Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of བྲག་ཡེར་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
 
འཕགས་པ་ཕྱོགས་བཅུ་མུན་སེལ་གྱི་དོན་དང་སྦྱར་བའི་སྨོན་ལམ་ཚིགས་བཅད་སོགས།
  
  
  
  


1 occurrence of བྲག་ཡེར་པ་
[Clear Hits]

 
previousའཕགས་པ་ཕྱོགས་བཅུ་མུན་སེལ་གྱི་དོན་དང་སྦྱར་བའི་སྨོན་ལམ་ཚིགས་བཅད་སོགས།next

འཕགས་པ་ཕྱོགས་བཅུ་མུན་སེལ་གྱི་དོན་དང་སྦྱར་བའི་སྨོན་ལམ་ཚིགས་བཅད་སོགས།


GLG021_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ཉོན་མོངས་བསྐྱོད་པའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་རྗེས་སུ་སྦྱོང་བ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །འཇིགས་པ་ཡོངས་ཞི་དོན་ཀུན་འགྲུབ་པར་ཤོག །ལྷོ་ཕྱོགས་མུན་ནག་བཅོམ་པའི་ཞིང་ཁམས་ན། །བདེ་བར་གཤེགས་པ་མངོན་འཕགས་རྒྱལ་པོ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །ནུབ་ཕྱོགས་ཡུལ་ཕེབས་བྱ་བའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་རྣམ་པར་གནོན་པ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །བྱང་ཕྱོགས་སྤོབས་པ་ཅན་གྱི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་རིན་ཅེན་འོད་སྣང་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །བྱང་ཤར་བདུད་སྡེ་བཅོམ་པའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་བདུད་འཇོམས་རྣམ་གནོན་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །ཤར་ལྷོ་རྟག་ཏུ་སྣང་བའི་ཞིང་ཁམས་ལ། །དེ་བཞིན་གཤེགས་པ་འཁོར་ལོ་འབྱུང་དཔལ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །ལྷོ་ནུབ་གསེར་དྲས་གཡོགས་པའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་གདུགས་འཕགས་སྣ་བ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །ནུབ་བྱང་མངོན་པར་འཕགས་པའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་འདུལ་བ་ཞེས་བྱ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །སྟེང་ཕྱོགས་ཡིད་ལ་བྱེད་ཅན་ཞིང་ཁམས་ན། །དེ་བཞིན་གཤེགས་པ་མངོན་འཕགས་རྒྱལ་པོ་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །འོག་ཕྱོགས་ཡོན་ཏན་བརྒྱན་པའི་ཞིང་ཁམས་ན། །དེ་བཞིན་གཤེགས་པ་ཐེ་ཚོམ་གཅོད་མཛད་ལ། །མ་ཡེངས་ཕྱག་བཙལ་ཡིད་ལ་དྲན་པའི་མཐུས། །འཇིགས་པ་ཡོངས་ཞི་དོན་ཀུན་འགྲུབ་པར་ཤོག །ཤཱཀྱ་གཞོན་ནུ་བཞིན་རས་རབ་གསལ་ལ། །ཉི་མའི་གཉེན་གྱིས་ཇི་ལྟར་ཞལ་འཆེས་པའི། །འབྲས་བུ་ཇི་བཞིན་བདག་སོགས་འཁོར་བཅས་(༢༧༡ན)


GLG021_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རབ་སྨིན་རོ་བདའི་ཟས་ལ་སྤྱོད་པར་ཤོག །ཅེས་འཕགས་པ་ཕྱོགས་བཅུ་མུན་སེལ་གྱི་དོན་དང་སྦྱར་བའི་སྨོན་ལམ་ཞིག་དགོས་ཞེས་ཏྲེའོ་ཧོར་ཚང་ཏཱའི་སི་ཏུ་བློ་བཟང་ཆོས་སྐྱོང་གིས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །སྨན་བླ་མཆེད་བདུན་ཀུན་མཁྱེན་ཉི་མའི་གཉེན། །ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་དང༌། །ལུང་རྟོག་དམ་ཆོས་བསླུ་བ་མེད་པའི་མགོན། །ཐུགས་རྗེའི་མཐུ་མངའ་སྐྱབས་མཆོག་མ་ལུས་དགོངས། །ཁྱད་པར་བྱང་ཆུབ་སེམས་དཔའ་སའི་སྙིང་པོས། །ཏྲེ་བོ་ཧོར་ཚང་ཡུལ་དང་ས་ཕྱོགས་འདིར། །ནོར་འཛིན་གཡོ་བའི་འཇིགས་པ་ཆེན་པོ་ཀུན། །ཉེར་ཞི་བདེ་སྐྱིད་དཔལ་ལ་འགོད་པར་ཤོག །ཆོས་ཉིད་མི་འགྱུར་རྒྱུ་འབྲས་སླུ་མེད་ཕྱིར། །དཀོན་ཅོག་གསུམ་གྱི་ཐུགས་རྗེ་རབ་བསྐུལ་བའི། །གསོལ་བ་གདུང་ཤུགས་དྲག་པོས་འདེབས་བྱེད་ན། །འཇིག་སྐྲག་སྡུག་བསྔལ་ཀུན་ལས་ཐར་བར་ཤོག །ཅེས་པ་འདིའང་ཏྲེ་བོ་ཧོར་ཚང་ཆོས་རྗེས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔ་རམས་པའོ། །གདུལ་དཀའ་འདུལ་ཕྱིར་ཕྱག་ན་པད་དཀར་འཆང༌། །རྡོ་རྗེ་སྲིན་པོའི་སྐུར་བསྟན་ཕྱག་དྲུག་མགོན། །བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་པ། །གཏན་གྱི་སྐྱབས་མཆོག་མཐུ་སྟོབས་ནུས་པ་ཡི། །འཇམ་དབྱངས་དགའ་བའི་བཤེས་གཉེན་བདེ་ལྡན་ཞིང༌། །དབང་ཕྱུག་ཚེ་མཐའ་ཡས་ལྟར་རབ་བརྟན་ཞིང༌། །གེགས་མེད་འབྲང་རིའི་གནས་སུ་འདུས་སྡེ་དང༌། །ཐོས་བསམ་སྒོམ་པ་དར་ཞིང་(༢༧༡བ)


GLG021_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་ཤོག །ཅེས་པ་འདི་ནི་རབ་འབྱས་པ་ནམ་མཁའ་རྒྱལ་མཚན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནྀ་དཔལ་གྲོང་སྔགས་རམས་པའོ། །མང་དུ་ཐོས་པས་ངག་ལ་དབང་འབྱོར་ཞིང༌། །རྒྱ་ཆེན་གཞུང་ལུགས་དབྱར་མཚོ་ལྟར་སྤེལ་བར། །ཟླ་བྲལ་རྣམ་དཔྱོད་ཡངས་པའི་ཡོངས་འཛིན་མཆོག །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །མགོན་ཁྱོད་འཕྲིན་ལས་མཁའ་མཉམ་འགྲོ་བ་ལ། །འཇུག་པའི་ཕ་མཐའ་རྫོགས་མིན་དེ་སྲིད་དུ། །བདག་སོགས་སློབ་མར་བཅས་པ་རྗེས་བཟུང་ནས། །འབྲལ་མེད་དམ་པའི་ཆོས་ལ་ལོངས་སྤྱོད་ཤོག །ཅེས་སྐྱོར་ལུང་མཁན་པོ་ངག་དབང་རྒྱ་མཚོ་ལ་གསོལ་འདེབས་སྨོན་ལམ་དང་བཅས་པ་འདི་ནི་ལྷོ་བྲག་དགའ་ལྡན་དོན་གཉིས་གླིང་གྲྭ་དམངས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཕྱག་ན་པདྨའི་ཐུགས་རྗེ་སྤྱན་རས་ཀྱིས། །ཨ་སྙིང་བྱང་ཆུབ་བར་དུ་རྗེས་བཙའ་བས། །འཁོར་དང་མྱ་ངན་འདས་པའི་ལེགས་ཚོགས་རྣམས། །བསམས་པ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས། །རྩིས་གཞི་བས་ཨ་སྙིང་གི་དོན་དུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་བཞིན་བྲིས། །རྒྱལ་ཀུན་ངོ་བོ་པདྨ་འབྱུང་གནས་ཀྱི། །གསང་གསུམ་སྒྱུ་འཕྲུལ་ཉིན་མོར་བྱེད་པ་ལས། །མཚན་བརྒྱད་རོལ་གར་འོད་ཀྱིས་ཕན་དང་བདེའི། །འདབ་སྟོང་འཁོར་མཐའ་དེ་སྲིད་བཞད་པར་ཤོག །གངས་ཅན་འགྲོ་ལ་སྲོང་བཙན་སྒམ་པོ་ཡི། །ཐུགས་རྗེའི་འཇུག་པ་ཡོལ་མེད་ཡང་སྲིད་ཀྱི། །རིན་ཅེན་ཕྲེང་བ་གཙུག་ཏོར་རྩེར་བཅིངས་ནས།(༢༧༢ན)


GLG021_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

།འདི་ཕྱིའི་མདུན་མ་ཐམས་ཅད་འགྲུབ་པར་ཤོག །མི་བསྲུན་གདུག་པ་འདུལ་ཕྱིར་པད་དཀར་འཆང༌། །རྡོ་རྗེ་སྲིན་པོའི་སྐུར་བསྟན་མྱུར་མཛད་མགོན། །ལྕམ་དྲལ་གནོད་སྦྱིན་རྣམ་བཞི་བཀའ་སྡོད་ཚོགས། །མ་གཡེལ་ཞི་རྒྱས་དབང་དྲག་ལས་རྣམས་མཛོད། །ཅེས་སྤྱི་ཁང་དཀོན་ཅོག་གི་དད་རྟེན་དུ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས། གུ་རུ་མཚན་བརྒྱད། མགོན་པོ་ཕྱག་དྲུག་པ་བཅས་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བྲིས། །མདུན་གྱི་ནམ་མཁར་པད་ཟླའི་དཀྱིལ་འཁོར་སྟེང༌། །ཚེ་དཔག་མེད་མགོན་སྲས་བཅས་རྒྱལ་བ་ཡིས། །ཡོངས་བསྐོར་མཆོག་གསུམ་འདུས་པའི་ངོ་བོ་ལ། །དཔང་པོར་གསོལ་ན་བདེན་ཚིགས་འགྲུབ་བྱིན་རློབས། །ངག་དབང་འཇམ་དབྱངས་བློ་བཟང་གྲགས་འབར་བསྟན། །རྒྱ་མཚོའི་གོས་ཅན་ཁྱབ་མཛད་ཚངས་སྲས་ལྷ། །བཞད་པའི་སྲོག་གི་ཀ་བ་རྡོ་རྗེ་ལྟར། །སྲིད་མཐའི་བར་དུ་ནམ་ཡང་འགྱུར་མེད་ཤོག །དགའ་ལྡན་བཤད་སྒྲུབ་ཟུང་འབྲེལ་དོན་གཉིས་ཀུན། །ཉེར་གྲུབ་འདུས་གླིང་རྣམ་གསུམ་འཁོར་ལོའི་ལས། །བྱམས་མགོན་མཆོག་གི་སྤྲུལ་སྐུར་མ་གྱུར་བར། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་ཤོག །ཅེས་རིང་འཚོའི་ཚིགས་བཅད་འདི་ནི་ལྷོ་བྲག་བསྔགས་འཆང་དབང་ཆེན་ལྷུན་གྲུབ་ཀྱིས་དགའ་ལྡན་དོན་གཉིས་གླིང་དུ་འཛུགས་རྩིས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །པད་རཱག་མདངས་ལྡན་རྡུལ་བརྩེགས་གསེར་ཞུན་གོས། །ཉེར་ཀླུབས་ངག་དབང་བློ་བཟང་རྒྱ་མཚོའི་གཟུགས། (༢༧༢བ)


GLG021_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

།བློ་བཟང་བསོད་ནམས་དད་པའི་ཟླ་དཀྱིལ་ངོས༌། །ཤར་བས་སྐྱེ་བར་བདེ་སྐྱིད་འོད་གསལ་ཤོག །ཅེས་འདྲ་འབག་གི་གདན་ངོས་ལ་བརྐོ་རྒྱུ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་བྲིས་པ་སརྦ་ཨཋསིདྡྷ་མེབྷ་ཝནྟུ། །པད་འབྱུང་ལུས་དཀྱིལ་ཤེལ་ངོས་ཞི་ཁྲོའི་ཚོན། །རབ་བཀྲ་བཀའ་བརྒྱད་ལྷར་རྫོགས་དྲག་པོ་རྩལ། །གར་དགུའི་སྒྱུ་འཕྲུལ་མངོན་གསུམ་གསལ་འདྲ་འདི། །དངོས་གྲུབ་ཆར་ཆེན་འབེབས་ལ་དངོམ་པ་བཞིན། །སད་སེར་ནད་འཁྲུགས་ལྷ་མིན་གདོན་གྱི་མཚོན། །འབེབས་སོགས་མི་བཟད་ཟུག་རྔུ་ལས་སྐྱོབ་ཅིང༌། །བདེ་སྐྱིད་ཆོ་གར་བོད་འབངས་ཅི་དགའ་རུ། །ཉེར་སྤྱོད་འཕྲིན་ལས་མང་བསྒྲུབ་དམིགས་རྟེན་མཚར། །ཆོས་དཀར་འབྲས་བུ་མཚོ་སྐྱེས་རྡོ་རྗེ་ཡིས། །གངས་ལྗོངས་འགྲོ་རྣམས་རྗེས་འཛིན་ཞལ་འཆེས་པའི། །བྱིན་རླབས་གཟི་བྱིན་བརྒྱ་ཕྲག་ཉི་མའི་འོད། །ཆེས་ཆེར་འབར་བའི་དཔལ་ལ་འགྲན་ནུས་ཤོག །ཅེས་པའང་འདི་ཁ་བས་བསྐོར་བའི་སྨན་ལྗོངས་འདིར་ཕན་བདེའི་སྒོ་བརྒྱ་འབྱེད་པའི་འཕྲིན་སྒྲུབ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་གང་དགོས་སུ་མཛད་པའི་རྟེན་ཞིག་བྱུང་ན་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བས་རྐྱེན་བྱས་དོན་གྲུབ་ཀྱི་ལོར་གཞིས་ཀ་ཤར་པ་འཕྲིན་ལས་རྣམ་རྒྱལ་གྱིས་སྐྱ་རིས་དང་སྤྱན་འབྱེད། ཤུན་པ་ཤག་ཁྱི་སྐྱག་གིས་ཚོན་མདངས་དང་གསེར་བཅད། སོག་པོ་བསྟན་པ་ཚུལ་ཁྲིམས་ཀྱིས་ཀྱང་བཅད་དང་གསེར་རིས་སོགས་བགྱིས་པའི་ཚེ་སྨོན་ལམ་དུ་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། །ཆོས་ཀུན་གདོད་ནས་ཉེར་ཞི་འཇམ་(༢༧༣ན)


GLG021_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀློང༌། །རབ་ཁྲོས་སྲིད་གསུམ་ཟར་བརྔམས་འཇིགས་མེད་དབྱངས། །དྲག་པོའི་ངར་སྒྲ་ཆེར་སྒྲོག་དུས་དགྲའི་དབང༌། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་གར་གྱི་རོལ། །དྲན་པའི་ཡིད་མཁར་དཔའ་པོའི་སྟང་སྟབས་ཉི། །ཤར་ཚེ་རང་སྲིད་འདབ་བརྒྱ་བཞད་པ་དང༌། །ཕས་རྒོལ་ཀུནྡ་ཟུམ་ནུས་མངོན་སྤྱོད་ཀྱིས། །འཕྲིན་ལས་ཐོག་འཁྱུག་གློག་གི་ཟེགས་མ་འཕྲོ། །བསོད་ནམས་ཉེར་བྱས་དབང་ཕྱུག་མིག་གི་མེའི། །དཔལ་རྩེར་དགྲ་བགེགས་འདོད་ལྷ་སྡེ་བཅས་གཟུགས། །ལྷག་མར་རབ་བྱས་རྣམ་པར་རྒྱལ་བ་ཡི། །རུ་མཚོན་སྲིད་པའི་རྩེ་མོར་བསྒྲེང་བར་མཛོད། །ཅེས་པའང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པས་འཇམ་དཔལ་ཚེ་བདག་གི་ལས་སྦྱོར་སྐབས་ཐོབ་གང་དགོས་ཀྱི་ཚེ་སྒྲུབ་རྟེན་ཞིག་བྱུང་ན་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བས་རྐྱེན་བྱས་དོན་གྲུབ་ཀྱི་ལོར་གཞིས་ཀ་ཤར་པ་འཕྲིན་ལས་རྣམ་རྒྱལ་གྱིས་སྐྱ་རིས་དང་སྤྱན་འབྱེད། །ཤུན་པ་ཤག་ཁྱི་སྐྱག་གིས་ཚོན་མདངས་དང་གསེར་བཅས། སོག་པོ་བསྟན་པ་ཚུལ་ཁྲིམས་ཀྱིས་ཀྱང་བཅད་དང་གསེར་རིས་སོགས་བགྱིས་པའི་ཚེ་སྨོན་ལམ་དུ་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། །དྲི་མེད་དྲང་སྲོང་གསེར་གྱི་འཁོར་ལོའི་རྩིབས། །སྣང་སྲིད་སྡེ་བརྒྱད་སྲོག་ལ་མངའ་བསྒྱུར་བ། །ཞེ་སྡང་དག་པའི་རྡོ་རྗེ་གཏུམ་པོའི་སྐུ། །མཐོང་ཚེ་ཡིད་སྲུབས་སྡེ་བཅས་སྙིང་རྩ་འགས། །དེ་ཉིད་སེམས་སུ་ཤར་བའི་རྣམ་པར་འཕྲུལ། །གནས་པ་རྩ་དང་འདྲེན་དཀྱིལ་གཅོད་བྱེད་ལྕེའི། །ཏིང་འཛིན་སྲུང་བཟློག་བསད་མནན་འབྱུང་(༢༧༣བ)


GLG021_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའིམཚོན། །རྣོན་པོས་འགེགས་དཔུང་ལུས་སྲོག་ཕྱེ་མར་འཐག །གདུག་རྩུབ་བསམ་སྦྱོར་ལ་བརྩེའི་རྒྱུས་བསྐྱེད་ནས། །རབ་བསྒྲལ་དུས་ཀྱི་སྡང་སེམས་འབར་བའི་མེས། །ལོག་འདྲེན་དུག་རླངས་དེས་བསྐྲུན་ལས་ཉོན་ཚོགས། །ཅིག་ཅར་མིང་གི་ལྷག་མར་བསྲེག་པར་ཤོག །ཅེས་པའང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ནས་དྲང་སྲོང་དམོད་པའི་ཚེ་སྒྲུབ་རྟེན་ཞིག་བྱུང་ན་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བས་རྐྱེན་བྱས་ས་ལུག་ལོར་གཞིས་ཀ་ཤར་པ་འཕྲིན་ལས་རྣམ་རྒྱལ་གྱིས་སྐྱ་རིས་དང་སྤྱན་འབྱེད། ཤུན་པ་ཤག་ཁྱི་སྐྱག་གིས་ཚོན་མདངས་དང་གསེར་བཅད། སོག་པོ་བསྟན་པ་ཚུལ་ཁྲིམས་ཀྱིས་ཀྱང་བཅད་དང་གསེར་རིས་སོགས་བགྱིས་པའི་ཚེ་སྨོན་ལམ་དུ་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། །གནམ་སྟོང་སྨག་གི་རུམ་ལས་ཆེས་གནག་སེམས། །ཉེར་འཆང་དགྲ་བགེགས་ལྕགས་ཀྱུས་བཀུག་པའི་མགོ །འབར་བའི་ཐོ་ཆེན་བསྣུན་པས་རྐང་མཐིལ་བར། །ཕྱེར་འཐག་སྲོག་བདུད་གཤིན་རྗེ་ཀིངྐང་དམར། །ཀ་དག་གདོད་མའི་འཇམ་མགོན་ཀུན་ཏུ་བཟང༌། །ཆུ་ལས་ཆུ་ལྦུར་བཞིན་དུ་དུས་ཀྱི་དགྲར། །ལྷུན་གྲུབ་དབང་པོའི་གཞུ་ལྟར་ཡོངས་ཤར་བ། །སྲིད་གསུམ་སྐྱེ་རྒུའི་བླ་ཚེར་བརྔམས་པ་བཞིན། །མཐའ་མེད་རྒྱ་མཚོའི་གཏིང་ནས་འཆི་བདག་ནག །ཆུ་སྲིན་རྣམ་པར་ལངས་པའི་གྲེ་བ་རུ། །མ་རུང་ལོག་འདྲེན་གཟུགས་ཅན་གཟུགས་མེད་ཅེས་པའང་རྣམ་པར་(༢༧༤ན)


GLG021_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ནས་དགྲ་བགེགས་རྣམས་ཐར་མེད་ལྕགས་ཁང་ནག་པོར་འཇུག་པའི་ཚེ་སྒྲུབ་རྟེན་ཞིག་བྱུང་ན་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བས་རྐྱེན་བྱས་དོན་གྲུབ་གྱི་ལོར་གཞིས་ཀ་ཤར་པ་འཕྲིན་ལས་རྣམ་རྒྱལ་གྱིས་སྐྱ་རིས་དང་སྤྱན་འབྱེད། ཤུན་པ་ཤག་ཁྱི་སྐྱག་གིས་ཚོན་མདངས་དང་གསེར་བཅད། སོག་པོ་བསྟན་པ་ཚུལ་ཁྲིམས་ཀྱིས་ཀྱང་བཅད་དང་གསེར་རིས་སོགས་བགྱིས་པའི་ཚེ་སྨོན་ལམ་དུ་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། །མ་ཚོགས་བྲན་དུ་བཀོལ་བ་རེ་མ་ཏཱིར། །བོད་སྐྱོང་བདུད་དང་གནོད་སྦྱིན་སྨན་མོའི་རིགས། །བསྟན་མ་བཅུ་གཉིས་ཀྱིས་བསྐོར་ལྷ་ཡི་ལམ། །དབང་པོའི་གཞུ་རིས་ལྟ་བུར་རྣམ་པར་བཀྲ། །མདོས་གཏོར་དངོས་བཤམ་ཡིད་སྤྲུལ་མཐུན་པའི་རྫས། །སྔགས་དང་ཕྱག་རྒྱས་ཉེར་སྤེལ་པུར་རྒྱལ་གྱི། །ནད་ཡམས་མུ་གེ་འཁྲུག་རྩོད་ཞི་བའི་ཆེད། །འབུལ་རྟེན་འདི་ལ་ཡེ་ཤེས་མངོན་གསུམ་ཕོབ། །ལུས་ངག་ཡིད་ལ་མི་བཟད་གདུང་བ་ཡི། །ཚོར་བ་དྲག་པོ་མིང་གི་ལྷག་མ་རུ། །བྱས་ནས་བདེ་སྐྱིད་དཔག་བསམ་ལྗོན་པའི་འབྲས། །སྤྱོད་ལ་ལྷ་ཡི་སྤུན་ཟླར་འགྱུར་བར་ཤོག །ཅེས་པའང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ནས་ནད་ཡམས་མུ་གེའི་རྒུད་པ་སེལ་བའི་སླད་དུ་བོད་སྐྱོང་བསྟན་མ་མཆོད་པའི་ཚེ་སྒྲུབ་རྟེན་ཞིག་བྱུང་ན་ཞེས་མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་བསྐུལ་བས་རྐྱེན་བྱས་དོན་གྲུབ་ཀྱི་ལོར་གཞིས་ཀ་ཤར་པ་འཕྲིན་ལས་རྣམ་རྒྱལ་གྱིས་སྐྱ་རིས་དང་སྤྱན་འབྱེད། ཤུན་པ་ཤག་ཁྱི་སྐྱག་(༢༧༤བ)


GLG021_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཚོན་མདངས་དང་གསེར་བཅད། སོག་པོ་བསྟན་པ་ཚུལ་ཁྲིམས་ཀྱིས་ཀྱང་བཅད་དང་གསེར་རིས་སོགས་བགྱིས་པའི་ཚེ་སྨོན་ལམ་དུ་ཟ་ཧོར་སྔགས་སྨྱོན་གྱིས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། །ཕུན་ཚོགས་ཆོས་དཀར་ས་བོན་བཏབ་པའི་འབྲས། །མངོན་མཐོའི་རྟེན་ལ་དབང་འབྱོར་ཡང་སྲིད་ཀུན། །དོན་གཉིས་རྒྱ་མཚོ་འཕྲིན་ལས་གྲུབ་རྫིངས་ཀྱིས། །གཏན་བདེའི་རིན་ཅེན་གླིང་དུ་བགྲོད་པར་ཤོག །ཅེས་རྒྱལ་བྱེད་སློབ་དཔོན་ཆོས་དབང་རྒྱ་མཚོ་དུས་ལས་འདས་པར་སྨོན་ལམ་ལ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་ལ། །དབང་ཕྱུག་བློ་མངའ་མཁས་བཙུན་བཟང་པོའི་སྒྲ། །རྒྱ་ཆེན་ནོར་འཛིན་ཡོངས་ཁྱབ་མཚོ་བྱུང་མས། །མགྲིན་འཁྱུད་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །འཇམ་དབྱངས་བློ་བཟང་གྲགས་པའི་བསྟན་སྲིད་ཟུང༌། །དགའ་བའི་དཔལ་ལྡན་ཕོ་བྲང་ནས་འདེགས་པ། །གནམ་བསྐོས་རྒྱལ་ཁབ་སྡེ་བཞིའི་འདུན་ས་ཆེར། །བཤེས་གཉེན་དམ་པ་མཆོག་ལ་གསོལ་བ་འདེབས། །སྙིང་ནས་དད་པས་ཉེར་བསྐུལ་ལྷང་ལྷང་སྒྲས། །མགོན་ཁྱོད་བསྐལ་བརྒྱར་གཡོ་མེད་བདེན་པའི་ཚིག །བརྗོད་ན་དཀོན་ཅོག་རྣམ་གསུམ་ཐུགས་རྗེའི་མཐུས། །རེ་བ་དོན་དང་ལྡན་པར་བདག་བྱིན་རློབས། །ལེགས་ཚོགས་ཡོན་ཏན་མ་ལུས་ལྷུན་གྲུབ་པ། །རབ་བརྟན་རིགས་བརྒྱུད་དངོས་གྲུབ་འབད་མེད་དུ། །ཡིད་བཞིན་ནོར་བུའི་མཛོད་ལ་མངའ་འབྱོར་པས། །བསམས་པའི་རེ་འདོད་མཐའ་དག་འཇོ་བར་ཤོག །འཇམ་དཔལ་ཁྲོས་པ་མ་ཧེའི་ཞལ་ཅན་དང༌། །མྱུར་མཛད་(༢༧༥ན)


