Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
གཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར།next

གཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར།


GLG022_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར་བཞུགས་སོ། །


GLG022_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀཱ་རཱ་ཡ། སྣང་སྲིད་དྲེགས་པ་ཀུན་གྱི་སྲོག་སྙིང་ལ། །དབང་སྒྱུར་ཧེ་རུ་ཀ་དཔལ་པདྨ་འབྱུང་། །སངས་རྒྱས་ཀུན་དངོས་ཁྱོད་ཉིད་རང་རིག་ཏུ། །རང་ངོ་འཕྲོད་མིན་དེ་སྲིད་ཐུགས་རྗེས་སྐྱོངས། །ཐུགས་སྒྲུབ་དྲག་པོའི་གཏེར་ཁ་འོ་མའི་མཚོ། །ཡང་ཟབ་མར་གྱི་ཉིང་ཁུ་སྲིན་སྦར་མ། །མཁའ་འགྲོའི་ཁ་རླངས་མ་ཉམ་ཟིལ་དངར་བཅུད། །འཐུང་བའི་སྔགས་འཆང་ཚོགས་རྣམས་སྐལ་བཟང་དཔྱིད། །དེ་ཕྱིར་ཕྱོགས་འདིར་ཐུགས་སྒྲུབ་ལུགས་གསུམ་གྱི། །རབ་རྒྱས་གཞུང་ཆེན་བདེ་གཤེགས་འདུས་པ་ཡི། །གཏེར་གཞུང་གསལ་བྱེད་ལྷན་ཐབས་བསྙེན་ཡིག་དག །འདྲི་ལ་མ་མགོན་སྡེ་བརྒྱད་གནང་བ་སྩོལ། །དེ་ལ་འདིར་ཨཽཌྜི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་སྲིད་པ་གསུམ་ན་ཆེ་བའི་བརྟུལ་ཞུགས་གྲུབ་པའི་དབང་པོ་དེས་ལྷ་སྲིན་སྡེ་བརྒྱད་ཀྱི་གཉེན་པོར་དབང་དྲག་པདྨ་ཧེ་རུ་ཀའི་རྣམ་པར་བསྟན་པའི་ཟབ་མོ་ཐུགས་ཀྱི་སྒྲུབ་པ་མ་འོངས་སྙིགས་མའི་དུས་སུ་སྡེ་བརྒྱད་རླུང་ལྟར་འཚུབ་ཅིང་ཁྱད་པར་ཀླུ་དང་ས་བདག་རྒྱལ་བསེན་རྣམས་མེ་ལྟར་འབར་བའི་དུས་སུ་སེམས་ཅན་རྣམས་སྡུག་བསྔལ་དེ་དག་ལས་སྐྱོབ་པའི་དོན་དུ་གཏེར་ཁ་མང་པོར་ཕྱག་(༢ན)


