལ། །བཅུ་གསུམ་རྡོ་རྗེ་འཛིན་པའི་སར་བགྲོད་ཤོག །ཅེས་བྱིང་པ་བྱམས་པ་ནོར་བུ་དང་རྣམ་རྒྱལ་གཉིས་ཀྱི་དད་རྟེན་དུ་ཐུབ་དབང༌། རྗེ་བླ་མ། འདི་གའི་འདྲ་འབག་གསུམ་ལ་ལམ་རིམ་བརྒྱུད་པས་བསྐོར་བ། འཇིགས་བྱེད། འདི་ག་དང༌། རྗེ་བླ་མའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །རང་བྱུང་ལུས་ཀྱི་ཕོ་བྲང་ལ་རྫོགས་པ། །རྡོ་རྗེའི་སློབ་དཔོན་ངག་དབང་བློ་ཡི་གཏེར། །སྐལ་བཟང་རྒྱ་མཚོའི་གཉེན་ལ་གསོལ་བ་འདེབས། །མགོན་ཁྱོད་རྨ་བྱས་བཏེག་པའི་རིན་ཅེན་ཁྲི། །པད་ཟླའི་གདན་ལ་ཚེ་མཐའ་ཡས་པའི་སྐུར། །ཞེངས་ནས་བསྐལ་བརྒྱར་མི་འགྱུར་རྟག་བཞུགས་ཏེ། །ཆོས་འཁོར་རྒྱུན་ཆད་མེད་པར་སྐོར་བར་ཤོག །བདག་སོགས་འདི་ནས་ཉིང་མཚམས་སྦྱར་མ་ཐག །བདེ་བ་ཅན་དུ་འཇམ་མཉེན་པདྨ་ལ། །བརྫུས་སྐྱེས་གར་དབང་ལྷ་ཡིས་རྗེས་བཟུང་ནས། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག །རྒྱུན་གྱི་ཁ་ཏོན་བྱེད་རྒྱུ་འདི་ལྟ་བུ་ཞིག་དགོས་ཞེས་རྟ་ར་མདོ་པ་ངག་དབང་ལྷུན་གྲུབ་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དཀོན་ཅོག་གོ །རྒྱལ་ཡུམ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ། །བཟླས་བརྗོད་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །སེང་གེ་གླང་(༢༠ན)


GLG021_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཆོམ་རྐུན་མེ་དང་སྦྲུལ། །ལྕགས་སྒྲོག་ཤ་ཟ་ཆུ་བོའི་འཇིགས་ལས་སྐྱོབ། །མདོར་ན་སྔོན་དང་འཕྲལ་རྐྱེན་ལས་བྱུང་བའི། །དུག་མཚོན་ནད་རིམས་བཀྲེས་ཕོངས་འཐབ་རྩོད་དང༌། །མཐུ་བྱད་ལྷ་འདྲེའི་དལ་ཁ་ཟུག་པ་སོགས། །བར་ཆད་མི་མཐུན་ཕྱོགས་ཀུན་ཞི་བར་ཤོག །ཡུན་དུ་འཚོ་ཞིང་ལུས་ངག་ཡིད་གསུམ་བདེ། །དཔལ་འབྱོར་སྙན་གྲགས་མངའ་ཐང་ལོངས་སྤྱོད་འཕེལ། །སྲིད་པའི་ལེགས་ཚོགས་སེམས་ལ་གང་བསམས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཚེ་འདིའི་སྣང་བ་འགགས་དུས་གྲུ་འཛིན་ཞེས། །ཕྱག་ན་པདྨའི་ཞིང་དུ་ཉེར་དྲངས་ནས། །ཐེག་ཆེན་ཆོས་ལ་ཐོས་བསམ་སྒོམ་པ་ཡིས། །ལུས་ཅན་མཐའ་དག་བྱང་གྲོལ་སར་འགོད་ཤོག །མདོར་ན་དེང་ནས་སངས་རྒྱས་མ་ཐོབ་བར། །བཅོམ་ལྡན་འཕགས་མ་སྒྲོལ་མས་འབྲལ་མེད་དུ། །རྗེས་བཟུང་ལུང་བསྟན་དབུགས་དབྱུང་ལེགས་མཛད་དེ། །ཕན་དང་བདེ་བའི་དཔལ་ལ་སྦྱོར་བར་ཤོག །ཅེས་རྗེ་བཙུན་སྒྲོལ་མ་ལ་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་འདི་ནི་རྒྱལ་སྲས་ལྷ་བཟང་ཀླུ་དབང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །བླ་སྨན་ཤཱཀྱ་དབང་ཕྱུག་སྤྲུལ་པའི་གར། །གླིང་སྟོད་བློ་བཟང་ཆོས་ཀྱི་རྒྱ་མཚོ་ཡི། །ཡང་སྲིད་གསོ་དཔྱད་སྨྲ་ལ་ངག་གི་དབང༌། །འཚོ་བྱེད་གཞོན་ནུ་གཉིས་པར་གསོལ་བ་འདེབས། །སྐྱེ་མང་གོམས་པས་ཚེ་ཡི་རིག་བྱེད་ཆབ། །བློ་གྲོས་ཧུབ་ཀྱིས་འཐུང་ནུས་དྲང་སྲོང་ཆེ། །ངག་དབང་གཞོན་ནུ་གྲངས་མེད་ཡིད་ཅན་(༢༠བ)


GLG021_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །གཉེན་བཤེས་མགོན་དུ་མི་འགྱུར་བརྟན་པར་ཤོག །རོ་ནུས་ཞུ་རྗེས་བསྡེབས་པའི་བདུད་རྩི་ཡིས། །འགྲོ་མང་སྲོག་གི་ཆད་འཐུད་འཆི་མེད་ཀྱི། །མཆོག་སྦྱིན་སྒོ་འབྱེད་གསོ་རིག་གཙུག་ལག་གཞུང༌། །འཕྲིན་ལས་དབྱར་གྱི་མཚོ་ལྟར་རྒྱས་པར་ཤོག །སྨན་རྒྱལ་རིགས་འདུས་རྗེ་བཙུན་གཡུ་ཐོག་མགོན། །བཞེད་ཕུགས་ཆ་ལག་དང་བཅས་མ་ལ་ཡའི། །ནགས་ཀླུང་ནས་ལྡང་ཐངས་གསོས་དྲི་བསུང་གིས། །ཡངས་པའི་འཇིག་རྟེན་ཀུན་ཏུ་ཁྱབ་པར་ཤོག །གནོད་སྦྱིན་ཞང་བློན་རྡོ་རྗེ་བདུད་འདུལ་ཆེ། །ལྷ་དང་དྲང་སྲོང་རིག་པ་འཛིན་རྣམས་ཀྱི། །བདེན་པའི་ཚིག་གིས་ཡིད་ལ་བསམས་དོན་ཀུན། །ཐོགས་པ་མེད་པར་ལྷུན་གྱིས་འགྲུབ་པར་ཤོག །ཅེས་གླིང་སྟོད་ཆོས་རྗེ་བློ་བཟང་རྒྱ་མཚོའི་སྐུ་སྐྱེ་ངག་དབང་གཞོན་ནུར་གསོལ་འདེབས་བརྟན་བཞུགས་སྨོན་ལམ་དང་བཅས་པ་ཞིག་དགོས་ཞེས་ཉི་ཐང་གྲྭ་ཚང་སྤྱི་ཚོགས་དང༌། དཔོན་ཚང་དར་མོ་སྨན་རམས་པས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཞིང་ཁམས་རྒྱ་མཚོའི་སངས་རྒྱས་སྲས་སློབ་རྣམས། །དཔལ་ལྡན་འབྲས་སྤུངས་གཙུག་ལག་ཁང་ཆེན་གྱི། །ཡེ་ཤེས་སེམས་དཔའ་རབ་འཁྱིལ་གཟུགས་སྐུ་དང༌། །དབྱེར་མེད་མཆོག་གསུམ་འདུས་པའི་སྤྱན་སྔ་རུ། །གོས་འཕན་ཟུང་གིས་ཉེར་མཚོན་དངོས་བཤམས་ཤིང༌། །ཡིད་སྦྲུལ་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་སྒོ། །རབ་ཕྱེ་ས་བོན་དར་དྲག་ལེགས་བྱས་ཚོགས། །འཛམ་བུའི་སྙེ་མ་འཛད་མེད་གཡུར་ཟ་ཤོག །རྒྱལ་བསྟན་གྲིབ་མར་ཡིད་ཅན་ངལ་བསོས་བདེ། །འགྲོ་འདྲེན་(༢༡ན)


GLG021_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་གཉེན་འདུས་སྡེ་བརྟན་ཅིང་འཕེལ། །ཁྲིམས་གཉིས་ལྕི་ལྡན་ས་དབང་ཆབ་སྲིད་རྒྱས། །འཇིག་རྟེན་ཁམས་སུ་སྐྱིད་པའི་ཉི་འཆར་ཤོག །འདིས་མཚོན་གྲངས་མེད་སྐྱེ་བར་ཡོངས་བསགས་དགེ །རྣམ་སྨིན་གཅིག་ཏུ་དཀར་པོར་འཛག་པ་ལས། །ཡོན་སྦྱོར་མི་ནོར་འཕེལ་ཞིང་ཚེ་དཔལ་དང༌། །དབང་ཐང་ངལ་བསོས་པོ་ཡི་མཆེད་ཟླར་ཤོག །ནད་རིམས་གདོན་བགེགས་དབུལ་ཕོངས་དུས་མིན་དུ། །འཆི་སོགས་འཁོར་བའི་ཟུག་རྔུའི་ཚེར་མ་རྣམས། །དཀོན་ཅོག་ཐུགས་རྗེའི་ཆ་དཔྱད་ཀྱིས་ཕྱུངས་ནས། །སྒོ་གསུམ་སིམ་པའི་ཚོར་བ་འབྲལ་མེད་ཤོག །མི་ཁོམ་གནས་ཀྱི་སྲིད་པ་མི་འཛིན་ཞིང༌། །དམ་ཆོས་སྒྲུབ་རྟེན་ལྷ་མིའི་ལུས་བརྒྱུད་ནས། །སྒྲིབ་གཉིས་འཆིང་རྒྱ་ལས་གྲོལ་ཡེ་ཤེས་མཆོག །རིང་པོར་མི་ཐོགས་མངོན་དུ་འགྱུར་བར་ཤོག །བསགས་སོ་ཅོག་གི་བསོད་ནམས་ཏེ་སིའི་གངས། །མཐོ་བརྩེགས་ལས་བབས་ཕན་བདེ་གངྒཱའི་ཀླུང༌། །མཁའ་མཉམ་ལུས་ཅན་རྫོགས་སངས་རྒྱས་ཐོབ་པའི། །ཆུ་གཏེར་དང་འདྲེས་འཕེལ་བའི་རྒྱུ་རུ་བསྔོ། །ལྕགས་མོ་བྱ་ལོ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་སྤྱི་བྱེ་བྲག་གི་དགེ་ལེགས་འཕེལ་བའི་སྨོན་ལམ་གྱི་ཚིགས་བཅད་གསར་བཙུགས་ཀྱི་ཚེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གོས་འཕན་ཆ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཨརྠསིདྡྷིརསྟུ། །འཇམ་དབྱངས་དགའ་བའི་བཤེས་གཉེན་ངག་གི་དབང༌། །བློ་གྲོས་རྫིང་བུར་མཁས་བཙུན་བཟང་པོ་ཡི།(༢༡བ)


GLG021_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

།ཚངས་སྲས་ངང་མོའི་ལེགས་བཤད་མགྲིན་རྔའི་སྒྲ། །རྒྱ་མཚོའི་གོས་ཅན་ཁྱབ་ལ་གསོལ་བ་འདེབས། །གྲུ་འཛིན་དམར་པོ་རི་ཡི་ཕོ་བྲང་ཆེའི། །རྟེན་དང་བརྟེན་པར་བཅས་ལ་ཕྱག་སྐོར་གྱིས། །ལེགས་མཚོན་སྒོ་གསུམ་ཉེར་བསགས་རྣམ་དཀར་དགེ །འགྲོ་ཀུན་དོན་བསྔོས་ནམ་ཡང་འཛད་མེད་འབྲས། །བདག་སོགས་སྐྱེ་བ་དལ་འབྱོར་རྟེན་བཟང་ཐོབ། །དམ་པས་རྗེས་བཟུང་ཐོས་བསམ་སྒོམ་པའི་མཐུས། །འཁོར་བའི་ཕ་མཐའ་མྱུར་དུ་བརྒལ་བྱས་ནས། །བླ་མེད་ཀུན་མཁྱེན་ཡེ་ཤེས་ཐོབ་པར་ཤོག །ཅེས་དགེ་སློང་ཕུན་ཚོགས་རྒྱ་མཚོས་པོ་ཏ་ལའི་སྐོར་ཚད་བཟོ་བ་དང༌། རྒྱུན་གྱི་ཁ་ཏོན་གསོལ་འདེབས་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིག་འཛིན་གྱི་བཙུན་པ་ངག་དབང་དཀོན་ཅོག་གོ །དུས་གསུམ་སངས་རྒྱས་ཀུན་འདུས་པདྨ་འབྱུང༌། །ཡེ་ཤེས་རང་གདངས་ནོར་གྱི་ལྷ་ཚོགས་སུ། །ཤར་བས་མི་ཟད་ནམ་མཁའ་མཛོད་ཀྱི་སྒོ། །ཕྱེ་ནས་ལོངས་སྤྱོད་ཆར་དུ་ཉེར་འབབ་པར། །ཞལ་བཞེས་རྡོ་བའི་རི་མོ་འཆི་མེད་ལམ། །རྣམ་པ་གཞན་དུ་གྱུར་ཀྱང་འཇིག་མིན་ཕྱིར། །ཆེས་ཕོངས་ཉམ་ཐག་འགྲོ་བ་མ་ལུས་པའི། །བརྣག་དཀའི་ཟུག་རྔུ་མཐའ་དག་དྲུངས་འབྱིན་མཛོད། །ཁྱད་པར་གནས་ཁང་འདི་ན་ལྷ་དང་མིའི། །ཕུན་ཚོགས་འདོད་དགུའི་ཆུ་ཀླུང་ཆེན་པོ་བཞི། །ལེགས་བབས་འཁྱིལ་བའི་རྒྱ་མཚོར་བསོད་ནམས་ཀླུའི། །གཙུག་ཏོར་ཡིད་བཞིན་ནོར་བུས་རེ་སྐོང་ཤོག །ཅེས་ཁྲི་སྨད་ཕུན་ཚོགས་དབང་པོས་བསམ་པ་ལྷུན་གྲུབ་མའི་ལས་ཚོགས་བཅུ་གསུམ་པའི་ཞིང་བཀོད་(༢༢ན)


GLG021_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །བློ་ཆེན་བསྐལ་བཟང་འདྲེན་པ་སྟོང་ཕྲག་གི། །མཁྱེན་རབ་མགོན་ཁྱོད་གཅིག་པུར་ཡོངས་ཚང་བའི། །སྙན་གྲགས་ས་གསུམ་ཁྱབ་དང་རྒྱལ་ཚབ་རྗེ། །ཤེས་རབ་སེང་གེའི་གཟུགས་སྐུའི་སྣང་བརྙན་ལ། །དགའ་ལྡན་གནས་ནས་འཇམ་དཔལ་སྙིང་པོའི་ཞབས། །ཁ་བའི་ལྗོངས་འདིར་མི་ཡི་སྲིད་བཟུང་ནས། །མཁས་བཙུན་བཟང་པོའི་རྟོགས་བརྗོད་ཀྱིས་བསྐོར་ཆར། །བབས་པས་དད་པའི་མྱུ་གུ་གོང་འཕེལ་གསོས། །རིང་ནས་མི་ཕྱེད་མོས་གུས་ཅང་ཤེས་ལ། །བརྩོན་འགྲུས་ལྕག་གིས་བསྐུལ་བས་ཚོགས་གཉིས་འགྲོས། །ངེས་ལེགས་ཐང་ལ་དཀྱུས་ཐོག་ལེགས་བཅད་ནས། །བྱང་ཆུབ་ཆེན་པོའི་མདུན་སར་བགྲོད་པར་ཤོག །གནས་སྐབས་ཡོན་སྦྱོར་བྱེད་པོ་རིང་འཚོའི་ཚེ། །རྨུགས་འཛིན་མཛོད་ལ་འགྲན་པའི་འབྱོར་པ་སོགས། །སྲིད་ཞིའི་ཡོན་ཏན་དགེ་བའི་གཤོག་རླབས་ཀྱིས། །ཕན་བདེའི་མཁའ་ངོས་ནམ་འཕང་གཅོད་པར་ཤོག །ཚེ་འདིའི་ལུས་བསྐྱེད་ཕ་མས་ཐོག་དྲངས་ཏེ། །རྒྱུད་ལྔའི་སེམས་ཅན་ཐམས་ཅད་མཐོ་རིས་དང༌། །ཐར་པ་ཀུན་མཁྱེན་ཡེ་ཤེས་ཐོབ་པའི་རྒྱུར། །འདིས་མཚོན་དུས་གསུམ་དུ་བསགས་དགེ་ཚོགས་བསྔོ། །ཞེས་གྲམ་པ་བ་དགེ་སློང་བློ་བཟང་ངག་དབང་གིས་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཞིང་བཀོད་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་(༢༢བ)


GLG021_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཡན་ལག་དྲུག་ཅུའི་གསུང་ངག་རྒྱུད་མང་གླུར། །ལེན་པར་མཁས་དབང་བག་ཡོད་བློ་ཡིས་བཙུན། །བཟང་པོའི་ལྷག་བསམ་རྒྱ་མཚོའི་རླབས་འཕྲེང་ལྟར། །ཡོལ་མེད་འཇམ་དབྱངས་དགའ་བའི་བཤེས་གཉེན་ལ། །ལག་ན་པད་དཀར་རྣམ་པར་འཕྲུལ་པོ་ཆེ། །འཕགས་བོད་ཆོས་རྒྱལ་པཎ་གྲུབ་རྩ་གཉིས་ཀྱི། །རབ་བསྐོར་སྒྱུ་མའི་ཁེངས་པ་བག་ལ་ཞར། །གཏོང་བྱེད་བསོད་ནམས་མགྲོན་དུ་དངོས་བྱོན་བཞིན། །ལེགས་བྱས་ཚོགས་ཀྱིས་བསྐྲུན་པའི་དལ་བའི་ལུས། །དོན་ལྡན་གྲུབ་ལ་སྐལ་བ་བཟང་པོ་དེ། །རྣམ་དག་བསམ་པས་ཉེར་བསྐུལ་བརྩོན་པ་ཡིས། །མི་ཕྱེད་དད་པའི་རྟེན་དུ་དེང་འདིར་བསྐྲུན། །དགེ་ཚོགས་ཆ་ཤས་གོང་འཕེལ་ཆུ་ཤེལ་དབང༌། །མཚམས་སྦྱར་སྨོན་ལམ་ག་བུར་གཟེགས་མའི་རྡུལ། །བབས་པས་སྲིད་ཞིའི་སྡུག་བསྔལ་ཚ་བའི་དབལ། །ཉེར་ཞི་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །རང་ཉིད་གཅིག་པུར་མ་དམིགས་མཁའ་མཉམ་འགྲོར། །ཆོས་དཀར་འབྲས་བུ་བསྔོས་རྒྱུན་འཛད་མེད་ནོར། །ལོངས་སུ་སྤྱོད་པ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་རིང་པོར་མི་ཐོགས་མངོན་འགྱུར་ཤོག །ཅེས་ལྷ་ས་བ་དཔལ་འབྱོར་བཟང་པོའི་དད་རྟེན་གསར་བཞེངས་ཀྱི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཙནྡན་བྱུག་པ་སྟེའུ་ཁར་གཟས་ལ། །སྙིང་རྗེའི་ཆབ་ཀྱིས་ཐུགས་རྒྱུད་ཞིང་སའི་ཁྱོན། །མཉམ་པར་བརླན་མཛོད་དོན་ཀུན་གྲུབ་པའི་ཕྱག །རིང་པོར་བྱང་ཆུབ་བར་དུ་བདག་གཙུག་ཁྱོངས། །མཐའ་བྲལ་རྒྱ་མཚོར་སྟོང་(༢༣ན)