GLG021_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལས་གཤིན་ཆོས་ཀྱི་རྒྱལ། །འདོད་ཁམས་དབང་ཕྱུག་ལ་སོགས་སྲུང་མ་ཡིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་པ་འདིའང་འབའ་རྫོང་སྡོད་ཤུན་ལྷུན་གྲུབ་རབ་བརྟན་པ་དངོས་གྲུབ་ནོར་བུས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །འོད་མཚན་སྟོང་འབར་རྗེས་བརྩེའི་སྐྱ་རེངས་མས། །ཉེར་དྲངས་མཁས་བཙུན་བཟང་པོའི་ཉི་ཟེར་གྱིས། །ལྔ་བདོའི་མུན་སེལ་ཕན་བདེའི་སྣང་བ་ཡིས། །ཁྱབ་མཛད་ལྷ་གཅིག་ཇོ་བོ་ཨ་ཏི་ཤར། །ཟས་གཙང་སྲས་དང་མ་ཕམ་ཐོགས་མེད་མཆེད། །རིམ་བརྒྱུད་རྒྱ་ཆེན་སྤྱོད་པའི་བཤེས་གཉེན་ཚོགས། །ནོར་བུའི་དོ་ཤལ་ཇི་ལྟར་ཆད་མེད་པས། །བསྐོར་འདི་བསོད་ནམས་ཞིང་དུ་དངོས་བྱོན་ཞིང༌། །དགེ་བས་ཆུང་འབྲིང་ལམ་གྱི་སྣ་དྲངས་ནས། །བདག་ལས་གཞན་གཅེས་བསྒོམ་པའི་སེམས་བཟང་པོས། །རླབས་ཆེན་རྒྱལ་སྲས་མཛད་པར་བྱང་ཆུབ་མཆོག །མ་རྙེད་དེ་སྲིད་ཉམས་སུ་བསྟར་ནུས་ཤོག །མཐའ་བྲལ་དབུ་མའི་མཁའ་དབྱིངས་བདེ་བའི་འཇའ། །ཟུང་འཇུག་ཁ་སྦྱོར་བདུན་ལྡན་མངོན་གྱུར་ཡང༌། །ཆགས་བྲལ་ངུར་སྨྲིག་ཟོལ་གྱི་གདུལ་བྱའི་ཚོགས། །གཙང་མའི་རྣམ་ཐར་ལ་འགོད་བཙོང་ཁ་པར། །ཤཱཀྱ་སེང་གེ་འཇམ་མགོན་ཀླུ་སྒྲུབ་སོགས། །ཟབ་མོ་ལྟ་བའི་བརྒྱུད་འཛིན་བླ་མ་ཡིས། །ཡོངས་བསྐོར་ཚོན་བརྒྱར་ཉེ་བའི་དྭངས་ཤེལ་རྗེས། །རབ་བསྙེག་སྔོན་མེད་འདྲེན་བྱེད་ཟིལ་དངར་བཅུད། །བསོད་ནམས་བྱས་འབྲས་བདེན་གཉིས་ཟུང་འཇུག་མཚོན། །རྣོན་པོས་སྲིད་རྩ་ངར་འཛིན་དྲ་བའི་(༢༧༥བ)


GLG021_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །བཅད་ནས་གཏན་མདུན་ཐར་བའི་བ་གམ་དུ། །རབ་བགྲོད་སྐལ་བ་བཟང་པོར་བདག་འགྱུར་ཤོག།སངས་རྒྱས་ཀྱིས་གསུངས་སྐྱབས་དངོས་མྱ་ངན་འདས། །ཚུལ་བཞིན་བསྟར་བ་དགེ་འདུན་ཡོངས་ཀྱི་གཙོ། །གྲགས་པ་དོན་ལྡན་པཎ་གྲུབ་རྣམ་པར་ཐར། །སྟོན་ཕྱིར་འབྲོམ་སྟོན་སླར་བྱོན་རོལ་གར་ལ། །སྲས་བཅས་རྒྱལ་བའི་སྣང་བརྙན་རྙོག་བྲལ་མཚོར། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལྟར་གསལ་བ། །དད་པའི་ཀུནྡ་འཛུམ་བྱེད་ཆོ་ག་ལ། །འཇིག་རྟེན་མེས་པོས་གསར་དུ་བསྐྲུན་པ་བཞིན། །ཆེད་དུ་ཉེར་འབད་དྲང་སྲོང་ཨཱ་གསྟྱས། །བདག་སོགས་འགྲོ་རྒྱུད་དུག་གསུམ་ཉལ་འགྲོའི་དྲི། །དྲུང་ཕྱུངས་གཏན་མདུན་ཡན་ལག་བརྒྱད་ལྡན་ཆུས། །འཁོར་འདས་ཡོངས་ཀྱི་ནད་བརྒྱ་སེལ་བར་ཤོག །དགེ་ལེགས་ཡོངས་འདུའི་རྩ་བ་བརྟན་པོ་རུ། །འཛུགས་པར་གཅིག་ཏུ་ཉེར་འདུན་སྙིང་སྟོབས་གོམ། །རྒྱ་མཚོའི་ཕ་མཐར་འཇོག་ལ་ཁྱབ་འཇུག་ཁེངས། །ཐུང་ངུར་རབ་བྱས་དབྱངས་ཅན་བཞད་པའི་སྡེར། །རྩ་གསུམ་མཛེས་ཆགས་རྔམ་བརྗིད་རོལ་བ་ཡི། །སྟང་སྟབས་གདུལ་བྱའི་མོས་ངོར་ཤར་བའི་གཟུགས། །སྒྱུ་མའི་འཁྲུལ་ལ་གདུང་བ་འཕོག་ནུས་པ། །ཀུན་དགའི་ཡིད་ཀྱི་རྩེ་འཇོར་བྱོན་ནམ་སྙམ། །མགོན་ཁྱོད་ཐུགས་རྗེ་ཀཏྤུ་ར་ཡི་རྡུལ། །བདག་སེམས་དུག་ལྔའི་ཚ་གདུང་ཉེར་བཅིལ་ནས། །ཤེས་བྱ་ཐམས་ཅད་མཁྱེན་པའི་གོ་འཕང་དེ། །རིང་པོར་མི་ཐོགས་མངོན་དུ་འགྱུར་བར་ཤོག །གྲུ་འཛིན་རི་བོའི་སྤོ་ནས་བསམས་བཞིན་དུ། །གནམ་བསྐོས་རྗེ་འབངས་བསོད་ནམས་ཉེར་བྱོན་པ། །རྒྱ་ཆེན་ཐུགས་བསྐྱེད་(༢༧༦ན)


GLG021_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་མཚོ་ལྟར་འཕེལ་བ། །འགྲོ་རྣམས་མཐོང་ཐོས་དྲན་པས་འདྲེན་མཛད་ཆེར། །སྐྱབས་གནས་སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་གར། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཡོངས་བསྒྱུར་བ། །ཕུན་ཚོགས་ཆོས་དཀར་རིང་ནས་འབོད་བྱེད་བརྡར། །ཕྲ་ཞིབ་པིར་གྱི་རྩེ་མོར་ཤར་གྱི་དོགས། །མཁྱེན་བརྩེ་ནུས་མཐུ་བརྒྱ་བྱིན་གཙུག་གཏོར་གྱིས། །འཁོར་འཁྱམས་མི་ཡི་ལུས་ལ་རེག་པའི་མོད། །ངེས་ལེགས་སྐབས་གསུམ་ལུས་སུ་སྐད་ཅིག་ཏུ། །འགྱུར་བའི་དགའ་སྟོན་མངོན་སུམ་བདག་ལ་རྩོལ། །དུས་སུམ་རྒྱལ་ཀུན་ཡོན་ཏན་ཕུང་པོའི་ཚོགས། །རྒྱ་མཚོའི་དབུས་ན་ལྷུན་པོ་ལྟར་འཕྱུར་བ། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་ལྷར་བཅས་འགྲོའི། །གཙུག་ན་མངོན་པར་འགྱིང་ཁྱོད་མཆོག་ཏུ་བསྔགས། །དད་པའི་ཟླ་ཟེར་འཐུང་བའི་པདྨ་དཀར། །འདབ་བརྒྱ་ཕྱོགས་བཅུར་གྲོལ་ལྟར་བླ་མ་དང༌། །ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་གིས། །ཡོངས་བསྐོར་མཐོང་བའི་མོད་ལ་རྣམ་པར་གྲོལ། །འཇམ་གཉེན་ཕྱག་མཐིལ་བདག་གི་གཙུག་བཀོད་ནས། །སྲིད་ཞིའི་འཇིགས་པ་རྣམས་ལས་དབུགས་དབྱུང་སྟེ། །འདི་ཕྱི་བར་དོ་ཀུན་ཏུ་ཕན་བདེ་ཡི། །ལམ་དུ་འཁྲིད་པའི་ས་མཁན་མཛད་དུ་གསོལ། །རྡོ་རྗེ་འཆང་ནས་རྩ་བརྒྱུད་བླ་མའི་བར། །གསུང་ངག་དབང་བཞིའི་ཆུ་བོ་ཆད་མེད་རྒྱུན། །བློ་གྲོས་བཟང་པོའི་བུམ་པར་འཁྱིལ་བའི་གཏམ། །རྒྱ་མཚོའི་གོས་ཅན་ཡོངས་ལ་ཁྱབ་དེ་བསྔགས། །ལྷུང་ལྷུང་འཆི་བ་མེད་པ་བདུད་རྩིའི་ཆབ། །ལྷོད་ལྷོད་ཚངས་བུག་ནས་འབབ་མི་འཇིགས་སྦྱིན། །ཡང་ཡང་རབ་རྩོལ་ཚེ་མཐའ་ཡས་པའི་ལྷ། །མང་(༢༧༦བ)


GLG021_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཉི་བུའི་གཉེན་པོར་ཆས་པ་བཞིན། །འཕྲིན་ལས་ཀུན་བསྒྲུབ་དཔལ་ཆེན་ཕུར་པའི་ལྷ། །ལྷ་མཆོག་དབྱངས་ཅན་རབ་ཁྲོས་དམག་ཟོར་རྒྱལ། །རྒྱལ་ཆེན་འདོད་དགུ་གཏེར་གྱུར་རྣམ་ཐོས་སྲས། །སྲས་བཙུན་བློན་འཁོར་རྣམས་ཀྱིས་དེང་འདིར་སྐྱོངས། །གསང་སྔགས་རྒྱུད་སྡེར་འབྱམས་ཀླས་དོན་གཉིས་ཀུན། །ལྷུན་གྲུབ་ཆེད་དུ་བློ་བརྩོན་གྲུ་རྫིངས་ཀྱིས། །གཏན་མདུན་རྒྱ་མཚོར་བགྲོད་འདོད་ལྷག་བསམ་གྱིས། །བྲིས་ཐང་བདུན་ཚར་འབད་པས་བཞེངས་པའི་མཐུས། །རྡོ་རྗེའི་སློབ་དཔོན་བསྐལ་བརྒྱར་ཞབས་བརྟན་ཅིང༌། །བདག་སོགས་བྱང་ཆེན་བར་དུ་མི་འབྲལ་བར། །རྗེས་བཟུང་འདི་ཕྱི་གཏན་མདུན་ལེགས་ཚོགས་ཀུན། །བསམས་པ་ཇི་བཞིན་ལྷུན་གྱིས་གྲུབ་པར་ཤོག །ཅེས་དགའ་གདོང་སྔགས་རམས་པ་དོན་འགྲུབ་རྒྱ་མཚོས་དཔལ་མར་མེ་མཛད་དང་རྒྱལ་བ་ཙོང་ཁ་པ་ལ་ལམ་རིམ་བརྒྱུད་པས་བསྐོར་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་དང་བཅས་པའི་བྲིས་ཐང་བཞེངས་པར་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སརྦམངྒལཾ། །བདུད་རྩིའི་རང་བཞིན་འཆི་མེད་སྐྱེད་ཚལ་ལ། །ཅོ་འདྲིའི་གཏོར་སྣོད་བཅུ་བཞིར་ཞོས་ལྷག་པའི། །དངུལ་དཀར་ལས་གྲུབ་བློ་བཟང་བཀྲ་ཤིས་ཀྱིས། །ཕུལ་བས་བསམ་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་འདིའང་དགེ་སྐོས་འཇོག་ཏུ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །ཡིད་འཕྲོག་འཇའ་(༢༧༧ན)


GLG021_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་འཁྲིགས་པའི་གུར་ཁྱིམ་ནང༌། །སྣ་ཚོགས་པད་འདབ་བཞད་པའི་གེ་སར་རྩེར། །ཉ་གང་ཟླ་དཀྱིལ་སྟེང་ན་འཇོ་སྒེག་ཅན། །རྗེ་བཙུན་བརྟན་པའི་འཁོར་ལོར་གསོལ་བ་འདེབས། །བཅུ་དྲུག་ལང་ཚོ་དར་བའི་མཚམས་སྤྲིན་མདངས། །འཛུམ་ཞལ་ཚེམས་དཀར་ཕྲེང་མཛེས་འགྲོར་ཆགས་པའི། །དཀྱུས་རིང་སྤྱན་ལྡན་གནག་སྣུམ་ཐོར་ཚུགས་ལས། །ཟུར་ཕུད་རྣམ་ལྔ་གཡོ་ལ་གསོལ་བ་འདེབས། །འཇམ་གཉེན་ཆོས་འཁོར་ཕྱག་བརྒྱའི་སོར་མོ་ཡིས། །བཟུང་བའི་ཨུཏྤལ་སྙན་ཐད་གྱེས་པའི་སྟེང༌། །མི་ཤེས་གཅོད་པའི་རལ་གྲི་སྤྲོས་བྲལ་དོན། །གསལ་མཛད་གླེགས་བམ་འཛིན་ལ་གསོལ་བ་འདེབས། །འགྲོ་ཀུན་མཐའ་གཉིས་བསྒལ་མིན་མི་བཤིག་པར། །དམ་བཅས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས། །རིན་ཅེན་རྒྱན་དང་དར་གྱི་ན་བཟའ་ཡིས། །འཇའ་ཚོན་ལྟ་བུར་བཀྲ་ལ་གསོལ་བ་འདེབས། །དཔལ་གྱི་མགུར་ནས་ཚངས་པའི་དབྱངས་སྙན་པོས། །ཆོས་ཀྱི་འཁོར་ལོ་བསྐོར་ཚེ་སྐལ་ལྡན་རྣམས། །གནས་ལྔ་རིག་པར་བློ་གྲོས་རྒྱས་མཛད་པ། །ངག་གི་དབང་ཕྱུག་སྩོལ་ལ་གསོལ་བ་འདེབས། །སྒྲིབ་གཉིས་གཡའ་བྲལ་ཐུགས་ཀྱི་ཨཱ་དརྴར། །བདེན་གཉིས་ཆོས་ཚུལ་གནས་ལུགས་ཡོངས་གཟིགས་པས། །འགྲོ་རྣམས་འདྲེན་ལ་ཐབས་མཁས་ཐུགས་རྗེ་ཅན། །ཤེས་བྱ་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །དགེ་ཚོགས་བསྒྲུབ་འདུན་དཔལ་འབྱོར་རབ་རྒྱས་དེས། །མགོན་ཁྱོད་ལྷར་བསྟེན་སྣང་བརྙན་བཞེངས་པའི་མཐུས། །དེང་ནས་བྱང་ཆུབ་བར་དུ་རྗེས་བཟུང་སྟེ། །འཁོར་(༢༧༧བ)


GLG021_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཡོན་ཏན་མ་ལུས་ལྷུན་གྲུབ་ཤོག །བཀའ་པོད་ཆེན་པོ་བཞི་དང་བཅུ་ཡི་གྲངས། །གཞུང་ལུགས་རྒྱ་མཚོར་རབ་ཏུ་འབྱམས་ཀླས་པར། །བློ་གྲོས་ཡངས་ཤིང་གསལ་བའི་འདུས་སྡེའི་གླིང༌། །མ་ཕམ་དབུས་འགྱུར་བྱོན་མིན་དར་བར་ཤོག །འཆད་པའི་སྤོབས་པ་དབྱིག་གཉེན་ལྟ་བུར་མཐོ། །རྩོད་དང་ཆོས་ཀྱི་གྲགས་པ་གཟུགས་གཞན་བཟུང༌། །རྩོམ་ལ་དཔའ་བའི་རྗེས་འགྲོ་མཁས་མང་གི །ཁྲིམས་ལྡན་སྡེ་འདིར་རྟག་ཏུ་གང་གྱུར་ཅིག །བྱེ་བྲག་མངོན་པར་རྟོགས་པ་རྒྱན་རྩ་འགྲེལ། །དབུ་མའི་རྩ་བ་དེ་ལ་འཇུག་པའི་གཞུང༌། །མདོ་རྩ་ཆོས་མངོན་མཛོད་བཞིན་ཡོངས་སྦྱངས་པ། །དཔྱོད་ལྡན་མཁས་མང་དབྱར་མཚོ་ལྟར་འཕེལ་ཤོག །མདོར་ན་རྣམ་གསུམ་འཁོར་ལོའི་བྱ་བ་ཀུན། །ཡར་ངོའི་ཟླ་བ་བཞིན་དུ་རབ་རྒྱས་པས། །བློ་བཟང་གྲགས་སྙན་འབར་བའི་བསྟན་པ་ལ། །མཛེས་རྒྱན་སྐྱེ་རྒུའི་བསོད་ནམས་ཞིང་འགྱུར་ཤོག །ཅེས་སྤོ་འབོར་ཆོག་ཐུ་ཆོས་རྗེ་དགེ་འདུན་དཔལ་འབྱོར་གྱིས་མཁས་མང་བློ་གསལ་གླིང་པར་མཚན་ཡང་དག་པར་བརྗོད་པ་གསུང་བའི་སླད་དུ་དངུལ་སྲང་ལྔ་བཅུ་དང་རྗེས་སུའང་སྐུ་བཞེང་པའི་ཐེབས་སྦྱར་བའི་སྐུ་གཙང་ཁང་དུ་བཞུགས་ཏེ་གསོལ་འདེབས་འཛུགས་རྒྱུའི་བསྐུལ་མ་དང༌། དེ་ལ་གྲྭ་ཚང་འཕེལ་རྒྱས་ཀྱི་སྨོན་ལམ་ཡོད་པ་ཞིག་དགོས་ཚུལ་འཆད་ཉན་མང་ཐོས་ལེགས་པ་དོན་གྲུབ་གྲྭ་དམངས་དང་བཅས་པས་ཟུར་བརྒྱན་པར་བརྟེན། ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ངེས་གསང་རྡོ་རྗེའི་ཤུགས་འབར་མཚོན་རྣོན་པོ། །གདེངས་(༢༧༨ན)


GLG021_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བས་བདུད་ལས་རྣམ་པར་རབ་རྒྱལ་བའི། །སྙིང་པོ་ཕན་བདེའི་ལེགས་ཚོགས་བཤད་སྒྲུབ་ཀྱིས། །བསྐལ་བར་ཡོངས་སྤེལ་རིགས་འཛིན་གླིང་ཆེན་པོར། །བདུན་ཞོས་ལྷག་པའི་དངུལ་སྲང་ཉེར་གསུམ་རྒྱུར། །ཉེར་གྲུབ་བུམ་བཟང་དབང་ཆུ་ཀུན་མཁྱེན་སྣོད། །ཕུལ་བས་སྲིད་འདིར་ཚེ་དཔལ་དབང་ཐང་རྒྱས། །རིང་མིན་ཐར་པའི་གྲིང་དུ་བགྲོད་པར་ཤོག །འཕྱོས་པ་གཟིམས་དཔོན་བློ་བཟང་དོན་གྲུབ་ཀྱིས་དངུལ་བུམ་ཕུལ་བའི་ཁ་བྱང་ཟ་ཧོར་གྱི་བནྡེས་བཀོད་པ་ལཀྵྨཱི། །ཛམ་བུ་ཆུ་བོའི་གསེར་གྱི་ཁ་དོག་ལ། །མཚན་དཔེའི་སྣང་བ་རབ་བཀྲ་མཐོང་བས་དོན། །ཀུན་གྲུབ་བུ་རམ་ཤིང་པའི་ཞལ་ཁྱིམ་དངོས། །ཇོ་བོ་ཤཱཀྱ་མུ་ནེའི་སྐུ་གཟུགས་ལ། །འཇམ་གཉེན་རེག་བྱའི་ཡོན་ཏན་ཁྱད་པར་རྣམས། །ལེགས་ཚང་དགེ་སློང་མཆོག་གི་སྤྱད་བྱའི་འོས། །དྲས་ཤིང་དྲུབས་སམ་ལྷན་ཐབས་སྦྱར་བ་ཡི། །སྣམ་སྦྱར་ངུར་སྨྲིག་རྒྱལ་མཚན་ཕུལ་བའི་དགེས། །འཇིག་རྟེན་འདི་ན་ཕན་བདེ་མ་ལུས་ཚོགས། །འབྱུང་གནས་རྣམ་འདྲེན་བསྟན་པ་རབ་རྒྱས་ཤིང༌། །ངག་དབང་བློ་གསལ་སྐལ་བཟང་རྒྱ་མཚོའི་སྡེ། །གཡུང་དྲུང་སྲོག་གི་ཀ་བ་ཚུགས་གྱུར་ཅིག །ལྷག་བསམ་དག་པས་ཆེད་དུ་རྒྱུ་སྦྱོར་བ། །སྒྲ་དབྱངས་མཆོད་པའི་སྤྲིན་ཕུང་སྤྲོ་བ་ཡི། །དབུ་མཛད་བློ་བཟང་ཡོན་ཏན་ཚེ་དཔལ་དང༌། །འབྱོར་ལྡན་དངོས་ཀུན་བླ་ནས་བླར་འཕེལཤོག །སྐྱེ་བར་ཉི་མའི་གཉེན་གྱིས་རྗེས་བཟུང་ནས། །ལྷ་མིའི་རྟེན་བཟང་རིམ་བརྒྱུད་ཐར་པ་ཡི། །མི་གནས་མྱ་ངན་འདས་པའི་གྲོང་ཁྱེར་དུ།(༢༧༨བ)


GLG021_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

།འཇུག་པར་ཐུགས་རྗེའི་གཏེར་གྱི་བདག་བྱིན་རློབས། །ཞེས་པའངདབུ་མཛད་བློ་བཟང་ཡོན་ཏན་གྱིས་ལྕགས་ཕོ་སྤྲེའུའི་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་ནས་བཅུའི་བར་ར་ས་འཕྲུལ་སྣང་དུ་བརྒྱ་མཆོད་དང༌། ཚེས་བརྒྱད་ཀྱི་ཉིན་ཇོ་བོ་རིན་པོ་ཆེར་སྣམ་སྦྱར་ཕུལ་བའི་ཞལ་བྱང་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །མཐོང་བས་དོན་དང་ལྡན་པ་ཉི་མའི་གཉེན། །དགུང་གྲངས་བརྒྱད་ལོར་སླེབས་པའི་སྐུ་ཡི་ཚད། །ཇོ་བོ་མི་བསྐྱོད་རྡོ་རྗེར་རུང་མཐུན་གོས། །བློ་བཟང་ཡོན་ཏན་དད་པས་ཕུལ་བའི་དགེས། །སངས་རྒྱས་བསྟན་པ་སྲིད་མཐར་རབ་རྒྱས་ཤིང༌། །དེ་འཛིན་རྗེ་བཙུན་བླ་མའི་ཞབས་པད་བརྟན། །བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གསུམ་གྱི་འགྲོ། །རྫོགས་ལྡན་དགའ་སྟོན་དཔལ་ལ་སྤྱོད་པར་ཤོག །བསོད་ནམས་བྱེད་པོ་ཚེ་རབས་ཐམས་ཅད་དུ། །མི་ཁོམ་སྐྱོན་བྲལ་རྟེན་བཟང་ལེགས་རྙེད་དེ། །ཐོས་བསམ་སྒོམ་པའི་ཐེམ་སྐས་ལ་འཛེགས་ནས། །བྱང་ཆུབ་མཆོག་གི་ཁང་པར་མྱུར་འཇུག་ཤོག །ཅེས་ལྕགས་སྤྲེ་ཆོ་འཕྲུལ་མཆོད་པའི་དུས་ར་མོ་ཆེར་དབུ་མཛད་བློ་བཟང་ཡོན་ཏན་གྱིས་མཆོད་པ་སྣ་ལྔ་བརྒྱ་རྩ་དང་སྣམ་སྦྱར་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔོན་ཚང་དར་མོ་བའོ། །(༢༧༩ན)


GLG021_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མ ཉྫུ གྷོ ཥེ ནྡྲ ཝཱ། དྶ ཤུ ཀླ ཤྩ ཀ ནྛ སྱ པཱ ཡ སྶ ར ཀྲཱི ཌ དཽ ཧྱེ ནྲྀ ཏཱ། འཇམ་དབྱངས་ངག་གི་དབང་ཕྱུག་ངང་མོ་དཀར། །མགྲིན་པའི་འོ་མཚོར་རྩེ་འཇོའི་རོལ་གར་གྱིས། །དྷཱི པྲ བྷཱ ཀ རྣ སཱ མི རྨ དྷོ ཏུ ཙྱ ཤ བྡཾ ཛྷ པི ཏྶཽ བྷ ག པྲི ཡ མཻ ཏྲོ ཏྟ མཿབློ་གསལ་རྣ་བར་སྙན་འཇེབས་གདུབ་སིལ་སྒྲ། །འཁྲོལ་བས་སྐལ་བཟང་དགའ་བའི་བཤེས་གཉེན་མཆོག །རྒྱ་ཆེན་གཙུག་ལག་ཏམ་བུ་ར་ཡི་རྒྱུད། །མཚོ་བྱུང་ལུས་ཕྲའི་སོར་རྩེས་ཉེར་བསྐུལ་གླུ །ལེན་པར་རྣམ་དཔྱོད་འཇིགས་མེད་གོ་ཆ་ཅན། །ཐུབ་བསྟན་ལང་ཚོའི་སྡེ་ཡི་འདྲ་འབག་ལ། །རྩ་བའི་བླ་མ་འཁོན་སྟོན་རྡོ་རྗེ་འཆང༌། །འཆི་མེད་ཟིལ་དངར་སྟེར་བྱེད་ཚེ་ལྷ་ཟུང༌། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཡི་དམ་དང༌། །ཆོས་སྲུང་བྲམ་ཟེའི་རྣམ་རོལ་གྱིས་བསྐོར་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །དྲིན་ཅན་མ་རྒན་ཕུན་ཚོགས་ཕྱག་སྐོར་དང༌། །མཆོད་པའི་རྟེན་དུ་ཟླ་(༢༥༩བ)