GLG022_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་པ་ལས། ཟབ་པའི་མཐར་ཐུག་བྲག་སྲིན་མོ་སྦར་རྗེས་ནས་མངའ་བདག་སྐུའི་སྤྲུལ་པ་ཉང་རལ་པ་ཅན་གྱིས་སྤྱན་དྲངས་པའི་བླ་མ་དྲག་པོའི་ཆོས་སྐོར་འདི་ཉིད་གངས་ཅན་གྱི་ལྗོངས་འདིར་མིང་ཙམ་རླུང་ལྟར་གྲགས་ཀྱང་། སྔགས་གསར་མ་བ་ཕལ་ཆེར་གྱིས་གསར་མའི་རྗེས་གནང་རྒྱས་འགེབས་ཀྱི་བློས་བྱས་ཁོ་ན་དང་། ས་འབྲུག་གི་ཕྱོགས་ནས་འདི་ལ་ཅུང་ཟད་འདྲིས་རློམ་འགས་ཀྱང་འབྲིང་པོ་མེའི་སྤུ་གྲིའི་དབང་ལ་ཉང་ལུགས་ཀྱི་དྲག་པོའི་དབང་ཞེས་པ་ཙམ་ལས་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་མ་ཕྱེད་ཅིང་། ལུགས་འདི་ཀའི་རང་སྐད་མེད་པའི་རྙིང་མ་སྤྱི་འགྲོའི་ལས་བྱང་གི་རྒྱས་འགེབས་ལ་གསར་མའི་ལྷད་ཆེན་པོ་བཅུག་པའི་གསར་རྩོམ་རྣམས་ལ་ཡིད་བརྟན་མི་འདུག་ཅིང་། སྔགས་རྙིང་མའི་ཕྱོགས་སུ་ཡང་ཟབ་གནད་འདི་སྐོར་ལ་དབྱར་ཆུའི་དྲོད་ཙམ་ལས་མེད་པ་མང་བས། མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་དང་རིགས་འཛིན་ལེགས་ལྡན་རྡོ་རྗེ་གཉིས་ཀྱི་གདམས་པའི་ཆུ་རྒྱུན་ཆད་པ་མེད་པར་མངའ་བའི་བླ་མ་དམ་པའི་ཕྱག་བཞེས་ལྟར་བསྙེན་ཡིག་ལྷན་ཐབས་ཀྱི་ཚུལ་དུ་འདྲི་བ་ལ། གཏེར་ཁ་འདི་ཉིད་ལ་སྨིན་བྱེད་དབང་དང་བྱིན་རླབས་ཀྱི་རིམ་པ་མང་དུ་ཡོད་ནའང་། རྒྱས་པ་བདེ་(༢བ)


GLG022_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་འདུས་པ་ལ་སྨིན་ལམ་དབང་གི་རྒྱལ་པོ་སྣང་སྲིད་ལྷ་འདྲེའི་སྲོག་དབང་འདི་ཉིད་གཙོ་ཆེ་ཞིང་། དབང་ཆོག་རྡོ་རྗེ་སྤྱི་བླུགས་འདི་ཅུང་ཟད་གྲགས་ཆུང་བས། ལ་ལ་རྡོ་རྗེ་གླིང་པའི་གཏེར་ཁ་ནས་འཕྱུགས་སམ་སྙམ་པའི་སོམ་ཉི་བྱེད་པ་ཡོད་འདུག་ཀྱང་། འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱིས་དབང་འདི་རིགས་འཛིན་ཆེན་པོ་ལ་ངེས་པར་གསན་པས་ཐེ་ཚོམ་མ་དགོས། འབྲིང་བ་མེའི་སྤུ་གྲིའི་དབང་ཆོག་སྐུ། ཐོད། མེ་ལོང་། བུམ་པ་བཞི་ལ་བརྟེན་ནས་བསྐུར་བའི་མཐའ་རྟེན་འཕྲིན་ལས་རྣམ་བཞིའི་རྗེས་གནང་ཅན་དེ་ཡིན། བསྡུས་པ་དཔའ་བོ་ལྷ་གསུམ་ལ་སྒེར་དུ་དབང་མེད་ཅིང་། བྱིན་རླབས་ལུ་གུ་རྒྱུད་སོགས་སྤྱི་ཁྱབ་ཏུ་མཛད་པར་འདུག་པས། དེ་ཡང་མཚན་ལྟས་ལས། མོས་གུས་དམ་ཚིག་ལྡན་པའི་རྣལ་འབྱོར་པས༔ དང་པོ་བཀའ་ལུང་དབང་རྣམས་ཐོབ་པར་བྱ༔ ཞེས་པའི་དོན་ལྟར་དབང་ལུང་མན་ངག་ཕྱག་བཞེས་དང་བཅས་པ་ལེགས་པར་ནོས་ཏེ་བསྙེན་པའི་རིམ་པ་ཉམས་སུ་བླང་བ་ལ། གནས་ཁང་བྱི་དོར་བྱ། བླ་མ་ཞི་དྲག་གི་སྐུ་འབག་སོགས་དཀོན་མཆོག་གི་རྟེན་དགྲམ། སྨན་རག་གཏོར་མ། ཕྱི་མཆོད། ནང་མཆོད། ཚོགས། མ་མགོན་སྡེ་བརྒྱད་དང་ལེགས་རྩལ་སྤུན་གསུམ་གྱི་གཏོར་མ་བཤམས། ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས། ཐོགས་མར་བགེགས་གཏོར་བཏང་ནས་གུ་གུལ་ཐུན་དང་བཅས་བགེགས་བསྐྲད་པ་སྤྱི་འགྲོ་ལྟར་དང་། ཆབ་གཏོར་བསྔོས་ཏེ་བར་ཆད་ཞི་བའི་འཕྲིན་ལས་བཅོལ། དེ་ནས་བླ་མ་དྲག་པོ་སྐྱབས་ཡུལ་དུ་དམིགས་པ་ལ་བདེ་གཤེགས་འདུས་པའི་ཉམས་ལེན་དངོས་གཞི་ནས། བརྒྱུད་པའི་རྩ་བ་བླ་མ་རྗེ༔ ཞེས་སོགས་ཀྱི་སྐྱབས་སེམས་རྒྱུད་དང་འདྲེས་ངེས་བྱ། ཚོགས་ཞིང་ནི། མདུན་གྱི་ནམ་མཁའ་ལ་(༣ན)