GLG021_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནོར་བུའི་ཐོད། །འོད་འབར་རྣམ་འདྲེན་ཀླུ་དབང་རང་གྲིབ་ལ། །བལྟོས་མིན་མཆེད་ཟླ་ལང་རིགས་སྲིད་སྒྲུབ་ཕོངས། །ཤེས་རབ་བདག་པོར་རྩལ་གྱིས་འཕེན་ནུས་ཤོག །རང་བཞིན་གྲུབ་འདོད་འཁྱོག་པོའི་གཏན་ཚིགས་དུག །འཕགས་མཆོག་བཞེད་པའི་རྣམ་རྒྱལ་གསེར་མདོག་གིས། །དྲུངས་འབྱིན་ལྷ་ཡི་སྨན་པ་ཐར་སྐར་སྐྱེས། །ཉོན་མོངས་ནད་བརྒྱ་སེལ་སྨོན་དེང་འགྲུབ་ཤོག །བཅུ་གཉིས་བགྲང་བྱར་སྤྱད་པའི་དཀའ་ཐུབ་འབྲས། །དགའ་ལྡན་གནས་སུ་ཐོགས་པ་མེད་གཤེགས་ནས། །མ་ཕམ་གསུང་ངག་ཐེག་ཆེན་འཛམ་གླིང་འདིར། །དར་བའི་རྣམ་པར་ཐར་དེ་འཛིན་ནུས་ཤོག །ཤེས་བྱ་གཞི་ལྔ་དབྱིག་གི་བང་མཛོད་ནས། །ལེགས་བཤད་མཆོག་སྦྱིན་ལུས་ཅན་ཀུན་གྱི་གཉེན། །དགུ་བཅུ་གོ་དགུའི་གཙུག་ལག་དོ་ཤལ་ཕྲེང༌། །སྦུད་པའི་བསྙེམས་པ་རིང་མིན་འཕྲོག་ནུས་ཤོག །ཕྱོགས་བྲལ་དངོས་སྟོབས་རིག་པའི་འཁོར་ལོ་ཡིས། །རྒོལ་ངན་ཕྱེར་འཐག་གླང་པོ་ཐུབ་གསུང་གིས། །ཤལླི་ཀ་ཚལ་རྟག་རྒྱུར་འཇམ་མགོན་གྱིས། །རྗེས་བཟུང་ཡོངས་འཛིན་དང་མཚུངས་བདག་ཐོབ་ཤོག །མུ་སྟེགས་ཆོས་ཀྱི་གནད་གསང་ཀུན་རྟོགས་ནས། །དཔྱད་གསུམ་ཐོག་མངས་ལོག་སྨྲའི་བྲག་བསྙིལ་བའི། །གྲགས་པ་ཇི་བཞིན་རྟོག་གེའི་ཚིག་དོན་ལ། །འཇུག་པའི་སྤོབས་པ་རྟག་ཏུ་དགེ་བར་ཤོག །འཁོར་འདས་ཡོན་ཏན་ཡོངས་འདུའི་རྩ་ལག་མཆོག །རང་རྒྱུད་འདུལ་ལུང་སྡེ་བཞིའི་སྙིང་པོའི་གཟུགས། །རབ་སྣང་མཁྱེན་པའི་ཉི་འོད་སྟོང་འབར་བ། །མཚར་འཛིན་གཟིགས་མོར་དལ་འབྱོར་མི་གཡེང་ཤོག །ཤཱཀྱ་སེང་གེའི་དཔྱད་(༢༣བ)


GLG021_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཨུཏྤལ་ཐོད། །མ་རྙིགས་བག་ཡོད་རང་འོད་འདོམ་གང་གིས། །འཁོར་འདས་ཉིན་མཚན་བར་མེད་རབ་གསལ་ལྷའི། །རྐང་རྗེས་ནོན་པའི་གོམ་པ་དེང་འགོད་ཤོག །རྒྱལ་དང་དེ་བསྟན་མཛེས་བྱེད་རྒྱན་མཆོག་ལ། །འཕགས་ཡུལ་སྣ་ཚོགས་མཁས་མང་རྟོགས་བརྗོད་འཕྲེང༌། །བཀོད་ལེགས་སྲད་བུར་རབ་བརྒྱུས་དབང་པོའི་གཞུ། །རས་དཀར་མཁར་ཤར་བྱེད་པོ་གདོང་བཞིའི་སྤུན། །སྔོན་ཆོག་བ་གམ་ཡང་ཐོག་འགོལ་གནས་ལ། །རང་བཟོའི་མིག་བུ་བགྲད་པའི་དགྲ་མིན་པར། །དར་ཆོག་བརྒྱུད་པ་མ་ལ་ཡ་ཡི་དྲི། །ཆེས་དངར་ཚུལ་ཁྲིམས་འཁོར་བའི་གདུང་བ་སེལ། །ཉེར་དཀོན་དལ་འབྱོར་རྟེན་མཆོག་དོན་ལྡན་དུ། །བྱེད་ལ་རྒྱ་ཆེན་ཆོས་ཀྱི་རྣམ་གྲངས་མཐའ། །འཇལ་བའི་གྲགས་སྙན་ཏམ་བཱུ་ར་ཡི་རྒྱུད། །བརྡུང་མཁས་བྱ་རིགས་པཎ་ཆེན་མེ་ན་ཀཿ །བཅུ་ཕྲག་རིག་གནས་ཡོངས་ལ་བག་ཆགས་མཐུ། །ཚེ་འདིར་སད་པ་ཡང་སྲིད་ཕྱི་མ་ཀུན། །རང་ནོར་བཅོལ་བ་བླངས་འདྲས་སྒྲིབ་གསུམ་མདུད། །གྲོལ་བས་མྱང་འདས་གྲོང་དུ་འཇུག་པར་ཤོག །ཅེས་བྱ་རིགས་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་འོ་སྐོལ་གྱི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་པྲཎིདྷ་ན་སིདྡྷིབྷ་ཝནྟུ། །ཕྱག་ན་གསེར་སྦྱངས་ལས་འོངས་བདུད་རྩིའི་རྒྱུན། །རྒྱུན་ཆད་དང་བྲལ་འཆི་མེད་མཆོག་སྦྱིན་སྒོ། །སྒོ་འཕར་བརྒྱ་ཕྲག་འབྱེད་མཛད་(༢༤ན)


GLG021_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་དབང༌། དབང་ཕྱུག་བརྒྱད་ལྡན་ཐུགས་རྗེས་འགྲོ་ཀུན་སྐྱོངས། །འཇམ་དབྱངས་དབྱངས་ཅན་དགའ་བའི་འཛུམ་ཞལ་ལས། །ལེགས་བཤད་བཤད་པས་བཅུ་ཕྲག་རིག་གནས་ལ། །སྨྲ་མཁས་མཁས་པའི་གྲལ་ཆུད་བཤེས་གཉེན་མཆོག །དམ་ཆོས་ཆོས་འཁོར་བསྐོར་ཕྱིར་རབ་བརྟན་ཤོག །རྣམ་མང་ཐོས་སྲས་རྗེས་འགྲོའི་བསོད་ནམས་ཀྱིས། །རྣམ་འདྲེན་རྫོགས་སངས་རྒྱས་ཀྱི་བསྟན་པ་མཆོག །རྣམ་དག་བསམ་པས་རྒྱ་མཚོའི་གོས་ཅན་གཞིར། །རྣམ་པར་རྒྱལ་ཕྱིར་གཡུང་དྲུང་ལྟར་བརྟན་ཤོག །མང་མང་གྲུབ་མཐའ་རྣམ་བཞིའི་གཞུང་ལུགས་ལ། །ཡང་ཡང་ཐོས་བསམ་སྒོམ་པ་ལྷུར་བླངས་པས། །མཁས་མཁས་འདུ་བ་དགའ་ལྡན་ཆོས་འཁོར་སྡེ། །རིང་རིང་འཁོར་བ་སྟོངས་མིན་རྒྱས་པར་ཤོག །རྒྱལ་བ་སྲས་བཅས་རྣམས་ཀྱིས་མགྲིན་གཅིག་ཏུ། །རྒྱལ་བར་འགྱུར་བའི་ཤིས་པ་བརྗོད་པའི་གཏམ། །རྒྱལ་རྔ་སྲིད་པའི་རྩེ་མོར་བརྡུངས་པའི་སྒྲས། །རྒྱལ་སྲས་རླབས་ཆེན་སྤྱོད་ལ་བདག་འཇུག་ཤོག །ཅེས་བདེན་པ་བརྗོད་པའི་ཚིགས་སུ་བཅད་པ་འདི་ནི་ཤངས་དགའ་ལྡན་ཆོས་འཁོར་དུ་འཛུགས་རྒྱུ་ཞིག་དགོས་ཞེས་ངག་དབང་བཟོད་པས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་སྔོ་བཟང་དབང་པོའོ། །ངག་དབང་དབྱངས་ཅན་དྲིན་ལས་བློ་གྲོས་ཀྱི། །ལང་ཚོ་སྨྱིག་ཚལ་བཟང་པོ་དར་དྲག་པས། །གཙུག་ལག་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་གདོང༌། །དྲུག་དངོམ་ཀརྟི་ཀ་ལ་གསོལ་བ་འདེབས། །བདག་སོགས་དེང་ནས་སྐྱེ་བར་རྣམ་ཐོས་བུའི། །(༢༤བ)


GLG021_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འབྱོར་དབང་ཐང་མངོན་སུམ་ཉམས་མྱོང་ཞིང༌། །ཚད་མ་བཞི་ལྡན་སྨིན་གྲོལ་ཟབ་ལམ་གྱིས། །རིང་མིན་ཟུང་འཇུག་གོ་འཕང་མངོན་གྱུར་ཤོག །གསོལ་འདེབས་སྨོན་ལམ་འདི་ནི་འབྲོག་ཁྲི་དཔོན་ཀུན་དགའ་བསོད་ནམས་ལྷུན་གྲུབ་གྱི་ཞལ་འདོན་དུ་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས། །དད་སྟོབས་དབང་ཕྱུག་ད་ལས་ཧོང་ཐའི་ཇི། །དུས་མིན་འཆི་བདག་ལས་རྒྱལ་རིང་པོའི་ཚེ། །གེགས་མེད་ཕ་མཐར་ཕྱིན་པར་བྱིན་གྱིས་རློབས། །ནད་རིམས་དབུལ་ཕོངས་འཐབ་རྩོད་དགྲ་གདོན་གྱི། །བར་གཅོད་ཉེར་འཚེ་མཐའ་དག་ཡོངས་ཞི་ནས། །སྟོབས་འབྱོར་མངའ་ཐང་བསོད་ནམས་ཡོན་ཏན་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བར་བྱིན་གྱིས་རློབས། །ཡབ་གཅིག་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཡི། །བཞེད་དོན་ཇི་བཞིན་རྗེ་བཙུན་བཙོང་ཁ་པའི། །བསྟན་སྲིད་གྱེན་དུ་འདེགས་པའི་བསམ་སྦྱོར་ཚོགས། །འབད་རྩོལ་བྲལ་ཏེ་འགྲུབ་པར་བྱིན་གྱིས་རློབས། །ཐོག་མ་མེད་ནས་ད་ལྟའི་བར་བསགས་པའི། །དགེ་ཚོགས་འབྲས་བུ་རིགས་འདྲ་ཕྱི་མ་རུ། །དལ་བརྒྱད་འབྱོར་བཅུ་ཚང་བའི་རྟེན་ཐོབ་ནས། །སངས་རྒྱས་བསྟན་དང་མཇལ་ཞིང་འཇུག་པར་ཤོག །ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི། །འཁོར་དུ་སྐྱེས་ནས་རྒྱལ་བའི་གསུང་རབ་དོན། །ཐོས་དང་བསམ་པས་ཚུལ་བཞིན་བསྒོམས་པའི་མཐུས། །མྱུར་དུ་རྣམ་མཁྱེན་ཡེ་ཤེས་ཐོབ་པར་ཤོག །སྐྱོན་བྲལ་ཡོན་ཏན་ཀུན་ཚང་རྫོགས་སངས་རྒྱས། །དེས་གསུངས་ལུང་རྟོགས་དམ་(༢༥ན)


GLG021_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་ཀྱི་སྒོ། །རབ་འབྱེད་སྐྱེ་འཕགས་དགེ་འདུན་ཚོགས་རྣམས་ཀྱིས། །སྨོན་ལམ་ཅི་བཏབ་ཉེར་འགྲུབ་དཔང་པོ་མཛོད། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡིས། །ཕུན་སུམ་ཚོགས་པའི་འཕྲིན་ལས་ཡོངས་སྤེལ་ནས། །ཐོག་མཐའ་བར་དུ་དགེ་བའི་བཀྲ་ཤིས་ཤོག །ཅེས་རིང་པོར་འཚོ་ཞིང་བསྟན་པའི་ཞབས་འདེགས་དང་ཕྱི་མ་དལ་འབྱོར་གྱི་རྟེན་ཐོབ་ནས་འཁོར་དུ་སྐྱེས་ཏེ་ཆོས་བསྒྲུབ་པའི་སྨོན་ལམ་ཁ་ཏོན་བྱེད་རྒྱུ་ཞིག་དགོས་ཞེས་བསོད་ནམས་ཀྱི་དཔུང་པས་ས་ཆེན་པོ་ལ་དབང་སྒྱུར་བའི་སྟོབས་ཀྱི་དབང་ཕྱུག་ད་ལས་ཧོང་ཐའི་ཇིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དཀོན་ཅོག་གོ །གསེར་གྱི་ལྷུན་པོ་མཚན་དཔེས་རབ་འཁྱུད་སྐུ། །ཚངས་དབྱངས་སྙེམས་འཕྲོག་ཡན་ལག་དྲུག་ཅུའི་གསུང༌། །བདེན་གཉིས་ཆོས་ཀུན་མངོན་སུམ་གཟིགས་པའི་ཐུགས། །བསྐལ་བཟང་འདྲེན་མཆོག་བཞི་པ་ཤཱཀྱའི་ཏོག །རི་མོ་གཡས་འཁྱིལ་མགྲིན་པའི་པི་ཝང་ཁོག །སེང་གེའི་རྒྱུད་ལས་དྲངས་པ་སྨན་མདོའི་གླུ། །ཆེར་སྙེགས་ལུས་ཅན་ཡོངས་ཀྱི་རྣ་བ་རུ། །ཡོངས་འགྱེད་ཕན་བདེའི་སྲོག་འཚོ་བདུད་རྩིའི་བཅུད། །བརྒྱད་བརྒྱའི་པུསྟཀཿནས་ཉེར་བསྟན་པ། །སྨན་བླ་མངོན་མཁྱེན་ཆོས་གྲགས་མྱ་ངན་མེད། །གསེར་བཟང་རིན་ཅེན་ཟླ་བ་མཚན་ལེགས་ཞེས། །རྒྱལ་གཞན་ཀུན་ལས་ཆེས་ལྷག་ཐུགས་རྗེའི་གཏེར། །གངས་ཅན་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱི། །སྐུ་ཡི་རིམ་གྲོར་ཐུབ་བསྟན་རྩ་ལག་ཆེ།(༢༥བ)


GLG021_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

།མཁན་ཆེན་བོ་དྷི་སཏྭས་ལེགས་བཀྲལ་བའི། །མདོ་ཆོག་སྔོན་མེད་དཔག་བསམ་ཡོངས་འདུའི་མཆེད། །ཕོ་བྲང་ལྔ་བཅུ་རྩ་གསུམ་ལྷ་ཚོགས་སྐུ། །བདུན་ཚར་མཆོད་སྤྲིན་དངོས་བཤམས་ཡིད་སྤྲུལ་ནས། །སྤྱན་འདྲེན་ཕྱག་མཆོད་རྣམ་དག་སྨོན་ལམ་གྲངས། །སྟོང་ཕྲག་ལོ་རེ་སྟར་ཆུག་སྤེལ་བའི་དགེས། །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །བྱེ་བྲག་ཁྲི་སྐོར་བཅུ་གསུམ་རྒྱལ་ཁམས་འདིར། །མདོ་ཚིག་དོན་བཞིན་སྡུག་བསྔལ་རྣམ་གསུམ་གྱི། །མི་ཟད་ཟུག་རྔུ་དྲུངས་ནས་འབྱིན་པར་ཤོག།ཆོས་ནོར་འདོད་ཐར་སྡེ་བཞིའི་སྒོ་ཕྱེ་ནས། །སྲིད་ཞིའི་ཕུན་ཚོགས་ཡོན་ཏན་མཐའ་ཡས་པ། །ལུས་ངག་ཡིད་ལ་རྟག་ཏུ་ཉམས་མྱོང་བ། །འབྲལ་མེད་གོང་ནས་གོང་དུ་འཕེལ་བར་ཤོག །མིང་ཙམ་མིན་པར་ཤཱཀྱ་སེང་གེ་ཡི། །རྗེས་སུ་ཞུགས་སོ་ཅོག་གི་བསྟན་པ་དང༌། །ཡང་སྒོས་མཉམ་མེད་རི་བོ་དགའ་ལྡན་པའི། །རིང་ལུགས་སྲིད་མཐའི་བར་དུ་རྒྱས་པར་ཤོག །ཆོས་སྤྱོད་རྣམ་བཅུ་ཐུབ་གསུང་དགོངས་འགྲེལ་རྣམས། །ཐོས་བསམ་སྒོམ་པས་ལེགས་འཛིན་མདོ་སྔགས་སྡེ། །དབྱར་གྱི་ཆུ་གཏེར་ལྟ་བུར་རབ་འཕེལ་ཞིང༌། །བཤད་སྒྲུབ་རླབས་འཕྲེང་དུས་ལས་ཡོལ་མེད་ཤོག །གྲུབ་མཐའ་རྣམ་བཞིའི་བཞེད་གཞུང་སྨྲ་བའི་ངག །དགེ་དབང་གཉིས་པའི་བློ་ཡི་སྐལ་བཟང་ལ། །ལེགས་སྤྱོད་གཙུག་ལག་རྒྱ་མཚོའི་འཇུག་ངོགས་ཅན། །རྡོ་རྗེའི་ཁྲི་ལ་གཡོ་མེད་བརྟན་པར་ཤོག །སངས་རྒྱས་བསྟན་པ་འདེགས་ལ་བསོད་ནམས་མཐུ། །རྒྱ་ཆེན་མཚོ་ལྟར་གཏིང་ཟབ་ཁྲིམས་གཉིས་ཀྱི། །གསེར་འཁོར་མཁའ་ལ་རབ་(༢༦ན)


GLG021_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མི་ཡི་བདག །སྐུ་ཚེ་ཆབ་སྲིད་མངའ་ཐང་རྒྱས་པར་ཤོག །ལྷག་བསམ་ཚངས་པའི་རལ་ཀླུང་སྟུག་པོ་ནས། །དགེ་ཚོགས་འཛད་མེད་གངྒཱ་འདྲེན་མཁས་པས། །སྐལ་ལྡན་ཤིང་རྟའི་མཆེད་ཟླ་ཧོར་བོད་ཀྱི། །སྐད་གཉིས་སྨྲ་བ་སེ་ཆེན་དབོན་པོ་གང༌། །བརྒྱ་ཕྲག་བགྲང་བྱར་ཉེ་བ་རིང་པོའི་ཚེ། །རྣམ་ཐོས་བུ་ལ་འགྲན་བཟོད་བསོད་ནམས་ཀྱི། །འཆར་དང་ནུབ་པ་དང་བྲལ་དུས་ཀུན་ཏུ། །སྐྱིད་པའི་ཉི་མ་དགུང་དུ་གསལ་བར་ཤོག །འདི་སྣང་ནུབ་ཚེ་བདེ་བར་གཤེགས་པ་བདུན། །མངོན་སུམ་བྱོན་ནས་དག་པའི་ཞིང་ཁམས་སུ། །ཐོག་མེད་ཁྲིད་དེ་རྒྱལ་བའི་སྲས་སུ་སྐྱེ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྗེས་འཇུག་རྣམས་དང་དོན་འདིར་འབད་པ་ཀུན། །སྲས་བཅས་རྒྱལ་བའི་བྱིན་རླབས་སྙིང་ཞུགས་ནས། །འདི་ཕྱི་བར་དོའི་མདུན་ས་མ་ལུས་པ། །བསམས་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཧོར་བོད་ཀྱི་ལོ་ཙཱ་བ་སེ་ཆེན་དབོན་པོ་བློ་བཟང་ཆོས་འཕེལ་གྱིས་སྨན་བླ་སྟོང་རྩ་ལོ་སྟར་གྱི་གཏོང་རྒྱུན་བཙུགས་པའི་ཚེ་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །རྣམ་དག་དད་པའི་མེ་ལོང་གཙང་མའི་ངོས། །རྒྱལ་ཀུན་འདུས་པའི་གཟུགས་བརྙན་ཡོངས་འཆར་བ། །འཇམ་དཔལ་དབྱངས་དངོས་དགའ་བའི་བཤེས་གཉེན་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས། །ཤུགས་དྲག་མོས་པས་ཐུགས་རྗེ་རབ་བསྐུལ་མཐུས། །