GLG021_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྟར་དཀར་བ། །རྣམ་དག་བསམ་པས་བསྐྲུན་པའི་བསོད་ནམས་འབྲས། །བྱེད་པོར་གཏོགས་རྣམས་དེང་ནས་ཚེ་རབས་ཀུན། །བདེ་སྐྱིད་ལྷ་ཡི་དཔལ་ལ་འགྲན་པའི་ངང༌། །རིང་མིན་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ནས། །ཐར་པ་རིན་ཆེན་གླིང་དུ་བགྲོད་ནུས་ཤོག །སྐྱེ་མང་འཕྲེང་བར་ཡང་དག་མ་ནོར་ལམ། །སྟོན་པའི་བཤེས་གཉེན་མགོན་པོ་ཁྱོད་ཉིད་ཀྱིས། །ནམ་ཡང་འབྲལ་བ་མེད་པར་རབ་མཛད་དེ། །སྲིད་ཞིའི་དགེ་ལེགས་ཅི་བསམ་ལྷུན་གྲུབ་ཤོག །བླ་མ་ཡིད་དམ་མཁའ་འགྲོ་ཀ་ཤི་ཀའི། །ངོས་སུ་འཇའ་མཚོན་ལྟར་ཤར་གྱིས་མཚོན་ཏེ། །སླུ་མེད་དཀོན་ཅོག་རིན་ཅེན་རྣམ་གསུམ་གྱི། །ཐུགས་རྗེའི་བྱིན་རླབས་སྙིང་ལ་འཇུག་པར་ཤོག །གྲུ་འཛིན་རི་བོའི་སྤོ་ནས་པད་དཀར་འཆང༌། །གངས་ཅན་སྐྱེ་རྒུའི་མགོན་སྐྱབས་དཔུང་གཉེན་དུ། །གནམ་སའི་དཀྱིལ་འཁོར་ཡོངས་ཀྱི་བདག་པོ་རུ། །ལེགས་བྱོན་སྲོང་བཙན་སྒམ་པོའི་སྣང་བརྙན་ལ། །སྤྲུལ་པའི་དགེ་སློང་སེམས་ཉིད་ངལ་གསོ་དང༌། །འཇིག་རྟེན་དབང་ཕྱུག་གནང་བ་གསལ་བའི་ཞབས། །ཆགས་མེད་ཀུན་དགའ་ཡི་དམ་བཅུ་གཅིག་ཞལ། །བསྟན་སྲུང་དུང་སྐྱོང་དབང་མོས་བསྐོར་བ་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །སོགས་ཤློ་ཀ་བཞི་པོ་སྦྱོར་བ་འོག་མ་ཀུན་ལ་འགྲེ། །དགེ་བསྙེན་ཚུལ་གྱིས་དམན་ཆ་བླངས་ན་ཡང༌། །དོན་གྱི་སྒོ་གསུམ་བག་ཡོད་བཙུན་པའི་མཆོག །བགྲང་ཡས་རྒྱལ་བ་རྒྱ་མཚོའི་འབྱུང་གནས་ཆེ། །བཀའ་གདམས་མེས་པོ་བཤེས་གཉེན་འབྲོམ་སྟོན་ལ། །ཕུལ་བྱུང་རྒྱལ་པོ་ལྷ་སྐྱེས་དཀོན་ཅོག་འབངས། །དད་པ་བརྟན་དང་རབ་བརྟན་བློ་གྲོས་འཕེལ། །ཁྱིའུ་དགའ་འཛིན་ཡི་(༢༨༠ན)


GLG021_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མི་གཡོ་མགོན། །ཆོས་སྲུང་ལེགས་ལྡན་ལྷོ་ནུབ་པས་བསྐོར་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །སྒྲ་ཚད་བཟོ་གསོ་མདོ་རྒྱུད་རིག་པའི་གནས། །ཀུན་གཟིགས་གསལ་བའི་སྤྱན་སྟོང་རབ་བཀྲ་བས། །མཁས་མང་ཉེ་དབང་གཙུག་འགྱིང་འཆི་མེད་བདག །ཐམས་ཅད་མཁྱེན་ངེས་དགེ་འདུན་གྲུབ་པ་ལ། །བློ་བཟང་གྲགས་སྙན་བཙུན་པ་ནོར་བུ་དང༌། །ཟླ་བ་རིན་ཅེན་སྙིང་པོ་པདྨའི་མཚན། །འོད་ཟེར་ཡི་དམ་ཡིད་བཞིན་འཁོར་ལོའི་ཞབས། །བསྟན་སྲུང་འདོད་ཁམས་དབང་མོས་བསྐོར་བ་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །སྙིང་ལ་དབྱངས་ཅན་མཛའ་ན་མོས་འཁྱུད་པས། །བགྲང་ཡས་ཤེས་བྱ་སྨྲ་བར་སྤོབས་པའི་རྩེ། །མཐོན་པོར་སོན་པ་དགེ་བའི་དབང་པོའི་མཆེད། །པཎ་ཆེན་དགེ་འདུན་རྒྱ་མཚོའི་སྐུ་གཟུགས་མཐར། །མཁས་གྲུབ་ནོར་བཟང་བྱམས་པ་སེང་གེའི་སྒྲ། །བདེ་མཆོག་ལྷ་ཡི་རྒྱལ་པོ་དགེ་འདུན་འཕེལ། །སྲོ་ལོང་ཀུན་རྒྱུ་ཡི་དམ་འཁོར་ལོ་སྡོམ། །ཆོས་སྲུང་གནོད་སྦྱིན་བེག་ཙེས་བསྐོར་བ་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །ཐུགས་རྗེ་མཐུ་དཔུང་ཁབ་ལེན་རྡོ་བ་ཡིས། །རྒྱ་ཧོར་བོད་ཀྱིས་ལུས་ཅན་ལྕགས་ཕྱེ་ཀུན། །དབང་མེད་སྡུད་མཛད་བཞད་པའི་རྡོ་རྗེ་ཞེས། །བསོད་ནམས་རྒྱ་མཚོའི་སྐུ་ཡི་འདྲ་འབག་ལ། །དགེ་འདུན་བཀྲ་ཤིས་སྐྱབས་སྦྱིན་གཉའ་ཁྲི་བཙན། །ཐོ་རི་སྙན་ཤལ་ཁྲི་སྲོང་རལ་པ་ཅན། །དགེ་དཔལ་ཡི་དམ་རྣལ་འབྱོར་ནམ་མཁའ་ཆེ། །བསྟན་སྲུང་སྡེ་དཔོན་གུར་མགོན་གྱིས་བསྐོར་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །གདུལ་དཀའ་འདུལ་བའི་འཕྲིན་ལས་སྒོ་འཕར་(༢༨༠བ)


GLG021_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ། །འབྱེད་ལ་ཚེ་རིང་གནམ་གྱི་རིགས་བརྒྱུད་དུ། །གཏིང་མཐའ་མི་མངོན་ཡོན་ཏན་རྒྱ་མཚོའི་གཏེར། །བདེ་ཆེན་ཆོས་ཀྱི་རྒྱལ་པོ་དཔལ་བཟང་པོ། །བློ་བཟང་ཆོས་རྒྱལ་ཁ་ཆེ་དགོན་པ་བ། །ས་ཆེན་གཡུ་བྲག་ཉང་རལ་དགེ་བ་འབུམ། །པདྨ་བཛྲ་ཡི་དམ་དུས་ཀྱི་དགྲ། །ཆོས་སྲུང་ལས་ཀྱི་གཤིན་རྗེས་བསྐོར་བ་འདི། །དཔལ་གྲོང་སྔགས་རམས་ངག་དབང་དགེ་ལེགས་ཀྱིས། །ཞེས་རྩེ་དང་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་རང་དང་མ་ཕུན་ཚོགས་ཀྱི་ཆེད་དུ་བཀའ་གདམས་གླེགས་བམ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཁྲུངས་རབས་གསོལ་འདེབས་རིན་ཅེན་འཕྲེང་མཛེས་ནང་བཞིན་ལ་སོ་སོའི་བླ་མ་རྣམས་རིགས་བདག་གི་ཚུལ་དུ་བཞུགས་པའི་བྲིས་ཐང་བདུན་ཚར་བཞེངས་པར་གཟུངས་སུག་བྲིས་རབ་གནས་མེ་ཏོག་བརྒྱ་རྩ་དང་བཅས་པ་བགྱིས་པར་ཁ་བྱང་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བྱས་པ་བྷ་ཝནྟུ། །འོད་གསལ་ལྷ་ཡི་རྨུ་ཐག་ལས་བརྒྱུད་དེ། །འཁོན་སྟོན་གྲུབ་བརྙེས་སྔགས་འཆང་མང་བྱོན་མཐར། །ཟུར་ཕུད་ལྔ་ལྡན་བླ་ཆེན་བརྩེ་བ་ཆེའི། །ཆོས་སྲིད་རིང་ལུགས་སྤེལ་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་འགྲོ་བའི་བསོད་ནམས་ཞིང༌། །ཐུབ་བསྟན་ཡོངས་འཛིན་དབང་པོར་བྱམས་པའི་ཐུགས། །ལེགས་སྐྱེས་ཆོས་ཀྱི་རྒྱལ་མཚན་བསྒྲེངས་མཁས་པ། །དཔལ་ལྡན་སྐལ་བ་བཟང་པོར་གསོལ་བ་འདེབས། །ཉི་མའི་གཉེན་གྱི་མི་འཇིགས་སེང་ཁྲིའི་སྟེང༌། །མགོན་ཁྱེད་བསྐལ་བརྒྱར་གཡུང་དྲུང་ལྟར་བཞུགས་ནས། །ཟབ་རྒྱས་འཁོར་ལོ་གསུམ་གྱིས་འགྲོ་(༢༨༡ན)


GLG021_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས། །མངོན་མཐོ་ངེས་ལེགས་ས་ལ་འགོད་བྱིན་རློབས། །ཁྱད་པར་དབང་བཞིའི་ཆུ་བོ་ཆད་མེད་པ། །དཔལ་ལྡན་ཆོས་སྐྱོང་ཐུགས་ཀྱི་ཉིང་ཁུ་ཡིས། །རིན་ཅེན་ལྟ་བུའི་གདུལ་བྱ་འཕྲང་རིང་གསུམ། །བརྒལ་ནས་ཟུག་འཇུག་གྲོང་དུ་འདྲེན་པར་ཤོག །དགྱེས་མཛད་རྡོ་རྗེ་མཁའ་སྤྱོད་བཙུན་མོ་ཆེ། །རིགས་བྱེད་མ་དང་ཚོགས་བདག་འདོད་པའི་རྒྱལ། །གུར་མགོན་སྟོབས་འཕྲོག་དབང་པོ་ལས་མཁན་བཅས། །མཁའ་སྤྱོད་རྣམ་ལྔས་དུས་ཀུན་བཀྲ་ཤིས་སྩོལ། །ཞེས་དཔལ་ལྡན་ས་སྐྱ་པའི་གདན་ས་འོག་ནས་བདག་ཆེན་འཇམ་དབྱངས་བསོད་ནམས་བསྟན་འཛིན་དབང་པོ་བྱམས་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་གསོལ་འདེབས་བརྟན་བཞུགས་འདི་ནི་རབ་འབྱམས་རྒྱུད་སྡེ་རྒྱ་མཚོར་གཞན་དྲིང་མི་འཇོག་པ་བཅོ་བརྒྱད་ཆོས་རྗེ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པས་བགྱིས་སོ། །ཐུགས་རྗེ་བསྐུལ་གསོལ་ལྷུན་པོ་བསྒྲིལ་བ་ཡིས། །བྱིན་རླབས་ཆུ་གཏེར་ལས་ཐོན་འཆི་མེད་ཀྱི། །བདུད་རྩི་སྲོག་རྩ་རྡོ་རྗེའི་ངོ་བོ་རུ། །ཡིད་བཞིན་འཁོར་ལོས་ཏིཥྛ་བཛྲ་མཛོད། །ལུས་ངག་ཡིད་གསུམ་ཐོས་བསམ་སྒོམ་པ་ལ། །དབང་སྒྱུར་བློ་གསལ་བག་ཆགས་བཟང་པོའི་མཐུས། །གསེར་མདོག་ཞྭ་ཡི་རིང་ལུགས་རྒྱ་མཚོའི་གོས། །ཕ་མཐའ་མི་འགྱུར་ཆེད་དུ་ཞབས་བརྟན་ཤོག །སངས་རྒྱས་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །ཆོས་སྲིད་མངའ་ཐང་རྒྱ་མཚོའི་རླབས་ཀྱི་ཕྲེང༌། །ནམ་ཡང་ཡོལ་མེད་ཚངས་རིས་ཡུལ་ས་ཆེར། །ཡོངས་འདེགས་(༢༨༡བ)


GLG021_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མི་དབང་རྡོ་རྗེ་ལྟར་བརྟན་ཤོག །རྒྱལ་བ་བློ་བཟང་གྲགས་པའི་མོས་རྒྱུད་བསྟན། །བོད་དང་བོད་ཆེན་ཀུན་ཏུ་རབ་འཕེལ་ཞིང༌། །སྡེ་འདིར་རྣམ་གསུམ་འཁོར་ལོའི་བྱ་བ་རྣམས། །ཡར་ངོའི་ཟླ་བ་ལྟ་བུར་རྒྱས་བྱེད་ཤོག །མཆོག་དམན་བར་པའི་གཉའ་བར་ཁྲིམས་གཉིས་ཀྱི། །གསེར་ཤིང་རྣམ་པར་ལྕི་བས་བརྒྱད་ཁྲིའི་ཚོར། །ཉེར་སྤྱོད་སྐྱེ་རྒུའི་བདེ་སྐྱིད་མངོན་སུམ་དུ། །མངའ་འབངས་ཡོངས་ཀྱིས་ཉམས་སུ་མྱོང་ནུས་ཤོག །མྱུར་མཛད་མགོན་པོ་དམ་ཅན་གཤིན་རྗེའི་རྒྱལ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་སོགས། །ཆོས་སྐྱོང་སྲུང་མས་ཇི་ལྟར་སྨོན་པ་ཡི། །འཕྲིན་ལས་བསྒྲུབ་ལ་ནམ་ཡང་མི་གཡེལ་ཤོག །དཀོན་ཅོག་རིན་ཅེན་གསུམ་གྱི་བྱིན་རླབས་དང༌། །ཆོས་ཉིད་འགྱུར་མེད་ཆོས་ཅན་རྒྱུ་འབྲས་ཚོགས། །རྟེན་འབྱུང་བདེན་པས་རབ་སྨོན་རེ་བ་ཀུན། །ལེགས་སྐོང་བཀྲ་ཤིས་དགའ་སྟོན་རྒྱས་པར་ཤོག །ཅེས་སེ་ར་ཐེག་ཆེན་གླིང་གི་ཧ་སྡོང་མི་ཚན་སྤྱི་ཚོགས་ནས་ངེས་རང་དང་སྡེ་པ་ཟུང་འབྲེལ་གྱི་རིང་འཚོའི་ཚིགས་བཅད་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཞོ་དོས་དམན་པའི་དངུལ་ཀོང་ཉེར་གསུམ་གྱི། །སྲང་ལྡན་ཕན་བདེ་ལེགས་བཤད་གླིང་པ་ལ། །ངག་དབང་མཁས་བཙུན་གྲྭ་སྐོར་དུས་ཕུལ་མཐུས། །འགྲོ་ཀུན་མ་རིག་མུན་པ་སེལ་བར་ཤོག །ཅེས་པའང་ཟ་ཧོར་བནྡེས་སུག་བྲིས་བྱས་པ་ཤུབྷཾ། །ལྷ་ཆོས་བདུན་ལྡན་བཀའ་གདམས་རིན་པོ་ཆེའི། །མེས་པོ་གནས་ལྔ་མཁྱེན་པའི་པཎྜི་ཏ། །དགེ་ཚོགས་ལ་འདུན་མཁས་གྲུབ་དམ་པ་ཡི། །རྣམ་འཕྲུལ་(༢༨༢ན)


GLG021_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་འཕྲེང་ལྟར་རབ་སྤེལ་མཐུས། །ཐུབ་དབང་བསྟན་པའི་གྲིབ་ཏུ་ཉེར་བསིལ་བར། །ལུས་ཅན་ཐམས་ཅད་བདེ་བར་ངལ་གསོ་ཞིང༌། །རྩ་བའི་བླ་མ་རིགས་རྣམས་ཀུན་གྱི་བདག །འགྱུར་མེད་གཡུང་དྲུང་ངོ་བོར་རྟག་བཞུགས་ཤོག །བསོད་ནམས་ས་བོན་མཐའ་ཀླས་སེམས་ཅན་ཚོགས། །བྱང་ཆུབ་སྙེ་མ་གཡུར་ཟའི་རྒྱུར་འགྱུར་ཞིང༌། །བློ་བཟང་ཆོས་སྐྱོང་དགེ་བའི་བཤེས་གཉེན་གྱིས། །ཚེ་རབས་ཀུན་ཏུ་མི་འབྲལ་རྗེས་འཛིན་ཤོག །ཆེས་ཆེར་སྙིགས་མའི་སྨག་ཏུ་དུ༔ཁའི་མལ། །དུག་གསུམ་གོས་ཀྱིས་གཏུམས་པའི་སེམས་ཅན་རྣམས། །མ་རིག་གཉིད་སློང་ཐུགས་རྗེ་ཆེན་པོའི་རྔ། །འཇིག་རྟེན་ཀུན་ཁྱབ་བརྡུང་མཛད་བདེ་གཤེགས་ཀྱིས། །བརྒྱད་བརྒྱའི་སྨན་མདོ་དཔལ་གྱི་མགུར་པ་ནས། །ཚངས་པའི་དབྱངས་ཀྱིས་ལེགས་གསུང་ཤྭཀྱའི་རྒྱལ། །མཐོང་ཐོས་དྲན་པས་རྣམ་པར་གྲོལ་བའི་སྐུ། །ལྷག་བསམ་དག་པས་ཆེད་དུ་བསྐྲུན་མཐུ་ཡིས། །རྒྱུ་སྦྱོར་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །ཉེར་དྲངས་གཏན་གྱི་བདེ་སྐྱིད་རིན་ཅེན་གླིང༌། །སྲིད་ཞིའི་འདོད་པ་འཇོ་བ་དབང་གི་རྒྱལ། །གཙུག་ཏོར་རྩེ་མོར་རྟག་ཏུ་འཆིང་བར་ཤོག །གྱེན་ཐུར་སྤྱན་གྱིས་གཟིགས་པ་མི་ཡོ་བས། །བདུད་རིགས་འབྱུང་པོ་ཕྱེ་མར་འཐག་པའི་ལྷ། །སླུ་མེད་གཏན་གྱི་མགོན་པོ་བཅོམ་ལྡན་འདས། །ཁྲོ་རྒྱལ་མ་ལུས་འདུས་པའི་བདག་ཉིད་ལ། །བདེ་གཤེགས་ཐམས་ཅད་ཚང་བ་ཤཱཀྱའི་རྒྱལ། །བྱང་སེམས་ཡོད་དོ་ཅོག་འདུས་སྤྱན་རས་གཟིགས། །ལྷ་མོའི་རིགས་འདུས་འཕགས་མ་སྒྲོལ་མ་ཡིས། །རབ་བསྐོར་མིག་གི་བདུད་རྩིར་སྤེལ་བའི་དགེས། །ཨ་ཏི་ཤ་དང་འབྲོམ་སྟོན་སྐུ་མཆེད་གསུམ། །གླང་ཤར་(༢༨༢བ)


GLG021_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བརྒྱུད་ཇོ་བོ་བཀའ་གདམས་པའི། །བསྟན་ལ་ཚེ་རབས་ཀུན་ཏུ་ལེགས་བཞུགས་ནས། །རྣམ་ཐར་གཙང་མའི་བཀའ་བརྒྱུད་འཛིན་པར་ཤོག །ཅེས་གཉལ་པ་བློ་བཟང་ཆོས་སྐྱོང་གིས་གོང་གསལ་བྲིས་ཐང་གསུམ་བཞེངས་པའི་རྒྱབ་ཡིག་བརྟན་བཞུགས་སྨོན་ལམ་དང་བཅས་པ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་ཛ་ཡནྟུ། །གསལ་གསལ་འདྲེན་བྱེད་བགྲད་ནས་ཉེར་བལྟ་ཞིང༌། །ལྷང་ལྷང་སྙན་པའི་སྒྲ་ཡིས་གསོལ་འདེབས་ན། །ཡང་ཡང་ཐུགས་རྗེའི་འཇུག་པ་འབད་མེད་དུ། །ལྷུག་ལྷུག་སྩོལ་བ་བདེ་གཤེགས་སྨན་པའི་རྒྱལ། །རྒྱལ་སྲས་བླ་བརྒྱུད་སྲུང་མ་འཁོར་གྱི་ཚོགས། །ཚོགས་ཆེན་རྫོགས་ཕྱིར་སྤེལ་བས་མགོན་པོས་སྔོན། །སྔོན་ནས་རབ་བཏབ་སྨོན་ལམ་ལྷུན་གྲུབ་སྐལ། །སྐལ་བཟང་བདག་སོགས་འགྲོ་ལ་འབྱོར་བར་ཤོག །དམ་པའི་ཆོས་ཀྱི་གྲགས་པ་རྒྱ་མཚོའི་དབྱངས། །དབྱངས་བདུན་ཉེར་རྫོགས་ཀླུ་ཡི་ཁེངས་འཕྲོག་གང༌། །གང་ཞིག་གདུལ་བྱའི་རྣ་བར་འཇེབས་མཁས་མཆོག །མཆོག་གསུམ་དངོས་ཞབས་སེང་ཁྲིར་བཀོད་པའི་འཁོར། །འཁོར་གཙོ་བྱང་སེམས་གནོད་སྦྱིན་གྱིས་མཚོན་ཀུན། །ཀུན་ནས་རྣམ་པར་རབ་བཀྲ་ལུས་ཅན་ཚོགས། །ཚོགས་གཉིས་རྫོགས་ནས་བླ་མེད་ཡེ་ཤེས་ལམ། །ལམ་རིང་མྱུར་དུ་བགྲོད་པའི་མཐུ་ལྡནཤོག །ཁ་དོག་གསེར་བཟང་བཟང་པོ་དྲི་མེད་ཀྱིས། །མཚོན་མིན་རབ་མཛེས་མཛེས་སྐུ་མཚན་དཔེའི་དཔལ། །རིན་ཅེན་སྣང་འོད་འོད་ཀྱིས་ལུས་ཅན་ཀུན། །ཁྱབ་མཛད་རྣམ་འདྲེན་འདྲེན་མཆོག་གཟུགས་ཀྱི་སྐུ། །སྐུ་བརྙན་ལྟ་བས་མི་ངོམས་བཀྲག་མདངས་གཟི། །གཟི་བརྗིད་ཕུང་པོར་ཞམ་རིང་སྣ་(༢༨༣ན)


GLG021_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཐའ། །མཐའ་མེད་འཁོར་བ་སྒྲོལ་བའི་ས་མཁན་ཁྱོད། །ཁྱོད་ཀྱི་ཡོན་ཏན་བདག་ལ་འཇུག་པར་ཤོག །སྐལ་བཟང་རྣམ་འདྲེན་རྣམ་པ་ཐམས་ཅད་མཁྱེན། །དོན་གཉིས་ཀུན་གྲུབ་ཀུན་ལ་རིས་མེད་བརྩེ། །ཤཱཀྱའི་དབང་པོ་དབང་ཕྱུག་བརྒྱད་ལྡན་པ། །འོ་སྐོལ་སྟོན་པ་སྟོན་ཚབ་སླུ་མེད་ལ། །མང་མང་ཆད་མེད་ཆོས་འདིའི་བརྒྱུད་པའི་འཕྲེང༌། །འཇམ་འཇམ་ཆེས་དུལ་བྱང་ཆུབ་སེམས་པ་དང༌། །འཇིགས་འཇིགས་སྲུང་མས་བསྐོར་བ་བཞེངས་པའི་མཐུས། །དུང་དུང་བསམས་པ་ཐམས་ཅད་འགྲུབ་པར་ཤོག །ལག་ན་པད་དཀར་འཆང་བའི་སྤྲུལ་པའི་འཕྲེང༌། །འཕྲེང་བ་ཆད་མེད་ཡིད་བཞིན་ནོར་བུའི་རྗེས། །རྗེས་འཇུག་ཙམ་ལ་སྒྲོ་བཏགས་མཆིང་བུའི་ཟོང༌། །ཟོང་བཅས་དབང་གཞུ་ལྟ་བུར་རབ་བྲིས་འདི། །འདི་ཕྱིའི་དོན་ཀུན་འགྲུབ་པ་མདུན་མའི་རྩེ། །རྩེ་མོར་སོན་འདོད་རྣམ་དག་བསམ་པའི་ཟླ། །ཟླ་རྒྱས་སྟོན་མཚན་ཤར་ཚེ་འཁོར་མཐའི་ཚད། །ཚད་དུ་གཞལ་སླ་རིང་མིན་ཐར་གྲོང་རྙེད། །རྙེད་འདོད་བརྩོན་པས་འདིར་སྣང་ཚེ་དཔལ་དང༌། །དང་པོའི་སངས་རྒྱས་ཐོབ་ནས་ཡིད་ཅན་ཀུན། །ཀུན་མཁྱེན་སར་འགོད་སྨོན་ལམ་འགྲུབ་པའི་དཔང༌། །དཔང་གྱུར་རྒྱལ་སྲས་སློབ་མས་མཛད་པར་ཤོག །ཅེས་གླང་ར་བ་ངག་དབང་དཔལ་བཟང་གིས་གཙོ་བོ་བདེ་གཤེགས་བཞི་ལ་སྨན་བླའི་མདོ་ཆོག་གི་བླ་བརྒྱུད་དང་མདོ་ནས་བཤད་པའི་འཁོར་ཚོགས་རྣམས་ཀྱིས་བསྐོར་བ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་འཁྲུངས་རབས་འགྲོ་ལ་རྗེས་བརྩེ་མ་སོར་གནས་དང་བཅས་པའི་རྒྱབ་ཡིག་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་(༢༨༣བ)