GLG022_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པཾ་པདྨ་མཎྜལ་ཧཱུཾ། ཞེས་སོགས་ཡན་ལག་བདུན་པ་ཚིག་དང་དམིགས་པ་བསྟུན་ནས་རྒྱས་པར་བྱ། དེ་རྗེས་མདུན་གྱི་ལྷ་རྣམས་བདག་གི་སྤྱི་བོར་བྱོན་ནས༔ ཞེས་པ་ནས་བཟུང་སྟེ། མགར་མལ་གྱི་ཚ་ཚ་ལྟ་བུ་འོད་ཟེར་གྱི་ཚ་ཚ་སྤུང་ངེ་བྱེད་པ་ཞིག་ཏུ་གྱུར༔ ཅེས་པའི་བར་འདོན་ཆ་དཀྱུས་བཞིན་ལ། སེམས་ཅན་གྱི་རྣམ་ཤེས་དབང་དུ་བསྡུ་ལུགས་དང་། སྡེ་བརྒྱད་ཀྱི་ཚེ་སྲོག་དབང་དུ་བསྡུ་བ་གཉིས་ལ་མན་ངག་ཞལ་ལས་ཤེས་ཤིང་། བདེ་བར་གཤེགས་པའི་སྐབས་ཧཱུཾ་ལས་འཕྲོས་པའི་འོད་ཟེར་ཀྱི་སྣེ་ལ་མཆོད་ལྷ་སྤྲོ་བ་དང་། སྐུ་སྐུ་གཟུགས། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་པ་འོད་ཟེར་གྱི་རྣམ་པར་ཞུ་ནས་རང་ལ་ཐིམ་པ་དང་། དཔའ་བོ་མཁའ་འགྲོའི་སྐབས་ཀྱང་བྱིན་རླབས་འོད་དུ་ཞུ་ནས་རང་ལ་བསྟིམ་པ་ཡིན་ནོ། །ཧུཾ་དེ་ལས་ཆུ་ལས་ཉ་འཕར་བའི་ཚུལ་དུ༔ ཞེས་པ་ནས། སྟོང་གསུམ་རྩད་ནས་བཅད་ཅིང་འཁོར་ལོའི་དཔལ་ལ་ལྕགས་བསྲེགས་ཀྱི་སྡིག་པས་མཚན་པ་ཞིག་བསྐྱེད༔ ཅེས་པའི་བར་དཀྱུས་བཞིན་ལ། དེའི་མཇུག་ཏུ་ཁྲོ་བཅུ་རྒྱན་གྱི་ཤོག་དྲིལ་ནས། གསེར་གྱི་འཁོར་ལོ་རྩིབས་བཅུ་ལ༔ ཞེས་པ་ནས་བཟུང་སྟེ། གདུག་པ་མ་ལུས་འདུལ་བར་བསམ༔ ཞེས་པའི་བར་སྦྱར། དམིགས་པའི་གོ་རིམ་དཀྱུས་མ་དང་མི་འདྲ་བའི་གཞལ་ཡས་ཁང་གི་ལྟེ་བའི་ལྷའི་གདན་བསྐྱེད། རིམ་པ་བཞིན་དུ་ཆོས་འབྱུང་གྲུ་གསུམ་ཟླ་གམ་དམར་པོ་སུམ་ལྡན་ལ་བསྐོར་བའི་ཐོད་རྭ་ཟླུམ་པོ་ཐོག་དང་མི་མགོའི་ཏོག་དང་བཅས་པ་གཞལ་ཡས་ཁང་གི་འོག་གཞིའི་འབྱུང་བ་ལྔ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། གཞལ་ཡས་ཁང་གི་ཕྱིའི་གསེར་གྱི་འཁོར་ལོ་ཕྱོགས་མཚམས་ཀྱི་རྩིབས་བརྒྱད་སྟེང་འོག་གི་རྩིབས་གཉིས་དང་བཅས་པའི་སྲུང་འཁོར་ཁྲོ་བཅུ་(༣བ)