GLG021_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འབངས་རྣམས་ལ་ནད་གདོན་བར་གཅོད་ཀྱིས། །ཉེར་འཚེ་ཀུན་ཞི་ཚེ་དཔལ་རིགས་བརྒྱུད་སོགས། །ཡར་ངོའི་ཟླ་ལྟར་འཕེལ་བར་བྱིན་རློབས་ཤིག །སྨོན་ལམ་ཅི་བཏབ་རེ་བ་ཇི་བཞིན་དུ། །ལྷུན་གྱིས་གྲུབ་པར་བླ་མ་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོངས་གིས། །དངོས་གྲུབ་ཆར་འབེབས་ལས་ཀུན་བསྒྲུབས་པར་ཤོག །ཅེས་སྡེ་མང་གི་འདོན་རྒྱུ་འདི་ལྟ་བུ་ཞིག་དགོས་ཞེས་ཇོ་རོག་ཐུ་ཁོ་ཤོར་ཆེ་ཐའི་ཇིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཚེ་རབས་དུ་མར་ངག་དབང་ལྷ་མོ་ཡིས། །བློ་གྲོས་བདུད་རྩིས་གང་བའི་བུམ་པ་བཟང༌། །ཐོས་བསམ་རྒྱ་མཚོ་ལས་ཐོན་ལེགས་བཤད་སྲོག །རབ་བརྟན་ཚངས་པའི་མཆེད་ཟླར་འགྱུར་མེད་ཤོག །གནས་ལྔ་རིག་པ་སྨྲ་ལ་འཇིགས་མེད་ཀྱི། །སྤོབས་མཐོའི་གོ་ཆ་བཙན་པོས་ཐུབ་བསྟན་ལ། །རྒོལ་ངན་ཉེར་བསྲུང་རྣམ་དཔྱོད་ལང་ཚོའི་སྡེ། །འོག་མིན་མགོན་པོ་ལྟ་བུར་བརྟན་པར་ཤོག །སངས་རྒྱས་གཉིས་པ་བློ་བཟང་གྲགས་པའི་བསྟན། །མཁའ་ལྟར་རྒྱ་ཆེ་མཚོ་བཞིན་གཏིང་ཟབ་པ། །ལེགས་སྐྱོང་ནོར་འཛིན་དབང་པོའི་སྐུ་ཚེ་དང༌། །མངའ་ཐང་འཆི་མེད་གཙོ་བོར་འགྲན་ནུས་ཤོག །ལྷོ་བྲག་ལུང་གསུམ་ལྗོངས་སུ་དགའ་ལྡན་པའི། །གྲུབ་མཐའ་གཙང་མས་རང་གཞན་དོན་གཉིས་ཀུན། །ཉེར་གྲུབ་འདུས་གླིང་འཁོར་ལོ་རྣམ་གསུམ་གྱི། །ནམ་མཁའ་གཞན་གྱུར་དེ་སྲིད་འཕེལ་རྒྱས་ཤོག །དཀོན་ཅོག་གསུམ་གྱི་ཐུགས་རྗེ་ཉི་འོད་བརྡལ། །འགྲོ་བའི་བདེ་སྐྱིད་སྣང་བས་ཕྱོགས་བཅུར་ཁྱབ། །ལྷ་དང་དྲང་སྲོང་བདེན་པའི་(༢༧ན)


GLG021_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལ་དབང༌། །ཚུལ་ཁྲིམས་ལྡན་པའི་སྨོན་ལམ་དེང་འགྲུབ་ཤོག །ཅེས་བརྗོད་དོན་དང་མང་ཉུང་འདི་ཙམ་ཡོད་པའི་སྨོན་ལམ་ཞིག་དགའ་ལྡན་དོན་གཉིས་གླིང་བླ་སྤྱི་མཐུན་མོང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །དུས་ཀྱི་དགྲ་བོར་ཁྲག་འཐུང་རོལ་གར་གྱིས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་བཞད་པ་རྩལ། །འཇམ་དཔལ་ཚེ་བདག་ངོ་བོར་རྟག་བཞུགས་ནས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་ཤོག །རྩ་གསུམ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །གནམ་ལྕགས་འབར་བའི་ཐོག་ཀྱང་ཟིལ་གནོན་པར། །དཔའ་བོའི་ལག་རྟགས་སོ་སྟོན་གོང་མ་ཡི། །རྣམ་པར་ཐར་པ་ཚུལ་བཞིན་འཛིན་ནུས་ཤོག །ཧེ་རུ་ཀཿདཔལ་སོ་ཟུར་གནུབས་གསུམ་གྱི། །བཀའ་གཏེར་བསྟན་སྐྱོང་དམ་ཅན་རྒྱ་མཚོ་ཡིས། །དབང་དྲག་རྒྱས་ཞི་མཆོག་གི་དངོས་གྲུབ་རྣམས། །བསམས་པ་ཇི་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདིའང་སོའི་སྔགས་འཆང་གནས་བྱུང་བ་གནམ་ལྕགས་ཟིལ་གནོན་དཔའ་བོས་བསྐུལ་བ་ལྟར་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །འཆི་མེད་བདུད་རྩིའི་བཅུད་ཀྱི་དངས་མ་ཀུན། །ལྷ་སྔགས་རྩ་ཐིག་རླུང་གསུམ་རིག་རྩལ་གྱིས། །ཨ་ཧཾ་མི་བཤིག་སྲོག་ཏུ་ལེགས་འདྲེན་པ། །ཐོད་འཕྲེང་རིགས་ལྔའི་ཐུགས་རྗེ་རྨད་པོ་ཆེ། །གང་བྱིན་ཉེར་བརླབས་རིང་པོར་འཚོ་ཐབས་ཀྱི། །རྟེན་ཅིང་འབྲེལ་འབྱུང་(༢༧བ)


GLG021_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་བསྒྲིགས་ཆོ་ག་ཡིས། །བདུད་ལས་རྣམ་པར་རྒྱལ་བའི་ཕན་བདེའི་སྒོ། །ལེགས་འབྱེད་བཤད་སྒྲུབ་ངེས་གསང་ཐེག་མཆོག་གླིང༌། །དེའི་ཆེད་བརྩོན་ལྡན་དགེ་སློང་རིག་པ་འཛིན། །འཇམ་དབྱངས་གྲགས་པས་སྒོ་གསུམ་འབད་པའི་མཐུས། །རྡོ་རྗེ་སློབ་དཔོན་སྟུག་པོ་བཀོད་ཞིང་གི །མགོན་ལྟར་བསྐལ་པར་གཡོ་མེད་བརྟན་པར་ཤོག །མི་ཡི་དབང་ཕྱུག་སྐུ་ཚེ་མངའ་ཐང་དང༌། །ཆབ་སྲིད་ཡར་ངོའི་ཟླ་བ་བཞིན་དུ་འཕེལ། །སྤྱི་དང་བྱེ་བྲག་འཇིག་རྟེན་ཁམས་མ་ལུས། །རྫོགས་ལྡན་གསར་པའི་དགའ་སྟོན་དགོད་པར་ཤོག །རྒྱུ་སྦྱོར་མི་ནོར་འཁོར་བཅས་རྨུགས་འཛིན་ལ། །འགྲན་པར་ནུས་པ་སྲིད་པའི་ཕུན་ཚོགས་ཀུན། །རབ་རྒྱས་ལུས་ངག་ཡིད་གསུམ་བདེ་སྐྱིད་ལ། །རྟག་ཏུ་སྤྱོད་པའི་བསོད་ནམས་ཐོབ་པར་ཤོག །ཕྱི་མའི་ཡང་སྲིད་རྣམས་སུ་དལ་འབྱོར་ལུས། །རྙེད་ནས་སངས་རྒྱས་བསྟན་ལ་ཐོས་བསམ་དང༌། །སྒོམ་པས་དུས་གསུམ་རྒྱལ་རྣམས་གཤེགས་བཤུལ་དེར། །མྱུར་བགྲོད་ལུས་ཅན་མཐའ་དག་འདྲེན་པར་ཤོག །འདིས་མཚོན་སྔོན་བསགས་རྣམ་པར་དཀར་བའི་འབྲས། །མ་ལུས་ནམ་མཁའི་མཐས་གཏུགས་སེམས་ཅན་རྣམས། །སྲིད་ཞིའི་མཐའ་བྲལ་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མངོན་དུ་འགྱུར་བའི་རྒྱུ་རུ་བསྔོ། །ཞེས་གནས་བརྟན་འཇམ་དབྱངས་གྲགས་པས་ལྕགས་མོ་བྱ་ལོ་ས་ག་ཟླ་བར་རིང་པོར་གནས་པའི་རྟེན་འབྲེལ་བསྒྲིགས་སྐབས་ཉིན་བདེ་མ་སོགས་སྣ་ཚོགས་པའི་ཁ་བཏགས་ཉི་ཤུ་རྩ་ལྔ། ཁ་བཏགས་ཧོར་དུས་མའི་ཡོལ་བ་རྣམ་པ་དྲུག །དར་(༢༨ན)


GLG021_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ཁ་བཅུ་དྲུག །སྨན་རྙིང་ཁ་བཅུ། རྟེན་ཁེབས་གཉིས། རྒྱ་གོས་སེའུ་མ། གོས་ཡུག་བཞི། གོས་གསང་ཚོན་ཁྲ་ཁ་དོ། ལིང་སེར་ཡུག་དང་ལིང་དཀར་ཁ་ལྔ། དྲིལ་བུ་ཐེག་ཆེན་གསུམ་དང་བོད་དྲིལ་གཅིག །ཚོགས་ཁྲོ་གཅིག །ཟངས་དམར་གྱི་ཀ་ཋོ་ར་ཆ་གཅིག་རྣམས་ལ་དགེ་སྐོས་ཐེར་ཟན་ཚོས་གོང་བརྒྱབ་ལ་ཁྱོན་བསྡོམས་དངུལ་སྲང་ཉིས་བརྒྱ་དང་ཞོ་གསུམ་ཐོབ་པ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་སྤྱི་འབུལ་གྱི་ཚེ་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་ངག་དབང་དཀོན་ཅོག་གོ །སྦྱང་གཞི་དུག་ལྔའི་ལྕགས་ཁམས་ཐབས་མཁས་རྩི། །སྣ་ཚོགས་ལམ་གྱིས་བསྒྱུར་བ་ཡེ་ཤེས་ལྔ། །གསེར་ཞུན་འོད་འབར་ཁྱབ་བདག་རྡོ་རྗེ་སེམས། །སྟོང་ཕྲག་སྣང་བརྙན་བཞེངས་པའི་དགེ་ལེགས་འབྲས། །འཕྲིན་ལས་རྣམ་རྒྱལ་རྒྱུད་ལ་ཐོག་མེད་ནས། །ཉེར་བགོས་ལས་ཉོན་དྲི་མ་ཅི་མཆིས་པ། །ཐུགས་རྗེའི་ཆབ་ཀྱིས་དེང་བཀྲུས་མི་ཡི་ལུས། །ཆོས་ལྡན་རྟེན་དུ་ཉིང་མཚམས་སྦྱོར་བར་ཤོག །ཡང་སྲིད་བར་མེད་གསུམ་དུ་དལ་བའི་རྟེན། །རྙེད་ཀྱང་གཞན་རྐྱེན་གེགས་དབང་གྱུར་པའི་རྒྱུན། །རབ་བཅད་འདི་ཕྱི་གཏན་མདུན་བསྒྲུབ་པ་ཡི། །འདོད་དོན་འགྲུབ་པའི་གྲོགས་ཀུན་ཚང་བར་ཤོག །བདེ་ལྡན་ཞིང་གི་མགོན་པོ་གར་གྱི་དབང༌། །ཐུགས་ཀ་ནས་འཕྲོས་འོད་དཀར་སྦུབས་ལམ་དུ། །འཕྲིན་ལས་རྣམ་པར་རྒྱལ་བ་རབ་དྲངས་ཏེ། །ཆུ་སྐྱེས་དབུས་སུ་བརྫུས་ནས་སྐྱེ་བར་ཤོག །མགོན་དེས་ལྗགས་ཀྱི་པདྨ་ཉེར་བཀྲམ་ནས། །ལེགས་གསུངས་(༢༨བ)


GLG021_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་དམ་ཆོས་ཐོས་བསམ་དང༌། །སྒོམ་པས་སྤྱན་རས་གཟིགས་དང་གསང་བའི་བདག །ཇི་བཞིན་རླབས་ཆེན་སྤྱོད་པ་འགྲུབ་པར་ཤོག །གནས་དེར་རང་བདེར་མ་ཆགས་སྙིང་སྟོབས་ཀྱི། །སྤྲུལ་པ་མཐའ་དག་བཀྱེ་ནས་མ་དག་པ། །གྲངས་མེད་ཞིང་དུ་གནས་པའི་སེམས་ཅན་ཚོགས། །ཐར་པར་འཁྲིད་པའི་ས་མཁན་བྱེད་པར་ཤོག །སྒྲིབ་གཉིས་དགྲ་བཅོམས་སྤང་རྟོགས་ཡོན་ཏན་ཀུན། །རྫོགས་པར་སངས་རྒྱས་ཐམས་ཅད་མཉམ་ན་ཡང༌། །གངས་ཅན་འགྲོ་ལ་ཐུགས་རྗེ་ཚད་མེད་དུ། །རབ་འཇུག་པད་འབྱུང་ཀུན་བཟང་ཧེ་རུ་ཀཿ །གངྒཱའི་ཀླུང་རྡུལ་སྙེད་ཀྱིས་མཚོན་མིན་སྤྲུལ། །སྤྲོ་ཡང་འཛམ་བུ་གླིང་འདིར་གྲགས་ཆེ་བ། །གཅིག་ལས་དུ་མའི་རོལ་གར་ཀ་ཤི་ཀར། །སོར་མོའི་འཕྲུལ་གྱིས་བསྒྱུར་བའི་བསོད་ནམས་མཐུས། །འཕྲིན་ལས་རྣམ་རྒྱལ་རྔ་ཡབ་གྲོང་ཁྱེར་དུ། །སྲིན་ཕྲུག་བཟང་པོའི་བག་ཆགས་ཉེར་སད་པར། །གྱུར་ནས་པདྨ་འོད་ཀྱི་ཕོ་བྲང་ཆེར། །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཞེས་གཞིས་ཀ་ཤར་པ་ཟུར་འཕྲིན་ལས་རྣམ་རྒྱལ་དུས་ཀྱི་ཆོས་ཉིད་དུ་གྱུར་པའི་ཚེ་རྡོ་རྗེ་སེམས་དཔའ་འོད་དཔག་མེད་ཀྱི་སྟོང་ཐང༌། སློབ་དཔོན་ཆེན་པོར་མཚན་བརྒྱད་ཀྱིས་བསྐོར་བ་རྣམས་ཀྱི་ཐང་ག་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་གསང་བའི་བདག །དྲང་སྲོང་ཆེན་པོ་དྲི་མེད་ཟློས་གར་ཅན། །སྡེ་བརྒྱད་གཉེན་པོར་ཞེ་སྡང་(༢༩ན)


GLG021_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐུར། །བསྟན་ནས་ཡིད་སྲུབས་སྡེ་བཅས་མཐར་བྱེད་མཁར། །ཁྱོད་བསྙེན་ལྷག་པའི་ལྷར་བཟུང་བསྒྲུབས་པ་དང༌། །ལས་ལ་སྦྱར་བས་སྲིད་གསུམ་འབྱུང་པོའི་སྲོག །ཉེར་དྲངས་བཀའ་ལས་འདས་རྣམས་ལག་མཐིལ་གཉིས། །གནམ་སའི་བར་བཅར་སྡིག་པས་ཁོང་ཁྲག་དྲོངས། །ཀུན་རྫོབ་ཙམ་ལ་མི་ཞེན་རང་གི་སེམས། །གདོད་ནས་རྣམ་དག་ཕྱག་ན་རྡོ་རྗེའི་མཚོན། །རྣོན་པོས་གཉིས་འཛིན་འཆིང་རྒྱ་ཡོངས་བཅད་དེ། །བདེ་ཆེན་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག །ཅེས་ཡར་ཀྲུང་པ་འཆམས་དཔོན་ངག་དབང་སྐལ་བཟང་གིས་དགེ་སྦྱོར་དམིགས་རྟེན་དུ་དྲང་སྲོང་དྲི་མེད་ཞི་ཁྲོའི་སྐུ་བརྙན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །གྲུ་འཛིན་རི་བོའི་སྤོ་ན་པད་དཀར་འཆང༌། །རྒྱུད་ལྔའི་འགྲོ་ལ་རྟག་ཏུ་རྗེས་བརྩེ་ཡང༌། །མ་རུངས་གདུལ་དཀའི་གཉེན་པོར་སྲིན་པོའི་གཟུགས། །སྟོབས་ཆེན་མྱུར་མཛད་མགོན་པོ་ཕྱག་དྲུག་པ། །རང་སྙིང་འདབ་སྟོང་རྒྱས་པའི་ཟེའུ་འབྲུའི་རྩེར། །འཇམ་དབྱངས་དགའ་བའི་བཤེས་གཉེན་དཔལ་བཟང་དང༌། །ལྷ་མཆོག་མ་ཧཱ་ཀཱ་ལ་དབྱེར་མེད་དུ། །ནམ་ཡང་མི་གཡོ་བཞུགས་པར་གསོལ་འདེབས་ན། །དེང་ནས་བྱང་ཆུབ་བར་གྱི་སྐྱབས་མཛད་དེ། །འདི་ཕྱི་བར་དོའི་འཇིགས་ལས་སྒྲོལ་བ་དང༌། །མཁའ་སྤྱོད་ཞིང་དུ་གསང་སྔགས་ཉེ་བའི་ལམ། །ཉམས་སུ་བསྟར་ནས་རྡོ་རྗེ་འཆང་ཐོབ་ཤོག །ཅེས་སྤྱི་ཁང་མདོ་པ་དཀོན་ཅོག་རབ་བརྟན་གྱིས་ངག་འདོན་བྱེད་རྒྱུ་འདི་ལྟ་(༢༩བ)


GLG021_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །ལྷོ་ཕྱོགས་གྲུ་འཛིན་རི་བོའི་ཕོ་བྲང་རྩེར། །རྟག་ཏུ་བཞུགས་ཀྱང་འགྲོ་དྲུག་སེམས་ཅན་ལ། །ཐུགས་རྗེས་ནམ་ཡང་མི་ལྷོད་དོན་མཛད་པ། །འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །པད་ཟླའི་གདན་སྟེང་མཉམ་པར་བཞེངས་པའི་སྐུ། །གངས་རི་ལྟར་དཀར་མཚན་དཔེའི་ལང་ཚོ་ཅན། །རིན་ཅེན་རྒྱན་དང་དར་གྱི་ན་བཟས་སྤྲས། །འཇིག་རྟེན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཚེ་རབས་མང་པོར་ཉེར་བསགས་སྡིག་ལྟུང་འབྲས། །མ་རིག་རང་མདངས་མིག་ལ་ཤར་བ་ཡི། །ཕྱི་ནང་བར་གྱི་འགྲིབ་བྱེད་རྩ་ཕྱག་གི །སྲིན་ལག་འཕྲུལ་གྱིས་སེལ་བར་བྱིན་གྱིས་རློབས། །ཞིང་ཁམས་རབ་འབྱམས་གསལ་བའི་མེ་ལོང་ངོས། །དངུལ་བུམ་བདུད་རྩིས་བཀྲུས་པས་སྐྱེ་རྒུ་ཡི། །ལས་ཉོན་དེས་བསྐྱེད་སྡུག་བསྔལ་ཡོངས་སྦྱར་ནས། །ལུས་ངག་ཡིད་གསུམ་བདེ་དང་ལྡན་པར་ཤོག །མགོན་པོ་ཁྱོད་སྐུ་སྣང་སྟོང་ལྷ་རུ་བསྒོམ། །གསང་སྔགས་བཟླས་བརྗོད་ཆུ་ཡིས་སྲིན་ལག་མཉེས། །ཕྱག་རྒྱའི་ཐབས་ཀྱིས་མིག་གི་ནད་རིགས་ཀུན། །ཉེར་སངས་རབ་རིབ་མཐའ་དག་དྲུངས་འབྱིན་ཤོག །སྔོན་གྱི་ལས་ངན་མཐུ་དང་ཚེ་འདི་ལ། །འབྱུང་པོའི་གདོན་ཚོགས་རྐྱེན་ལས་བྱུང་བ་ཡི། །ཕྱི་ནང་བར་གྱི་མིག་སྐྱོན་མ་ལུས་པ། །ཞི་བར་ཕྱག་ན་པདྨས་བྱིན་གྱིས་རློབས། །གནས་སྐབས་གཟུགས་སྣང་མཐའ་དག་གསལ་བར་མཐོང༌། །ཆོས་ཉིད་མངོན་སུམ་བལྟ་བའི་ནུས་ཐོབ་པས། །བདག་སོགས་(༣༠ན)