GLG021_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་སྔགས་རམས་པས་བགྱིས་པ་ཤྲཱིབྷཝནྟུ། །རང་རྒྱུད་གཉིས་འཐུང་ལང་ཚོ་ཆེས་དར་གོམ། །མཐའ་མེད་འཁོར་ཁྲོད་ནགས་སུ་རྒྱུ་བའི་སྣར། །བག་ཡོད་ལྕགས་ཀྱུ་བཏབ་ནས་དུལ་བྱེད་པ། །བསྟན་པའི་རྩ་བ་སོ་ཐར་ལས་གཞན་ཅི། །ཁྱིམ་པར་རབ་བྱུང་བསྒྲུབ་བྱ་རིགས་བརྒྱད་ཀྱི། །ཡང་རྩེ་ཚངས་པར་སྤྱོད་པ་དཔལ་གྱི་མཆོག །དགེ་སློང་ལ་འོས་སྣམ་སྦྱར་གླེགས་བུ་རུ། །སྦྱར་འདི་ཆོས་ཀྱི་རྒྱལ་མཚན་བསྒྲེང་བ་བཞིན། །རྒྱ་ཧོར་བཟང་གོས་སྣ་ཚོགས་ཕྱི་ནང་གི །རི་ཟླའི་གྲངས་ལྡན་ཕན་བདེ་འབྱུང་བའི་གནས། །ལེགས་བཤད་གླིང་དུ་རབ་འཕུལ་བསོད་ནམས་མཐའ། །སྙེག་པར་གངྒ་བྱུང་ཡང་མ་ཟིན་ངལ། །ཆེད་དུ་ཡོངས་བསྐྲུན་འབྲས་བུ་སྐྱེ་བ་འདིས། །ཉེར་མཚོན་ཡང་སྲིད་ཕྱི་མ་ཐམས་ཅད་ཀུན། །ལྷ་མིའི་རྟེན་དུ་སིམ་པའི་ཚོར་བ་ལ། །རྟག་ཏུ་ལེགས་སྤྱོད་དགའ་སྟོན་མྱོང་བར་ཤོག །སངས་རྒྱས་བསྟན་དང་མཇལ་ཞིང་དེར་འཇུག་ཅིང༌། །ཁྱད་པར་ཐེག་མཆོག་ངེས་གསང་སྨིན་གྲོལ་གྱི། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཆེན་མོར། །བགྲོད་ནས་འགྲོ་བའི་དེད་དཔོན་བྱེད་ནུས་ཤོག །ཅེས་འཆམས་དཔོན་གྲམ་པ་བློ་བཟང་ངག་དབང༌། གོང་དཀར་བ་བློ་བཟང་དཔལ་འབྱོར། འཕྱོངས་རྒྱས་པ་ངག་དབང་ནམ་མཁའ་གསུམ་གྱིས་ཕན་བདེ་ལེགས་བཤད་གླིང་གི་དཀོན་གཉེར་རྩིས་སྤྲོད་བྱས་པའི་མཇུག་ཏུ་རིང་མཚོའི་རྟེན་བྱུང་གི་ཐོག་གྲྭ་ཚང་ལ་སྤྱི་འབུལ་སྣམ་སྦྱར་མ་གོས་དམར་འཇམ་སང༌། དྲ་ལྕགས་གན་འཇུས་སངས་རྒྱས་སྟོང་སྐུ་ཐགས་གྲུབ་ཅན་མཐའ་འཇག་ཏ་ཧུན། ཡང་གོས་དམར་འཇམ་དྲ་ལྕགས་ཧོར་ཇུས་གཞི་ལུ། ཡང་གོས་དམར་ཞེ་མི་འགྲེ་དྲ་གན་ཇུས་གཞི་དམར་ལྕགས་ར་ཡས་མས་གན་ཇུས་(༢༨༤ན)


GLG021_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎི་མ་ཀག་ལངས་རག་ཇུས། ཡང་མ་གོས་དམར་དྲ་ལྕགས་གོས་སྐྱེར་གྱིས་བྱས་པ་དགུ། གོས་སྐྱེར་གྱི་གཅིག །བྱང་དར་ཟ་ཧུན་ལ་དྲ་ལྕགས་གོས་སྐྱེར་གྱིས་བྱས་པ་བཞི་རྣམས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་ཀྱིས་བགྱིས་པ་སརྦ་མངྒ་ལཾ་བྷ་ཝནྟུ། །ལྗོན་དམར་ལས་གྲུབ་ཀ་ཐོ་ར། །ཆེ་ལེགས་ཟུང་ལྡན་ཕུལ་བའི་དགེས། །མཆོད་གཏོར་རྒྱ་མཚོ་འཛད་མེད་ལྟར། །བསོད་ནམས་ཕུང་པོ་ཆེས་འབར་ཤོག །ཅེས་ལྕགས་སྤྲེ་སྣམ་སྦྱར་བཅུ་བདུན་དང་ལྷན་དུ་ཕུལ་བའི་ཚེ་ཟ་ཧོར་བནྡེས་བཀོད་པ་དགེ ། ངག་དབང་བློ་བཟང་གྲགས་པའི་རིང་ལུགས་མཆོག །ཛཱ་ཏིའི་མེ་ཏོག་བཀྲ་ནས་རྒྱ་མཚོའི་མཐར། །སྤེལ་བར་འཇིགས་མེད་སྙིང་སྟོབས་གོ་ཆ་ཅན། །ཐུབ་བསྟན་ལང་མཚོའི་སྡེ་ལ་གསོལ་བ་འདེབས། །འཇམ་གཉེན་ཨུཏྤལ་རྩེ་མོར་ཤེར་ཕྱིན་གྱི། །གླེགས་བམ་ཆོས་ཀུན་གནད་ལུགས་དབྱངས་བདུན་སྒྲ། །དགའ་བས་འགྲིན་པའི་དབུས་འཁྲོལ་མ་འདྲིས་འགྲོའི། །མཛའ་བཤེས་དཔུང་གཉེན་དམ་པར་གསོལ་བ་འདེབས། །ཚངས་སྲས་ལྷ་མོའི་སྙིང་དབུས་འཇོ་སྒེག་གི །རྣམ་དཔྱོད་སོར་མོས་ལྔ་རིག་རྒྱུད་མངས་གླུར། །ལེན་ལ་འཛུམ་བཞད་སྤོབས་བའི་རྩེར་སོན་པ། །རྡོ་རྗེའི་ཁྲི་ལ་བསྐལ་པར་བརྟན་པར་ཤོག །མི་རིག་གཉིད་མུན་མཐར་སངས་ལུགས་བརྒྱ་ཡི། །གཙུག་ལག་ཡོངས་ལ་བློ་གྲོས་རབ་རྒྱས་པ། །མཁའ་ལྟར་རྒྱ་ཆེ་མཚོ་བཞིན་གཏིང་ཟབ་འཕངས། །ནོར་(༢༨༤བ)


GLG021_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཀུན་ཁྱབ་སྐྱོང་ཁྱོད་ཞབས་བརྟན་ཤོག །ཞྭ་སེར་ཅོད་ཅན་འཆང་བའི་ཆོས་འདི་བསྟན། །གྱེན་འདེགས་གནམ་སའི་དབང་ཕྱུག་སྐུ་ཚེ་དང༌། །མངའ་ཐང་ཆབ་སྲིད་རབ་འཕེལ་ཁྲིམས་གཉིས་ཀྱི། །གསེར་ཤིང་གཉའ་བར་རྟག་ཏུ་ལྕི་བར་ཤོག །ཨེ་དབྱིབས་རིག་པའི་འབྱུང་གནས་ལྟེ་བ་རུ། །བཀྲ་ཤིས་རི་སྒོ་སྟེང་གི་ཆོས་ཀྱི་སྡེ། །འཁོར་ལོ་གསུམ་གྱི་བྱ་བ་བསྐལ་མཐའི་བར། །ཡར་ངོའི་ཟླ་བ་ཇི་བཞིན་འཕེལ་བར་ཤོག །སྨོན་ལམ་འདི་ཆེད་བསྒྲུབ་པར་གཏོགས་སོ་ཅོག །རྫོགས་ལྡན་སྐྱེ་རྒུ་དང་མཚུངས་དེང་ནས་བཟུང༌། །སྐྱེ་བར་བདེ་སྐྱིད་ལ་སྤྱོད་རིང་མིན་དུ། །བླ་མེད་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །བསྟན་སྲུང་བྱེ་བའི་སྡེ་དཔོན་མྱུར་མཛད་མགོན། །འཇམ་དཔལ་བཀའ་ཉན་ལས་གཤིན་མ་ཧེའི་ཞལ། །འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་ཡིས། །བསམས་དོན་ལྷུན་གྱིས་འགྲུབ་པའི་འཕྲིན་ལས་མཛོད། །སླུ་མེད་སྐྱབས་ཀྱི་དམ་པ་དཀོན་ཅོག་གསུམ། །ལྷ་དང་རིགས་འཛིན་དྲང་སྲོང་བདེན་ཚིག་ལ། །དབང་སྒྱུར་རྣམས་ཀྱི་དེང་སྨོན་རེ་འདོད་ཚོགས། །འཇོ་བའི་བཀྲ་ཤིས་དཔལ་གྱིས་ཁྱབ་པར་ཤོག །ཅེས་ངེད་རང་གི་གསོལ་འདེབས་སྡེ་པ་དང་ཐུན་མོང་དུ་རིང་འཚོའི་རྟེན་འབྱུང་བསྟན་པ་སྤྱི་སྒོས་རྒྱས་པའི་སྨོན་ལམ་ཚིག་སུ་བཅད་པ་འདི་ནི་ཨེ་རི་སྒོ་ཆོས་སྡེའི་དབུ་མཛད་དགེ་འདུན་རབ་བརྟན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་འཕྱོང་རྒྱས་ལྐོག་པ་བསམ་མཐོང་པ་ངག་རིག་པའི་ལོ་ཙཱ་བ་ཕུན་ཚོགས་དབང་པོས་བགྱིས་པ་ཛ་ཡནྟུ། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེ། །སྙིང་དབུས་པད་ཟླར་ཚེ་དཔག་མེད་མགོན་(༢༨༥ན)


GLG021_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར། །གསལ་བས་སྐྱེ་འདིར་བདག་རྒྱུད་བྱིན་རླབས་ཅིང༌། །ཕྱི་མ་བདེ་བ་ཅན་དུ་འདྲེན་པར་ཤོག །ཅེས་པའང་བཱ་མཁན་དགེ་སློང་གི་ངོར་བྲིས། །སྒྲུབ་བརྒྱུད་ཨུཏྤལ་མ་རྙིངས་གསར་པའི་འཕྲེང༌། །ཚད་མེད་སྐལ་ལྡན་ལེགས་བྲིས་ཐོད་བཅིངས་མཐར། །སྤྲུལ་སྐུའི་སྣང་བརྙན་ཟླ་བ་ཡོངས་ཚེས་པ། །གདུལ་བྱའི་ཀུ་མུད་བཞད་ཕྱིར་མྱུར་འཆར་ཤོག །ངག་དབང་དབྱངས་ཅན་རབ་དགྱེས་སྙན་གྲགས་ཅན། །རིང་མིན་བཟང་པོའི་བག་ཆགས་ཡོངས་སད་དེ། །དྭགས་རྒྱུད་གསེར་སྒོང་རྡོལ་ལས་རིག་བྱེད་བཞིའི། །ཞལ་སྒོ་མངོན་སུམ་མྱུར་དུ་སྟོན་པར་ཤོག །འཕགས་ཡུལ་རྩ་བཤད་སྙན་གྲགས་བཟང་པོའི་གཟུགས། །བོད་ཡུལ་མེ་ལོང་ངོས་ཤར་སྐལ་ངན་འགྲོའི། །རྡུལ་དང་མུན་པས་བསྒྲིབས་པ་རིང་མིན་དུ། །བསལ་ནས་གདུང་སེམས་ངལ་དུབ་མཐར་བྱེད་ཤོག །མཉམ་མེད་ལྷ་རྗེའི་གདུང་ཚབ་ཕག་གྲུ་པའི། །ཐུགས་སྲས་གླིང་ཆེན་རྟོགས་པ་མཐོ་རིས་ཆབ། །སླར་ཡང་འབྲུག་བསྟན་རྒྱ་མཚོར་འདྲེན་མཁས་དེ། །སྐལ་ལྡན་ཤིང་རྟའི་མཆེད་པོར་དེང་འབྱོན་ཤོག །འདོད་པ་བསོད་ཉམས་མཐའ་བརྟེན་ཅོག་བུའི་གྲ། །སྟོང་ཆེན་ཕྱག་རྒྱའི་རྣལ་འབྱོར་དགེ་སྦྱོང་ཚུལ། །རབ་འཛིན་སློབ་མར་བཅས་པའི་དཔལ་མགོན་དུ། །དངོས་བྱོན་ཡིད་ཀྱི་རེ་བ་ཡོངས་སྐོང་ཤོག །དོན་རྒྱུད་རྟོགས་པའི་བདག་ཉིད་རྣམ་འདྲེན་ཚོགས། །མ་དང་མཁའ་འགྲོའི་སྡེ་དཔོན་ཧེ་རུ་ཀཿ ། ཕྱི་ནང་གསང་བའི་མགོན་པོ་བྱ་རོག་མཚན། །བླ་མ་ཡི་དམ་སྲུང་མས་ལས་བསྒྲུབ་ཤོག །དཀོན་ཅོག་ཐུགས་རྗེའི་འཇུག་པ་རྒྱུན་ཆད་མེད། །ལྷ་དང་དྲང་སྲོང་རིག་འཛིན་ཚིག་ལ་དབང༌། །རྟེན་ཅིང་འབྲེལ་(༢༨༥བ)


GLG021_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བར་འབྱུང་བའི་བདེན་སྟོབས་མཐུས། །བསམ་དོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་མཉམ་མེད་འབྲུག་པ་རིན་པོ་ཆེའི་བསྟན་འཛིན་མང་ཐོས་གནས་ལྔ་རིག་པ་ཅོག་གྲ་སྤྲུལ་སྐུ་ངག་དབང་སྙན་གྲགས་བཟང་པོའི་སྐུ་སྐྱེ་མྱུར་གསལ་དུ་འབྱོན་པའི་སྨོན་ལམ་ངག་དོན་དུ་བྱས་ཆོག་པ་དགོས་ཚུལ་གྲ་རིགས་རྣམས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །གང་ཤར་རང་གྲོལ་རྡོ་རྗེ་ཐོགས་མེད་རྩལ། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག །འདོད་པ་ཁམས་ལ་མངའ་སྒྱུར་རེ་མ་ཏཱི། །དཔའ་ལྡན་རྩ་བ་གསུམ་ལ་གསོལ་ཇ་མཆོད་སྐབས་ལ་མཆོད་པར་འབུལ་ཞེས་བསྒྱུར། བ་འདེབས། །ངག་དབང་འཇམ་དགོན་གྲུབ་པའི་བློ་གྲོས་ཅན། །སྐལ་བཟང་རྒྱ་མཚོའི་རེ་སྐོང་འཁོར་ལོའི་མགོན། །ཆེ་མཆོག་འདུས་པ་བླ་མེད་རྡོ་རྗེའི་རྩལ། །སྐྱབས་གསུམ་ཀུན་གྱི་ངོ་མཆོད་པར་འབུལ་ཞེས་འགྱུར་བོར་བརྟན་འགྱུར་ཅིག །ལེགས་ལྡན་ནག་པོ་སྲིད་གསུམ་དབང་མོས་གཙོས། །བསྟན་དང་ཟབ་གཏེར་སྐྱོང་བའི་སྲུང་མའི་ཚོགས། །དཔལ་མགོན་བདུན་ཅུ་ལ་སོགས་དཀར་ཕྱོགས་ལྷ། །མཐུ་སྟོབས་ནུས་ལྡན་རྣམས་ལ་མཆོད་པར་འབུལ་ཞེས་བསྒྱུར་པས་བསམ་དོན་འགྲུབ་བྱིན་རློབས། །གྲངས་མེད་ལུས་སྤྲུལ་ཡན་ལག་ལྔ་ཕྱག་འཚལ། །ནམ་མཁའི་མཛོད་ཕྱེ་ཀུན་བཟང་མཆོད་སྤྲིན་སྤྲོ། །སྒྲིབ་གསུམ་དེས་བསགས་ཉེས་ཚོགས་མཐའ་དག་བཤགས། །མཐའ་ཀླས་རྣམ་དཀར་ལས་ལ་སྙིང་ནས་རངས། །རྒྱལ་སྲས་སློབ་མར་ཆོས་སྟོན་མཛད་པར་བསྐུལ། །གཟུགས་སྐུ་སྲིད་མཐར་མངོན་སུམ་བཞུགས་གསོལ་(༢༨༦ན)


GLG021_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །འདིས་མཚོན་བྱས་སོ་ཅོག་གི་བསོད་ནམས་འབྲས། །བདག་གཞན་སངས་རྒྱས་མྱུར་ཐོབ་རྒྱུ་རུ་བསྔོ། །དགའ་བཞིའི་འགྲོས་ཀྱིས་ཟག་མེད་བདེ་ལྡན་གྲོང༌། །ངེས་གསང་རིག་སྔགས་འཆང་བ་འདུས་པའི་གླིང༌། །ཉན་ཐོས་འདུལ་ཁྲིམས་བག་ཡོད་བསྐྱེད་རྫོགས་དང༌། །རྫོགས་ཆེན་ལྷ་སྔགས་ཡེ་ཤེས་ལ་རོལ་ཤོག །སྲིད་ཞི་ཡོངས་ཀྱི་ལེགས་ཚོགས་མ་ལུས་པས། །སྡེ་འདི་རབ་གང་ཡིད་ལ་བསམས་པའི་དོན། །ཡོངས་འདུའི་སྙེ་མ་ཆར་དུ་བབས་པའི་རོ། །སྤྱོད་པར་ལེགས་བྲིས་མཆེད་པོར་བདག་འགྱུར་ཤོག །རྩ་གསུམ་གསོལ་འདེབས་བརྟན་བཞུགས། ཇ་མཆོད་གང་ལའང་བསྒྱུར་ཆོག་པ་བདུན་རྣམ་དག་དང་བཅས་པ་ཞིག་དགོས་ཞེས་དགའ་ལྡན་གསང་སྔགས་གླིང་གི་དབུ་མཛད་སྔགས་རམས་པ་ངག་དབང་ནམ་མཁའ་དང༌། བློ་བཟང་མཁས་བཙུན་གྱིས་རིང་འཚོའི་རྟེན་འབྲེལ་བསྒྲིགས་པའི་ཚེ་གྲྭ་ཚང་དུ་འཛུགས་རྒྱུར་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཞི་ཁྲོ་ཀུན་འདུས་བཀའ་བརྒྱད་དཀྱིལ་འཁོར་ལྷ། །རང་བྱུང་ལུས་ཀྱི་རྩ་ཁམས་ཐིག་ལེ་ལ༌། །གདོད་ནས་དག་པའི་ཡེ་ཤེས་རས་དཀར་ངོས༌། །ཆུ་ནང་ཟླ་གསུམ་ལྟ་བུར་ཡོངས་ཤར་དགེས། །དེང་ནས་རང་རིག་དཔལ་ལྡན་ཀུན་ཏུ་བཟང༌། །རང་ངོ་འཕྲོད་མིན་དེ་སྲིད་རྩ་གསུམ་གྱིས། །རྗེས་སུ་བཟུང་སྟེ་འདི་ཕྱི་བར་དོ་རུ། །དངོས་གྲུབ་ཆར་ཆེན་མ་ལུས་དབབ་ཏུ་གསོལ། །རྩ་བརྒྱུད་བླ་མ་རང་སེམས་ངོ་བོར་རྟོགས། །ཡི་དམ་ཞི་ཁྲོ་རིག་པའི་རྩལ་དུ་རྫོགས། །དམ་ཅན་རང་ཤར་ལས་གྲུབ་རང་སར་གྲོལ། །སྣང་གྲག་(༢༨༦བ)


GLG021_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རིག་གསུམ་ཆོས་སྐུའི་ཀློང་གྲོལ་ཤོག །ཅེས་པའང་བློ་བཟང་དོན་ཡོད་ཀྱིས་བཀའ་བརྒྱད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཕྱག་ན་པདྨའི་ཡེ་ཤེས་གཅིག་པུའི་ཟླ། །གདུལ་བྱའི་དངས་མཚོར་ཤར་ཚད་ཚུར་མཐོང་བློས། །ཞལ་དཀར་ཇི་ཙམ་སྤོབས་པའི་མིག་འཕྲུལ་གར། །མཁའ་ལ་འཇའ་ལྟར་འདྲེན་བྱེད་གཟིགས་མོའི་དཔྱིད། །ཉེར་བརྒྱད་རྒྱུ་སྐར་ཕྲེང་དུ་མཇུག་རིང་བཞི། །བདག་འདྲ་བསྒྲིག་འོས་མིན་ཀྱང་དད་ཤུགས་ཀྱིས། །བྱིན་རླབས་ཕུག་རོན་སྐྱེ་བོའི་རྐང་རྗེས་ཞོར། །འཆར་ལྟར་རྒྱུ་འབྲས་རྟེན་བྱུང་གང་གིས་བསླུ། །དེ་ཕྱིར་གྲ་ནང་ཕུན་ཚོགས་དགེ་བའི་གླིང༌། །མཐོ་རིས་སྐྱེད་ཚལ་འཕོས་འདྲའི་ཡུལ་གྲུ་ནས། །དཀར་ནག་རྩིས་རིག་ཚུལ་ལ་མིག་ཡངས་པ། །བླ་མཁྱེན་སྔགས་འཆང་ལྷུན་གྲུབ་ཀྱིས་བཞེངས་མཐུས། །བསྐལ་པར་འཚོ་བའི་ཚེ་རིང་རྣམ་ཐོས་བུའི། །འབྱོར་པར་ཉེར་འགྲན་བདེ་སྐྱིད་འདི་སྣང་དང༌། །ཡང་སྲིད་ཀུན་ཏུ་མྱོང་བ་བསོད་ནམས་ཀྱི། །ཕུང་པོ་ཚངས་པའི་ཡུལ་སར་འཕྱུར་བར་ཤོག །འཁོར་བར་མ་ཆགས་མྱང་འདས་ཁང་བཟང་དུ། །འཇུག་བྱེད་ཚོགས་གཉིས་ཐེམ་སྐས་ལ་འཛེགས་ནས། །རིང་མིན་འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་བའི། །ཀུན་མཁྱེན་དེད་དཔོན་ཐོབ་པར་བདག་བྱིན་རློབས། །ཞེས་གྲ་ནང་ནས་རྩིས་རིག་སྨྲ་བ་སྔགས་འཆང་འཕྲིན་ལས་དབང་དྲག་བདུད་འཇོམས་ཀྱིས་འགྲོ་ལ་རྗེས་བརྩེ་མ་དང་མཐུན་པའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །(༢༨༧ན)


GLG021_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤཱ །བཀའ་གདམས་མེས་པོ་འབྲོམ་སྟོན་ཆོས་ཀྱི་རྒྱལ། །ཡབ་སྲས་ཟུང་དང་ལས་སྨོན་འབྲེལ་ཙམ་གྱི། །འཇམ་དབྱངས་དགའ་བའི་བཤེས་ལ་ཕྱག་འཚལ་ལོ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཇི་སྙེད་པས། །ཉེར་མཚོན་མཆོད་པའི་སྤྲིན་ཕུང་མཐའ་ཡས་གང༌། །འཕགས་པ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ལས། །བྱུང་བ་ཇི་བཞིན་དངོས་བཤམས་ཡིད་སྤྲུལ་མཆོད། །ཉོན་མོངས་ཤེས་བྱ་བག་ལ་ཉལ་སྒྲིབ་ཀྱིས། །འཐིབས་པོའི་མུན་པར་འཐོམས་པས་བླ་དོར་ལ། །ཆེར་རྨོངས་མི་དགེའི་ལས་ངན་ཅི་བསགས་པ། །གཉེན་པོ་སྟོབས་བཞི་ཚང་བས་སྙིང་ནས་བཤགས། །རྫོགས་སངས་རྒྱས་ནས་བཟུང་སྟེ་ས་གུ་ཙི། །ཡན་གྱིས་བསྒྲུབས་པའི་ཆོས་དཀར་ཕུང་པོའི་ཚད། །རང་གིས་བསྐྲུན་པ་ཇི་བཞིན་སྤྲོ་དགའ་དང༌། །བཅས་ཏེ་བསམ་པ་ཐག་པས་རྗེས་ཡི་རང༌། །ཚངས་དབང་གཉིས་ཀྱིས་ཤཱཀྱ་སེང་གེ་ལ། །གསོལ་བཏབ་དང་མཚུངས་རྣམ་འདྲེན་སྲས་སློབ་ཚོགས། །ཀུན་གྱི་འགྲོ་བློར་འཚམ་པའི་དམ་ཆོས་ཀྱི། །འཁོར་ལོ་ཆད་པ་མེད་པར་བསྐོར་བར་བསྐུལ། །ངག་དབང་བློ་ལྡན་སྐལ་བཟང་རྒྱ་མཚོའི་དཔལ། །བདག་སོགས་འགྲོ་ངོར་ན་རྒ་སྐྱེ་འཆི་ལས། །རྣམ་གྲོལ་ཐེག་གསུམ་འཕགས་པའི་ངོ་བོ་རུ། །མོས་ལྡན་སྲིད་པ་ཇི་སྲིད་གཡོ་མེད་གསོལ། །ཕ་མཐའ་མི་སྔོན་འཁོར་བར་འཁྱམས་པ་ནས། །ད་ལྟའི་བར་བསགས་སླད་ནས་གསོག་འགྱུར་གྱི། །ལེགས་བྱས་ཕུང་པོར་སྤུངས་ཏེ་བསྒྲུབས་པའི་འབྲས། །མཁའ་མཉམ་མ་རྒན་སེམས་ཅན་དོན་དུ་བསྔོ། །ཐུབ་པས་རླབས་ཆེན་བྱ་(༢༨༧བ)