GLG021_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་མཉམ་སེམས་ཅན་མ་ལུས་པ། །རྣམ་དག་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཅེས་པ་འདིའང་དཔོན་ས་བུ་ཁྲིད་རྒྱལ་མོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །རྣམ་དག་དད་པའི་དངས་མཚོར་རྒྱལ་ཀུན་གཟུགས། །ཡོངས་ཤར་གཅིག་འདུས་ངག་དབང་བློ་གྲོས་གཏེར། །མཁས་བཙུན་བཟང་པོའི་ངང་ཚུལ་ཟབ་རྒྱ་ཅན། །མཚོ་བྱུང་དྲིན་ལས་རྙེད་ལ་གསོལ་བ་འདེབས། །རྩེ་གཅིག་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་འགྲོ་བའི་མགོན་དང་སྐྱབས་གཅིག་པུར། །མི་ཤིགས་རྡོ་རྗེའི་ཁྲི་ལ་སྐྱིལ་མོ་ཀྲུང༌། །བཅས་ཏེ་ཆོས་འཁོར་བསྐལ་བརྒྱར་སྐོར་བར་ཤོག །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་ཆེ། །ནམ་ཡང་འབྲལ་མེད་གཙུག་ཏུ་ལེགས་བསྟེན་ནས། །ཟབ་རྒྱས་ཆོས་ཀྱི་རོ་ལ་ལོངས་སྤྱད་དེ། །ཕྱིན་དྲུག་སྤྱོད་པས་འགྲོ་རྣམས་འདྲེན་པར་ཤོག །གནས་སྐབས་སུ་ཡང་དགྲ་གདོན་དབུལ་ཕོངས་ནད། །དུས་མིན་འཆི་བའི་འཇིགས་པ་མཐའ་དག་ཞི། །ཚེ་དང་བསོད་ནམས་སྟོབས་འབྱོར་དབང་ཐང་རྣམས། །ཡར་ངོའི་ཟླ་བ་ལྟ་བུར་འཕེལ་བར་ཤོག །སངས་རྒྱས་ཆོས་དང་དགེ་འདུན་བདེན་པའི་མཐུ། །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེ་གཤེད། །འདོད་ཁམས་མ་སོགས་དཀར་ཕྱོགས་སྐྱོང་བ་ཡི། །དམ་ཅན་སྲུང་མ་རྣམས་ཀྱིས་གྲོགས་བྱེད་ཤོག །ཅེས་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ལྟ་བུ་ཞིག་དགོས་ཞེས་སའི་ཚངས་པ་བསྟན་འཛིན་དཱ་ལའི་རྒྱལ་པོའི་སྲས་བསྟན་(༣༠བ)


GLG021_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དབང་རྒྱལ་དང༌། ལྷ་བཟང་ཀླུ་དབང༌། ཀུན་དགའ་རབ་བརྟན་ལྕམ་སྲིང་གསུམ་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །འཇམ་དཔལ་ཚེ་བདག་རིགས་ཀྱི་ཅོད་པན་དུ། །ལེགས་བཞུགས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ཡིད་སྲུབས་གཤེད་དུ་དམག་ཟོར་རྒྱལ་མོའི་སྐུར། །ཉེར་བསྟན་བྱིན་རླབས་མཐུ་སྟོབས་རྫུ་འཕྲུལ་གྱིས། །ཟ་ཧོར་རིགས་འཛིན་ཆེ་མཆོག་འདུས་པ་རྩལ། །ཨཧཾ་ནམ་ཡང་འགྱུར་བ་མེད་པ་ཡི། །སྲོག་གི་ཀ་བ་རྡོ་རྗེ་ལྟར་ཚུགས་ནས། །བགྲང་ཡས་གདུལ་བྱའི་རེ་བ་བཀོང་བར་ཤོག །བདུད་བཙན་ལྟ་བུར་དཔའ་བའི་དྲག་ཤུལ་དང༌། །ལུགས་གཉིས་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས། །དཔལ་ལྡན་སྐལ་བཟང་ཆོས་སྲིད་དོན་རྣམས་ཀུན། །ཐོགས་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་འཕྱོས་ཕུག་པོ་ལུང་པ་བདུད་བཙན་དཔལ་བཟང་གིས་དཔལ་ལྡན་དམག་ཟོར་མའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །སྲིད་གསུམ་དྲེགས་པ་ཀུན་གྱི་གཉེན་པོ་རུ། །བརྟན་པའི་འཁོར་ལོ་ཟ་བྱེད་མ་ཧེའི་ཞལ། །གནམ་ས་ལྟ་བུར་གདངས་ཀྱང་ཆོས་ཀྱི་དབྱིངས། །འཇམ་ཞིང་ཆེས་དུལ་འགྲོ་ལ་གཅིག་ཏུ་བརྩེ། །གང་གི་སྣང་བརྙན་བཞེངས་པས་གནས་སྐབས་སུ། །འགལ་རྐྱེན་བར་ཆད་མི་མཐུན་ཀུན་ཞི་ཞིང༌། །འཁོར་འདས་ཡོན་ཏན་མཐའ་དག་དཀར་ཕྱོགས་ཀྱི། །ཟླ་བའི་ཆ་ཤས་ལྟ་བུར་འཕེལ་བར་ཤོག །དབང་(༣༡ན)


GLG021_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཆུ་བོས་མ་དག་དྲི་བཀྲུས་ནས། །སྐུ་བཞིའི་ས་བོན་ཐེབས་པས་རང་རྒྱུད་སྨིན། །ལམ་བཞི་རྫོགས་རིམ་འགྲོས་ཀྱིས་ཡོངས་གྲོལ་ཏེ། །ལས་བཞིས་འགྲོ་བ་མ་ལུས་འདྲེན་ནུས་ཤོག །ཅེས་གདོང་དཀར་རྫོང་སྡོད་མས་གྲོ་ཚེ་བརྟན་གྱིས་འཇིག་བྱེད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དབོན་ངག་དབང་དཀོན་ཅོག་གོ །འོད་ཟེར་དྲུག་སྦྲགས་རྩིབས་བརྒྱད་མེ་དཔུང་དབུས། །ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ངོ་བོ་རུ། །ངག་དབང་བློ་བཟང་རྒྱ་མཚོ་ལེགས་བཞུགས་པར། །གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །མགོན་ཁྱོད་གཞོམ་མེད་རྡོ་རྗེའི་སྐུར་གྱུར་པའི། །མི་ཤིགས་སྲུང་བའི་གུར་ཁང་བཙན་པོ་རུ། །བདག་སོགས་ཉེར་ཆུད་བདུད་བཞི་ལས་རྒྱལ་ཏེ། །དངོས་གྲུབ་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །དམག་ཟོར་ལྷ་མོ་ཚངས་དབང་དྲི་ཟའི་རྒྱལ། །ཟུར་ཕུད་ལྔ་པས་བར་ཆད་ཀུན་སྐྱོབ་ཅིང༌། །ཚེ་དཔལ་བསོད་ནམས་དབང་ཐང་སྟོབས་འབྱོར་རྣམས། །རྣམ་ཐོས་སྲས་དང་མཚུངས་པའི་འཕྲིན་ལས་མཛོད། །ཅེས་པ་འདིའང་གྲོང་སྨད་པ་དམག་ཟོར་ཚངས་དབང་གི་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་ལྕགས་བྱ་ཧོར་ཟླ་ལྔ་པའི་ཚེས་བཞིའི་རྒྱལ་ཕུར་འགྲུབ་སྦྱོར་གྱི་ཐོག་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་ཅོག་གོ །ཀ་དག་དབྱིངས་ནས་འཆི་མེད་ཆོས་སྐུའི་གདངས། །འཇའ་ལུས་གར་དབང་ལོངས་སྤྱོད་རྫོགས་སྐུའི་ཟེར། །སིནྡྷུའི་འདབ་སྟོང་རྩེ་མོར་སྤྲུལ་སྐུའི་གར། །(༣༡བ)


GLG021_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བསྒྱུར་མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེའི་མཐུས། །ཟ་ཧོར་རིགས་ལས་ཟིལ་གནོན་བཞད་པ་རྩལ། །ཆེ་མཆོག་ཞི་ཁྲོ་ཀུན་བདུས་རྣལ་འབྱོར་པ། །པདྨས་མིང་བཏགས་རྡོ་རྗེ་ཐོགས་མེད་རྩལ། །སྲོག་གི་ཀ་བ་གཡུང་དྲུང་ལྟར་བརྟན་ཤོག །རྨོངས་པའི་མུན་སངས་བློ་གྲོས་སྣང་བ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་དང་རྒྱ་ཆེའི་ཁྲིམས། །བཀའ་རྟགས་བཙན་པོ་མཆོག་དམན་གཉར་ལྕི་ཞིང༌། །ས་དབང་སྐུ་ཚེ་ཆབ་སྲིད་འཕེལ་བར་ཤོག །གངས་ཅན་པདྨའི་ལྟེ་བར་བསོད་ནམས་ཀྱི། །མངལ་ཁུར་སྦྲུམས་པས་བདེ་སྐྱིད་རྔུལ་ཆུའི་རྒྱུན། །ཡན་ལག་བརྒྱད་ལྡན་ཟླ་བའི་མ་མ་རུ། །འཁྱིལ་བས་རླབས་འཕྲེང་མཁའ་ལ་འཕྱུར་བར་ཤོག །ལོ་ཆེན་དཔལ་བརྩེགས་དཔལ་གྱི་རྡོ་རྗེ་ཡི། །མཁྱེན་བརྩེའི་རང་གཟུགས་འདི་མཆོག་སྤྲུལ་པའི་སྐུར། །ཤར་པའི་བཀའ་གཏེར་འཕྲིན་ལས་རོ་བརྒྱའི་བཅུད། །སྐལ་བཟང་གདུལ་བྱའི་ཚོགས་ཀྱིས་མྱོང་བར་ཤོག །ཨྱོན་བླ་མའི་ཟབ་རྒྱས་ཆོས་ཀྱི་གཏེར། །རབ་འབྱེད་གསང་སྔགས་འཆར་བ་འདུས་པའི་གླིང༌། །བཤད་དང་སྒྲུབ་པའི་སྒྲོན་མེས་སྔ་འགྱུར་གྱི། །རིང་ལུགས་སྣང་བས་འཇིགས་རྟེན་ཁྱབ་པར་ཤོག །རྒྱ་བོད་རིགས་འཛིན་བླ་མ་བཀའ་བརྒྱད་ལྷ། །སྔགས་སྲུང་མ་ནིང་དྲེགས་པའི་སྡེ་དཔོན་སོགས། །རྩ་གསུམ་ལྷ་ཡིས་འདོད་དོན་མ་ལུས་པ། །བསམས་པ་ཇི་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདིའང་འོད་མཆོག་སྤྲུལ་པའི་སྐུས་ཨྱོན་ཆོས་གཏེར་གླིང་དུ་འཛུགས་རྒྱུ་ཞིག་དགོས་ཚུལ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །(༣༢ན)


GLG021_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ཁྱབ་མཁའ་ཡི་རྡོ་རྗེ་སྟོང་ཆེན་དབྱིངས། །ཟུང་འཇུག་གར་དགུའི་སྒྱུ་འཕྲུལ་རྨད་པོ་ཆེ། །བསྒྱུར་མཛད་བཅོམ་ལྡན་ཧེ་རུ་ཀ་དཔལ་གྱིས། །ཐུགས་རྗེའི་རང་གཟུགས་འགྲོ་ངོར་མྱུར་འཆར་ཤོག །འཁོར་ལོའི་མགོན་ནུས་གསུང་ངག་ཆད་མེད་པ། །བསྐྱེད་རྫོགས་སྙན་བརྒྱུད་ཟབ་མོ་ལ་དབང་བ། །རས་ཆུང་བསྟན་པའི་ཉི་འོད་བརྡལ་བ་ལ། །ཆོས་རྒྱལ་དབང་པོའི་ཡང་སྲིད་མྱུར་འབྱོན་ཤོག །མཐའ་ཀླས་ཞིང་མང་སྐྱེ་རྒུའི་དོན་གྱི་ཆེད། །སྣ་ཚོགས་སྤྲུལ་པ་གངྒཱའི་ཀླུང་རྡུལ་ལྟར། །སྟོན་ལ་འགོག་པ་མེད་བཞིན་གངས་ལྗོངས་འདིར། །མོས་ལྡན་གདུལ་བྱའི་འདྲེན་པར་མྱུར་འབྱོན་ཤོག །རྩ་ཁམས་རླུང་གི་ཟབ་གསང་འཕྲུལ་པོ་ཆེ། །རང་བྱུང་ལུས་ཀྱི་ཟློས་གར་བརྟུལ་ཞུགས་ལ། །སྤྱོད་པས་རྡོ་རྗེའི་གྲགས་པ་ཀུན་ཁྱབ་པས། །དེང་སྨོན་ཅི་བཏབ་འགྲུབ་པར་བྱིན་གྱིས་རློབས། །རྗེ་བཙུན་ཐོས་པས་རབ་དགའི་སྒྲུབ་རྒྱུད་ཀྱི། །བསྟན་པ་བསྲུང་བར་ཞལ་བཞེས་དམ་ཅན་གྱིས། །ཇི་ལྟར་བསམས་པའི་རེ་བ་མ་ལུས་ཡོངས། །འབད་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་རས་ཆུང་ ཕུག་སྤྲུལ་སྐུ་ངག་དབང་ཆོསརྒྱལ next hit་དབང་པོའི་སྐུ་སྐྱེ་མྱུར་འབྱོན་གྱི་སྨོན་ལམ་ཞིག་དགོས་ཞེས་ཕྱག་མཛོད་གཟི་བརྗིད་དབང་པོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་བསམ་མཐོང་ལོ་ཙཱ་བ་ཕུན་ཚོགས་དབང་པོའོ། །འདབ་སྟོང་པདྨའི་ལྟེ་བར་ཟླ་བའི་སྟོང༌། །ཚེ་མཐའ་ཡས་པ་པདྨ་རཱ་གའི་མདོག །མཉམ་པར་རབ་བཞེངས་མཚན་དཔེའི་ལང་ཚོ་ཅན། །བསྒོམས་པས་གཞོམ་མེད་(༣༢བ)


GLG021_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སྐུ་འགྲུབ་ཤོག །ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་མཐར། །གཟུངས་སྔགས་སྒྲ་དབྱངས་སེང་གེའི་ང་རོ་ཡི། །དུས་མིན་འཆི་བའི་རི་དྭགས་མཐར་བྱས་ནས། །བསྒོམས་པས་འགག་མེད་རྡོ་རྗེའི་གསུང་འགྲུབ་ཤོག །ལྷ་སྔགས་ཐམས་ཅད་རིག་པའི་རང་རྩལ་དུ། །ཤར་ནས་ཆོས་སྐུ་བདེ་སྟོང་ཆེན་པོའི་ཀློང༌། །རོ་གཅིག་འཆར་བའི་རྣལ་འབྱོར་ལ་གཞོལ་བས། །འགྱུར་མེད་ཐུགས་ཀྱི་རྡོ་རྗེ་འགྲུབ་པར་ཤོག །འཁོར་འདས་ཚེ་དང་བསོད་ནམས་བཅུད་འཁྱིལ་བ། །མར་གད་ལྷུང་བཟེད་ལས་བབས་ཚངས་བུག་ལམ། །བརྒྱུད་དེ་ལུས་ཀྱི་ཟུངས་དང་སྲོག་རྟེན་དུ། །གྱུར་པས་ཚེ་ཡི་རིགས་འཛིན་ཐོབ་པར་ཤོག །རིང་པོར་འཚོ་བའི་དལ་འབྱོར་རྟེན་བཟང་ལ། །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ནས། །འགྲོ་བ་མ་ལུས་འདྲེན་པའི་རྒྱུ་རུ་བསྔོ། །ནམ་ཡང་འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ། །གདོད་ནས་དག་པའི་རང་རིག་གར་གྱི་དབང༌། །གཞན་ནས་བཙལ་དུ་མེད་པ་རང་ཆས་སུ། །ཡོད་པར་རང་ངོ་འཕྲོད་པའི་བཀྲ་ཤིས་ཤོག །གཞོན་ནུ་བུམ་སྐུ་བདེ་ལྡན་ཞིང་ཁམས་སུ། །སེམས་ཉིད་ཚེ་དཔག་མེད་མགོན་བཞུགས་བཞིན་དུ། །འཆི་མེད་རིགས་ལྔའི་འཆར་སྒོ་ནང་གདངས་ཕྱིར། །ཤར་བ་ངེས་པ་རྙེད་པའི་བཀྲ་ཤིས་ཤོག །གློ་བུར་འཆི་བས་ཉམས་ཐག་འགྲོ་བའི་དབུགས། །འབྱིན་པར་ཉི་མའི་ཟེར་ལྟར་སྤྲུལ་པའི་གར། །ཕྱོགས་བཅུར་བཀྱེ་ནས་ཚེ་ཡི་མཆོག་སྦྱིན་པས། །འཕྲིན་ལས་རྒྱུན་མི་ཆད་པའི་བཀྲ་ཤིས་ཤོག །ཅེས་དཔལ་འབྲི་གུང་པ་ལྷ་སྲས་རྒྱལ་པོའི་རྣམ་སྤྲུལ་དཀོན་མཆོག་ཕུན་ཚོགས་སམ་དབུར་སྨྱོན་ལ་དཔལ་ཨྱོན་ཆེན་པོས་དངོས་སུ་གནང་བའི་གཟུངས་ལ་བརྟེན་པའི་དེ་སྒྲུབ་དང་འབྲེལ་བའི་བསྔོ་(༢༣ན)


GLG021_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་བཀྲ་ཤིས་ཤིག་དགོས་ཞེས་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་ཚེ་སྒྲུབ་ཀྱི་མཚམས་བྱས་སྐབས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་ངག་དབང་དཀོན་མཆོག་གོ །ཡིད་བཞིན་འཁོར་ལོའི་སྣང་བརྙན་བརྒྱ་ཕྲག་ཏུ། །སྤེལ་བས་བཀྲ་ཤིས་དབང་ཕྱུག་དུས་མིན་གྱི། །འཆི་བདག་ལས་རྒྱལ་རིང་འཚོའི་དལ་རྟེན་ལ། །འདི་ཕྱིའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་ཤློཀ་གཅིག་པ་ཞིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །གཏིང་མཐའ་མི་མངོན་ཡོན་ཏན་བྱེ་བའི་གཏེར། །ཀུན་མཁྱེན་ཡེ་ཤེས་སྤྱན་གྱིས་སྒྲིབ་མེད་དུ། །གཟིགས་ནས་ཆེད་དུ་རབ་བསྔགས་འཕགས་མའི་ཞབས། །གཙུག་གཏོར་རྣམ་པར་རྒྱལ་མས་དངོས་གྲུབ་སྩོལ། །ངག་དབང་འཇམ་དཔལ་བློ་བཟང་གྲགས་པའི་བསྟན། །རྒྱ་ཆེན་མདོ་རྒྱུད་གཞུང་ལུགས་དགའ་བའི་མདུད། །འགྲོལ་ལ་མཚོ་བྱུང་ལྷ་མོ་མགྲིན་བཞུགས་པ། །ཚངས་སྲས་བཞད་པའི་རྡོ་རྗེ་ཞབས་བརྟན་ཤོག །སངས་རྒྱས་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །ཆོས་སྲིད་བསྟན་པ་རྒྱ་མཚོའི་མཐའ་ཀླས་པར། །གྱེན་དུ་འདེགས་མཁས་ས་སྐྱོང་ཆོས་ཀྱི་རྒྱལ། །གཡུང་དྲུང་ལྟ་བུར་འགྱུར་མེད་རབ་བརྟན་ཤོག །ཐང་སག་དགའ་ལྡན་ཆོས་སྤྱོད་རྣམ་བཅུ་ཡི། །འཁོར་ལོ་རྒྱུན་ཆད་མེད་བསྐོར་འདུས་པའི་སྡེ། །བྱམས་མགོན་བསྟན་པ་གླིང་འདིར་མ་ཤར་བར། །དབྱར་མཚོ་ལྟ་བུར་འཕེལ་ཞིང་རྒྱས་པར་ཤོག །གནམ་ས་བར་ལ་ངན་རྩུབ་མཚན་ལྟས་རྒྱུས། །ཉེར་བསྐྱེད་འབྲས་བུ་རང་བཞིན་གྱིས་སྟོང་ཡང༌། །ཀུན་རྫོབ་འཁྲུལ་ངོར་སྒྱུ་མ་ལྟར་ཤར་བ། །དཀོན་མཆོག་བདེན་པའི་མཐུ་ཡིས་ཞི་བར་ཤོག །འགྲོ་རྣམས་སྡིག་ལྟའི་བསམ་སྦྱོར་ངན་དང་བྲལ། །ལྷ་འདྲེའི་གདུག་རྩུབ་ཞི་ནས་(༣༣བ)


GLG021_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྒྱུད་དུལ། །རྩི་སྨན་རིགས་སྔགས་མཐུ་ལྡན་ལྔ་བདོ་བའི། །མི་བཟད་ཟུག་རྔུ་དྲུངས་ནས་འབྱིན་པར་ཤོག །འདུ་བ་འཁྲུགས་རྣམས་སྒོ་གསུམ་ནད་དང་བྲལ། །སྦྲུམ་མ་བདེར་བཙའ་ཚོང་པ་ཁེ་སྤོགས་ལོན། །སོ་ནམ་འབྲས་སྨིན་ཤ་འཁོན་འཐབ་རྩོད་བྲལ། །འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པར་ཤོག །བསླུ་བ་མེད་པའི་སྐྱབས་མགོན་ཡིན་ནོ་ཅོག །སྨོན་ལམ་གདབ་ཡུལ་དབང་པོར་སྤྱན་དྲངས་ནས། །རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཐུགས་རྗེའི་ཕྱག་རིང་ཁྱོངས་ལ་བདག་དབུགས་ཕྱུང༌། །རེ་བ་དོན་ལྡན་མྱ་ངན་མེད་པ་ཡི། །ལྗོན་ཤིང་ལོ་འདབ་ཕང་ཕུང་གྲིབ་བསིལ་ལ། །སྐྱིལ་མོ་ཀྲུང་བཅས་ཡིད་ལ་བདེ་བའི་རོ། །མྱོང་བའི་ཕུན་ཚོགས་རྩེ་དགར་དགོད་པར་ཤོག །ཅེས་བདེན་ཚིག་བརྗོད་པའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་འདི་ནི་ཐང་སག་དགའ་ལྡན་ཆོས་འཁོར་གྱི་སློབ་དཔོན་དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་སྔགས་རམས་པ་ནམ་མཁའ་བཟང་པོ་གྲ་བཅས་ཀྱིས་འབད་པ་ཆེན་པོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །གསུམ་ཞོས་ལྷག་པ་བཅུ་བཞིའི་སྲང་གྲངས་ཀྱི། །རིན་ཆེན་གཉིས་པའི་པད་ཕོར་མཆོད་སྤྲིན་སྣོད། །འཆམས་དཔོན་རབ་འབྱམས་བློ་བཟང་སྐྱེས་མཆོག་གིས། །ཕུལ་བས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་དགེ་སྐོས་ཀྱི་ཐོག་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་བནྡེས་བྲིས་པ་མངྒ་ལཾ། །གྲངས་མེད་བསྐལ་པར་བསགས་པའི་ལེགས་བྱས་ཕུང་པོ་རི་བོ་མངོན་སུམ་ལྟར་རྒྱུ་ཀུན་མཁྱེན་བུ་རམ་ཤིང་པ་ལ། །གཟོད་མ་ཉིད་ནས་སྒྲིབ་གཉིས་སྤངས་ཀྱང་སློབ་མའི་ཚུལ་འཛིན་བསྟན་པ་ཇི་སྲིད་དངོས་(༣༤ན)


GLG021_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་གནས་བརྟན་བཅུ་དྲུག་གི །ཆོ་གའི་གཞུང་ལས་བྱུང་བ་ལྟ་བུར་བདག་སོགས་སྐྱེ་རྒུའི་སྡིག་ལྟུང་དེས་བསྐྱེད་ཉེས་ཚོགས་མ་ལུས་རབ་བྱེད་ཞིང༌། །སྲིད་དང་ཞི་བའི་ཕ་མཐར་མི་ལྟུང་བདེན་གཉིས་རྫིངས་ཀྱིས་འཁོར་བ་ཆུའི་སྲིན་འབྱུང་གནས་ངག་ལས་སྒྲོལ་ནུས་ཤོག །མར་མེ་མཛད་དཔལ་ཡབ་སྲས་བཞེད་སྲོལ་ལྷ་ཆོས་བདུན་ལས་ཁྲོ་རྒྱལ་ཀུན་འདུས་རྗེ་བཙུན་མི་གཡོ་མགོན་པོ་ལ། །བཀའ་གདམས་གཞུང་པའི་བསྟན་སྲོག་ལེགས་འཛིན་དཔལ་ལྡན་རྣར་ཐང་མཁན་ཆེན་མཆིམས་ཀྱི་དགེ་སློང་ནམ་མཁའ་གྲགས་པ་ཡིས། །གོང་མ་རྣམས་ཀྱི་ཐུགས་དམ་སྙིང་པོ་ཕྱོགས་གཅིག་བསྡེབས་པ་བརྒྱ་རྩར་གྲགས་པ་ཡི་དམ་ཆོས་སྐྱོང་གིས་བསྐོར་བ། །ཡོངས་བསྐྲུན་དགེ་བ་པད་རྩ་ལྟ་བུར་གང་བསགས་དེའི་མཐུས་འདི་ཕྱི་གཏན་གྱི་མདུན་མ་ཐམས་ཅད་འགྲུབ་པར་ཤོག །འཁོར་བ་སྟོངས་མིན་གཞན་དོན་མཛད་ལ་ཞུམ་པ་མེད་ཀྱང་ཆེས་ཆེར་སྙིགས་མ་ལྔ་བདོའི་སྐྱེ་རྒུ་གདུལ་དཀའ་བ། །འདུལ་ཕྱིར་མིག་སྨན་ལྷུན་པོ་བསྐལ་མེའི་གོས་གྱོན་མ་མགོན་ལྕམ་དྲལ་གནོད་སྦྱིན་བཞི་དང་དམ་ཅན་རྒྱ་མཚོ་ཡིས། །འདིར་སྣང་ཞི་རྒྱས་དབང་དྲག་ལས་ཀུན་ཐོགས་པ་མེད་སྒྲུབས་ཉིང་མཚམས་སྦྱར་ཚེ་བར་དོར་ལྷ་ཁྱོད་དངོས་བྱོན་ནས། །མཁའ་སྤྱོད་དག་པའི་ཞིང་དུ་ཉེར་ཁྲིད་ས་ལམ་སྤང་རྟོགས་ཡོན་ཏན་ལྷུན་རྫོགས་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་གདོང་ཁ་བ་བློ་བཟང་བསྟན་འཛིན་དབང་རྒྱལ་གྱིས་བྲིས་ཐང་གསུམ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ལུས་ངག་ཡིད་གསུམ་བག་ཡང་ལ་དབང་བའི། །བློ་གྲོས་བསྐལ་བཟང་སངས་རྒྱས་བཞི་པ་ཡི། །རིང་ལུགས་རྒྱ་མཚོར་འཆད་རྩོད་རྩོམ་པའི་གྲུས། །འགྲོ་ཀུན་ཐར་གླིང་འདྲེན་ལ་(༣༤བ)


GLG021_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས། །ཐོས་དང་བསམ་པར་འཇིགས་མེད་བརྩོན་པ་ཡིས། །རྟག་ཏུ་ཉེར་གོམས་ཤེས་རབ་གོ་ཆ་ཅན། །ཐུབ་དབང་ཤིང་རྟ་ཆེ་གཉིས་དགོངས་དོན་བསྟན། །ལང་ཚོ་རྒྱས་པའི་སྡེ་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པ་ཡི། །རིང་ལུགས་དགའ་བ་བརྒྱ་པའི་ཡུལ་སའི་བར། །སྤེལ་མཁས་རིས་མེད་འགྲོ་བའི་བཤེས་གཉེན་མཆོག །མཚུངས་བྲལ་བླ་མ་མཆོག་ལ་གསོལ་བ་འདེབས། །དགྲ་བཅོམ་ཚོགས་ཀྱང་ཕྲ་རྒྱས་བ་སྤུའི་རྩེ། །མཐོང་བས་གྱེན་སློང་ཚངས་སྲས་ལུས་ཕྲ་མ། །མགྲིན་པར་བཞད་པའི་ལེགས་བཤད་རྡོ་རྗེའི་གླུ། །རྣམ་དཔྱོད་རྒྱུད་ལས་འདྲེན་ལ་གསོལ་བ་འདེབས། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་ཁྲིར། །མགོན་ཁྱོད་ཧྲཱིཿཡིག་ལས་འཁྲུངས་ཚེ་མཐའ་ཡས། །མཚན་དཔེའི་གཟི་བྱིན་འབར་བར་ལེགས་བསྒྱུར་ནས། །བསྐལ་བར་མི་ཤིགས་སྐྱིལ་ཀྲུང་བཅའ་བར་ཤོག །ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་བཀུག་པ་ཡིས། །འཁོར་འདས་ཡོངས་ཀྱི་ཚེ་བཅུད་མ་ལུས་ཀུན། །ཏིང་འཛིན་ཕྱག་རྒྱས་བཏེག་པའི་ཀ་ལ་ཤར། །རབ་འབྱམས་གྱེན་འཕྱུར་ཟིལ་དངར་གྱིས་བརྟན་ཤོག །མ་རིག་འཐིབས་མུན་རྣམ་དཔྱོད་སྐྱ་རེངས་ཀྱིས། །སངས་པའི་བློ་རྒྱས་རྒྱ་ཆེན་ལུགས་ཟུང་སོགས། །མཚོ་ལྟར་གཏིང་ཟབ་ཁྲིམས་གཉིས་རིན་ཆེན་གཏེར། །སྒོ་འབྱེད་ས་དབང་རྡོ་རྗེ་ལྟར་བརྟན་ཤོག །ལྷ་ཁྱོད་དུས་ཀྱི་བདག་པོའི་ཆེ་བ་ཡིས། །འབངས་རྣམས་ཚེ་ཡང་རིང་དུ་འཕེལ་བ་དང༌། །ལུས་ངག་ཡིད་བདེ་དཔལ་འབྱོར་ཕུན་ཚོགས་པ། །གསེར་གྱི་འཁོར་ལོས་སྒྱུར་རྒྱལ་རྗེས་འགྲོར་ཤོག །བོད་ཡུལ་མངའ་བདག་ཁྲི་ལྡེ་གཙུག་བརྟན་གྱིས། །འཕྲུལ་སྣང་ཕྱོགས་བཞིར་རབ་བྱུང་སྡེ་བཙུགས་པས། །དམར་རུང་རབ་སྔགས་དགེ་འདུན་འདུས་པའི་གླིང༌། །འདུལ་(༣༥ན)


GLG021_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཡོངས་གཙང་ཐོས་བསམ་འཕེལ་བར་ཤོག །གདོན་བགེགས་ནད་སོགས་སྣ་ཚོགས་རྐྱེན་ངན་གྱིས། །དུས་མིན་འཆིས་མཚོན་འཇིགས་པ་མཐའ་དག་ཞི། །འཐབ་རྩོད་ཤ་འཁོན་དང་བྲལ་ཕུ་ནུ་ལྟར། །མཉེས་གཤིན་བྱམས་པས་རྟག་ཏུ་མཛའ་བར་ཤོག །སྲོང་བཙན་ཞལ་གྱིས་འཆེས་བཞིན་མཐའ་བཞི་ཡི། །ལས་སྒོ་ལྷ་ལྡན་གནས་སུ་ཡོངས་འདུ་བ། །དཔག་བསམ་ཤིང་གི་འབྲས་བུ་སྡེ་འདིར་ཡང༌། །ལོངས་སྤྱོད་གནོད་སྦྱིན་མཛོད་མཚུངས་འཕེལ་བར་ཤོག །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཁམས་སུ། །དུས་སུ་ཆར་འབེབས་ལོ་འབྲས་རྐང་འཐུང་འཕྲེང༌། །མེ་ཏོག་རྩྭ་སོགས་སྣོད་ཀྱི་ཡོན་ཏན་ཀུན། །རྫོགས་ལྡན་དཔལ་གྱི་རྩེ་དགའ་དགོད་པར་ཤོག །མི་ཕྱུགས་ནད་རིམས་འཐབ་རྩོད་མཚང་འདྲུ་བ། །དགྲ་ཇག་ཆོམ་རྐུན་བཀྲེས་སྐོམ་མྱ་ངན་སོགས། །དུས་ཀྱི་ཆད་པའི་སྨག་རུམ་མཐར་བྱས་ནས། །བདེ་སྐྱིད་སྣང་བའི་ཉི་མ་ཆེས་འབར་ཤོག །སངས་རྒྱས་དམ་ཆོས་དགེ་འདུན་བདེན་པ་དང༌། །རྒྱལ་བ་སྲས་བཅས་བྱིན་རླབས་ཚོགས་གཉིས་རྫོགས། །དོན་དམ་སྤྲོས་བྲལ་རྒྱུ་འབྲས་སླུ་མེད་ཀྱིས། །སྨོན་ལམ་ཅི་བཏབ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་དང་བདེན་བརྗོད་ཀྱི་སྨོན་ལམ་ཟུང་འབྲེལ་འདི་ནི་ལྷ་ས་སྨེ་རུ་སློབ་དཔོན་དཀོན་མཆོག་དཔལ་བཟང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་གྲགས་པའོ། །རུང་མཐུན་གོས་གསུམ་ཅོད་པན་གསེར་འོད་འཕྲོ། །ཆོས་འཁོར་ཕྱག་རྒྱས་བཟུང་བའི་ཨུཏྤལ་རྩེར། །གླེགས་བམ་རལ་གྲི་ཞབས་གཉིས་སྐྱིལ་མོ་ཀྲུང༌། །མཐོང་བས་དོན་ལྡན་རྒྱལ་དབང་ཙོང་ཁ་པ། །གང་གི་རྗེས་འཇུག་ཚངས་སྲས་(༣༥བ)


GLG021_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་པ་ལ། །ལྷག་པའི་ལྷས་བསྐོར་བྲིས་ཐང་བཞེངས་པའི་དགེས། །སྐྱེ་བ་ཀུན་ཏུ་ལྷ་མིའི་བདེ་སྐྱིད་མྱོང༌། །རིང་པོར་མི་ཐོགས་བྱང་ཆུབ་མཆོག་ཐོབ་ཤོག །སེམས་ཅན་ཡོངས་ལ་ཆགས་དང་སྡང་མེད་པར། །བྱམས་བརྩེས་ཉེར་འཁྱུད་ཤཱཀྱ་སེང་གེ་ཞེས། །མཐོང་ཐོས་དྲན་རེག་ཡོད་དོ་ཅོག་གྲོལ་བའི། །ཉན་ཐོས་ཚུལ་འཛིན་གནས་བརྟན་བཅུ་དྲུག་དགོངས། །བདག་ཅག་གཏི་མུག་མུན་ཁུང་ཆུད་པ་ལ། །ཐུགས་རྗེ་ཡེ་ཤེས་སྒྲོན་མེ་རབ་སྤར་ཏེ། །ཐར་པ་ཐམས་ཅད་མཁྱེན་པའི་གཟུགས་སྣང་ཀུན། །དྲི་མེད་གསལ་བར་མཐོང་བའི་དངོས་གྲུབ་སྩོལ། །རྒྱལ་རྣམས་སྤངས་རྟོགས་མཉམ་ཡང་སྡིག་ལྟུང་ཚོགས། །བཤགས་ཡུལ་མཆོག་ཏུ་གྱུར་པ་དཀོན་བརྩེགས་ཀྱི། །ཕུང་པོ་གསུམ་པ་ལས་བསྟན་རྫོགས་སངས་རྒྱས། །སུམ་ཅུ་རྩ་ལྔའི་སྤྱན་གྱིས་ལེགས་གཟིགས་ཏེ། །ངག་དབང་རྒྱ་མཚོས་ཐོག་མ་མེད་པ་ནས། །ཆེར་བསགས་རྣམ་སྨིན་ནག་པོའི་རྒྱུན་བཅད་དེ། །མཐའ་བྲལ་འཁོར་བའི་འཇིགས་པས་མི་བརྫི་བར། །གཏན་གྱི་བདེ་བ་ཐོབ་པའི་བཀའ་དྲིན་སྩོལ། །པད་དཀར་འཆང་དང་ལག་ན་རྡོ་རྗེ་སོགས། །བྱང་ཆུབ་སེམས་པའི་འཁོར་ཚོགས་རྒྱ་མཚོར་བཅས། །སྣང་བ་མཐའ་ཡས་ཐོགས་མེད་མངོན་སུམ་དུ། །བདག་སོགས་འཆི་ཁར་བྱོན་ནས་དབུགས་དབྱུང་མཛོད། །རྣམ་པར་ཤེས་པ་སྐར་མདའ་འཕངས་པ་ལྟར། །བདེ་བ་ཅན་གྱི་ཞིང་ཁམས་ཉམས་དགའ་བར། །པདྨའི་སྦུབས་སུ་བཙས་ཏེ་ཐེག་པ་ཆེའི། །དམ་ཆོས་ཉམས་སུ་ལེན་པར་བྱིན་གྱིས་རློབས། །ཞི་ཁྲོ་ཀུན་གྱི་ཁྱབ་བདག་རྡོ་རྗེ་སེམས། །རྫུས་སྐྱེས་རྒྱ་གར་པཎ་ཆེན་ཚུལ་བཟུང་བར། །སྐུ་གཅིག་ལྡོག་པ་ཐ་དད་མཚན་བརྒྱད་ཅེས། །གང་འདུལ་གདུལ་བྱའི་སྣང་ངོར་ཅིར་ཡང་བསྒྱུར། །ཞབས་སེན་རྡུལ་དམར་དེང་ནས་བྱང་ཆུབ་བར། །གཙུག་ཏུ་འབྲལ་(༣༦ན)


GLG021_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྟེན་ན་དངོས་གྲུབ་ཀུན། །སྩོལ་བར་རྒྱལ་དབང་པདྨ་ཀ་ར་ལ། །གསོལ་བ་འདེབས་ན་གཏན་དོན་འགྲུབ་བྱིན་རློབས། །ཞེས་ཆབ་ནག་པ་ངག་དབང་རྒྱ་མཚོས་གོང་གསལ་ཐང་ག་ལྔ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །བསྐལ་མང་ཚོགས་ཀྱིས་ཡོངས་བསྒྲུབས་དག་པའི་ཞིང༌། །སྣང་ལ་རང་བཞིན་མེད་པ་འོད་ལྔའི་གདངས། །རྣམ་མང་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༌། །རྒྱ་ཕུབས་དྲ་བ་དྲ་ཕྱེད་རྒྱན་གྱིས་སྤུད། གསེར་ཞུན་མིག་མངས་རིས་བྲིས་བཻ་ཌཱུཪྻའི། །ས་གཞི་ཁོད་སྙོམས་ལག་མཐིལ་ལྟར་མཉམ་པ། །མེ་ཏོག་རབ་བཀྲ་ལྗོན་ཤིང་ཡལ་ག་དང༌། །ལོ་འདབ་གཡུར་ཟ་དར་ཟབ་ལྡ་ལྡི་བྲེས། །རྩེ་མོར་སྣ་ཚོགས་བྱ་རིས་ཟློས་གར་བསྒྱུར། །མཚོ་རྫིང་འབབ་ཆུ་ལྷུང་ལྷུང་སྒྲ་སྙན་སྒྲོག །མར་གད་ཁུ་བས་བྱུགས་པའི་སྤང་ལྗོངས་ལ། །ལྷ་རྣམས་པི་ཝཾ་གླིང་བུ་རྫ་རྔ་བརྡུང༌། །ཁོར་ཡུག་གྲོང་གི་བཀོད་པ་ངོ་མཚར་བས། །བསྐོར་བའི་ཕོ་བྲང་དབུས་སུ་པད་ཟླའི་སྟེང༌། །སྣང་བ་མཐའ་ཡས་འཁོར་ཚོགས་རྒྱ་མཚོ་དང༌། །མཁའ་ལ་རྫུ་འཕྲུལ་མངའ་རྣམས་འཕུར་ལྡིང་རོལ། །མགྲོན་ཐབས་ཤཱཀ་སེང་བཻཌཱུར་སྨན་གྱི་བླ། །ཀླུ་དབང་མ་ཕམ་སྣང་བརྙན་བཞེངས་པས་མཚོན། །དུས་གསུམ་རབ་བསགས་དགེ་བ་ཇི་སྙེད་འབྲས། །སྔོན་ཚེ་དགེ་སློང་ཆོས་ཀྱི་འབྱུང་གནས་ཐུགས། །ལེགས་བསྐྱེད་ཇི་བཞིན་འོད་གསལ་འ་ཞའི་རིགས། །རྗེ་དཔོན་མཁྱེན་རབ་རྣམ་པར་རྒྱལ་བ་གང༌། །འདི་ནས་ཉེར་འཕོས་ཡང་སྲིད་ཕྱི་མའི་དུས། །བདེ་ལྡན་ཞིང་དུ་ཐོགས་པ་མེད་བགྲོད་ནས། །གར་དབང་ལྷ་ཡིས་རྗེས་བཟུངཐེག་ཆེན་གྱི། །དམ་པའི་ཆོས་ལ་ཐོས་དང་བསམ་སྒོམ་པས།(༣༦བ)