GLG021_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཚོགས་མཐའ་ཀླས། །བསྐྲུན་པའི་དབང་པོ་ས་ཡི་ལྷ་མོ་ཡིས། །ཁས་བླངས་ནམ་ཡང་སླུ་མེད་བདེན་པའི་མཐུས། །ལུང་རྟོགས་བསྟན་པ་ཡུན་རིང་འབར་ཅིག །གྲི་གུག་དམར་ནག་དཀར་པོ་བརྒྱད་ཅུ་དང༌། །ཕྱེད་དཀར་ཇོ་བོ་ལ་སོགས་བཀའ་གདམས་ཀྱི། །བསྟན་པ་རིན་ཅེན་སྐྱོང་མཛད་ཆོས་སྲུང་གིས། །བསམས་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་ཡན་ལག་བདུན་པའི་ནང་དུ་དམིགས་གསལ་གྱི་ཕྱག་འཚལ་དང་བརྟན་བཞུགས་ཤློ་ཀ་གཅིག་ལ་བསྟན་འབར་མ་ཚང་བ། ཆོས་སྐྱོང་ལ་གཉེར་གཏད་དང་བཅས་པ་འདི་ནི་རྭ་བསྒྲེང་དབུ་མཛད་རྒྱལ་མཚན་བཀྲ་ཤིས་ཀྱིས་རང་གི་ཁ་ཏོན་དང་ཚོགས་སུ་འཛུགས་རྒྱུར་འགོད་ཚུལ་བཞིན་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཉོན་མོངས་ཀྱིས་བརླམས་ཞེ་སྡང་གདུག་རྩུབ་མེ། །རིས་མེད་བྱམས་པའི་ཆུ་ཡིས་རབ་བཅིལ་བ། །མ་ཕམ་མགོན་པོའི་སྣང་བརྙན་ཉེར་མཐོང་མོད། །མི་བཟད་འཁོར་བའི་ཕ་མཐའ་ཐུང་ངུར་བྱས། །རྒྱལ་ཀུན་ངོ་བོ་པདྨ་ཀ་ར་སོགས། །བླ་མ་ཡིད་དམ་འདོད་ལྷས་ཡོངས་བསྐོར་འདི། །བྲིས་པ་བློ་བཟང་ཚེ་འཕེལ་གྱིས་བསྐྲུན་པའི། །ཡོན་སྦྱར་བསོད་ནམས་གངྒའི་རྒྱུན་ལྟར་རིང༌། །དགེ་བས་སྦྱིན་པའི་བདག་པོ་བདེ་སྐྱིད་ཀྱི། །ཉི་མ་འདིར་སྣང་མཁའ་ཡི་དགུང་ནས་ཤར། །ཕྱི་མར་ལྷ་མིའི་ཡང་སྲིད་རབ་བརྒྱུད་མཐར། །ངེས་པར་ལེགས་པའི་གོ་འཕང་མྱུར་ཐོབ་ཤོག །འཇམ་དབྱངས་དགའ་བའི་བཤེས་ཀྱི་འདྲ་འབག་ལ། །ཇོ་འབྲོམ་ཡབ་སྲས་ཚེ་དཔག་མེད་མགོན་སྐུ། །བརྒྱ་ཕྲག་གིས་བསྐོར་རི་མོ་པད་དཀར་གྱིས། །སྒྱུ་མའི་ཁེངས་འཕྲོག་(༢༨༨ན)


GLG021_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་སོར་རྩེས་བསྐྲུན། །ཐུགས་རྗེའི་ཉི་མའི་འོད་ཀྱིས་རབ་སངས་ནས། །རྡོ་རྗེའི་སྲོག་གི་ཀ་བ་གཡུང་དྲུང་གི །ངོ་བོར་ལྷུན་གྲུབ་འགྱུར་བ་མེད་པར་ཤོག །ཉིང་མཚམས་སྦྱར་ཚེ་བདེ་བ་ཅན་ཞིང་དུ། །མགོན་ཁྱོད་སྤྱན་སྔར་སྐྱེས་ཏེ་ཐེག་མཆོག་ཆོས། །ཐོས་བསམ་སྒོམ་པས་རང་རྒྱུད་ལེགས་གྲོལ་ནས། །གཞན་དོན་རླབས་ཆེན་སྤྱད་པ་སྤྱོད་པར་ཤོག །ཅེས་སྒྱིད་ཐང་ནོར་བུ་བྱམས་པ་དང་ཚེ་དཔག་མེད་ཀྱི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ནོར་བུ་ཆུ་ཤེལ་ལྟར་དངས་དཀར་མཛེས་སྐུ། །རབ་གསལ་མཁྱེན་བརྩེའི་སྤྱན་བདུན་དཀྱུས་རིང་མ། །དུས་གསུམ་རྒྱལ་མཚོན་ཨུཏྤལ་གྲིབ་བསིལ་དུ། །ཉི་བུའི་གདུང་སྐྱོབ་ཡིད་བཞིན་འཁོར་ལོ་ཀྱེ། །ཐུགས་རྗེ་བདུད་རྩི་ཚངས་བུག་ནང་བརྒྱུད་དེ། །ལུས་ངག་ཡིད་ཁྱབ་སྲོག་རྩ་རྡོ་རྗེའི་ཁམས། །བཞུ་བླུགས་གཞོམ་དུ་མེད་པའི་གཡུང་དྲུང་གི །ངོ་བོར་བརླབ་པའི་ནུས་པ་དེང་བསྐྱེད་མཛོད། །ཚངས་སྲས་ལྷ་མོ་མགྲིན་དབུས་འཇོ་སྒེག་མ། །འཇམདབྱངས་གཞོན་ནུ་དགའ་བས་ཉེར་འཁྱུད་པ། །གནས་ལྔ་རིག་པ་སྨྲ་བ་དགེ་བའི་བཤེས། །བདུད་བཞིའི་གཡུལ་ལས་རྟག་ཏུ་རྒྱས་པར་ཤོག །མ་རིག་གཉིད་སངས་གཙུག་ལག་གཟུང་ལྡན་མ། །རྣམ་དཔྱོད་འཇུག་པ་རྒྱས་པའི་ཁྲིམས་གཉིས་ཀྱི། །འཁོར་ལོ་རྒྱ་མཚོའི་གོས་ཅན་ཀུན་ཁྱབ་པ། །ས་དབང་སྐུ་ཚེ་ཆབ་སྲིད་འཕེལ་བརྟན་ཤོག །རྒྱལ་ཡུམ་འཕགས་མའི་སྐུ་དབྱིབས་གནས་ཆེན་དུ། །དགའ་(༢༨༨བ)


GLG021_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རིང་ལུགས་གསང་བ་སྔགས་ཀྱི་སྡེ། །ཐོས་བསམ་སྒོམ་པའི་ཡང་རྩེར་རབ་སོན་པ། །ལུས་ཅན་བསོད་ནམས་ཞིང་དུ་དར་བར་ཤོག །པདྨ་སཾ་བྷ་སྲོང་བཙན་སྒམ་པོའི་ཞབས། །ཇོ་འབྲོམ་ལ་སོགས་སྔ་ཕྱི་བར་གསུམ་དུ། །རིམ་བྱོན་དངོས་བརྒྱུད་བླ་མའི་བཀའ་སྲུང་གིས། །བསམ་པའི་རེ་བ་སྐོང་བའི་འཕྲིན་ལས་མཛོད། །ཅེས་ངེད་རང་དང་སྡེ་པ་ཐུན་མོང་གི་རིང་འཚོའི་ཚིགས་བཅད་ཅིག་དགོས་ཞེས་ཡེར་པ་དགའ་ལྡན་གསང་སྔགས་གླིང་པའི་བླ་གཉེར་གྲྭ་དམངས་སྤྱི་ཚོགས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ལྗོན་ཤིང་ཕུར་མའི་སྙིང་པོ་སྐྱེམས་ཀྱི་མཆོག །དཔལ་ལྡན་འབྲས་སྤུངས་འདུས་ཚོགས་མཆོད་ཡོན་དུ། །སྦྲེང་སྣོད་དངུལ་རྒྱན་བུམ་གཟུགས་གྲངས་ཚང་བ། །ལེགས་ཕུལ་བསོད་ནམས་ནམ་མཁའི་མཐའ་ཀླས་པས། །འཇིག་རྟེན་སྤྱི་དང་ཁྱད་པར་རྒྱ་བོད་ཧོར། །འགྲོ་རྣམས་བདེ་ཞིང་ཀུན་མཁྱེན་བཙོང་ཁ་པའི། །རིང་ལུགས་རབ་རྒྱས་དེ་འཛིན་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོའི་ཞབས་བརྟན་ཤོག །དགའ་ལྡན་བསྟན་པ་འཛིན་པའི་སྦྱིན་བདག་ཆེ། །གནམ་སའི་དཀྱིལ་འཁོར་དབང་ཕྱུག་བོ་ཤོག་ཐུ། །རྒྱལ་པོའི་སྐུ་ཚེ་རབ་བརྟན་སྟོབས་འབྱོར་རྣམས། །ཡར་ངོའི་ཟླ་བ་ལྟར་བུར་འཕེལ་བར་ཤོག །ཅེས་པ་འདིའང་ཨོ་རོད་ཀྱི་ཡངས་པའི་ས་ཆེན་པོར་མངའ་སྒྱུར་བའི་བསྟན་པའི་སྦྱིན་བདག་དགའ་ལྡན་བོ་ཤོག་ཐུ་ཁང་གིས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་དངུལ་རྒྱན་བཅུ་དགུ་ཕུལ་བའི་ཚེ་གསེར་ཡིག་ཚོགས་གསོག་དརྒན་(༢༨༩ན)


GLG021_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་པ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་གྲགས་པའོ། །འཆི་མེད་མཆོག་སྩོལ་བཅོམ་ལྡན་གར་གྱི་དབང༌། །འཕགས་མ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མ། །ཐུབ་པས་རབ་སྔགས་རྣམ་པར་རྒྱལ་མ་ཡིས། །བདུད་རྩིའི་རྒྱུན་གྱིས་སྲོག་གི་ཀ་བ་ཚུགས། །སངས་རྒྱས་གཉིས་པ་རྗེ་བཙུན་བཙོང་ཁ་པའི། །བསྟན་པ་རིན་ཅེན་རྒྱ་མཚོའི་གོས་ཅན་གཞིར། །ཡོངས་ཁྱབ་བླ་ནས་བླར་སྤེལ་གནམ་སའི་བདག །སྐུ་ཚེ་གཡུང་དྲུང་བཞིན་དུ་འགྱུར་མེད་ཤོག །འཇམ་མགོན་ས་སྤྱོད་ཁྲི་སྲོང་ལྡེ་བཙན་གྱི། །ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་འཕྲུལ་དུ། །རྒྱལ་དབང་པདྨའི་ཞལ་ལུང་གིས་ཟིན་པའི། །མི་དབང་རྡོ་རྗེ་ལྟ་བུར་ཞབས་བརྟན་ཤོག །གང་གི་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་གིས། །འཇིག་རྟེན་གསུམ་གྱི་གཉའ་བར་ཡོངས་ལྕི་བས། །མངའ་འབངས་ཀུན་བདེ་ཆབ་སྲིད་སྟོབས་འབྱོར་རྣམས། །གསེར་གྱི་འཁོར་ལོས་སྒྱུར་རྒྱལ་རྗེས་འགྲོར་ཤོག །ལྷོ་རྒྱུད་ཡངས་པའི་གསེར་ལྡན་ལྟོ་བ་རུ། །ཞྭ་སེར་འཆང་བའི་ལུགས་གཉིས་བསྟན་པ་ཡི། །ཉིན་བྱེད་ལེགས་བྱས་དགུང་ནས་རབ་ཤར་བས། །ཡིད་སྲུབས་མུན་ཞི་ཕན་བདེའི་སྣང་རྒྱས་ཤོག །མྱུར་མཛད་མགོན་པོ་ལས་ཀྱི་གཤིན་རྗེའི་རྒྱལ། །འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོ་སོགས། །དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །བསམས་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །དཀོན་ཅོག་བདེན་པའི་མཐུ་དཔུང་བསམ་ཡས་ཤིང༌།(༢༨༩བ)


GLG021_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

།རྒྱུ་འབྲས་རྟེན་འབྱུང་ནམ་ཡང་བསླུ་བ་མེད། །ལྷ་དང་དྲང་སྲོང་རིག་འཛིན་ཚོགས་རྣམས་ཀྱིས། །བཀྲ་ཤིས་དཔལ་གྱི་ཟླ་བ་ཡར་རྒྱས་ཤོག །ཅེས་བདེན་ཚིག་གི་ཤིས་པ་བརྗོད་པ་འདིའང་མེ་རག་བླ་མ་བློ་གྲོས་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོས་བགྱིས་པ་ཛ་ཡནྟུ། །སངས་རྒྱས་ཀུན་འདུས་པདྨ་ཐོད་འཕྲེང་རྩལ། །སྒྲ་བསྒྱུར་དབང་པོ་བཻ་རོ་ཙ་ནའི་ཞབས། །ཟབ་གཏེར་བསྟན་པ་རྒྱལ་མཛད་རྡོ་རྗེ་གླིང༌། །བླ་མ་ཡི་དམ་ཆོས་སྲུང་བྱིན་རླབས་མཐུས། །ཟ་ཧོར་གདུང་འཛིན་ཆེ་མཆོག་འདུས་པ་རྩལ། །གདོང་ལྔས་ཉེར་བཏེག་རྡོ་རྗེའི་ཁྲི་ཆེན་པོར། །ཚེ་མཐའ་ཡས་པའི་ངོ་བོར་རབ་བཞུགས་ནས། །འགྲོ་བའི་ལེགས་བྱས་འབྲས་བཟང་དུད་པར་ཤོག །བོད་སྐྱོང་ས་སྤྱོད་ཁྲིམས་ཀྱི་ཉ་ཕྱིས་ཁོག །ཡངས་པོར་མངའ་འབངས་བདེ་སྐྱིད་ལ་སྤྱོད་ཅིང༌། །ཆབ་སྲིད་སྐུ་ཚེ་སྟོབས་འབྱོར་འཆི་མེད་གཙོ། །མཆོད་སྦྱིན་བརྒྱ་པའི་དཔལ་ལ་འགྲན་ནུས་ཤོག །ངེས་གསང་བཀའ་གཏེར་རིང་ལུགས་མ་ལུས་དང༌། །ཁྱད་པར་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི། །སྨིན་གྲོལ་ལུང་དང་མན་ངག་དབྱར་དུས་ཀྱི། །ཟླ་བའི་མ་མ་ཇི་བཞིན་གྱེན་འཕྱུར་ཤོག །ལུང་བསྟན་ཞལ་འཆེས་ཇི་བཞིན་དམ་པ་ཁྱོད། །དུས་བབས་སྐྱེ་རྒུའི་གཉེན་གྱུར་གཏེར་བདག་གླིང༌། །རང་སྐལ་ཟབ་ཆོས་མ་ལུས་གེགས་མེད་དུ། །ལེགས་བཞེས་སྣོད་ལྡན་རེ་བ་ཡོངས་སྐོང་ཤོག །པད་འབྱུང་བཻ་རོའི་སྨོན་ལམ་མཐུ་བཙན་པོས། །པུར་རྒྱལ་བོད་དང་བོད་ཆེན་འཛིན་མའི་གཞིར། །འཁོར་བའི་འགྲོ་རྣམས་རྫོགས་ལྡན་སྐྱེ་རྒུ་ཡི། །(༢༩༠ན)


GLG021_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔལ་འབྱོར་པ་དང་མཚུངས་ཐོབ་པར་ཤོག །གདོད་ནས་རྣམ་དག་ཆེ་མཆོག་ཧེ་རུ་ཀཿ །གཉིས་མེད་མ་ནིང་ནག་པོར་ཡོངས་ཤར་བ། །ཆོས་དང་གཏེར་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས། །བསམས་པ་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་པ་འདིའང་འབྲོམ་གྱི་སྔགས་འཆང་རྡོ་རྗེ་དབང་གྲགས་རྒྱ་མཚོས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །བགྲང་ཡས་རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས། །འཇམ་མགོན་ཉིན་བྱེད་དམར་སེར་ལི་ཁྲིའི་གོས། །ལེགས་བསྒྱུར་འགྲོ་བའི་མུན་སེལ་ཙོང་ཁ་པ། །ཟླ་མེད་གཏན་གྱི་སྐྱབས་དེར་གསོལ་བ་འདེབས། །གང་གི་ཆོས་སྲིད་བསྟན་པ་རྒྱ་ཧོར་དང༌། །བོད་དང་བོད་ཆེན་འཛིན་མར་སྤེལ་བ་ལ། །སྙིང་སྟོབས་ལང་ཚོ་དར་བབས་ངག་གི་དབང༌། །བློ་གསལ་སྐལ་བཟང་རྒྱ་མཚོར་གསོལ་བ་འདེབས། །བདག་སོགས་གདུལ་བྱའི་བསོད་ནམས་བྱེ་བའི་ཞིང༌། །དགེ་ལེགས་སྙེ་མའི་འབྲས་བུ་གཡུར་ཟའི་ཆེད། །མགོན་ཁྱོད་ཚེ་དཔག་མེད་པའི་ངོ་བོ་རུ། །རབ་བཞུགས་ཕུན་ཚོགས་འཇིག་རྟེན་གསུམ་ཁྱབ་ཤོག །ཅེས་པ་འདིའང་ཨ་ཆི་ཐུ་ཆོས་རྗེའི་གྲ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །རྫོགས་སངས་རྒྱས་པའི་སྤྱན་གྱིས་འགྲོ་བའི་ཁམས། །ཉེར་གཟིགས་ལེགས་གསུངས་དམ་ཆོས་དེ་དོན་རྣམས། །རབ་འཛིན་སྐྱེ་འཕགས་དགེ་འདུན་བཅས་པ་ཡི། །སླུ་མེད་ཐུགས་རྗེ་རྟེན་ཅིང་འབྲེལ་འབྱུང་མཐུས། །ཨ་ཆི་ཐུར་གྲགས་ཆོས་རྗེས་ཐོག་(༢༩༠བ)


GLG021_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནས། །བསགས་པའི་དགེ་ཚོགས་མཐུ་ལས་དལ་བའི་རྟེན། །ལེགས་ཐོབ་གྲྭ་རིགས་སྦྱིན་བདག་ཚོགས་རྣམས་ཀྱིས། །མངོན་སུམ་ངེས་རྙེད་འདོད་དོན་འགྲུབ་བྱིན་རློབས། །ཞེས་པའང་ཨ་ཆི་ཐུ་ཆོས་རྗེའི་གྲྭ་རིགས་རྣམས་ཀྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །མ་རིག་མུན་སེལ་སྒྲོན་མེ་སྦར་སྣོད་ཀོང༌། །ཉེར་གསུམ་སྲང་ལྡན་ངག་དབང་གྲགས་པ་ཡིས། །ཕན་བདེའི་ལེགས་བཤད་གླིང་པར་ཕུལ་བའི་དགེས། །སྐྱེ་བ་ཀུན་ཏུ་སྐྱིད་པའི་དཔལ་འབར་ཤོག །ཅེས་པའང་རྩེས་ཐང་དུ་སྔགས་རམས་པ་བྱེད་སྐབས་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །སྙན་བརྗིད་སྒྲ་དབྱངས་འཁྲོལ་བའི་སྟོད་ཀྱི་རྒྱན། །ཟ་འོག་རྣམ་པར་བཀྲ་བའི་གོས་བཟང་ལ། །སོ་གཉིས་མཛེས་པའི་དར་དཔྱངས་ལྷབ་ལྷུབ་ཅན། །འཇའ་ཚོན་ལྟ་བུའི་འདྲེན་བྱེད་བདུད་རྩི་གང༌། །ཀསྨི་ར་པའི་པཎ་ཆེན་བསོད་སྙོམས་པའི། །ལུགས་འཛིན་སྟན་གཅིག་ཚ་མིག་ཁྲིམས་ལྡན་སྡེར། །ཕུལ་བས་བདག་སོགས་མཁའ་མཉམ་ལུས་ཅན་ཀུན། །རིང་མིན་རྣམ་པ་ཐམས་ཅད་མཁྱེན་ཐོབ་ཤོག །ཅེས་པའང་ངག་དབང་གྲགས་པ་ཆོས་གྲ་ཆེན་པོ་རྩེས་དང་དུ་སྔགས་རམས་པ་བྱེད་སྐབས་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དབང་པོའི། །རྒྱལ་གཞན་ལས་ལྷག་མི་ཟད་ཐུགས་རྗེའི་དཔུང༌། །ཆེས་འབར་སྨན་གྱི་བླ་མ་མངོན་པར་མཁྱེན། །ཆོས་གྲགས་མྱ་ངན་མེད་དཔལ་གསེར་བཟང་པོ། །རིན་ཟླ་མཚན་ལེགས་བདུན་གྱིས་འགྲོ་འདི་སྐྱོངས། །རྣམ་དག་(༢༩༡ན)


GLG021_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དག་པའི་སྨོན་ལམ་མདོ། །དཔལ་གྱི་མགུར་ནས་ཉེར་གསུང་ཐུགས་དབང་གི །སླུ་མེད་བཀའ་ཡི་དོན་བཞིན་འཇིག་རྟེན་གསུམ། །བདེ་ལེགས་སྒོ་འཕར་བརྒྱ་ཕྲག་འབྱེད་པར་ཤོག །རྣམ་འདྲེན་མཆེད་བརྒྱད་བྱང་སེམས་གནོད་སྦྱིན་སོགས། །ཕོ་བྲང་ཆེན་པོའི་ཁོར་ཡུག་མཛེས་བརྗིད་པས། །སྙིགས་མར་ཆེར་སྤྱོད་སྐྱེ་རྒུ་མཐའ་ཀླས་པའི། །མགོན་སྐྱབས་གཉེན་དང་གླིང་དུ་མཐུ་དཔུང་སྐྱེད། །ལུས་ངག་ཡིད་གསུམ་དྲན་ཤེས་ལྕགས་ཀྱུའི་དབང༌། །ཡོངས་སྒྱུར་བློ་ལྡན་ཐོས་བསམ་གོམ་འགྲོས་ཀྱིས། །སྐལ་བཟང་ཤལླི་ཀ་ཡི་ནགས་རྒྱུ་བའི། །གཞན་ཕན་རྒྱ་མཚོའི་ཁར་འཁྱེར་ཞབས་བརྟན་ཤོག །བདེ་སྐྱིད་ནོར་འཛིན་སྙིང་སྟོབས་རུས་སྦལ་གྱིས། །འདེགས་ལ་འཇིགས་མེད་འཇུག་པ་བཅུ་ལྡན་གོ །བཅོ་ལྔའི་ཟླ་ལྟར་ཆ་རྫོགས་ཐུབ་པའི་བསྟན། །འཕྲུལ་ཆེན་ལང་ཚོའི་སྡེ་གང་ཞབས་བརྟབ་ཤོག །རྣམ་འདྲེན་ཡོངས་ཀྱི་མཁྱེན་བརྩེ་ནུས་ཚོགས་ཀུན། །བཤེས་གཉེན་གཟུགས་ཤར་རྗེ་བཙུན་བཙོང་ཁ་པའི། །བཤད་སྒྲུབ་བསྟན་པ་རིས་མེད་སྐྱེ་རྒུ་ཡི། །བསོད་ནམས་བྱེ་བའི་ཞིང་དུ་དར་བར་ཤོག །དགའ་བ་བརྒྱ་པའི་དཔལ་ལྡན་ཕོ་བྲང་ཆེ། །གནམ་སའི་དབང་ཕྱུག་སྐུ་ཚེ་མངའ་ཐང་རྒྱས། །ཆོས་སྲིད་ཁྲིམས་གཉིས་གསེར་གྱི་འཁོར་ལོ་ཡིས། །གླིང་བཞིའི་ཁྱོན་ལ་མངོན་པར་སྒྱུར་བར་ཤོག །མགོན་མེད་ཟས་སྦྱིན་ཀུན་དགའ་ར་བ་དངོས། །གངས་ཅན་སར་འཕོས་རྒྱལ་བྱེད་ཚལ་གཉིས་པར། །འདུས་པའི་ཚོགས་འཕེལ་འཁོར་ལོ་རྣམ་པ་གསུམ། །སྲིད་མཐའི་བར་དུ་བླ་ནས་བླར་རྒྱས་ཤོག །བཻ་ཌཱུཪྻ་(༢༩༡བ)


GLG021_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འོད་མཆེད་བདུན་མཆོད་ཆོག་རྒྱུན། །ཉེར་འཛུགས་དངོས་གྲུབ་རྒྱ་མཚོ་གཉེན་མདུན་དང༌། །རྩ་ལག་བཅས་པའི་འདི་ཕྱི་བར་གསུམ་གྱི། །འདོད་ཡོན་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །རྡུལ་བྲལ་སྟོན་ཟླ་ལྟ་བུར་རབ་དཀར་བ། །རྣམ་དག་བསམ་པས་ལེགས་བཏབ་སྨོན་ལམ་འབྲས། །ཡོངས་སྨིན་འཕྲིན་ལས་གནོད་སྦྱིན་དེད་དཔོན་དང༌། །སྟོབས་ཆེན་རྒྱལ་པོ་སྡེ་བཞིས་སྤེལ་བར་མཛོད། །ལན་ཅིག་མིན་པ་སྲིད་པའི་འཁོར་ཡུག་ཏུ། །དྲིན་གྱིས་ཉེར་བསྐྱངས་ནམ་མཁའི་མཐས་གཏུགས་འགྲོ །མ་འཇིགས་བཞི་ལྡན་མངོན་དུ་འགྱུར་བའི་རྒྱུར། །དུས་གསུམ་རབ་བསགས་བསོད་ནམས་ཐམས་ཅད་བསྔོ། །ཞེས་སྙེ་མོ་རྒྱལ་བྱེད་ཚལ་གྱི་ཆོས་སྡེར་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་འདི་གའི་རིང་འཚོར་དམིགས་ནས་བཙུགས་པའི་སྨན་བླའི་དཀྱིལ་འཁོར། ཙཀླི། སྨན་མདོ་བརྒྱད་རྒྱ་པ་སྟེགས་བཅས། གོས་བཟང་ལས་གྲུབ་པའི་གདུགས་གཅིག །རྒྱལ་མཚན་བཞི་དང༌། གསེར་འབྲུ་ལྔ། འཕན་ཆུང་བརྒྱད། སྟེགས་བུ། མདོ་ཆོག་ཚར་བརྒྱད། འཛུགས་སྟོན་ལྷ་མཆོད་མི་མཆོད་ཀྱི་བསྙེན་བཀུར་ཉིན་གཅིག་དང་རྒྱུན་འཇགས་སུ་བོགས་མཁར་རུའི་ཁལ་ཉི་ཤུ་རེ་རྣམས་ཨ་གླིང་ཆོས་མཛད་དངོས་གྲུབ་རྒྱ་མཚོས་སྦྱར་བའི་ཚེ་རིང་འཚོའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ལྷ་གཅིག་སྲོང་བཙན་ཐབས་མཆོག་བདེ་ཆེན་དང༌། །མཉམ་སྦྱོར་མོང་བཟའ་ཁྲི་ལྕམ་ཤེས་རབ་ཡུམ། །ཟུང་འཇུག་ཐུགས་དམ་ལྷ་ཁང་འཕགས་པའི་སྐུ། ། བྲག་དབྱིབས་ཡེར ་ར་སའི་གོང་པའི་ཚུལ། (༢༩༢ན)