GLG021_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱལ་བའི་སྲས་གྱུར་རླབས་ཆེན་སྤྱོད་པ་སྤྱད། །གཅིག་ལས་དུ་མར་ཤར་བའི་རྣམ་སྤྲུལ་གྱི། །རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་བཀའ་འགྱུར་བ། །མགོན་པོ་བསོད་ནམས་མཆོག་ལྡན་དཔལ་བཟང་དང༌། །ཟ་ཧོར་རིགས་འཛིན་འཇམ་དབྱངས་དགའ་བའི་བཤེས། །དབྱེར་མེད་དངོས་པོ་གཅིག་ཏུ་གྱུར་པའི་དྲུང༌། །སྐྱེ་བ་བཟུང་ནས་སྒོ་གསུམ་ཆིག་སྒྲིལ་གྱིས། །དཀའ་སྤྱད་བརྩོན་བ་ཟང་ཟིང་སྤྱོད་ལམ་སོགས། །སྣ་ཚོགས་ཐབས་ཀྱིས་སྲི་ཞུ་རབ་བསྐྲུན་པས། །གཞལ་དཀའི་སྐུ་དྲིན་མ་ལུས་གསོབ་ནུས་ཤིང༌། །ཐེག་མཆོག་ཨ་ཏི་མྱུར་བའི་གསང་ལམ་ལ། །རིག་རྩལ་རང་ངོ་ཉེར་འཕྲོད་གོམ་སྟབས་ཀྱིས། །ལོངས་སྐུའི་ཞིང་མང་མྱུལ་ཡང་མ་དག་པའི། །འགྲོ་བའི་དབང་པོ་དང་འཚམ་དོན་གྱི་ཆེད། །བྱམས་མགོན་མཆོག་གི་སྤྲུལ་སྐུར་སངས་རྒྱས་ཆེ། །འཁོར་གྱི་ཐོག་མར་སྐྱེས་ནས་ཆོས་ཉན་པས། །ས་བཅུ་རིམ་བགྲོད་རྣམ་པ་ཐམས་ཅད་མཁྱེན། །མངོན་གྱུར་སེམས་ཅན་མ་ལུས་འདྲེན་པར་ཤོག །ཅེས་པའང་གནས་གསར་རྗེ་དྲུང་མཁྱེན་རབ་རྣམ་རྒྱལ་གྱིས་བྲིས་ཐང་གི་རྒྱབ་ཡིག་འདི་ལྟ་བུ་ཞིག་དགོས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གོ །གཙོ་ཐང༌། གསུང་གི་དབང་ཕྱུག་རྟ་མཆོག་ཐུགས་ཀ་ནས། །ངོ་མཚར་ཞིང་ཁམས་གངྒཱའི་ཀླུང་རྡུལ་གྱིས། །མཚོན་པར་ནུས་མིན་བཀོད་པ་རྒྱ་མཚོ་ཆེ། །དངོས་གྲུབ་རླབས་འཕྲེང་དུས་ལས་ཡོལ་བ་ཅི། །བདེ་ཆེན་ཆོས་སྐུའི་དབྱིངས་སུ་མི་གཡོ་བཞིན། །བགྲང་ཡས་རྩ་གསུམ་ཞི་ཁྲོའི་སྒྱུ་འཕྲུལ་གར། །རྡོ་རྗེ་ཐོགས་མེད་རྩལ་གྱི་འཕྲུལ་སྣང་གི །དངས་མཚོར་སྒྲིབ་བྲལ་འཆར་ལ་སུ་ཞིག་བསྙོན། །འདིས་མཚོན་བཅུ་གཅིག་གྲངས་ལྡན་ཇ་མ་དང༌། །སངས་རྒྱས་བྱང་སེམས་ཉན་རང་ཆོས་སྲུང་གི །བྲིས་ཐང་བཞེངས་མཐུས་འདི་ཕྱི་བར་གསུམ་གྱི། །ལེགས་བྱས་དོན་ཀུན་ལྷུན་གྱིས་གྲུབ་པར་(༣༧ན)


GLG021_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཐུབ་གཡས་དང་པོ། བསྟན་ཇི་སྲིད་དངོས་སྐུ་མ་བསྡུས་པར། །ཉེར་བཞུགས་འཕགས་པའི་གནས་བརྟན་བཅུ་དྲུག་གི །འཁོར་ཚོགས་ཟླ་བའི་དཀྱིལ་འཁོར་ཉ་གང་བར། །རྒྱུ་སྐར་འཕྲེང་བས་བསྐོར་འདྲའི་དོན་ཀུན་གྲུབ། །མི་བཟད་མཐུ་སྟོབས་རྡོ་རྗེ་འབར་བ་ཡིས། །ཡིད་སྲུབས་སྡེར་བཅས་འསྔོམས་པའི་དཔའ་བོ་ཆེ། །བསྟན་སྲུང་གཙོ་བོ་རྒྱལ་ཆེན་སྡེ་བཞིའི་དཔུང༌། །རྩུབ་འགྱུར་ཚལ་དུ་ལྷ་རྣམས་ཆས་པ་བཞིན། །སྲི་ཞུ་སྐྲུན་བྱེད་དགེ་བསྙེན་དྷརྨ་ཏཱ། །མི་དབང་ཐང་ག་ཕོ་ཉ་ཧྭ་ཤང་སོགས། །ཇོན་བྱུང་ཕུན་ཚོགས་རྣམ་པར་ཇི་སྙེད་པ། །དེང་འདིར་བདག་སོགས་འགྲོ་བས་འགྲུབ་བྱིན་རློབས། གཡོན་དང་པོ། གངས་ཅན་སྐྱེ་རྒུ་བརྩེ་བས་རྗེས་འཛིན་པར། །ཞལ་འཆེས་གསོལ་འདེབས་ཚངས་པའི་དབྱངས་སྙན་པོ། །ལྷ་སྲས་མུ་ཏིག་བཙན་པོར་བཀའ་སྩལ་བ། །ལས་སྦྱོར་བཅུ་གསུམ་ཡིད་བཞིན་ནོར་འདྲའི་ཆོས། །སྔོན་མེད་ངོ་མཚར་ཞིང་གི་བཀོད་པའི་དབུས། །མཚོ་སྐྱེས་རིགས་འཛིན་པདྨ་ཀ་ར་ཞེས། །འཁོར་འདས་ཡོངས་ཀྱི་རྒྱལ་པོས་སྲིད་པ་གསུམ། །ཟིལ་གྱིས་མནན་པས་འགྲོ་རྣམས་སྐལ་བཟང་བྱས། །བསོད་ནམས་འདི་ཡིས་གནས་སྐབས་མཐར་ཐུག་ཀུན། །ཕན་བདེའི་དཔག་བསམ་སྡོང་པོ་དར་དྲག་པའི། །ཕུན་ཚོགས་རོ་བརྒྱའི་འབྲས་བུ་མྱོང་བ་ཡི། །བཀའ་དྲིན་ཟླ་མེད་མགོན་པོ་ཁྱོད་ཀྱིས་སྩོལ། གཡས་གཉིས་པ། ཕུང་པོ་འོད་སྐུར་གྲོལ་དང་སྒྱུ་མའི་ལུས། །མངོན་སུམ་མཁའ་སྤྱོད་བགྲོད་པར་སྐལ་དམན་རྣམས། །འཆི་བ་འོད་གསལ་དོན་གྱི་རྣལ་འབྱོར་མས། །དག་པའི་ཞིང་དུ་ཐོགས་མེད་འདྲེན་པ་དང༌། །རིགས་བྱེད་ལྷ་མོ་འདོད་པའི་རྒྱལ་པོ་ཡིས། །སྲིད་ཞིའི་བརྟན་པ་མ་ལུས་ཡོངས་ཕྲོགས་ནས། །རྐང་སེན་ཟླ་ཚེས་དྲེགས་ལྡན་མཐའ་དག་གི །གཙུག་ཏོར་རྩེ་མོའི་རྒྱན་དུ་རབ་འཆིང་ཞིང༌། །ཚོགས་བདག་རྨུག་(༣༧བ)


GLG021_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དབང་པོས་ལྷ་ཀླུ་མི། །གནོད་སྦྱིན་ཚོགས་ཀྱི་བང་མཛོད་ཁ་ཕྱེ་སྟེ། །མི་འཛད་ནོར་བུ་སྐྱུགས་པ་ནེའུ་ལེ་ཡི། །མགྲིན་ལས་རྟག་ཏུ་ཆད་མེད་འབབ་པར་མཛོད། གཡོན་གཉིས་པ། རྣམ་དཔྱོད་དཔུང་པས་བཏེག་པ་ཨུཏྤལ་རྩེར། །ཤེས་རབ་རལ་གྲི་རྣོན་པོས་མ་རིག་རྒྱ། །གཅོད་མཛད་འཇམ་པའི་རྡོ་རྗེ་ཙོང་ཁ་པ། །ཐུབ་བསྟན་ཡོངས་ཀྱི་སྤྱི་མེས་ཆེན་པོ་ལ། །ཚེ་མཐའ་ཡས་པ་ལོངས་སྤྲུལ་ཆ་བྱད་ཅན། །ཀླུ་ཡི་དབང་ཕྱུག་རྒྱལ་པོ་བཅོམ་ལྡན་འདས། །ལྔ་བདོར་ཐུགས་རྗེ་ཆེས་ཆེར་ལྷག་པ་ཡི། །བདེ་གཤེགས་བདུན་གྱིས་བསྐོར་བ་ལེགས་བསྐྲུན་མཐུས། །དུས་མིན་འཆི་དང་ས་བདག་ཀླུ་གཉེན་སོགས། །འབྱུང་པོའི་གདོན་གྱི་ཉེར་འཚེ་རབ་ཞི་ཞིང༌། །སངས་རྒྱས་རྣམས་ཀྱིས་སྨོན་ལམ་གང་བཏབ་འབྲས། །དེང་འདིར་མཁའ་མཉམ་འགྲོ་བས་མྱོང་བར་ཤོག །གཡས་གསུམ་པ། རྒྱལ་རྣམས་སྙིང་རྗེའི་དངོས་ཀུན་རབ་བསྡུས་ནས། །ཕྱག་ན་པད་དཀར་ཟླ་བའི་དཀྱིལ་འཁོར་ཆེ། །ཡོངས་གང་དངོས་གྲུབ་ཀཏྤུ་ར་ཡི་རྡུལ། །སྐྱེ་རྒུའི་གདུང་སེལ་འཇིག་རྟེན་དབང་ཕྱུག་ལ། །གཉན་རིགས་གྲུབ་པ་མཆོག་བརྙེས་ཚེམ་བུ་པའི། །བཞེད་སྲོལ་དམར་ཁྲིད་བརྒྱུད་པ་རིན་ཆེན་ཕྲེང༌། །སྣ་ཚོགས་ཚོན་གྱི་སྲད་བུར་ལེགས་བརྒྱུས་ཏེ། །རབ་དཀར་ཀ་ཤི་ཀའི་ངོས་ཟློས་གར་བསྒྱུར། །སྣང་གྲག་རིག་གསུམ་འཁྱེར་སོ་སུམ་ལྡན་གྱི། །རྣལ་འབྱོར་ཟབ་མོའི་ཐེམ་སྐས་ལ་འཛེགས་ནས། །ལྷོ་ཕྱོགས་གྲུ་འཛིན་གཞལ་མེད་ཉམས་དགའ་བར། །མཁའ་མཉམ་སེམས་ཅན་མ་ལུས་བགྲོད་པར་ཤོག །གཡོན་གསུམ་པ། རྒྱ་གར་མཁས་པ་པདྨ་ཐོད་འཕྲེང་དང༌། །གངས་ཅན་མིག་གཅིག་ལོ་ཆེན་བཻ་རོ་ཡི། །ཐུགས་དམ་ཟབ་ལས་ཆོས་ཟབ་རྟ་མཆོག་དཔལ། །དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུར་གྲགས། །མཐོང་བས་དོན་དང་ལྡན་པའི་གཟུགས་སྐུ་(༣༨ན)


GLG021_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །མཆོད་དཔོན་ངག་དབང་ཤེས་རབ་སྒྲུབ་རྟེན་དུ། །བཞེངས་པས་ཚེ་འདིའི་ནད་གདོན་བར་ཆད་སོགས། །མི་མཐུན་ཕྱོགས་ལས་རྣམ་པར་རབ་རྒྱལ་ཞིང༌། །རིང་པོའི་ཚེ་དང་དཔལ་འབྱོར་སྙན་གྲགས་སོགས། །བསམས་པའི་དོན་རྣམས་ལྷུན་གྱིས་གྲུབ་པ་དང༌། །མྱུར་དུ་དབང་ཆེན་ཀུན་བཟང་རིག་པའི་རྩལ། །མངོན་གྱུར་ལུས་ཅན་མ་ལུས་འདྲེན་པར་ཤོག །གཡས་བཞི་པ། རྟག་ཏུ་ཞི་ཞིང་དུལ་བ་འཇམ་དཔལ་དབྱངས། །དུས་ཀྱི་དགྲ་བོར་ཕྱག་རྒྱ་ཟིལ་གནོན་གར། །བསྒྱུར་ཏེ་རབ་འབར་མཚོན་ཆ་གདེངས་པའི་མོད། །དགྲ་བགེགས་ཡོངས་ཀྱི་དོན་སྙིང་དུམ་བུར་གས། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ། །སྣ་ཚོགས་གཤིན་རྗེ་གཤེད་པོའི་སྒྱུ་འཕྲུལ་ཆེ། །དྲང་སྲོང་དམོད་པའི་མཐུ་རྩལ་གསང་བའི་བདག །གཏུམ་ཆེན་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་ཀྱིས། །བན་བོན་རིགས་སྔགས་རྦོད་གཏོང་མདོ་སྒྲུབ་དང༌། །ལྷ་སྲིན་སྡེ་བརྒྱད་ཟ་ཁ་ཟུག་པ་སོགས། །རང་གཤེད་རང་ལ་བབ་པའི་སྦྱོར་བ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཕྲིན་ལས་མཛོད། །དྲན་པའི་མོད་ལ་རིང་པོར་འཚོ་བའི་ཚེ། །སྦྱིན་མཛད་ཡིད་བཞིན་འཁོར་ལོའི་མཛེས་སྐུ་ལས། །དབང་གཞུའི་ཟེར་གྱིས་འཆི་བའི་མུན་བསལ་ཏེ། །བདུད་རྩིས་ཕྱི་ནང་ལུས་ཀུན་ཁྱབ་པ་དང༌། །འཕྲོག་བྱེད་གཉིས་འཐུང་ཆོམ་རྐུན་ལྟོ་འགྲོ་ཞུགས། །གཡོན་བཞི་པ། ལྕགས་སྒྲོག་ཤ་ཟ་ཆུ་བོའི་འཇིགས་བརྒྱད་སོགས། །ལེགས་སྐྱོབ་ཨཱརྱ་ཏཱ་རེ་རྒྱལ་བའི་ཡུམ། །མཁྱེན་བརྩེ་ནུས་པས་ཉེས་ཚོགས་མཐའ་དག་སྲུངས། །སེང་ལྡེང་ནགས་སྒྲོལ་རྣམ་འགྱུར་ཉེར་གཅིག་གི། ཕྱག་འཚལ་བརྗོད་དོན་སླུ་མེད་རོ་བདའི་འབྲས། །མངོན་སུམ་སྨིན་ནས་སྐྱེ་འགྲོ་མཐའ་དག་རྣམས། །སིམ་པའི་ཚོར་བ་ཉམས་སུ་མྱོང་བར་ཤོག །གཡས་ལྔ་པ། སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་(༣༨བ)


GLG021_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང༌། །མཚོ་རྫིང་ལྟེང་ཀ་མེ་ཏོག་ལྗོན་ཤིང་འཕྲེང༌། །ཡིད་འོང་སྐྱེད་ཚལ་གྲོང་གིས་ལེགས་བསྐོར་ཞིང༌། །འདབ་ཆགས་རབ་རྒྱུ་ལྷ་ཡི་བུ་བུ་མོ། །རིན་ཆེན་རྒྱན་དང་གོས་བཟང་མཛེས་པས་ཀླུབས། །སྙན་པའི་རོལ་མོ་བསྟོད་བསྔགས་གླུ་དབྱངས་ལེན། །འཕན་གདུགས་བླ་བྲེ་ཕྱེ་ཕུར་མཆོད་སྤྲིན་སྤྲོ། །རྫུ་འཕྲུལ་ཅན་རྣམས་མཁའ་ལ་འཕུར་ལྡིང་དབུས། །འོད་དཔག་མེད་མགོན་སྲས་ཀྱི་ཐུ་བོ་ཟུང༌། །འཁོར་ཚོགས་རྒྱ་མཚོས་ཡོངས་བསྐོར་བཀོད་པ་འདི། །རི་མོར་བྲིས་པ་ཇི་བཞིན་མངོན་སུམ་དུ། །མྱོང་བའི་སྐལ་པ་བཟང་པོར་འགྱུར་བར་ཤོག །གཡོན་ལྔ་པ། ས་འོག་ས་སྟེང་ས་བླའི་གདུག་ཅན་སོགས། །འདུལ་ཕྱིར་དབུ་དགུ་སུམ་ཅུ་སོ་བཞིའི་ཕྱག །བཅུ་དྲུག་ཞབས་དང་མཚན་མ་གྱེན་བསྒྲེང་བ། །རྭ་ཆེན་ཞལ་གྱི་དྲོད་རླངས་འཁྲུལ་བྲལ་བར། །ཕ་རྒྱུད་འདུས་པ་མ་རྒྱུད་འཁོར་ལོ་སྡོམ། །གཉིས་མེད་དགྱེས་མཛད་རྡོ་རྗེ་ལ་སོགས་པ། །གོང་འོག་རྒྱུད་སྡེའི་ལྷ་ཚོགས་མང་པོ་ཡིས། །ལེགས་བསྐོར་མཁའ་དབྱིངས་འཇའ་ལྟར་རྣམ་བཀྲ་བ། །ཉོན་མོངས་ལྔ་བཀྲུས་ཕུང་ཁམས་སྐྱེ་མཆེད་རྣམས། །ཐབས་མཁས་ལམ་གྱི་འབྲས་བུ་ཡེ་ཤེས་ལྔར། །བསྒྱུར་ནས་རིགས་ཀུན་བདག་པོ་རྡོ་རྗེ་སེམས། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གོང་གསལ་བྲིས་ཐང་བཅུ་གཅིག་ལྕགས་མོ་བྱའི་ལོ་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་དད་རྟེན་དུ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པའོ། །ཉི་མའི་གཉེན་མཆོག་སྐུ་བལྟམས་ཚེ། །བང་རིམ་བཞི་པ་ཟླུམ་པོ་ཅན། །པདྨ་སྤུངས་པ་སེར་སྐྱ་རུ། །བཞེངས་ལྟར་བུ་ཁྲིད་རྒྱལ་མོ་ཡིས། །ཡོན་སྦྱར་མཐུ་ལས་མིག་སྐྱོན་སོགས། །ནད་གདོན་ཀུན་ཞི་མཐོ་རིས་དང༌། །ཐར་པ་མྱུར་(༣༩ན)


GLG021_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་རིགས་བརྒྱུད་བཅས། །འདི་ཕྱིའི་གཏན་མདུན་ལྷུན་གྲུབ་ཤོག །རྡོ་རྗེ་གདན་དུ་སངས་རྒྱས་ཚེ། །གྲུ་དང་བང་རིམ་བཞི་ལྡན་པ། །བདུད་བཅོམ་བྱང་ཆུབ་མཆོད་རྟེན་ཆེ། །བཞེངས་ལྟར་༝། ཡོན་༝། ནད་༝། ཐར་༝། །འདི་ཕྱིའི་༝། ཝ་ར་ཎཱ་སིར་ཆོས་གསུངས་ཚེ། །བང་རིམ་གྲུ་བཞི་གློ་འབུར་ཅན། །བཀྲ་ཤིས་སྒོ་མང་མཆོད་རྟེན་ཆེ། །བཞེངས་༝། ཡོན་༝། ནད་༝། ཐར་༝། །འདི་ཕྱིའི་༝། སུམ་ཅུ་རྩ་གསུམ་སྒྱུ་འཕྲུལ་ཡུམ། །བདེན་པ་ལ་བཀོད་ཐེམ་སྐས་ལས། །ཉེར་བྱོན་ལྷ་བབས་མཆོད་རྟེན་ཆེ།༝༝༝། །མཉན་ཡོད་སྟོན་པ་དྲུག་བཏུལ་ཚེ། །བང་རིམ་གྲུ་བཞི་གློ་འབུར་ཅན། །ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ཆེ།༝༝༝། རྒྱལ་པོའི་ཁབ་ཏུ་དགེ་འདུན་རྣམས། །བརྩོད་པར་བང་རིམ་བཞི་ཟུར་བརྒྱད། །ཆ་མཉམ་དབྱེན་འདུམས་མཆོད་པའི་རྟེན།༝༝༝། ཡངས་པ་ཅན་དུ་ཟླ་གསུམ་བར། །སྐུ་ཚེ་བྱིན་བརླབས་བང་རིམ་གསུམ། །ཟླུམ་པོ་རྣམ་རྒྱལ་མཆོད་རྟེན་ཆེ།༝༝༝། གཟུགས་སྐུ་རྩྭ་མཆོག་གྲོང་བསྡུས་ཚེ། །བང་རིམ་དང་བྲལ་མགུར་ཆུ་ཡན། །ཁྲི་སྟེང་མྱང་འདས་མཆོད་རྟེན་ཆེ།༝༝༝། །མཚན་ལེགས་སྨོན་ལམ་བརྒྱད་བཏབ་ལྟར། །བུ་ཁྲིད་རྒྱལ་མོའི་མིག་ནད་སོགས། །ཞི་ཞིང་རིགས་བརྒྱུད་དང་བཅས་པའི། །སྲིད་ཞིའི་ཡོན་ཏན་དར་དྲག་ཤོག །སྒྲ་དབྱངས་སྨོན་ལམ་བརྒྱད་བཏབ་ལྟར།༝༝༝། གསེར་བཟང་སྨོན་ལམ་བཞི་བཏབ་ལྟར།༝༝༝། མྱ་ངན་མེད་སྨོན་བཞི་བཏབ་ལྟར།༝༝༝། ཆོས་བསྒྲགས་སྨོན་ལམ་བཞི་བཏབ་ལྟར།༝༝༝། མངོན་མཁྱེན་སྨོན་ལམ་བཞི་བཏབ་ལྟར།༝༝༝། སྨན་བླའི་སྨོན་ལམ་བཅུ་གཉིས་ལྟར།༝༝༝། །ཤཱཀ་ཐུབ་སྨོན་ལམ་གྲངས་མེད་ལྟར།༝༝༝། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཡིས། །(༣༩བ)