GLG021_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

།སངས་རྒྱས་ཀུན་དངོས་པདྨ་ཐོད་ཕྲེང་རྩལ། །ལྔ་བརྒྱའི་གཙུག་རྒྱན་ཇོ་བོ་ཡབ་སྲས་དང༌། །ཀུ་མ་ར་ཛ་ཀློང་ཆེན་རབ་འབྱམས་སོགས། །སྐྱེས་མཆོག་མང་པོས་བྱིན་བརླབས་ངོ་མཚར་གནས། །རྟེན་དང་བརྟེན་པར་བཅས་པའི་གནྡྷོ་ལར། །དུས་བཟང་རྩ་གསུམ་མཆོད་པའི་རྒྱུན་འཛིན་པ། །ལྷ་ལྡན་བྱ་འདབས་ཚེས་བཅུ་ཤར་མ་བ། །སྤྱི་བསྡུས་གན་གོས་འཕན་མང་ཕུལ་བའི་དགེས། །རིང་པོར་འཚོ་ཞིང་དཔལ་འབྱོར་ལོངས་སྤྱོད་རྒྱས། །ཕོ་རིགས་བུ་བརྒྱུད་གནོད་སྦྱིན་ངལ་བསོས་པོའི། །སྲས་ཀྱི་རྗེས་འགྲོར་འཕེལ་སོགས་བསམས་པའི་དོན། །རེ་བ་ཇི་བཞིན་ལྷུན་གྱིས་གྲུབ་བྱིན་རློབས། །འདི་ནས་ཉིང་མཚམས་སྦྱར་ཚེ་རྔ་ཡབ་ཀྱི། །གླིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །པད་འབྱུང་འཁོར་དུ་སྐྱེས་ཏེ་རྫོགས་པ་ཆེས། །རྣམ་གྲོལ་རང་རིག་ཀུན་བཟང་ངོ་འཕྲོད་ཤོག །ལྕགས་སྤྲེ་སྤྲེལ་ཟླའི་ཡེར་པ་ཚེས་བཅུའི་སྐབས་ལྷ་ས་ཚེས་བཅུ་ཤར་མ་བ་རྣམས་ཀྱིས་གོས་འཕན་དུ་མ་ཕུལ་བའི་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཆོས་སྐུ་སྣང་མཐའ་རིག་རྩལ་མ་འགགས་གདངས། །ལོངས་སྐུར་སྤྱན་རས་གཟིགས་དབང་འཇའ་ཀློང་ལས། །སྤྲུལ་སྐུ་པད་འབྱུང་འོད་ཟེར་འགྲོ་ཀུན་ལ། །ཡོངས་ཁྱབ་སྐུ་གསུམ་དབྱེར་མེད་བརྩེ་བ་ཅན། །མགོན་པོ་ཐུགས་རྗེ་བསྐུལ་བའི་བཟླས་བརྗོད་དབྱངས། །རྩེ་གཅིག་དད་པའི་རྒྱུད་ལས་ཉེར་དྲངས་གླུ །རབ་འབྱམས་ཞི་ཁྲོའི་ལྷ་ཚོགས་མ་ལུས་པ། །དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་ཡོངས་སྤྲོས་མཐུས། །རིས་མེད་རྒྱུད་ལྔའི་(༢༩༢བ)


GLG021_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཡོད་དོ་ཅོག །མངོན་མཐོ་ངེས་ལེགས་སར་འཁྲིད་ཤིང་རྟ་ཆེ། །ཐུབ་བསྟན་མ་ལ་ཡ་ལྗོན་དར་བའི་དྲིས། །འགྲོ་རྣམས་སྙིང་ལ་སིམ་པའི་རེག་བྱར་ཤོག །ཕྱན་ན་པདྨས་ཆེད་དུ་འདུལ་ཞིང་དངོས། །བོད་དང་བོད་ཆེན་བཤད་དང་སྒྲུབ་པའི་སྡེ། །ནོར་འཛིན་སྐྱོང་བའི་དབང་ཕྱུག་འབངས་བཅས་ལ། །གནོད་བྱེད་ཉེར་འཚེ་མ་ལུས་བཟློག་ཏུ་གསོལ། །འབྲུམ་ནག་སྟོད་ཚད་རྒྱུ་གཟེར་བཤལ་རིམས་ཡམས། །སད་སེར་བཙའ་ཐན་དབུལ་ཕོངས་མཚང་འདྲུ་དང༌། །འཐབ་རྩོད་འཁྲུག་ལོང་རྩོད་ལྡན་དུས་ངན་གྱི། །ཆད་པ་མ་ལུས་བཟློག་ཅིང་བསྒྱུར་དུ་གསོལ། །ཁྱད་པར་པུར་རྒྱལ་བསྟན་དང་རྗེ་འབངས་ལ། །བསམ་ངན་སྦྱོར་རྩུབ་འཆང་བའི་སྟོད་སྨད་ཧོར། །རྒྱ་གར་རྒྱ་ནག་བལ་ཀློ་རྡོ་མོན་སོགས། །ཕྱོགས་མཚམས་མཐའ་དམག་ཉེར་འཚེ་བཟློག་ཏུ་གསོལ། །ཕྱོགས་བཞིའི་འདོད་དགུ་མ་ལུས་ཀུན་འདུ་ཞིང༌། །ཐོས་བསམ་སྒོམ་འཕེལ་བསྟན་འཛིན་འདུས་སྡེ་དར། །རྗེ་འབངས་ཚོགས་རྣམས་རྫོགས་ལྡན་གསར་པ་ཡི། །རྩེ་དགའ་ཁོང་ནས་རྒོད་པའི་བཀྲ་ཤིས་ཤོག །ཅེས་ལྕགས་སྤྲེ་བསམ་ཡས་མཆིམས་ཕུར་ཡིག་དྲུག་དུང་ཕྱུར་ཞིག་གཏོང་བ་དང་དེའི་དུས་སུ་སྨོན་ལམ་འདི་ལྟ་བུ་ཞིག་བརྩམས་ན་ལེགས་ཞེས་གནས་ཀྱི་སྲུང་མ་དཔལ་ལྡན་ལྷ་མོ་རལ་གཅིག་མའི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །མཚོ་སྐྱེས་རྡོ་རྗེ་གཏེར་སྟོན་ཆོས་ཀྱི་དབང༌། །སྨན་ལུང་ཡབ་སྲས་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །ལེགས་ལྡན་ཚོགས་བདག་མ་ནིང་ནག་པོ་སོགས། །རྩ་གསུམ་ཐུགས་རྗེའི་བྱིན་རླབས་(༢༩༣ན)


GLG021_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་མཐུ་ཡིས། །བགྲང་ཡས་རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །བློ་གྲོས་མཆོག་གི་རྡོ་རྗེ་དཔལ་བཟང་པོའི། །སྤྲུལ་སྐུའི་ཟློས་གར་མྱུར་སྟོན་བཀའ་གཏེར་གྱི། །བཤད་སྒྲུབ་བསྟན་པའི་སྒྲོན་མེ་སྦར་བར་ཤོག །སྐྱབས་གསུམ་ལྷ་དང་དྲང་སྲོང་བདེན་ཚིག་སྟོབས། །རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་སླུ་མེད་མཐུས། །སྨོན་ལམ་ཅི་བཏབ་རེ་བ་མ་ལུས་པ། །བསམ་དོན་ཇི་བཞིན་ལྷུན་གྱིས་གྲུབ་པར་ཤོག །ཅེས་ཁྱབ་བདག་ཁྲ་ཚང་པ་ཆེན་པོའི་སྤྲུལ་པའི་སྐུ་མྱུར་དུ་ཕེབས་པའི་བདེན་ཚིག་ཏུ་བརྗོད་པ་འདི་ནི་གདན་ས་ཆོས་རྗེ་སྐུ་སྐྱེ་ངག་དབང་འཇམ་དབྱངས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བཤད་སྒྲུབ་བསྟན་དང་དེ་འཛིན་དགེ་འདུན་སྡེ། །སྤྱི་དང་ཁྱད་པར་བན་མཁར་ཆོས་ཀྱི་གྲ །སྲིད་མཐའི་བར་དུ་འཕེལ་ཞིང་རྒྱས་པར་ཤོག །ངག་དབང་བློ་གྲོས་ཡངས་པའི་རྫིང་བུ་རུ། །མཁས་བཙུན་བཟང་པོའི་འདབ་སྟོང་ཟེ་འབྲུའི་བཅུད། །དཔྱོད་ལྡན་རྒྱ་མཚོས་མྱངས་པའི་ལེགས་བཤད་གླུས། །ཀུན་ཁྱབ་གཡུང་དྲུང་ལྟ་བུར་བརྟན་པར་ཤོག །དཀོན་ཅོག་རྣམ་གསུམ་དྲང་སྲོང་གྲུབ་པའི་གཙོ། །ལྷ་དང་རིག་འཛིན་ཚོགས་ཀྱི་བདེན་པའི་མཐུས། །མི་ཕྱེད་དད་པས་བཏབ་པའི་སྨོན་ལམ་གྱི། །འབྲས་བུ་ཇི་བཞིན་དུས་སུ་སྨིན་པར་ཤོག །ཅེས་པ་འདིའང་བན་མཁར་བླ་མས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དབང་པོའོ། །འཆི་མེད་འཕོ་བ་ཆེན་པོའི་སྐུ་འགྲུབ་པ། །འཁོར་བའི་ཕ་མཐའ་ཇི་སྲིད་མྱ་ངན་ལས། །(༢༩༣བ)


GLG021_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདའ་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང༌། །ཟླ་བྲལ་གཏན་གྱི་སྐྱབས་ཀྱི་བདག་བྱིན་རློབས། །ཚངས་པ་ལྷ་ཡི་མེ་ཏོག་བག་ཆགས་མཐུ། །སྲིད་པས་ཞི་ཁྲོ་ཆེ་མཆོག་འདུས་པའི་རྩལ། །གན་ཇག་ཐང་ཏའི་སྒྱུ་འཕྲུལ་གཏེར་བདག་གླིང༌། །རྣམ་འདྲེན་ཟུང་གིས་ཚེ་རབས་ཀུན་ཏུ་སྐྱོངས། །རིགས་འདུས་པདྨ་ཀ་རའི་རྣལ་འབྱོར་དང༌། །ཡི་དམ་འཇིག་རྟེན་དབང་ཕྱུག་སྒོམ་བཟླས་ཀྱིས། །འདི་སྣང་ཕུན་ཚོགས་ལྷ་ཡི་དཔལ་ལ་འགྲན། །ཡང་སྲིད་བརྒྱུད་མར་དལ་འབྱོར་རྟེན་ཐོབ་ཤོག །ཐེག་མཆོག་ཆོས་ཀྱི་དགའ་སྟོན་ལ་སྤྱད་པས། །ཟངས་མདོག་དཔལ་རི་བདེ་ལྡན་པོ་ཏ་ལ། །སོ་སོར་སྣང་ཡང་རིག་རྩལ་དག་ཞིང་དུ། །སྐུ་གསུམ་དབྱེར་མེད་མགོན་གྱིས་རྗེས་འཛིན་ཤོག །མདོ་སྔགས་བཤད་སྒྲུབ་སྡེ་རྣམས་དར་ཞིང་རྒྱས། །འདྲེན་མཆོག་བླ་མ་མཐའ་དག་ཞབས་པད་བརྟན། །བདག་གིས་སྨོན་ལམ་བཏབ་པའི་འབྲས་བུ་ཀུན། །བསམས་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རིགས་འཛིན་གཏེར་བདག་གླིང་པའི་ཞབས་འབྲིང་བ་དགེ་སློང་ངག་དབང་ཚུལ་ཁྲིམས་ཀྱིས་སྨོན་ལམ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཨོཾ་ཨཱ་ཧཱུཾ། བ ཛྲ གུ རུཔ དྨ སི དྡྷི ཧཱུཾ ། ཨོཾཨཱ་ཨཱུཾ། བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷིཕལ་ཧཱུཾཨཱཿཧྲི་མཧ་རིནིས། ར་ཙ་ཧྲི་ཡ། ཙིཏྟཧྲིཾ་ཧྲིཾ་ཛཿཛཿ ཞི་ཁྲོ་ཀུན་འདུས་པདྨ་ཐོད་འཕྲེང་རྩལ། །དངོས་བྱོན་གཞན་མིན་འདྲེན་བྱེད་བདུད་རྩིའི་དཔྱིད། །མཐོང་བས་དོན་ལྡན་ཡིད་བཞིན་དབང་གི་རྒྱལ། །དངོས་གྲུབ་འདོད་འཇོའི་བང་མཛོད་དེང་སྒོ་འབྱེད། །འདི་འབྲས་དད་གདུང་ཤུགས་ཀྱིས་གསོལ་བཏབ་ཚེ། །དཔལ་རི་(༢༩༤ན)


GLG021_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འོད་ཀྱི་གཞལ་ཡས་ནས། །ཐོགས་མེད་སྤྱོན་ཏེ་ལུང་བསྟན་དབུག་དབྱུང་ཞིང༌། །དབང་བཞི་ཉེར་བསྐུལ་སྨིན་ཅིང་གྲོལ་བྱིན་རློབས། །རྒྱུད་ལྔའི་ལུས་ཅན་ཀུན་ལ་གདོད་མ་ནས། །རིག་པ་ཡེ་སངས་རྒྱས་པའི་པདྨ་འབྱུང༌། །རང་ངོ་ཤེས་ཏེ་འཁོར་བའི་མཐས་གཏུགས་པའི། །འགྲོ་འདྲེན་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཅེས་ཁྲི་སྲོང་རྣམ་འཕྲུལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་ཐུགས་དམ་འབྲལ་སྤང་རྟེན་གྱི་ཞལ་ཐང་ལས་ལྷ་མགྲོན་གྱི་བླ་མ་གསུམ་མ་གཏོགས་འདྲ་བཤུས་སུ་དད་རྟེན་ལ་ལྕགས་ཕོ་སྤྲེ་ལོ་སྤྲེལ་ཟླའི་དུས་སྔགས་འཆང་གཞིས་ཀ་ཤར་པ་ཟུར་འཕྲིན་ལས་རྣམ་རྒྱལ་གྱིས་ལེགས་པར་གྲུབ་པའི་རྒྱབ་ཡིག་སྨོན་ལམ་དུ་ཟ་ཧོར་གྱི་བནྡེ་གང་ཤར་རང་གྲོལ་གྱིས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཚེ་དཔག་མེད་མགོན་འཕགས་མ་རྣམ་པར་རྒྱལ། །ཡིད་བཞིན་འཁོར་ལོ་འཇིགས་པ་བརྒྱད་སྐྱོབས་སོགས། །ཐུགས་རྗེའི་བཞུ་བླུགས་རྡོ་རྗེའི་སྲོག་གི་ཟུངས། །མི་འགྱུར་གཡུང་དྲུང་ལྟ་བུར་བྱིན་གྱིས་རློབས། །སངས་རྒྱས་ཀུན་འདུས་རྗེ་བཙུན་ཙོང་ཁ་པའི། །གསུང་ངག་ཆོས་ཀྱི་མཛོད་ལ་དབང་སྒྱུར་བློས། །མཁས་བཙུན་བཟང་པོའི་འཕྲིན་ལས་རྒྱ་མཚོའི་མཐར། །ཡོངས་ཁྱབ་བཤེས་གཉེན་དམ་པ་ཞབས་བརྟན་ཤོག །ཕས་རྒོལ་ས་སྲུངས་འགྲོས་ལ་འཇིགས་མེད་པར། །ཐོས་བསམ་གདོང་ལྔའི་རྩལ་གསུམ་གོ་ཆ་ཅན། །ཐུབ་བསྟན་གངས་རིར་ཉེར་བསྒོམ་ལང་ཚོའི་སྡེ། །འོག་མིན་ཞིང་གཙོ་ལྟ་བུར་བརྟན་པར་ཤོག །ཞྭ་སེར་བཤད་སྒྲུབ་བསྟན་པ་དགེ་འདུན་ཚོགས། །ལུགས་གཉིས་ཕོ་བྲང་སྐྱོང་བ་མི་ཡི་དབང༌།(༢༩༤བ)


GLG021_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

།སྐུ་ཚེ་ཆབ་སྲིད་མངའ་འབངས་བདེ་སྐྱིད་རྣམས། །རྫོགས་ལྡན་དུས་བཞིན་བླ་ནས་བླར་འཕེལ་ཤོག །མྱུར་མཛད་མགོན་པོ་དམ་ཅན་མ་ཧའི་ཞལ། །འདོད་ཁམས་དབང་ཕྱུག་སྤྲུལ་པའི་ཆོས་རྒྱལ་ཆེ། །ལྷ་དང་དྲང་སྲོང་བདེན་ཚིག་ལ་དབང་བས། །སྨོན་ལམ་ཅི་བཏབ་ལྷུན་གྲུབ་འཕྲིན་ལས་མཛོད། །ཅེས་བདེན་པ་བརྗོད་པའི་ཚིགས་སུ་བཅད་པ་ཚིག་ཉུང་ལ་དོན་རྒྱས་པ་ཞིག་ཚོགས་ཆེན་དང་གྲྭ་ཚང་དུ་འཛུགས་རྒྱུ་ལ་རྩོམས་ཤིག་ཅེས་གནས་ཆུང་ལྕོག་ནས་བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོས་བསྐུལ་མ་མཛད་པ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །འཕྲིན་ལས་ནོར་བུ་དེང་ནས་སངས་རྒྱས་སར། །བགྲོད་མིན་བར་དུ་རྗེ་བཙུན་འཕགས་མ་ཡིས། །འཇིགས་ཆེན་བརྒྱད་སོགས་སྒྲིབ་གཉིས་དེས་བསྐྱེད་པའི། །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ་བར་ཤོག །ཅེས་པའང་ཟ་ཧོར་གྱི་བནྡེས་བྲིས། །ཞི་ཁྲོ་ཡོངས་འདུས་དཀྱིལ་འཁོར་རྒྱ་མཚོ་ལ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེར་སྤྲོས་པས། །ངག་དབང་བློ་གསལ་རང་ངོ་ལེགས་འཕྲོད་ནས། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །སྐྱེ་མང་གོམས་པའི་ང་རྒྱལ་སེར་སྣའི་དྲི། །ཚོར་བའི་ཕུང་པོ་ཉེར་གོས་རབ་བཀྲུས་ནས། །མཉམ་ཉིད་ཡེ་ཤེས་ངོ་བོར་གནས་བསྒྱུར་ཏེ། །རིན་ཅེན་འབྱུང་ལྡན་སྐུ་རུ་འཚང་རྒྱར་ཤོག །ཚེ་རབས་གཞན་དུ་འཇུངས་པའི་དོ་ར་ན། །མི་བཟད་དབུལ་ཕོངས་རྒྱུ་ལ་ལོངས་སྤྱོད་པ། །རཏྣ་ཌཱཀཱིའི་མཐུ་ཆེན་རྨད་པོ་ཆེས། །ཡོངས་བཅིལ་བདེ་ལེགས་འདོད་དགུའི་ཆར་ཆེན་ཕབ། །ཆོས་མཛད་ངག་དབང་བློ་གསལ་གྱི་ཆེད་དུ་(༢༩༥ན)


GLG021_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གླིང་པཎ་ཆེན་གྱིས་ཕན་བདེ་ལེགས་བཤད་གླིང་པར་ཞི་ཁྲོའི་སྐོངས་བཤགས་ཐོག་ཁ་ཐིའི་བླ་བྲེ་དཀྱུས་འདོམ་གསུམ་མ་ལོངས་ཙམ་ནང་ཞེང་འདོམ་གང་ལྷག་ཙམ་ཕུལ་བ་དང༌། བརྒྱ་ཐང་ལེ་ཚན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད་པའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཞོ་གསུམ་གྱིས་ལྷག་བཅུ་བཞིའི་སྲང་གི་སྣོད། །ཕན་བདེ་ལེགས་བཤད་གླིང་དུ་ཕུལ་བའི་དགེས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ལ། །ཚེ་རབས་ཀུན་ཏུ་ལོངས་སུ་སྤྱོད་པར་ཤོག །ཅེས་པའང་བཀྲ་ཤིས་བདེ་ཆེན་པ་ངག་དབང་དོན་གྲུབ་ཀྱིས་དགེ་སྐོས་ཀྱི་ལས་སྣེའི་ཐོག་ཕུལ་བ་ཤུ་བྷཾ།།དོན་གཉིས་ལྷུན་གྱིས་གྲུབ་པ་སངས་རྒྱས་དང༌། །ལེགས་གསུང་སྐྱབས་དངོས་གཏན་བདེ་དམ་པའི་ཆོས། །དེ་བསྒྲུབ་ཐེག་པ་ཆེ་ཆུང་དགེ་འདུན་ཏེ། །དཀོན་ཅོག་གསུམ་གྱིས་རྟག་ཏུ་ཤིས་པར་མཛོད། །སངས་རྒྱས་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །ཆོས་སྲིད་བསྟན་པ་རྒྱ་མཚོའི་མཐའ་ཀླས་པར། །བླ་ནས་བླར་འདེགས་གནམ་སའི་དབང་ཕྱུག་ལྷ། །རྡོ་རྗེ་ལྟ་བུར་མི་འགྱུར་ཞབས་བརྟན་ཤོག །སྟོབས་ལྡན་ཁྲོ་བཅུའི་མཐུ་རྩལ་ཉི་མའི་གཟིས། །ནག་ཕྱོགས་ཡིད་སྲུབས་མུན་པ་མཐར་བྱས་ཏེ། །གཞོམ་མེད་རྡོ་རྗེ་བཞུ་བླུགས་སྲ་མཁྲེགས་གུར། །མི་བཤིག་སྲོག་གི་ཟུངས་སུ་འགྱུར་བྱིན་རློབས། །གར་དབང་ཕྱག་སོར་གྱིས་བཏེག་གསེར་བུམ་ནང༌། །འཆི་མེད་བདུད་བརྩིའི་རྒྱུན་གྱིས་ལུས་གང་བས། །གཡུང་དྲུང་ཚེ་ཡི་ཉ་ཕྱིས་ཁོག་ཡངས་པོར། །འཁོར་འདས་ཡོན་ཏན་མུ་ཏིག་འཕྱུར་བར་ཤོག །མི་དབང་བསོད་ནམས་ཕུང་པོ་(༢༩༥བ)


GLG021_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐོས་བུར། །འགྲན་པར་ནུས་པའི་ཁྲིམས་གཉིས་གྲིབ་བསིལ་དུ། །མངའ་འབངས་མཐའ་དག་ཚེ་ལོ་བརྒྱད་ཁྲི་བའི། །སྐྱེ་རྒུ་ཇི་བཞིན་བདེ་སྐྱིད་ཕུན་ཚོགས་ཤོག །རྒྱ་ཧོར་བོད་དང་བོད་ཆེན་འཛིན་མའི་གཞིར། །དཔལ་ལྡན་འབྲས་སྤུངས་ཆོས་སྡེ་གཙོར་གྱུར་པའི། །ཞྭ་སེར་རིང་ལུགས་ཙནྡན་ལྗོན་པ་ལས། །ཕན་བདེའི་དྲི་བསུང་ཕྱོགས་བརྒྱར་ཆད་མེད་ཤོག །མྱུར་མཛད་མགོན་པོ་ཀྵེཏྲ་པཱ་ལ་དང༌། །དམ་ཅན་གཤིན་རྗེ་འདོད་ཁམས་དབང་ཕྱུག་མ། །བསྟན་སྲུང་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ཡིས། །བསམས་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །སྡེ་པ་སངས་རྒྱས་རྒྱ་མཚོའི་བརྟན་བཞུགས་ཚོགས་སུ་བཙུགས་ཆོག་པ་ཞིག་དགོས་ཞེས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་བླ་སྤྱི་རྣམས་ཀྱི་གསུང་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་ཆུ་སྟོད་ཟླ་བའི་ཡར་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །མ་རིག་མུན་སེལ་ཡེ་ཤེས་སྒྲོན། །སྤར་བྱེད་ཉེར་གཉིས་སྲང་གྲངས་ཅན། །དངུལ་ཀོང་རིགས་འཛིན་འདུས་གླིང་དུ། །ཕུལ་བས་ཆོས་ཀུན་མཐོང་བར་ཤོག །ཅེས་འཕྱོང་རྒྱས་པ་མཁས་བཙུན་རྒྱ་མཚོ་རབ་འབྱམས་གྲྭ་སྐོར་གྱི་དུས་ཁ་བྱང་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །འཇོན་དམར་ཁལ་གསུམ་གྲངས་ཀྱི་ནང་ཤ་ལ། །ཞོ་དོས་ལྷག་པའི་གསེར་སྲང་ཉེར་གཅིག་གིས། །ལེགས་གཏུམས་ཀོང་བུར་སྒྲོན་མེ་རབ་སྤར་ནས། །དཀོན་ཅོག་གསུམ་འདུས་ཇོ་ཤཱཀ་དྲུང་ཕུལ་དགེས། །བཱ་དུར་ནོ་མོན་ཁན་སོགས་ཚེ་འདས་དོན། །རྒྱུ་སྦྱོར་བྷ་ཡན་ཤུ་ལིང་ལྷག་བསམ་གྱིས། །བསྐྲུན་པས་སྲིད་ཞིའི་མ་རིག་མུན་བསལ་ཏེ། །མངོན་མཐོ་ངེས་ལེགས་སྣང་བས་ཁྱབ་པར་(༢༩༦ན)