GLG021_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྲིད་རྒྱལ་མོའི་མིག་ནད་སོགས། །ཞི་ཞིང་རིགས་བརྒྱུད་དང་བཅས་པ། །འཇིགས་བརྒྱད་ཀུན་ལས་སྐྱོབ་བྱིན་རློབས། ངག་དབང་བློ་བཟང་རྒྱ་མཚོ་ཡི། །སྣང་བརྙན་བཞེངས་མཐུས་སྦྱིན་པའི་བདག །རིགས་བརྒྱུད་བཅས་པ་སྐྱེ་བ་ཀུན། །དགེ་བའི་བཤེས་ཀྱིས་རྗེས་འཛིན་ཅིང༌། །འདི་སྣང་མིག་གི་རབ་རིབ་སོགས། །མི་མཐུན་ཀུན་ཞི་བསོད་ནམས་ཚེ། །རབ་འཕེལ་ལྷ་མིའི་རྟེན་བརྒྱུད་ནས། །མྱུར་དུ་རྣམ་མཁྱེན་ཐོབ་པར་ཤོག །ཚངས་སྲས་བཞད་པའི་རྡོ་རྗེ་ཡིས། །འདྲ་འབག་བཞེངས་འབྲས་མཆོག་གསུམ་གྱི། །ཐུགས་རྗེས་རྒྱུ་སྦྱོར་རིགས་བརྒྱད་བཅས། །བསམས་པའི་དོན་ཀུན་ལྷུན་གྲུབ་ཤོག །མཚན་ལེགས་སྒྲ་དབྱངས་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀ་ཐུབ་སྐུ། །སྨན་མདོ་བརྒྱད་བརྒྱ་པར་གྲགས་སངས་རྒྱས་བཀའ། །པད་སྤུངས་བྱང་ཆེན་སྒོ་མང་ལྷ་ལས་བབས། །ཆོ་འཕྲུལ་དབྱེན་འདུམ་རྣམ་རྒྱལ་མྱ་ངན་འདས་ཀྱི། །ཐུགས་རྟེན་ཡོན་སྦྱར་བུ་ཁྲིད་རྒྱལ་མོ་ཡིས། །ལེགས་བཞེངས་རིགས་དང་བརྒྱུད་པར་བཅས་རྣམས་ཀྱི། །སྟོན་ཟླ་ལྟར་དཀར་བསམ་པ་རྣམ་དག་མཐུས། །བརྒྱ་ཕྲག་ལུས་སྤྲུལ་གུས་པས་ཕྱག་འཚལ་ལོ། །དབང་སྔོན་ཞུན་འདྲའི་མཆོད་ཡོན་ལྷ་དང་མིའི། །མེ་ཏོག་ཕྱེ་ཕུར་དྲི་དང་ཤིང་སྨན་སྤོས། །རྩི་བཅུད་འབྲུ་མར་ཉི་ཟླ་ནོར་བུ་ཡི། །སྣང་གསལ་བཟང་དྲུག་ག་པུར་ཙནྡན་ཆབ། །ལྷ་ཀླུ་གནོད་སྦྱིན་མི་ཡི་རོ་བདའི་ཟས། །རྣ་བར་སྙན་འཇེབས་རོལ་མོ་ཇི་སྙེད་འཁྲོལ། །གདུགས་དང་རྒྱལ་མཚན་བ་དན་ལྡ་ལྡི་བྲེས། །རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་འདོད་ཡོན་ལྔ་དངོས་བཤམས། །རྒྱ་ཆེར་སྤེལ་བ་བདག་པོས་ཡོངས་སུ་བཟུང༌། །ལྷུན་པོ་གསེར་ཀྱི་རི་དང་རོལ་མཚོ་བདུན། །གླིང་བཞི་གླིང་ཕྲན་ཉི་ཟླ་ལ་སོགས་པ། །བདག་པོས་ཡོངས་སུ་མ་བཟུང་མཆོད་པའི་ཚོགས། །ཡིད་བཞིན་ནོར་དང་(༤༠ན)


GLG021_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བཟང་མངའ་འབངས་ཀྱི། །རྣམ་པར་བདག་གི་ལུས་འདིར་རབ་སྤྲུལ་ནས། །འབུལ་བ་བཀའ་བཞིན་བསྒྲུབ་པའི་མཆོད་པ་དང༌། །མཆོད་པའི་སྤྲིན་གྱི་གཟུངས་སྔགས་བརྗོད་པ་ཡི། །ཀུན་ཏུ་བཟང་པོའི་མཆོད་པ་བླ་ན་མེད། །དེ་དག་ཚད་བཟུང་བྲལ་བ་བློ་ཡུལ་ལས། །བརྒལ་བར་སྤེལ་བ་མོས་པའི་མཐུ་ཡིས་མཆོད། །སྐྱབས་ཡུལ་རྟེན་དང་བྱས་པའི་སྡིག་པ་ལ། །འགྱོད་པས་སུན་འབྱིན་སླད་ནས་མི་བགྱིད་པའི། །སླར་ལྡོག་སྡིག་ཚོགས་ངོ་བོ་སྤྲོས་བྲལ་ཡང༌། །ཀུན་རྫོབ་ཆུ་ཟླ་ལྟར་སྣང་བཤགས་སྨོན་མཐུས། །རྣམ་འདྲེན་འཁོར་བཅས་ཐུགས་ཀའི་འོད་ཟེར་གྱིས། །བདག་སོགས་འགྲོ་ཀུན་སྒྲིབ་སྦྱངས་ཀུན་ཏུ་སྤྱོད། །སྟོབས་བཞི་ཚང་བའི་སྒོ་ནས་འཐོལ་ཞིང་བཤགས། །བདག་གཞན་ཡོངས་ཀྱིས་བསགས་པའི་དགེ་ལ་རངས། །གདུལ་བྱའི་བློར་འཚམ་ཆོས་འཁོར་སྐོར་བར་བསྐུལ། །བསྐལ་བར་མྱ་ངན་མི་མདའ་བརྟན་པར་བཞུགས། །དགེ་བ་བྱང་ཆུབ་ལ་བསྔོས་བསོད་ནམས་ཀྱིས། །བདུད་བཞི་གཏན་བཅོམས་བུ་རམ་ཤིང་པ་ཡི། །མགུར་ནས་ལེགས་གསུངས་མདོ་ཆོག་བརྒྱད་བརྒྱ་པའི། །དགོངས་དོན་ཇི་བཞིན་བདེ་བར་གཤེགས་བརྒྱད་སྲས། །འཁོར་བཅས་སྨོན་ལམ་བཏབ་པའི་ནང་ཚན་ཁྲོད། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །མྱོང་བའི་འོས་མིན་ཕྱིན་ཆད་རྩ་བ་ནས། །སྐྱེ་མི་རུང་གི་ཆོས་ཅན་སྤང་བྱའི་རིགས། །རྣམ་སྨིན་ནག་པོར་འབྱིན་པ་འདི་ལྟ་སྟེ། །ལྔ་བརྒྱའི་ཐ་མར་གཞན་འདྲིད་ཚུལ་འཆོས་མཐུས། །འགྲོ་རྣམས་ལས་ངན་གྱིས་བསྒྲིབས་ནད་ཀྱིས་གཟེར། །མྱ་ངན་སྡུག་བསྔལ་ཚོགས་ཀྱིས་གཙེས་ཕོངས་སོགས། །རྣམ་དག་སྨོན་ལམ་མཐུ་ཡིས་ཞི་བར་ཤོག །རིམས་གཤེད་མཐུ་བྱད་རོ་ལངས་འཇིགས་ཤིང་སྐྲག །ལོང་འོན་སྨྱོ་དང་ཤ་བཀྲ་ཚ་གྲང་ནད། །དུག་གསུམ་མཚམས་(༤༠བ)


GLG021_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྔས་བསྒྲིབས་ངན་སྤྱོད་ཀྱིས། །མཚོན་པའི་བྱ་བ་དེ་འབྲས་མི་འབྱུང་ཤོག །ཆོས་སྤོང་མི་དགེའི་ལས་མང་ངན་འགྲོར་སྐྱེ། །དབུལ་པོ་ཟས་སྐོམ་གོས་ནོར་འབྲུ་མལ་ཆ། །སྤོས་ཕྲེང་བྱུག་པ་ན་བའི་གསོས་སྨན་སོགས། །ཡོ་བྱད་བྲལ་དང་གཞན་དབང་གྱུར་བ་ཡི། །ཆད་ལས་བཅིངས་བརྡེག་གོ་ཆར་གཞུག་པ་དང༌། །མཚོན་བསྣུན་མེས་བསྲེགས་སྲོག་ཆགས་གདུག་པས་འཚེ། །ཕན་ཚུན་འཐབ་རྩོད་འཇིགས་སྐྲག་འཁྲུག་ལོང་དང༌། །དངངས་སྐྲག་མི་འདོད་ཐམས་ཅད་དྲུངས་འབྱིན་ཤོག །ཆུ་བོ་ཆེན་པོ་བརྒལ་དང་གྲུར་འཇུག་པའི། །ཉེས་དམིགས་རྟེན་ཡུལ་གླིང་མེད་ཐང་ལ་འཁྱོམས། །སྨྲེ་སྔགས་འདོན་དང་ཚོང་ཞིང་ལས་བྱས་པར། །ཁེ་སྤོགས་མེད་སོགས་མནར་བ་ཀུན་བྲལ་ཤོག །རྒན་འཚེ་རྒུད་ཡོད་བློ་བ་ཚ་གྲང་བཀྲེས། །བུད་མེད་ནད་མང་སྐྱེ་གནས་དག་ལ་སྨོད། །བཙའ་བའི་སྡུག་བསྔལ་དགྲ་དང་འབྲོག་སྟོང་དགོན། །གཉེན་སྣག་མཛའ་བོ་ཉེ་དུའི་མྱ་ངན་གྱིས། །མཚན་རྒྱུ་ལས་མཐའ་མང་ཞུགས་སྡིག་ཅན་གདོན། །དམན་མོས་ཤེས་ཆུད་རྨོངས་པས་ཉན་རང་ལམ། །དོན་གཉེར་བསྐལ་མེ་འབར་བ་ངུ་ཞིང་སྡུག །ལོག་པའི་ལམ་འཕྱན་དེས་བསྐྱེད་དག་པར་ཤོག །ཚེ་ཐུང་དབུལ་ཕོངས་བསྒྲོན་མེ་མདོག་ངན་ཞིང༌། །ཕན་ཚུན་གནོད་སེམས་སྲོག་གཅོད་ཚུལ་འཆལ་བས། །དད་ཟས་དཀོར་གྱིས་ངན་སོང་གནས་སུ་སྐྱེ། །བསྐལ་པའི་ཚེ་ལྡན་དམྱལ་བར་སྡུག་བསྔལ་མྱོང༌། །མནར་མེད་མུན་འཁྱམས་གནོད་སྦྱིན་སྲིན་པོ་ཡིས། །མདངས་འཕྲོག་ལོག་ལྟས་སྐྱབས་འགྲོ་སེམས་བསྐྱེད་པོར། །ཆོས་ཀྱི་མིང་ཙམ་མེད་པའི་མཐའ་འཁོབ་ཏུ། །མི་དགེའི་བཤེས་དང་ནམ་ཡང་མི་འཕྲད་ཤོག །ལུས་ངན་དབང་པོ་མ་ཚང་མདོག་མི་སྡུག །ཤ་བེམ་ཡན་ལག་ཞྭ་རྒུར་མགོན་སྐྱབས་བྲལ། །བུད་མེད་སྐྱོན་གྱི་ཉོན་མོངས་མཐའ་དག་པ། །མི་མཐུན་ལྟ་བས་ཉེར་ཟིངས་བདུད་ཞགས་ཐེབས། །རྒྱལ་པོས་འཇིགས་སྐྲག་གསོད་(༤༡ན)


GLG021_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་མང་ཆང༌། །སྦྲང་བུ་ཤ་སྦྲང་གིས་ཟ་རྒྱལ་པོ་ལ། །བྲོ་ནད་དམག་གཤོམས་གཟའ་སྐར་སྦྱོར་བྱེད་སོགས། །ཇུ་ཞགས་རྩིས་ཀྱི་ཉེས་ཀུན་དང་བྲལ་ཤོག །དུས་མིན་རླབ་ཆེན་སད་སེར་ཐན་ཆར་གྱིས། །ལོ་ཏོག་ཉམས་དང་ནད་རིམས་མཚན་བཀྲ་ངན། །བགེགས་རིགས་ཉེར་གྱུར་ལས་རྐྱེན་ཀེག་སྲི་ཡིས། །བསྐྱེད་པའི་བྱུར་སོགས་ཉེས་ཚོགས་ཞི་བར་ཤོག །མདོར་ན་ཐོག་མ་མེད་ནས་ད་ལྟའི་བར། །ལས་ངན་སྡིག་སྒྲིབ་ཀྱིས་སྦགས་འབྲས་བུའི་དྲི། །བདེ་གཤེགས་སྐུ་གསུང་ཐུགས་རྟེན་རབ་བཞེངས་པའི། །མཐོ་རིས་ཆུ་བོས་བྱང་ཞིང་དག་པར་ཤོག །སྐྱབས་ཡུལ་རྣམས་ཀྱི་མཁྱེན་བརྩེ་འཕྲིན་ལས་མཐུས། །ཐུབ་བསྟན་དར་ཞིང་དེ་འཛིན་སྐྱེས་བུ་ཡི། །སྐུ་ཚེ་དགེ་འདུན་ཚོགས་རྣམས་ཀློག་པ་དང༌། །སྤོང་བ་ལས་ཀྱི་འཁོར་ལོ་འཕེལ་བའི་མཐུས། །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད། །ཡང་སྒོས་གངས་ཅན་ཁ་བའི་སྨན་ལྗོངས་འདིར། །འགྲོ་རྣམས་བདེ་ཞིང་ས་སྤྱོད་རྒྱལ་པོ་ཡི། །སྐུ་ཚེ་མངའ་ཐང་ཆབ་སྲིད་རྒྱས་པར་ཤོག །བྱེ་བྲག་སྒོ་གསུམ་འབད་པས་བདེ་གཤེགས་བརྒྱད། །བཞེང་པའི་སྦྱིན་བདག་བུ་ཁྲིད་རིགས་བརྒྱུད་བཅས། །ལྷ་མིའི་བདེ་ཐོབ་ཕན་ཚུན་བྱམས་ཤིང་བརྩེ། །འཇིགས་པ་ཀུན་བྲལ་ཞི་བའི་གནས་ཐོབ་ཤོག །དེང་ནས་སངས་རྒྱས་གོ་འཕང་མ་ཐོབ་བར། །བཟའ་བཏུང་བགོ་བ་རྒྱན་ཕྲེང་མལ་ཆ་སྤོས། །བྱུག་པ་གསོས་སྨན་ནོར་འབྲུ་དབྱིག་གསེར་དངུལ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་རྙེད་པར་ཤོག །དགེ་བ་འཕེལ་ཞིང་གཞན་ཕན་བྱང་སེམས་བརྟན། །རླབས་ཆེན་སྤྱོད་འགྲུབ་སངས་རྒྱས་མ་ཐོབ་པར། །སྐྱེ་བའི་སྡུག་བསྔལ་མེད་ཅིང་ཕོ་ལུས་ཐོབ། །མཆོད་པ་རིམ་གྲོ་དག་ལ་བརྩོན་པར་ཤོག །ཆོས་སྟོབས་བྱང་ཆུབ་ཡན་ལག་ཏིང་འཛིན་དང༌། །གཟུངས་ཀྱི་སྒོ་དང་དཀོན་ཅོག་རྗེས་སུ་དྲན། །ཤེས་རབ་ཆེན་པོས་རྫོགས་བྱེད་ལས་མི་ལྡོག །དམན་པའི་ས་ལས་(༤༡བ)


GLG021_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་འདས་པར་ཤོག །ཚེ་རིང་ནད་བྲལ་དུས་མིན་འཆི་བ་མེད། །དབང་ཕྱུག་ཕུན་ཚོགས་ལས་སྒྲིབ་ཉེ་ཉོན་བྲལ། །བྱང་ཆུབ་བར་དུ་ཁྲིམས་གཙང་སྒོ་གསུམ་སྡོམ། །མཚམས་མེད་ལྔ་བྱང་རེ་བ་རྫོགས་པར་ཤོག །བརྩེ་བའི་གཉེན་སྡུག་དག་དང་མི་འབྲལ་ཞིང༌། །སངས་རྒྱས་སྐུ་ཡི་འོད་ཀྱི་རེག་པ་དང༌། །མཐོང་བས་སྡིག་དག་ལྷ་ཡི་ལང་ཚོ་རྒྱས། །འབྱུང་པོའི་གནོད་པ་དང་བྲལ་བྱམས་ལྡན་ཤོག །ཡང་དག་ལྟ་བས་དཀོན་ཅོག་གསུམ་ལ་དད། །སངས་རྒྱས་མཚན་དང་ཆོས་ཀྱི་སྒྲ་ཐོས་པས། །ལས་ངན་ཟད་ཅིང་གནོད་པས་འཕངས་པའི་མཚོན། །ཕྱིར་བཟློག་དགྲ་རྣམས་བྱམས་པའི་སེམས་ལྡན་ཤོག །རིང་འཚོ་རང་རང་སྟབས་ཀྱིས་ཆོག་ཤེས་ལྡན། །མཁོ་རྒུའི་འབྱོར་པ་འཛོམ་ཞིང་དགེ་བཅུར་སྤྱོད། །རང་དབང་ཐོབ་ཅིང་བདེ་བར་གཤེགས་པའི་མཚན། །འཆི་ཁར་ཐོས་པས་མཐོ་རིས་ཐོབ་པར་ཤོག །བདག་ལུས་མཚན་དཔེས་བརྒྱན་པ་ཅི་འདྲ་བར། །འགྲོ་རྣམས་དེར་གྱུར་འོད་ཀྱིས་འཇིག་རྟེན་ཁམས། །མཐའ་ཀླས་གསལ་ཞིང་བཻཌཱུཪྻ་འདྲའི་ལུས། །རབ་གསལ་ཁོ་ལག་ཡངས་ཤིང་རྒྱ་ཆེ་བ། །དཔལ་དང་གཟི་བརྗིད་ཉི་ཟླ་དག་ལས་ལྷག །འོད་ཀྱིས་སྟུག་པོའི་མུན་པ་ཡོངས་སངས་ནས། །ཕྱོགས་རྣམས་ཀུན་ཏུ་དགའ་མགུར་འགྲོ་བ་དང༌། །རང་རང་ལས་རྣམས་ཐོགས་མེད་བྱེད་པར་ཤོག །སྨན་རྒྱལ་ཐབས་ཤེས་མཐུ་ཡིས་ལུས་ཅན་ཀུན། །ལོངས་སྤྱོད་ཟད་མི་ཤེས་པས་བྲལ་གཡེང་བྲལ། །སྡོམ་པ་སུམ་ལྡན་འཕགས་པ་དགྱེས་པ་ཡི། །ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བར་ཤོག །ད་ལྟ་སེམས་ཅན་མཐའ་དག་བཟའ་བཏུང་གིས། །ཚིམ་པས་སླད་མར་ཆོས་ཀྱི་བདེ་ལ་འགོད། །གོས་མང་རིན་ཆེན་རྒྱན་ཕྲེང་རོལ་མོ་ཡིས། །འགྲོ་རྣམས་དགའ་ཞིང་རྣམ་གྲོལ་ཐོབ་པར་ཤོག །ཐབས་མཁས་སྨོན་ལམ་གཟུངས་ཀྱི་མཐུ་དག་གིས། །བདེ་གཤེགས་ཀྱིས་དགོངས་སྲས་བཅས་རྣམས་ཀྱིས་སེམས། །རྡོ་རྗེ་འཛིན་པས་(༤༢ན)