GLG021_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་ལྕགས་སྤྲེ་སྦུས་སྲང་སེར་ཁང་དུ་བལ་པོ་བར་པ་ཤི མུ་ཎི། ཡ་ན་ཛ་ཏི་གསུམ་གྱིས་ཟླ་གཅིག་བར་བཟོས་པའི་གླ་ལྟོ་ཟི་གོང་མཁར་ཁལ་བརྒྱ་དང་དོན་དྲུག་སོང་ཞིང༌། འཛུགས་ཉིན་དཀོན་གཉེར་རྣམས་ལ་སྟོན་མོ་བསྐྲུན་པ་སོགས་དགེ་བ་སྤེལ་བའི་སྨོན་ལམ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །ཚུལ་འདུལ་བ་ལུང་ཁྲིམས་ས་བོན་བག་ཡོད་འཛིན་མའི་གཞིར། །རབ་སྨིན་མངོན་མཐོའི་མྱུ་གུ་དར་དྲག་རྩེར། །མྱང་འདས་སྙེ་མ་གཡུར་དུ་ཟ་བ་ལ། །མཁའ་མཉམ་སེམས་ཅན་ཀུན་གྱིས་ལོངས་སྤྱོད་ཤོག །ཁྱད་པར་བསྟན་འཛིན་ད་ལའི་རྒྱལ་པོ་ཡི། །སྐུ་ཚེ་མངའ་ཐང་ཆབ་སྲིད་རབ་སྤེལ་ཞིང༌། །བགྲང་ཡས་སྐྱེ་བར་ལྷ་མིའི་རྟེན་བརྒྱུད་ནས། །རིང་མིན་ཞི་བའི་གྲོང་དུ་འཇུག་པར་ཤོགའཁྲུལ་ཤར་ཕྱོགས་རྟོག་བདེན་འཛིན་སྣང་བ་བཀྲག་པོ་ཆེ། །གཟུང་ཡུལ་སྒྱུ་མའི་རྟ་གླང་ལྟ་བུའི་ཆོས། །གདོད་ནས་རང་བཞིན་གྱིས་སྟོང་མཐའ་བྲལ་ལྟས། །སྲིད་པའི་མཚོ་ལས་འགྲོ་རྣམས་སྒྲོལ་བར་ཤོག །རྒྱུ་སྦྱོར་ནོར་འཛིན་སྐྱོང་བའི་དབང་ཕྱུག་ཆེ། །ཆོས་རྒྱལ་མྱ་ངན་མེད་ཀྱི་རྣམ་པར་ཐར། །བཟུང་ནས་འདི་ཕྱིའི་མདུན་མ་མ་ལུས་པ། །འབད་རྩོལ་མེད་པར་ལྷུན་གྱིས་འགྲུབ་ནུས་ཤོག །དཀོན་བརྩེགས་ཐ་དད་གདུལ་བྱའི་བློ་ཡི་དངས་མཚོའི་ནང༌། །ཐུབ་གསུང་གཟུགས་བརྙན་བྱེ་བ་ཕྲག་བརྒྱ་རུ། །ཤར་ཡང་དྲང་ངེས་ཕྱེ་བའི་གནས་ལུགས་དོན། །ལུས་ཅན་ཡོངས་ཀྱི་མངོན་སུམ་རྟོགས་པར་ཤོག །སྦྱིན་བདག་མི་དབང་ལེགས་བྱས་མུ་ཐི་ལའི། །ཆར་རྒྱུན་ཟད་མི་ཤེས་(༢༩༦བ)


GLG021_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁྲི་ཤིང་གི །གཉིས་པའི་ངང་ཚུལ་བཟུང་ནས་ཚེ་རབས་སུ། །ཤྭཀྱ་སེང་གིས་རྗེས་སུ་འཛིན་པར་ཤོག །ཕལ་ཆེན་ཞིང་ཁམས་རྒྱ་མཚོར་རྒྱལ་དང་དེ་སྲས་ཀྱི། །རླབས་ཆེན་སྤྱོད་པས་དོན་གཉིས་སྒྲུབ་པའི་སེམས། །ཆེས་དཀར་སྐྱེ་རྒུ་ཀུན་གྱི་ཡིད་དབང་དུ། །ཉེར་འཇུག་ཕྲག་པར་འཁུར་ཆེན་འཁྱེར་ནུས་ཤོག །བསོད་ནམས་བརྒྱ་བྱིན་གཙུག་ཏོར་རེག་པའི་མོད། །མི་བདག་དབང་ཐང་ལེགས་བྲིས་ལུས་བསྒྱུར་ནས། །འཁོར་འདས་ཡོན་ཏན་གསེར་སྒོང་ཡོངས་སྨིན་པ། །འཇིག་རྟེན་མེས་པོའི་ངང་ཚུལ་འཛིན་པརཤོག །སྣ་མདོ་སྣ་ཚོགས་ཚོགས་ཐེག་པ་རོ་བརྒྱའི་བྲོ་བ་རྣམས། །སོ་སོར་སྣང་ཡང་སྒྲིབ་གཉིས་བཀྲེས་ཕོངས་ལས། །མཐར་བྱེད་གཙོ་དང་ཡན་ལག་འགལ་མེད་དུ། །ཡིད་ཅན་རྣམས་ཀྱིས་ཇི་བཞིན་རྟོགས་པར་ཤོག །བཟང་པོའི་བསྐལ་པ་འདི་ལ་མི་ཡི་རྗེ། །སྔ་ན་མེད་པའི་བྱང་ཆུབ་མཆོག་བརྙེས་ནས། །སྣ་ཚོགས་ཐབས་ཀྱིས་སེམས་ཅན་མ་ལུས་ཀུན། །ཐར་པའི་གྲོང་ཁྱེར་ཆེན་པོར་འདྲེན་པར་ཤོག །རྒྱུད་རྒྱུད་འབུམ་སྡེ་རྒྱ་མཚོར་འཇུག་པ་སྨིན་གྲོལ་ལམ། །རྫིངས་ཀྱིས་སྐུ་བཞིའི་གྲོང་ཁྱེར་ཆེན་པོ་རུ། །སྙིགས་དུས་ཚེ་ཐུང་གཅིག་ལ་འགྲོ་བ་རྣམས། །བྱ་ཇ་ཚེགས་ཆུང་ཐབས་ཀྱིས་བགྲོད་ནུས་ཤོག །སྦྱིན་པའི་བདག་པོ་ཨིནྡྲབྷཱུ་ཏི་ལྟར། །འདོད་ཡོན་མ་སྤངས་ལམ་དུ་ཡོངས་ཁྱེར་ནས། །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་ཆེན་པོ། །གྲུབ་པའི་སྐལ་བ་བཟང་པོར་འགྱུར་བར་ཤོག །ཅེས་པའང་བསྟན་འཛིན་ད་ལའི་རྒྱལ་པོས་ལུང་སྡེ་བཞི། ཤེར་ཕྱོགས། དཀོན་བརྩེགས། ཕལ་ཆེན། མདོ་སྣ་ཚོགས། རྒྱུད་འབུམ་རྣམས་བཞེངས་པའི་དུས་སྨོན་ལམ་དགོས་ཚུལ་ལྟར་ཟ་(༢༩༧ན)


GLG021_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །ཚེ་མཐའ་ཡས་དང་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །མ་དང་མཁའ་འགྲོ་དམ་ཅན་སྲུང་མ་ཡིས། །དུས་མིན་འཆི་བའི་བར་ཆད་ཉེར་འཚེ་ཀུན། །ཞི་ཞིང་ཚེ་དང་བསོད་ནམས་རྒྱས་པར་མཛོད། །གལ་ཏེ་དུས་ལ་བབ་ན་འོད་དཔག་མེད། །མངོན་སུམ་བྱོན་ནས་བདེ་བ་ཅན་ཞིང་དུ༌། །དྲངས་ནས་ཐེག་པ་མཆོག་གི་ཆོས་ཚུལ་ལ། །སྐྱེ་བ་ཀུན་ཏུ་སྤྱོད་པར་བྱིན་གྱིས་རློབས། །ཞེས་པའང་མེས་སྟོན་ཁྲོ་རྒྱལ་དཔལ་མགོན་གྱི་དོན་དུ་ཟ་ཧོར་གྱི་བནྡེས་སྦྱར། །ཨོཾཨཱཿཧཱུཾ་བཛྲ་གུ་རུ་པདྨ་སི་དྡྷི་ཧཱུྃ། ཨོཾཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ། བཛྲ་ས་མཡཛཿསིདྡྷིཕ་ལ་ཧཱུཾཨཱཿཧྲཱིཿ མ་ཧ་རི་ནི་སར་ཙཧྲི་ཡ། ཙིཏྟ་ཛཿཧྲིཾ་ཧྲིཾ། དག་དང་མ་དག་བྱེ་བ་ཕྲག་ཞིང་དུ། །འགྲོ་འདྲེན་སངས་རྒྱས་གཞན་ཀུན་གཅིག་བསྡོམས་པའི། །རྣམ་པར་ཐར་དང་སྲང་ལ་བཏེག་པ་ན། །ལྕི་ཡང་ཚད་མའི་ཡུལ་དུ་གཞལ་བྱ་མིན། །འོན་ཏེ་སྣང་བ་མཐའ་ཡས་ཐུགས་ཀའི་ཟེར། །སིནྡྷུའི་མཚོ་དབུས་པདྨའི་སྦུབས་ཞུགས་ཏེ། །སྤྲུལ་སྐུར་བསྟན་ནས་སྲིན་པོ་འདུལ་བར་གྱི། །རྣམ་ཐར་འཕྲུལ་ཆེན་ཚད་བཟུང་ནུས་མིན་ཀྱང་། །སྣ་ནམ་རྡོ་རྗེ་བདུད་འཇོམས་གསོལ་བཏབ་ངོར། །བཀའ་སྩལ་རྟོགས་བརྗོད་དཔག་བསམ་ལྗོན་ཤིང་ལས། །འཕྲོས་དོན་ཡལ་འདབ་འབྲས་བུ་གཡུར་ཟ་བ། །བདེ་བའི་གྲིབ་མར་དད་པའི་རོ་བཅུད་མྱོང༌། །རང་ལུས་ཕུང་ཁམས་སྐྱེ་མཆེད་འཛམ་གླིང་གཞིར། །རིག་པའི་ཁྱེའུ་ཆུང་པདྨ་ཐོད་འཕྲེང་རྩལ། །ཚོགས་བརྒྱད་མཚོན་དང་རྣམ་འགྱུར་སྒྱུ་མའི་འཕྲུལ། །འདུལ་ཞིང་སྒོ་ལྔའི་(༢༩༧བ)


GLG021_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་ཅི་ཡང་འཇུག །སྤྲོས་བྲལ་ཆོས་སྐུའི་དབྱིངས་སུ་ལོངས་སྐུའི་གདངས། །ཡོངས་ཤར་སྣང་བཞི་མཐར་སོན་ཀུན་ཏུ་བཟང༌། །བརྗོད་བྲལ་རིག་པ་དོན་གྱི་བླ་མ་རུ། །རང་ངོ་མངོན་སུམ་འཕྲོད་པར་དེང་བྱིན་རློབས། །སངས་རྒྱས་རང་ལ་དབུལ་པོའི་སྒྱེད་རྡོ་གསེར། །ཇི་བཞིན་རིང་མིན་རྟོགས་ཏེ་མགོན་ཁྱོད་ཀྱི། །རྣམ་ཐར་བཟུང་ནས་བགྲང་ཡས་ལུས་ཅན་ཀུན། །འདྲེན་པའི་སྐྱོབ་པ་མཆོག་ཏུ་འགྱུར་བར་ཤོག །འདིའི་ཆེད་སྒོ་གསུམ་བདོག་པ་ཆ་ཕྲས་ཀྱང༌། །མཐུན་རྐྱེན་སྒྲུབ་ཀུན་ཚེ་འདིར་བདེ་སྐྱིད་འཕེལ། །ཕྱི་མ་པདྨ་འོད་ཞིང་རིགས་འཛིན་གྲལ། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་ཤོག །སངས་རྒྱས་གཉིས་པ་ཨྱོན་ཆེན་པོའི་རྣམ་ཐར་སིནྡྷུ་རྒྱ་མཚོ་མ་འཕྲོས་དོན་དང་བཅས་པ་ཁྲི་སྲོང་རྣམ་འཕྲུལ་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱི་ལྗགས་བཀོད་མའི་བྲིས་ཐང་གི་འདྲ་བཤུས་ལྕགས་ཕོ་སྤྲེའུའི་ལོ་ཟུར་འཕྲིན་ལས་རྣམ་རྒྱལ་གྱིས་སྐྱ་རིས་དང༌། ཚོན་འབྱུག་གི་རོགས་སོག་པོ་བསྟན་པ་ཚུལ་ཁྲིམས་ཀྱིས་བགྱིས་པར་ཞལ་བྱང་ཆོས་རྒྱལ་འབྲི་གུང་པ་ཆེན་པོའི་ཐུགས་དམ་རྟེན་གྲ་ཚར་འདུག་པ་དང༌། །རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེའི་གསུང་རྒྱུན་གཞན་ཡང་རྣམ་ཐར་ཡིག་ཚང་མང་པོ་དང་སྒོ་བསྟུན་ནས་བཀོད་པའི་རྒྱབ་ཡིག་སྨོན་ལམ་དུ་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པས་བགྱིས་པ་གུ་རུ་ཨ་དྷི་ཥྛན་ཨ་དྷིཥྛིཏེ་སྭཱཧཱ། །མཐོང་ཐོས་དྲན་དང་རེག་པས་འགྲོ་བ་ཀུན། །མངོན་མཐོ་ངེས་ལེགས་ལ་སྦྱོར་ཉི་མའི་གཉེན། །ཉན་ཐོས་ཚུལ་འཛིན་གནས་བཅུར་བླ་མ་དང༌། །སངས་རྒྱས་བྱང་སེམས་འདོད་ལྷས་ཡོངས་བསྐོར་བ། (༢༩༨ན)


GLG021_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

།རས་དཀར་དངས་ཤེལ་ཚོན་རིས་བཀྲ་བའི་རྒྱུ། །སྒྱིད་ཐང་ནོར་བུའི་བློ་བརྩོན་གྱིས་སྦྱར་ནས། །བློ་བཟང་ཚེ་འཕེལ་ཚེ་རིང་བསམ་འགྲུབ་ཅེས། །རྣམ་དཔྱོད་མིག་ཡངས་སོར་རྩེའི་གར་བསྒྱུར་མཐུས། །སྲས་བཅས་རྒྱལ་བས་སྐྱེ་བར་རྗེས་བཟུང་སྟེ། །ཚེ་འབྱོར་དབང་ཐང་རྣམ་ཐོས་བུར་འགྲན་ཞིང༌། །རིང་མིན་སྐུ་གསུམ་གྲོང་དུ་འཇུག་པ་ལ། །མདའ་བསྣུན་ཞབས་ཀྱི་མཆེད་པོར་འགྱུར་བར་ཤོག །གངས་ཅན་ས་འཛིན་སྤོ་ལ་དགྲ་བཅོམ་པ། །སྟོང་དང་སུམ་བརྒྱས་ལེགས་བསྐོར་ཡན་ལག་འབྱུང༌། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །ལྷག་པའི་བསླབ་པ་གསུམ་ལ་སྦྱོར་བྱིན་རློབས། །ཉོན་མོངས་དགྲ་ཚོགས་ལས་རྒྱལ་ཆིག་བརྒྱ་དང༌། །དྲང་སྲོང་རི་ཡི་ངོས་བཞུགས་མ་ཕམ་པ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །ནག་ཕྱོགས་ཀུན་ཞི་རྟག་ཏུ་ཤིས་བྱིན་རློབས། །ཉོན་མོངས་ལས་རྒྱལ་ཆིག་སྟོང་བཞི་བརྒྱས་བསྐོར། །ལོ་མ་བདུན་པའི་ཕུག་བཞུགས་ནགས་ན་གནས། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །སྡིག་པའི་དྲི་མ་ཀུན་དང་བྲལ་བྱིན་རློབས། །ཟངས་གླིང་གནས་སུ་ཆིག་བརྒྱས་ལྷག་པ་ཡི། །དགྲ་བཅོམ་སྟོང་ཕྲག་གཅིག་བསྐོར་དུས་ལྡན་ཞབས། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །རྒྱལ་སྲས་སྤྱོད་པས་ལུས་ཅན་སྐྱོང་བྱིན་རློབས། །རྡོ་རྗེ་མོའི་བུ་དགྲ་བཅོམ་ཆོག་སྟོང་བཅས། །གནས་མཆོག་སིདྒ་ལ་རུ་ལེགས་བཞུགས་པ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །མགོན་སྐྱོབས་གླིང་དང་དཔུང་གཉེན་མཛད་དུ་གསོལ། །བརྒྱ་ཕྲག་གཉིས་ལྷག་དགྲ་བཅོམ་སྟོང་དང་བཅས། །བཟང་པོ་ཡ་མུ་ན་ཡི་གླིང་བཞུགས་པ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །སེམས་ཅན་བསོད་ནམས་(༢༩༨བ)


GLG021_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དུ་འགྱུར་བྱིན་རློབས། །ཁ་ཆེར་བརྒྱ་ཕྲག་ལྔ་ཡི་དགྲ་བཅོམ་པས། །ལེགས་བསྐོར་འཕགས་པའི་གནས་བརྟན་གསེར་བེའུ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །ཆོས་ཀུན་རྣམ་འབྱེད་ཤེས་རབ་ཐོབ་པར་ཤོག །བ་ལང་སྤྱོད་གླིང་བདུན་བརྒྱའི་དགྲ་བཅོམ་དང༌། །ལྷན་ཅིག་བྷ་ར་དྷ་ཛ་གསེར་ཅན་ཞབས། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །རྫོགས་སངས་རྒྱལ་ཞལ་མངོན་སུམ་མཐོང་བྱིན་རློབས། །བྱང་གི་སྒྲ་མི་སྙན་གླིང་ཉོན་མོངས་དགྲ །བཅོམས་པ་དགུ་བརྒྱས་བསྐོར་བ་བྷ་ཀཱུ་ལ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །དབུལ་བའི་སྡུག་བསྔལ་མཐའ་དག་སེལ་བྱིན་རློབས། །པྲི་ཡངྐུའིགླིང་འཕགས་པ་སྒྲ་ཅན་འཛིན། །ཆིག་བརྒྱ་སྟོང་གི་དགྲ་བཅོམ་གྱིས་བསྐོར་བ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །སྐྱེ་རྒུ་མི་ཁོམས་ལས་འདྲེན་ནུས་བྱིན་རློབས། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར་བ་ཡི། །བྱ་རྒོད་ཕུང་རིར་གནས་བརྟན་ལམ་ཕྲན་བསྟན། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །ཉམ་ང་བརྒྱད་ཀྱི་འཇིགས་ལས་སྒྲོལ་བྱིན་རློབས། །དགྲ་བཅོམ་སྟོང་བཅས་ཤར་གྱི་ལུས་འཕགས་སུ། །བྷ་ར་དྷཛ་ཆེན་པོ་བསོད་སྙོམས་ལེན། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །ཉེན་པ་བཅུ་ཡི་འཇིགས་ལས་ཐར་བྱིན་རློབས། །ལམ་བསྟན་དགྲ་བཅོམ་དགུ་བརྒྱས་ཡོངས་བསྐོར་བ། །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་བཞུགས་པ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །རྣམ་དག་ཚུལ་ཁྲིམས་བསྲུང་བར་ནུས་བྱིན་རློབས། །རི་རྒྱལ་ངོས་ཡངས་གནས་བརྟན་ཀླུ་ཡི་སྡེ། །སྟོང་དང་ཉིས་བརྒྱའིདགྲ་བཅོམ་གྱིས་བསྐོར་བ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །རྟག་ཏུ་སངས་རྒྱས་ཞིང་ཁམས་མྱུལ་བྱིན་རློབས། །གནས་བརྟན་སྦེད་བྱེད་རི་རྒྱལ་བི་ཧུ་ལར། །སྟོང་དང་བཞི་བརྒྱའི་དགྲ་བཅོམ་གྱིས་བསྐོརབ། །(༢༩༩ན)


GLG021_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །ཆོས་ཀུན་གདོད་ནས་སྟོང་པར་རྟོགས་བྱིན་རློབས། །ཉོན་མོངས་ཚོགས་བཅོམ་སྟོང་ཕྲག་འཁོར་དང་བཅས། །གངས་ཅན་རི་ཡི་རྒྱལ་པོར་མི་ཕྱེད་པ། །ཁྱེད་ཀྱིས་བདག་སོགས་འགྲོ་རྣམས་སྐྱེ་བ་རུ། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་བསྐྱེད་བྱིན་རློབས། །ཞེས་སྒྱིད་ཐང་ནོར་བུས་གནས་བཅུ་ལྷ་མགྲོན་དང་བཅས་ཞལ་ཐང་གྲ་ཚར་བཅུ་བདུན་བཞེངས་པའི་རྒྱབ་ཡིག་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པོའོ། །ཉི་མའི་གཉེན་གྱི་ལྗགས་ཡངས་འོ་མའི་མཚོར། །བདེ་གཤེགས་བདུན་གྱི་སྨོན་ལམ་ངང་མོ་དཀར། །མཐའ་ཡས་ཡོན་ཏན་སྙན་པོ་མགྲིན་པའི་རྔ། །ཡོངས་སྒྲོག་སླུ་མེད་བདེན་གཏམ་གང་གིས་འགོག །ཆེར་སྙིགས་ལྔ་བདོའི་ཕུང་པོ་ལས་ཉོན་སྦྲུལ། །སྡུག་བསྔལ་དུག་ལྕེའི་རླངས་ཀྱིས་བདེ་སྐྱིད་སྲོག །རབ་འཕྲོག་གཉེན་པོའི་སྨན་མཆོག་འདྲེན་པ་མཆེད། །བདུན་གྱི་བྱིན་རླབས་ཆིག་ཐུབ་ཕ་ལམ་བཞིན། །ཁྲི་སྲོང་རྗེ་འབངས་ཐུག་བརྒྱུད་ལ་གོས་སྒྲིབ། །འབྲས་བཅས་གླང་གདོང་མཆེ་བ་ཉེར་ཕྱུང་ནས། །ངེས་ལེགས་ལམ་སྣར་རྣམ་དཔྱོད་མདོངས་མཐའ་ལ། །ཞོན་པའི་མཁན་ཆེན་ཞི་འཚོ་མེ་སྐྱེས་ལྷ། །བརྒྱད་བརྒྱའི་མདོ་སྙིང་ཆོ་ག་སྦྱིན་པའི་སྒོ། །གངས་ཅན་ཆོས་དཀར་ཆེད་བསྐྲུན་སིམ་ཚོར་གྱི། །རིན་ཅེན་འབྲུ་སོགས་མཁོ་དགུའི་ལོངས་སྤྱོད་ཆར། །གསེར་མདོག་རྒྱལ་པོའི་རྗེས་སུ་རྐང་པ་འཇོག །སྨན་ཡོན་ཟླ་བཞིན་ལང་ཚོས་ཕྲོགས་པའི་ཡིད། །བསོད་ནམས་ལུས་ཕྲར་ཉེར་འཁྱུད་རྩེ་འཇོ་ཡིས། །དགེ་འབྲས་ཁྱིའུ་སྲིད་ཞིའི་ཁང་བཟང་དུ། །བཙའ་བའི་དགའ་སྟོན་ཆོ་གར་གཅིག་ཏུ་(༢༩༩བ)


GLG021_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བྲེལ། །བདེ་གཤེགས་བརྒྱད་ཀྱི་ལྷ་ཚོགས་ང་གཉིས་གྲངས། །གསེར་བཟང་ལས་གྲུབ་རྒྱལ་ཕུར་རབ་བརྟན་གྱིས། །གླང་ཆེན་འགྱིང་འདྲ་རི་བོའི་སྡེ་ཆེན་པོར། །པད་རྩ་ལྟར་དཀར་ལྷག་བསམ་གྱིས་ཕུལ་མཐུས། །བསོད་ནམས་དར་རྒྱས་རིགས་བརྒྱུད་དང་བཅས་པའི། །ཐོག་མེད་ནས་བསགས་སྡིག་པའི་དྲི་མ་ཀུན། །རྣམ་འདྲེན་བྱིན་རླབས་མཐོ་རིས་ཆུ་བོ་ཡིས། །བཀྲུས་རྒྱུན་བྱང་ཆེན་ཟླ་འཕེལ་ནང་འབབ་ཤོག །འཇམ་དབྱངས་གཞོན་ནུ་དགའ་བའི་བཤེས་གཉེན་མཆོག །བསྐལ་བརྒྱར་རབ་བརྟན་དམིགས་ཡུལ་ཡིད་ཅན་ཚོགས། །ཡང་སྲིད་ཀུན་ཏུ་རྗེས་བཟུང་འཁོར་འདས་ཀྱི། །བདེ་ལེགས་དཔལ་ལ་རྟག་ཏུ་སྤྱོད་བྱིན་རློབས། མདོར་ན་མདོ་ཆོག་སྨོན་ལམ་དོན་ཇི་བཞིན། །རྒྱུ་སྦྱོར་ལས་བྱེད་རྣམས་ཀྱིས་འགྲུབ་པ་ལྟར། །འགྲོ་བ་ཀུན་ཀྱང་མཉམ་པོར་ལོངས་སྤྱོད་པར། །ཡོངས་བསྔོས་འབྲས་བུ་ནམ་ཡང་འཛད་མེད་ཤོག །ཅེས་རི་བོ་བདེ་ཆེན་དུ་སྐུ་བརྙན་རྣམས་འབུལ་སྐབས་འཛུགས་རྒྱུའི་སྨོན་ལམ་ཚིག་དོན་འདི་བཞིན་དགོས་ཞེས་འབྲོང་རྩེ་བ་རྒྱལ་ཕུར་རབ་བརྟན་གྱིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ། །སྤྱི་གཙུག་པདྨ་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་ཚེ་དཔག་མེད་མགོན་ངོར། །གསོལ་བ་བཏབ་པས་དུས་མིན་འཆི་བདག་གི །འཇིགས་པ་ཀུན་ལས་རྣམ་པར་རྒྱལ་བར་ཤོག །མགོན་པོ་ཁྱོད་ཀྱི་ཐུགས་ཀར་སེམས་ཉིད་ནི། །རླུང་གི་བཞོན་པ་ལ་བརྟེན་འགྲོ་འོང་གིས། །ཐུགས་རྗེ་བསྐུལ་བས་བྱིན་རླབས་ཉེར་བཞུགས་ཏེ། །དབྱེར་མེད་དག་པའི་རང་ཞལ་མཐོང་བར་ཤོག །མདོར་ན་དེང་ནས་སངས་རྒྱས་མ་ཐོབ་བར། །འོད་(༣༠༠ན)


GLG021_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་མགོན་སྲས་ཀྱི་ཐུ་བོ་གཉིས། །འཁོར་ཚོགས་རྒྱ་མཚོས་རྟག་ཏུ་རྗེས་བཟུང་ནས། །བཞེད་འབྲས་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་འདི་ཕྱིར་དགེ་བའི་ཁ་ཏོན་དུ་དབོན་ཆུང་གིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །བླ་མ་སྤྱན་རས་གཟིགས་དབང་བྱིན་རླབས་ཀྱིས། །ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་ཕུན་ཚོགས་ཤིང༌། །རིགས་དྲུག་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ནས། །དག་པའི་ཞིང་དུ་འདྲེན་པར་བྱིན་གྱིས་རློབས། །ཞེས་པ་འདིའང་བསྟན་འཛིན་ཐོ་ཡོན་གྱི་བུ་ཚ་བརྒྱུད་དང་བཅས་པས་ཁ་ཏོན་དུ་བྱས་ཆོག་པའི་ཉུང་ངུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར། །ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོའི་སྡེར། །མི་ཕྱེད་དད་པ་བརྟན་པོས་གསོལ་འདེབས་ན། །བདག་གི་འདི་ཕྱི་བར་དོར་བསམས་པའི་དོན། །སྨོན་ལམ་ཅི་བཏབ་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་རྒྱལ་མོ་རྡོ་རྗེ་རབ་བརྟན་གྱི་ཁ་ཏོན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་བཀོད། །སྤྱན་རས་གཟིགས་དང་རྒྱལ་བུ་འཇིག་རྟེན་དབང༌། །ལྷ་ཡི་རྒྱལ་པོ་གཉའ་ཁྲི་བཙན་པོ་རྗེ། །ཐོ་ཐོ་རི་དང་ཆོས་རྒྱལ་དད་པ་བརྟན། །དཀོན་ཅོག་འབངས་གྱུར་སྲོང་བཙན་ལྷའི་མེ་ཏོག །ཁྲི་རལ་དགེ་བ་དཔལ་དང་དགོན་པ་བ། །འབྲོམ་རྗེ་ས་ཆེན་གཡུ་བྲག་མངའ་བདག་མྱང༌། །དགེ་འབུམ་པདྨ་བཛྲ་དགེ་འདུན་གྲུབ། །བཞད་པའི་རྡོ་རྗེ་བསོད་ནམས་རྒྱ་མཚོའི་སྡེ། །བདེ་ཆེན་ཆོས་རྒྱལ་སོགས་དང་ལས་སྨོན་གྱིས། །འབྲེལ་བའི་རྣམ་དཀར་བག་ཆགས་ཡོངས་སད་པར། །ཀུན་(༣༠༠བ)


GLG021_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ངག་དབང་བློ་བཟང་རྒྱ་མཚོའི་སྡེར། །ཡིད་ཆེས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །གདན་གསུམ་ཚང་བའི་དཀྱིལ་འཁོར་ལྷ་ཚོགས་ཀུན། །མགོན་ཁྱོད་རྡོ་རྗེ་ལུས་ཀྱི་ཕོ་བྲང་ཆེར། །ཉོན་མོངས་ལྔ་དག་ཡེ་ཤེས་ཆེན་པོའི་གདངས། །འགག་མེད་གསལ་བར་ཤར་ལ་གསོལ་བ་འདེབས། །ཕུང་ཁམས་སྐྱེ་མཆེད་གཞལ་ཡས་ཁང་གཅིག་ཏུ། །རྫོགས་པའི་སྙིང་ཤུན་པདྨ་སྙིང་གི་ཚིལ། །ཟླ་སྟེང་སེམས་ཉིད་ངལ་གསོ་དྲང་སྲོང་སྐུ། །ཚངས་སྤྱོད་ཆ་ལུགས་འཛིན་ལ་གསོལ་བ་འདེབས། །ལོག་འདྲེན་དགྲ་བགེགས་སྡེར་བཅས་གཉེན་པོ་རུ། །འཇམ་དཔལ་རྡོ་རྗེ་རབ་ཁྲོས་དུས་དགྲའི་དབང༌། །སྒེག་པ་དཔའ་བ་མི་སྡུག་སྐུ་ཡི་འཕྲུལ། །སྣང་སྟོང་ཟློས་གར་བསྒྱུར་ལ་གསོལ་བ་འདེབས། །རྒྱལ་བསེན་དམ་སྲིའི་དོན་སྙིང་ཕྱིར་འདོན་པར། །ལག་ན་པདྨ་དབང་ཆེན་ཁྲོ་བོའི་རྒྱལ། །རྒོད་དང་དྲག་ཤུལ་འཇིགས་རུང་གསུང་གི་གདངས། །གྲག་སྟོང་དབྱངས་སུ་ལེན་ལ་གསོལ་བ་འདེབས། །གཟའ་ཀླུ་སྡེ་བརྒྱད་ཀུན་གྱི་གཤེད་མ་རུ། །གསང་བའི་མཛོད་འཛིན་དྲེགས་ཚོགས་ཀུན་འདུལ་སྐུ། །སྙིང་རྗེ་རྔམ་པ་ཞི་བ་ཐུགས་ཀྱི་དབྱིངས། །རིག་སྟོང་ཀུན་ཁྱབ་ངོ་བོར་གསོལ་བ་འདེབས། །གཡེལ་མེད་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །བདག་སོགས་གདུལ་བྱའི་བསོད་ནམས་དཔལ་མགོན་དུ། །ནམ་ཡང་འཕོ་འགྱུར་མེད་པར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །སངས་རྒྱས་ཀུན་གྱི་བློ་གྲོས་གཅིག་བསྡུས་མཐུས། །བདུད་ལས་རྒྱལ་བའི་འཇམ་དཔལ་གཤིན་རྗེ་ཡི། །རྣལ་འབྱོར་ལྷུར་ལེན་བྱང་ཆུབ་མ་ཐོབ་བར། །འབྲལ་མེད་བརྩེ་བས་རྗེས་སུ་འཛིན་པར་ཤོག(༣༠༡ན)


GLG021_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

།གནས་སྐབས་ཚེ་རིང་ནད་མེད་དབང་ཐང་རྒྱས། །ལུང་དང་རྟོགས་པའི་ཡོན་ཏན་རབ་འཕེལ་ནས། །རིང་པོར་མི་ཐོགས་འཇམ་མགོན་ཀུན་ཏུ་བཟང༌། །མངོན་གྱུར་ལུས་ཅན་མ་ལུས་འདྲེན་པར་ཤོག །ཅེས་དགེ་སློང་བློ་གྲོས་རྒྱལ་བས་འགྲོ་ལ་རྗེས་བརྩེ་མའི་བྲིས་ཐང་བཞེངས་པའི་རྒྱབ་ཡིག་སྨོན་ལམ་དང་བཅས་པ་ཁ་དོན་དུ་བྱས་ཆོག་པ་ཞིག་དགོས་ཚུལ་བྱུང་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །རྨུགས་འཛིན་དབང་པོའི་བང་མཛོད་ལ་འགྲན་པ། །རྒྱ་བོད་ཕུན་ཚོགས་འདོད་དགུ་འབྱུང་བའི་སྒོ། །དགེ་བཅུའི་ཡོན་ཏན་ཚང་བ་དར་རྩེ་མདོའི། །དགའ་ལྡན་གཞན་ཕན་གླིང་གི་གནྡྷོ་ལར། །སློབ་དཔོན་ངག་དབང་འཇམ་དབྱངས་ལྷག་བསམ་གྱིས། །ཁུར་བླངས་ཤིང་རྩི་རི་མོ་བསྐྲུན་པ་ལ། །མདོ་ཡི་རྫོང་སྡོད་བློ་ང་སྦྲེལ་པོ་ཡིས། །དགེ་བསྐུལ་ཁ་འདེབས་དང་བཅས་ལེགས་བསྒྲུབས་མཐུས། །ཆེད་དུ་ལུས་ངག་ཡིད་གསུམ་འབད་རྩོལ་དང༌། །དངོས་པོའི་མཐུན་རྐྱེན་སྤེལ་བར་བྱེད་པ་ཀུན། །ནད་གདོན་དུས་མིན་འཆི་དང་དབུལ་ཕོངས་སོགས། །སྲིད་པའི་ཟུག་རྔུ་ཐམས་ཅད་ཞི་བར་ཤོག །ལེགས་བྲིས་ལྟ་བུར་རིང་པོར་འཚོ་བའི་ཚེ། །གནོད་སྦྱིན་བཞིན་དུ་འཛད་མེད་ལོངས་སྤྱོད་སོགས། །མཐོ་རིས་བདེ་སྐྱིད་ཡོན་ཏན་མཐའ་དག་ལ། །འདི་དང་སྐྱེ་བ་ཀུན་ཏུ་སྤྱོད་པར་ཤོག །འཁོར་བ་སྡུག་བསྔལ་ཆུ་སྲིན་འབྱུང་གནས་ལས། བསོད་ནམས་རྫིངས་ཀྱིས་བསྒྲལ་ཏེ་ཐར་པའི་གླིང༌། །བགྲོད་ནས་གཏན་གྱི་མདུན་མ་རིན་པོ་ཆེ། །སྤེལ་ལེགས་ཕྲེང་བ་རྒྱན་དུ་འཆང་བར་ཤོག །སེམས་ཅན་ཀུན་(༣༠༡བ)


GLG021_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྟོབ་བཅུ་མངའ་བ་ཡི། །གོ་འཕང་མངོན་དུ་བྱས་ནས་སྐྱེ་རྒུ་རྣམས། །རྫོགས་པའི་སངས་རྒྱས་ཐོབ་ཕྱིར་འདིས་མཚོན་པས། །དུས་གསུམ་བསགས་དང་གསོག་འགྱུར་དགེ་བ་བསྔོ། །སླུ་མེད་དཀོན་ཅོག་རིན་ཅེན་བདེན་པ་དང༌། །ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པའི་མཐུས། །ཡངས་པའི་འཇིག་རྟེན་ཀུན་ཏུ་བཀྲ་ཤིས་འཆར། །ཕབ་ནས་བདེ་སྐྱིད་སྙེ་མ་གཡུར་ཟ་ཤོག །ཅེས་པ་འདིའང་མདོ་དགའ་ལྡན་གཞན་ཕན་གླིང་གི་མཆོད་ཁང་དང་འདུ་ཁང་གི་ཤིང་རྩིའི་ཁུར་བླས་ཏེ་གླ་ལྟོ་དང་སྤང་མ་སྲང་ཞེ་གཅིག །མཐིང་སྲང་གོ་བདུན། དེ་ཕྱིན་རྫོང་སྡོད་བློ་བཟང་དབང་ཕྱུག་དང༌། ང་ཕོད་པ་གཉིས་དགེ་བསྐུལ་བྱས་པར་བརྟེན་ལྔ་མཆོད་སྤྱི་སོས་ཤ་ཕིན་དང་འབོ་ཇ་འཁོར་དྲུག་རེ། སྤུ་ཁ། དྲིལ་སྔོ་ལྗང༌། སྨན་ཁ་གསུམ། ཁ་བཏགས། དགེ་སློང་ཤེས་རབ་ཀྱིས་མཐིང་སྲང་ཕྱེད་ཉེར་གཉིས། དབུ་མཛད་བློ་བཟང་ཡར་འཕེལ་གྱིས་གསེར་ཤོག་བརྒྱ་བམ། ལྕགས་ལ་དཔོན་མཆེད་ཀྱིས་ཆུང་ཇུ་ཤ་ཕིན་འཁོར་དྲུག་རེ། དར་ཡུག་བཅད། ཁ་བཏགས་ལྔ། ཆུ་འགྲམ་དཔོན་ཆུང་གིས་གསེར་ཤོག་བརྒྱ་བམ་གཉིས། བན་གཟན། སྨན་ཁ། དབོན་ཨ་ཆོས་ཀྱིས་མཚལ་སྲང་གསུམ། རས་ཁ་བདུན། ཁྲོམ་གཉའ་པ་དཔོན་ཚེ་དབང་ལྷུན་གྲུབ་ཀྱིས་དངུལ་ཞོ་གང་སྐར་གསུམ། སྨན་ཁ། ཀོང་སྐེད། སྤུ་ཁ། ཏྲེ་བོ་དཔོན་གྱིས་མཚལ་ཞོ་བཅོ་ལྔ། གསེར་ཤོག་བརྒྱ་བམ་གཉིས། གོས་སྔོན་ཁ་བཅུ། ས་ཡང་ཡ་རུའི་གསེར་ཞོ་དོ། སྤོས་དཀར་དང་མཚལ་དཀར་ཆ་ཕྱེད་དོ་རེ། ས་དཀར་མགོ་ཐབ་ཆེན་ནས། མཐིང་སྲང་གསུམ། རམས་སྲང་བཞི་ཞོ་གསུམ། བླ་མ་ཡེ་ཤེས་བསྟན་འཕེལ་གྱིས་དངུལ་(༣༠༢ན)


GLG021_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་དོ། ཡ་རུ་གུ་རུས་སྲང་དོ། འབྲུག་དར་གྱིས་སྲང་དྲུག།དཀོན་ཤུ་རུས་སྲང་དྲུག །མཆོད་རྟེན་སྐྱབས། ཚེ་རིང་དར་རྒྱས། བཀྲ་ཤིས་ཕྲག །རྒྱ་བཀྲ་ཤིས་བཞིས་སྲང་དོ་རེ། དགེ་འདུན་སྐྱབས་ཀྱིས་སྲང་གང་ཞོ་ལྔ། སེའུ་བཀྲ་ཤིས་ཀྱིས་སྲང་གསུམ། ཇོ་འབུམ་གྱིས་སྲང་གང༌། གཞུང་ར་བ་ནང་ཨ་ཤི་སྐྱབས་ཀྱིས་སྲང་གང་ཞོ་དོ། གཡུང་དྲུང་དགེས་སྲང་གང་ཞོ་བརྒྱད། རྒྱལ་མཚན་གྱིས་ཞོ་གང་སྐར་བདུན། ཨ་འདབ་ཀྱིས་སྲང་གང་ཞོ་ལྔ། ཨ་དགེས་སྲང་གང་ཞོ་བདུན་སྐར་ལྔ། ཤེས་རབ་ཐར་གྱིས་ཞོ་བདུན། གནམ་འཕེལ་ཨ་མ་ཆོས་ཞོ་དགུ་སྐར་ལྔ། ལྕགས་ལ་ར་བ་ནང་དུད་བརྒྱད་ཀྱིས་སྲང་དོ། ཁ་བཏགས། རྒྱ་ཧོར་གྱིས་ཞོ་གང་སྐར་དྲུག །རྣམ་རྒྱལ། དགེ་འདུན། ཨ་སྤོ་བ། ཨ་མདོ། བནྡེ་རྒྱལ་ལྔས་ཞོ་གང་སྐར་བཞི་རེ། གསང་མཁར་གྱིས་ཞོ་གང༌། ལྷུ་བར་གྱིས་ཞོ་གང་སྐར་དྲུག །ས་བདག་ཆོས་སྐྱབས་ཀྱིས་ཞོ་བརྒྱད་སྐར་ལྔ། ཚེ་རིང་སྐྱབས་དང་རྣམ་རྒྱལ་ཐར་གྱིས་ཞོ་རེ། སྒྲོན་མ་གཟུངས་ཀྱིས་ཞོ་གསུམ། བར་ལམ་ར་བ་ནང་དུད་བཅུ་བཞིས་ཞོ་དགུ་སྐར་དོ། ཁ་རྟག་གིས་ཞོ་གང་སྐར་གསུམ། ཀི་ཤི་བན་ཀོ་དང་ཚེ་དབང་བསོད་ནམས། ཚེ་རིང་ཐར་བཅས་ཀྱིས་ཞོ་གང་སྐར་གསུམ་རེ། ཡ་རུ་གཟུངས་དར་གྱིས་མཚལ་སྲང་ཉི་ཤུ། མཐིང་དང་ལི་ཁྲི་སྲང་བཅུ་རེ། སྤང་མ་སྲང་ཉེར་དྲུག །བར་ལམ་ཐབ་ཆེན་གྱིས་དངུལ་ཞོ་བཞི། མཚལ་སྲང་དོ་སྐར་ལྔ། མཐིང་སྲང་གང་ཞོ་དགུ། དུད་ཆུང་ཤེས་རབ་སྐྱབས་ཀྱིས་མཚལ་ཞོ་དགུ། ཨ་མ་སྡེ་ལྔས་མཚལ་སྲང་གསུམ་ཞོ་བཞི། གསེར་ཤོག་བརྒྱ་བམ། ལུག་དོར་(༣༠༢བ)


GLG021_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱས་སྤང་མ་སྲང་གང་ཞོ་དོ། གསེར་ཤོག་བརྒྱ་བམ། ཁ་བཏགས། ཚེ་གཟུངས་སྒྲོན་གྱིས་མཚལ་སྲང་གང་ཞོ་གང༌། བར་ལམ་ཨ་སྲས་ཀྱིས་སྤང་མ་སྲང་བཅུ་གཅིག །གཞུང་ར་བ་ནང་སྤྱི་པས་མཚལ་སྲང་གང་ཞོ་ལྔ། སྤུ་ཁ། རྒྱ་རས་ཁ་གསུམ། ལ་བ་འདོམ་བཅུ་དྲུག །སྔགས་པ་ཐར་གྱིས་ལྡོང་རོས་སྲང་གསུམ་ཞོ་དོ། སྤང་མཐིལ་ཞོ་བརྒྱད། ཆུ་འགྲམ་རྩ་ར་རྒྱལ་གྱིས་མཐིང་སྲང་ལྔ་ཞོ་གསུམ། རྣམ་རྒྱལ་གྱིས་མཚལ་སྲང་གང་ཞོ་བཞི། ཆང་ཤུག་གིས་སྤང་མ་སྲང་ཕྱེད་བཞི། སྤྲུལ་སྐུ་ཤེས་རབ་རྒྱལ་མཚན་གྱིས་རམས་ཞོ་ལྔ། དཀར་དྲེག་སྲང་ལྔ། ཡ་རུ་རྒྱལ་གྱིས་གསེར་ཞོ་གང་སྐར་ལྔ། ཆུ་འགྲམ་ཡ་རུ་ཚེ་དབང་ནོར་བུས་སྐར་བརྒྱད། རྒྱ་དུང་ཨ་ཀ་བཀྲ་ཤིས་ཀྱིས་ཞོ་དོ། གོན་ཇ་ཨ་འབུམ་དང་འགི་བ་གཉིས་ཀྱིས་ཞོ་གང་སྐར་བཞི། རྣམ་རྒྱལ་ཚེ་རིང་གིས་གསེར་ཤོག་བརྒྱ་བམ་བཞི། རྒྱ་དུང་ཨ་མས་གསེར་ཤོག་བརྒྱ་བམ་རྣམས་ཕུལ་བའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་ཚིགས་བཅད་དགོས་ཞེས་བླ་མ་ངག་དབང་འཇམ་དབྱངས་ཀྱིས་བསྐུལ་བ་ལྟར་ཟ་ཧོར་གྱིས་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ། །མཆོག་གསུམ་ཐུགས་རྗེ་བྱིན་རླབས་བདེན་པའི་མཐུས། །འཇམ་དབྱངས་དགའ་བའི་ངག་དབང་བློ་ཡི་གཏེར། །མཁས་བཙུན་བཟང་པོའི་གར་བསྒྱུར་ཞབས་པད་ཟུང༌། །རྒྱ་མཚོའི་གོས་ཅན་ཞིང་འདིར་རྟག་བརྟན་ཤོག །སྨྲ་བ་ངག་གི་དབང་པོར་བློ་གྲོས་ཀྱིས། །བག་ཆགས་བཟང་པོའི་དཔལ་ལ་མངའ་འབྱོར་བ༌། །མི་ཤིགས་སྲོག་གི་ཟུངས་སུ་རྒྱལ་ཀུན་གྱིས། །ཐུགས་རྗེའི་བདུད་རྩིས་རྩ་(༣༠༣ན)


GLG021_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཚུགས་པར་ཤོག །ལྷོ་རྒྱུད་ནོར་འཛིན་ཡངས་པའི་ལྟོ་བ་རུ། །དགའ་ལྡན་བཤད་སྒྲུབ་བསྟན་པ་རབ་རྒྱས་སྡེ། །ཁྲིམས་ལྡན་འདུས་གླིང་ལུས་ཅན་བསོད་ནམས་ཀྱི། །ཞིང་མཆོག་དམ་པར་བླ་ནས་བླར་འཕེལ་ཤོག །གྲུ་ཆར་ལེགས་འབབ་ལོ་ཏོག་འབྲས་བུ་སྨིན། །མཐའ་བཞི་ལས་སྒོའི་འདོད་པ་མ་ལུས་འཇོ། །ནད་འཁྲུགས་མུ་གེ་དུས་ཀྱི་ཆད་ལས་ཞི། །བདེ་སྐྱིད་ལྷ་ཡི་སྤུན་ཟླར་འགྲན་ནུས་ཤོག །ཆོས་ཉིད་འགྱུར་མེད་དངས་པའི་རྫིང་ཡངས་པོར། །རྒྱུ་འབྲས་རྟེན་འབྲེལ་མི་བསླུ་ལེགས་འགྲིག་གཟུགས། །ཡོངས་ཤར་སྨོན་ལམ་འདྲེན་བྱེད་གཟིགས་མོ་རུ། །ཚར་དུ་དངར་བའི་དགའ་སྟོན་རྒྱས་པར་ཤོག །ཅེས་མཚོ་སྣ་དགའ་ལྡན་རབ་བརྒྱས་གླིང་སྤྱི་སོས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པའོ། །ཚེ་དཔག་མེད་སོགས་མཆོག་གསུམ་ཐུགས་རྗེ་དང༌། །ལྷ་དང་དྲང་སྲོང་རིག་འཛིན་བདེན་པའི་མཐུ། །རྟེན་འབྲེལ་རྒྱུ་འབྲས་བསླུ་བ་མེད་པ་ཡིས། །ཅི་བཏབ་སྨོན་ལམ་ལྷུན་གྱིས་གྲུབ་པར་ཤོག །རྒྱལ་ཀུན་ཡབ་ཅིག་འཇམ་དབྱངས་དགའ་བའི་བཤེས། །མ་འདྲིས་འགྲོ་བའི་གཉེན་གྱུར་ངག་གི་དབང༌། །བློ་བཟང་གྲགས་སྙན་བསྟན་པ་རྒྱ་མཚོའི་གོས། །ཁྱབ་འཛད་བསྐལ་བརྒྱར་ཞབས་པད་བརྟན་པར་ཤོག །མ་རིག་གཉིད་སངས་རྣམ་དཔྱོད་རབ་བརྒྱས་པས། །རྒྱ་ཆེན་གཙུག་ལག་མཚོ་ལྟར་གཏིང་ཟབ་པར། །མཁྱེན་དཔྱོད་ཡངས་པའི་ལྷས་སྐྱོང་ལྷ་སྲས་ཀྱི། །རྣམ་འཕྲུལ་གཡུང་དྲུང་ལྟ་བུར་རྟག་བརྟན་(༣༠༣བ)
ཤོག །མདོ་ཁམས་སྒང་གསུམ་ནོར་འཛིན་ལྟོ་བ་རུ། །ཞྭ་སེར་བསྟན་པ་ཡོངས་ཁྱབ་རྒྱལ་པོའི་ཁྲིམས། །གསེར་གྱི་གཉའ་ཤིང་ལྟ་བུས་མངའ་འབངས་ཀུན། །མེ་ལོང་གདོང་གི་ཞལ་ཆེ་ལྟར་འགྲུབ་ཤོག །དུས་སུ་འབབ་པའི་ཆར་གྱིས་ལོ་ཏོག་སྨིན། །སད་སེར་བཙའ་ཐན་ནད་རིམས་མུ་གེ་དང༌། །འཐབ་རྩོད་ཡོངས་ཞི་ཚེ་རིང་ལོངས་སྤྱོད་ཚོགས། །རྫོགས་ལྡན་གསར་པའི་དགའ་སྟོན་དགོད་པར་ཤོག །ཅེས་པ་འདིའང་ལྷ་ཁང་ནས་རྡོ་རྗེ་ནོར་བུ་དང་བག་གྲོ་ཅན་གཉིས་གྱིས་བསྐུལ་བའི་ངོར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་མཐར་རྒྱས་པ་བློ་བཟང་དབང་པའོ། །ནེ་པ་ལ་ཡི་སོར་མོའི་རྣམ་པར་འཕྲུལ། །འཇམ་དབྱངས་དགའ་བའི་བཤེས་གཟུགས་གསེར་ཟངས་ལས། །ལེགས་གྲུབ་མདའ་དཔོན་ཕུན་ཚོགས་ཀྱིས་བསྐྲུན་དགེས། །མཆོག་ཐུན་བསམས་དོན་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་ཟ་ཧོར་བནྡེས་བཀོད། །ཆར་སྤྲིན་ལྟར་གནག་སྲིན་པོ་ཁྲོས་པའི་ཞལ། །ཧ་ཧའི་གད་བརྒྱངས་འབྲུག་སྟོང་ལྟར་སྒྲོག་ཀྱང༌། །འགྲོ་ཀུན་འདྲེན་ལ་བརྩེ་ལྡན་མྱུར་མཛད་མགོན། །འདི་ཕྱི་བར་དོའི་སྐྱབས་ཀྱིས་བདག་རྗེས་ཟུངས། །ཞེས་རྒྱབ་ཡིག་ཤློ་ཀ་གཅིག་ཡོད་པ་ཞིག་དགོས་ཞེས་སྤྱི་ཁང་མདོ་མ་བ་དཀོན་ཅོག་གིས་བསྐུལ་བ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་དབང་པོའོ། །


previousའཕགས་པ་ཕྱོགས་བཅུ་མུན་སེལ་གྱི་དོན་དང་སྦྱར་བའི་སྨོན་ལམ་ཚིགས་བཅད་སོགས།next