GLG021_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཞིང་ལྷ་རྣམས་ཀྱིས། །ཉིན་མཚན་དུས་དྲུག་རྣམས་སུ་སྐྱོང་བར་ཤོག །དགྲ་ཡི་དབང་དུ་མི་འགྲོ་ཅི་བསམ་འགྲུབ། །ཡང་དག་བཀའ་དོན་འགྱུར་བ་མེད་པ་རུ། །ལུས་ཅན་ཀུན་གྱིས་མངོན་སུམ་མཐོང་བ་དང༌། །བདུད་ཀྱིས་མི་བརྫི་སྐྱེ་རྒུའི་རེ་སྐོང་ཤོག །མདོ་སྡེ་འདི་འཆང་གཞན་ལ་རྒྱ་ཆེར་སྟོན། །གླེགས་བམ་བྲིས་པར་སྲི་ཞུ་བྱེད་རྣམས་ལ། །བདག་གིས་དངོས་དང་རྨི་ལམ་ཙམ་དུ་ཡང༌། །སྨན་གྱི་བླ་མའི་མཚན་གྱི་སྒྲ་སྒྲོགས་ཤོག །བཀའ་འདི་རྣམ་དག་བསམ་པས་འཛིན་པ་རྣམས། །ཚེ་མཐར་ཕྱིན་པས་དུས་མིན་འཆི་བ་བྲལ། །གཞན་གྱི་བཀྲག་མདངས་མི་འཕྲོག་འཕྲོགས་ན་ཡང༌། །རིང་པོར་མི་ཐོགས་རང་དབང་ཐོབ་པར་ཤོག །ནད་ཀྱིས་གདུངས་ཏེ་རྣམ་ཤེས་གཤིན་རྗེའི་གྲོང༌། །ཕྱིན་པར་ཞེ་དགུ་བར་དུ་བདུན་ཚན་གྱི། །མཆོད་ཅིང་ཆོ་གས་རྣམ་ཤེས་སླར་ལྡོག་ནས། །ནད་ཅན་ནད་བྲལ་རིང་པོར་འཚོ་བར་ཤོག །རྒྱལ་པོས་མདོ་ཆོག་གིས་མཆོད་སེམས་བསྐྱེད་ཀྱིས། །བཙོན་རྣམས་བཏང་བས་ཚེ་སྟོབས་དབང་ཕྱུག་རྒྱས། །ལོ་ལེགས་ལྟས་ངན་འབྱུང་པོའི་གནོད་པ་ཞི། །བདེ་དང་མཆོག་ཏུ་དགའ་བ་ཐོབ་པར་ཤོག །མདོ་སྡེ་འདི་ཉིད་གཙོ་བོར་འདོན་པ་ལ། །རྒྱལ་བ་རྣམས་དང་གསང་བདག་འཁོར་བཅས་ཀྱིས། །བསྲུང་ཞིང་རྟག་ཏུ་ཚེ་རབས་དྲན་པ་དང༌། །དམ་ཆོས་བསྟན་པ་ཡུན་རིང་གནས་པར་ཤོག །གྲོང་ངམ་གྲོང་ཁྱེར་གྲོང་རྡལ་དགོན་གནས་སུ། །སྐུ་གསུང་ཐུགས་རྟེན་ཚོགས་ལ་མཆོད་བྱེད་རྣམས། །གནོད་སྦྱིན་བཅུ་གཉིས་བདུན་འབུམ་འཁོར་བཅས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་བསྲུང་བར་ཤོག །ཟ་ཧོར་རིགས་ལས་འཇམ་དབྱངས་དགའ་བའི་བཤེས། །ངག་གིས་དབང་ཕྱུག་བློ་བཟང་རྒྱ་མཚོའི་དཔལ། །གཡུ་དྲུང་ལྟ་བུར་འགྱུར་མེད་རབ་བརྟན་ཞིང༌། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག །དགའ་ལྡན་རྣམ་པར་(༤༢བ)


GLG021_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཕོ་བྲང་ཆེའི། །ཆོས་སྲིད་སྐྱོང་བ་སངས་རྒྱས་རྒྱ་མཚོ་ཡི། །སྐུ་ཚེ་རྡོ་རྗེ་ལྟར་བརྟན་མངའ་ཐང་དང༌། །རིགས་བརྒྱུད་དཔལ་འབྱོར་རྣམ་ཐོས་སྲས་མཚུངས་ཤོག །ཡོན་སྦྱོར་བུ་ཁྲིད་རྒྱལ་མོའི་འདི་སྣང་གི །མིག་གི་རབ་རིབ་ལ་སོགས་ནད་གདོན་ཀུན། །ཞི་ཞིང་སྐྱེ་བར་ལྷ་མིའི་རྟེན་བཟང་བརྒྱུད། །མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག །གང་གི་བུ་དང་ཚ་བོ་ཡང་ཚ་སོགས། །རིགས་བརྒྱུད་གངྒཱའི་རྒྱུན་ལྟར་ཆད་མེད་ཅིང༌། །ཚེ་རིང་དཔལ་འབྱོར་བདེ་སྐྱིད་ཕུན་ཚོགས་པ། །འཆི་མེད་བདག་པོའི་བསོད་ནམས་ལ་འགྲན་ཤོག །སྐུ་གསུང་ཐུགས་རྟེན་འདི་དག་བཞེད་པ་ལ། །བཟོ་བོས་མཚོན་པའི་ལས་བྱེད་ཟང་ཟིང་གི། །ཕན་པ་བསྒྲུབ་རྣམས་འདི་ཕྱིར་བདེ་ཞིང་སྐྱིད། །རིང་མིན་བྱང་ཆུབ་ཆེན་པོ་ཐོབ་པར་ཤོག །ཐུབ་པས་མཛད་པ་བསྟན་པའི་མཆོད་སྡོང་ཆེ། །བདེ་གཤེགས་མཆེད་འཁོར་བཅས་པའི་སྨོན་ལམ་སྟོབས། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིས། །དཔག་བསམ་ཡོངས་འདུ་ཇི་བཞིན་རེ་སྐོང་ཤོག །ཐར་པའི་ལམ་བཟང་སྟོན་པ་རྫོགས་སངས་རྒྱས། །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས། །དེ་དོན་ཚུལ་བཞིན་བསྒྲུབ་པ་དགེ་འདུན་གྱིས། །སྲིད་ཞི་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་ཤོག །ཅེས་ཉང་བྲན་གྲོང་སྨད་གཞིས་ཀར་གོང་གསལ་རྟེན་མཆོད་རྣམས་བཞེངས་པའི་དུས་རྒྱབ་ཡིག་ལ་བརྐོ་རྒྱུ་ཚིག་རྐང་བདུན་མ་དང༌། གཟུངས་བཞུགས་ཀྱི་སྤེལ་ཚིག་དང་ཁ་ཏོན་སོགས་གང་འོས་ལ་བྱས་ཆོག་པའི་ཚིག་རྐང་དགུ་མ་འདི་ནི་བསྐུལ་བ་པོའི་འདོད་པ་ལྟར་ཚིག་གི་སྦྱོར་སྡེ་བཏང་སྙོམས་སུ་བྱས་ནས་གོ་སླ་བ་གཙོ་བོར་བཏོན་ཏེ། ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གིས་བྲིས་པ་སརྦཱརྠསིདྡྷིབྷཝནྟུ། །བྱམས་མགོན་དགའ་ལྡན་ཆོས་ཀྱི་སེང་གེའི་ཁྲིར། །མཁྱེན་བརྩེ་རྣམ་པར་བཀྲ་བའི་ལེགས་བཤད་ཀྱིས།(༤༣ན)


GLG021_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

།འགྲོ་རྣམས་ཐོག་མཐའ་བར་དུ་བཤེས་མཛད་པ། །རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཤོག །ལྕགས་བྱ་དགའ་ལྡན་ཁྲི་རིན་པོ་ཆེ་བྱམས་པ་བཀྲ་ཤིས་སྐུ་སྙུན་པའི་ཚེ་ཆབ་ཤོག་ཏུ་སྩལ་བའི་བརྟན་བཞུགས། །ཕྱག་ན་པད་དཀར་འཆང་སོགས་མཁས་གྲུབ་ཀྱི། །སྒྱུ་འཕྲུལ་ཡིད་བཞིན་རིན་ཆེན་འཕྲེང་བའི་གྲལ། །ཟ་ཧོར་བནྡེའི་སྣང་བརྙན་འཆིང་བུའི་རྡོ། །མོས་པས་རས་དཀར་མཁའ་ལ་འཇའ་ལྟར་ཤར། །ཀུན་རྫོབ་རྒྱ་མཚོར་བཟང་ངན་བར་མའི་རླབས། །འཁྲུལ་རྟོག་ཡོལ་མེད་དོན་དམ་ཆུ་བོའི་གཤིས། །རོ་གཅིག་ཆོས་སྐུའི་ཀློང་དུ་རང་གྲོལ་ན། །དད་པའི་རི་མོ་རྡར་བྲིས་གང་གིས་བསུབ། །དེ་ཕྱིར་ངག་དབང་བློ་བཟང་རྒྱ་མཚོའི་སྡེ། །སྲས་བཅས་རྒྱལ་བ་ཡོངས་འདུས་ངོ་བོ་རུ། །ཡིད་ཀྱི་ཟླ་ངོས་ཤར་བའི་རི་དྭགས་གཟུགས། །བྱང་ཆེན་བར་དུ་འབྲལ་མེད་རྗེས་སུ་གཟུང༌། །རྒྱ་བོད་ཡིག་རིགས་གཙུག་ལག་གཉིས་པའི་མིག །རབ་ཡངས་ངག་དབང་ཕུན་ཚོགས་ལྷག་བསམ་གྱིས། །ཉེར་བསྐྲུན་དགེ་བས་ཚེ་དཔལ་བསོད་ནམས་སོགས། །དེང་ནས་ཡང་སྲིད་ཀུན་ཏུ་འཕེལ་བར་ཤོག །ལུང་རྟོགས་ཡོན་ཏན་ས་བོན་དར་དྲག་པ། །སྨོན་ལམ་གཤེར་གྱིས་བསྐྱེད་པ་ཨམྲའི་ལྗོན། །ངེས་ལེགས་འབྲས་བུ་རོ་བརྒྱ་དངར་བའི་ཟས། །མྱངས་ནས་རིས་མེད་འགྲོ་ལ་སྟེར་བར་ཤོག །སངས་རྒྱས་ཀུན་དངོས་རྗེ་བཙུན་ཙོང་ཁ་པར། །ཆོས་བརྒྱད་འཆིང་གྲོལ་དག་པའི་འཁོར་བརྒྱད་དང༌། །མགྲོན་ཐབས་ལྔ་བརྒྱའི་གཙུག་རྒྱན་ཇོ་འབྲོམ་ཟུང༌། །ཁྱབ་བདག་རིན་ཆེན་བསོད་ནམས་མཆོག་གྲུབ་ཞབས། །རྣམ་འབྱེད་ཤེས་རབ་སྦྱིན་མཛད་འཇམ་དཔལ་དབྱངས། །ལས་ཀུན་ཐོགས་མེད་བསྒྲུབ་པ་ངལ་བསོས་པོ། །སྲིད་ཞིའི་འདོད་པ་འཇོ་བ་རྨུགས་འཛིན་དབང༌། །ཚོན་བརྒྱ་ཉེ་བའི་དྭངས་ཤེལ་ལྟ་བུར་བཀྲ། །བསོད་ནམས་བྱས་འདིས་ཐུ་མི་གཉིས་པའི་རིགས། །སྨྱུག་ཐོགས་ཁ་ལོ་བསྒྱུར་བའི་(༤༣བ)


GLG021_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་ལྡན་ཅན། །རྒྱལ་རྩེ་ངག་དབང་ཕུན་ཚོགས་དེང་ནས་བཟུང༌། །ཡང་སྲིད་ཀུན་ཏུ་བདེ་ཞིང་སྐྱིད་པར་ཤོག །བདོག་པའི་ཡོན་སྦྱོར་རི་མོའི་འདུ་བྱེད་མཁན། །ལུས་ངག་ཡིད་ཀྱིས་ཕན་པ་བསྒྲུབས་སོ་ཅོག །ཆོས་དཀར་མུ་ཏིག་འཁྲི་ཤིང་ཆར་ཆེན་པོ། །རིམ་བརྒྱུད་སྐྱེ་བ་ཀུན་ཏུ་འབབ་པར་ཤོག །ཚེ་འདིའི་ལུས་བསྐྱེད་ཕ་མས་ཐོག་དྲངས་པའི། །ནམ་མཁའི་མཐས་ཁྱབ་གཞལ་དཀའི་སེམས་ཅན་ཚོགས། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པའི་རྒྱུར། །ཐོག་མེད་ནས་བསགས་ལེགས་བྱས་ཐམས་ཅད་བསྔོ། །བརྒྱ་ཕྲག་ཉི་མས་འཁྱུད་པ་མར་གད་ཀྱི། །ལྷུན་པོའི་མཛེས་བརྗིད་ལ་འགོངས་སྨིན་ལེགས་རྟེན། །དྲན་པས་འཇིགས་ཚོགས་སྐྱོབ་པ་རྒྱལ་ཀུན་ཡུམ། །རྗེ་བཙུན་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ། །གང་གི་རྣམ་པར་འཕྲུལ་པོ་ཆེ་ཡི་གར། །ཟླ་མིག་གྲངས་སུ་བསྒྱུར་ནས་ལུས་ཅན་ལ། །ཞི་རྒྱས་དབང་དྲག་ལས་ཀྱི་འདོད་པའི་དོན། །བསྒྲུབ་མཛད་འཁོར་གྱིས་ཡོངས་བསྐོར་རབ་སྤེལ་མཐུས། །འཕགས་བོད་བརྡ་དག་གཟུགས་ཀྱི་རིན་ཆེན་རྒྱན། །ཡིག་རིགས་ས་སྲུང་གོམ་འགྲོས་ཤོག་བུའི་ཐང་། །སྒྱུ་རྩལ་སོར་མོས་བགྲོད་པ་རྒྱལ་རྩེ་བ། །ངག་དབང་ཕུན་ཚོགས་དད་པས་བཞེངས་པའི་འབྲས། །དེང་ནས་བྱང་ཆུབ་བར་དུ་འཇིགས་པའི་ཚོགས། །དངོས་དང་རྨི་ལམ་ཙམ་དུ་མི་འབྱུང་ཞིང༌། །སུམ་རྩེན་དག་པའི་དགའ་སྟོན་ལྷན་ཅིག་པར། །སྤྱོད་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཞེས་རྒྱལ་རྩེ་ཡིག་མཁན་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་བ་ཙོང་ཁ་པ་ཆེན་པོ། སེང་ལྡེང་ནགས་སྒྲོལ། ངེད་རང་གི་འདྲ་འབག་གསུམ་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་རྒྱ་བོད་ཀྱི་ཡིག་རིགས་དུ་མ་དང་རྩིས་དཀར་ནག་ལ་བློ་གྲོས་ཀྱི་སྣང་(༤༤ན)


GLG021_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡངས་པ་མཐར་རྒྱས་པ་བློ་བཟང་དབང་པོའོ། །སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་སྐུ། །གཅིག་ལས་དུ་མར་བསྒྱུར་བ་མཚན་བརྒྱད་དང༌། །ཡིད་འཛིན་འཚོ་རྒྱལ་ཌཱཀྐིའི་གཙོ་མོ་ཡིས། །ཀུན་བཟང་རང་ཞལ་མ་མཐོང་བར་རྗེས་ཟུངས། རྔ་ཡབ་གླིང་པ་པད་འབྱུང་སམ་བྷ་ཝ། །མཆོག་སྲེད་པདྨ་རྒྱལ་པོ་མཁའ་འགྲོ་ཟུང༌། །ཟ་ཧོར་རིགས་འཛིན་དྲི་ཟའི་རྒྱལ་པོ་ཡིས། །ཚེ་རབས་ཀུན་ཏུ་ཕན་བདེའི་དཔལ་ལ་སྦྱོར། །བཀའ་བརྒྱད་ཡོངས་འདུས་རྡོ་རྗེ་དྲག་པོ་རྩལ། །ཉི་མ་འོད་ཟེར་སེང་གེ་སྒྲ་སྒྲོག་དང༌། །འཇམ་དཔལ་སྙིང་པོ་དམ་ཅན་སྲུང་མར་བཅས། །རྟེན་འདིར་བཞུགས་ནས་དངོས་གྲུབ་སྩལ་དུ་གསོལ། །ཤཱཀ་སེང་འཆོལ་བའི་ཁྲོ་རྒྱལ་བཟང་པོ་གྲགས། །རྒོད་ལྡེམ་དཔལ་གྱི་ལྷ་མོ་ལ་སོགས་པ། །རྩ་བ་གསུམ་གྱིས་རྒྱུ་སྦྱོར་སྦྱིན་པའི་བདག །འདི་ཕྱིའི་ལེགས་ཚོགས་མཐའ་དག་འགྲུབ་བྱིན་རློབས། །ཞེས་པ་འདིའང་རི་མོ་བ་འབག་ལྷུག་གིས་ཐང་བཀོད་ལ་གཞི་ལྟས་ནས་སྨོན་ལམ་གྱི་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཐག་ཁྲར་སྦྲུལ་དུ་མངོན་པའི་དངངས་སྐྲག་གིས། །དོན་བྱེད་ནུས་ལྟར་འཇམ་དབྱངས་དགའ་བའི་བཤེས། །སྤྱན་རས་གཟིགས་དང་དབྱེར་མེད་རོ་གཅིག་པར། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གངས་ཅན་སྐྱེ་རྒུ་ཡོངས་ཀྱི་ཆོས་སྐལ་དུ། །བཀའ་བབས་ཡིག་དྲུག་ལྷང་ལྷང་གསོལ་འདེབས་དང༌། །བགྲང་ཡས་རིལ་བསྒྲུབ་མཐུ་ཡིས་མགོན་པོ་ཁྱོད། །གཡུང་དྲུང་ལྟ་བུར་རྟག་ཏུ་ཞབས་བརྟན་ཤོག །རྣམ་དག་དགེ་འདུན་འདུས་པའི་ཐུགས་རྗེ་དང༌། །རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པ་ཡིས། །དམ་རྫས་འདི་ཟོས་མཐའ་དག་འཁོར་བ་ཡི། །འཇིགས་བྲལ་ངེས་ལེགས་ལམ་དུ་བགྲོད་པར་ཤོག །(༤༤བ)


GLG021_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བཅུ་ཀུན་ཚང་ཡར་འོན་གསེར་གཞོང་ཁ། །ཉེར་སྤྲད་གསས་ཁང་རྩེ་མོར་མངའ་རིས་པར། །ཡོངས་གྲགས་འདུས་གྲ་འཁོར་ལོ་རྣམ་གསུམ་གྱི། །སྲིད་མཐའི་བར་དུ་བླ་ནས་བླར་འཕེལ་ཤོག །མཁས་བཙུན་བཟང་པོའི་རྣམ་པར་ཐར་པའི་དཔྱིད། །གངས་ཅན་འཛིན་མ་ཆེས་རྡུལ་བཤད་སྒྲུབ་ཀླུང༌། །ཕྱོགས་བརྒྱར་ཡོངས་འཕེལ་ཞྭ་སེར་འཆང་བའི་བསྟན། །འཁོར་འདས་ཡོངས་ཀྱི་གཙུག་ཏོར་རྩེར་མཛེས་ཤོག །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་སྲས། །མུ་ཏིག་བཙན་པོའི་ཡང་སྤྲུལ་སངས་རྒྱས་ཀྱི། །བསྟན་པ་རྒྱ་མཚོ་འདེགས་པའི་ས་དབང་ཆེ། །ངལ་བསོས་པོ་དང་སྐལ་བ་མཉམ་པར་ཤོག །ཆོས་སྲིད་དགའ་སྟོན་དཔལ་དང་ལེགས་ལྡན་པ། །རྣམ་པར་རྒྱལ་བའི་ཕོ་བྲང་ཆེན་པོ་ཡི། །ཁྲིམས་གཉིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །གནམ་སའི་ཁྱོན་ལ་བར་མེད་འཁོར་བར་ཤོག །ས་འོག་ས་སྟེང་ས་བླའི་འཇིག་རྟེན་ན། །འཁོད་ནས་འགྲོ་བ་རིགས་དྲུག་སྐྱེ་རྒུ་དང༌། །མི་འགྲོ་བར་དོ་མཐའ་དག་སྡུག་བསྔལ་བའི། །ཚོར་བ་དང་བྲལ་སྒོ་གསུམ་སིམ་པར་ཤོག །ཁྱད་པར་དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི། །ལྗོངས་འདིར་མི་ཕྱུགས་ནད་རིམས་བཙའ་འབུ་ཐན། །སད་སེར་མཐའ་བཞིའི་ཚོང་ཁེའི་འདུ་སྒོ་ཉམས། །ཇག་ཆོམས་དམག་འཁྲུག་ངན་འབྲས་ཞི་བར་ཤོག །བརྒྱ་ཕྲག་ལོར་འཚོ་ཟས་གོས་མལ་ཆ་སྟན། །ཁང་ཞིང་སྒོ་ལྡུར་འབྲུ་ཇ་རྩ་མར་ཤིང༌། །རྟ་དྲེལ་གནག་ཕྱུགས་རིན་ཆེན་གོས་དར་སོགས། །མཁོ་དགུའི་འབྱོར་བ་ཕུན་སུམ་ཚོགས་པར་ཤོག །པད་དཀར་འཆང་བའི་འཁྱེར་སོ་སུམ་ལྡན་དང༌། །ནོར་བུ་པདྨ་འབོད་པའི་དབྱངས་སྙན་པོས། །འགྲོ་ལ་སྤྱན་རས་རྟག་ཏུ་ཉེར་གཟིགས་ནས། །བཀྲ་ཤིས་དཔལ་གྱི་རྩེ་དགའ་དགོད་པར་ཤོག །མ་ཎི་དུང་ཕྱུར་གཏོང་སྐབས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་གཉེར་པ་འཕྱོང་རྒྱས་པ་དཀའ་བཅུ་གྲགས་པ་ལེགས་(༤༥ན)
བཤད་ཀྱིས་སྐུལ་བ་ལྟར་ཚངས་སྲས་བཞད་པའི་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་བརྡ་དག་ཡིག་རྩིས་ལ་བློ་གྲོས་ཡངས་པ་མཐར་རྒྱས་པ་བློ་བཟང་དབང་པོའོ། །


previousསྡེ་པ་སངས་རྒྱས་རྒྱ་མཚོའི་དད་རྟེན་དུ་བྲིས་ཐང་བཅོ་ལྔ་བཞེངས་པའི་རྒྱབ་ཡིག་སྨོན་ལམ་ཚིགས་བཅད་སོགས།next