GLG022_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་བསྐྱེད་པ་ཡིན་ནོ། །ཡང་ཧཱུཾ་དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོསཿ ཞེས་པ་ནས་བཟུང་སྟེ། མེའི་ཁྲོ་བོ་དཔག་ཏུ་མེད་པའི་ཚ་ཚ་འཕྲོ་བ༔ ཞེས་པའི་བར་དཀྱུས་བཞིན། དམིགས་པ། མེའི་འཁོར་ལོའི་ས་བོན་ཀྱང་རཾ་གྱིས་བྱེད། མེའི་འཁོར་ལོ་དེ་ཁོག་སྟོང་ལྟེ་བ་ཤིན་ཏུ་ལྡིར་ཞིང་རྩ་རྩེའི་བར་དུ་རིམ་གྱིས་ཕྲ་རུ་སོང་བ་རྩིབས་རྣམས་ཕྱིར་མི་མངོན་པར་ནང་ནས་རྩིབས་ལོག་གི་ཚུལ་དུ་ཡོད་པ་ཞིག་བསྒོམ་མོ། །གཞལ་ཡས་ཁང་དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ༔ ཞེས་པ་ནས་བཟུང་སྟེ། རྡོ་རྗེའི་རྭ་བར་ནས་དྲག་པོའི་ཚ་ཚ་སིལ་ལི་ལི་ཁོལ་བ༔ ཞེས་པའི་བར་ངག་འདོན་དཀྱུས་བཞིན། ཕྱིས་ཀྱི་གཏེར་ཁ་མང་པོར་སྡིག་པ་བཟུང་བའི་རྣམ་པ་དང་བཤད་ཚོད་ཡོད་ཀྱང་། ལུགས་འདི་ལ་པེ་དཀར་གྱིས་སྤྲུལ་པའི་སྡིག་པ་དེའི་གཉེན་པོར་སྡིགས་མཛུབ་ཀྱི་རྩེ་ནས་སྡིག་པ་ཕར་འགྱེད་པའི་ཚུལ་ཡིན། དེ་རྗེས་ལྷ་ཐེམས་གསལ་བའི་སྒྲོན་མེ་ནས། བདག་ཉིད་ཟིལ་གནོན་པདྨ་ཡེ༔ ཞེས་པ་ནས་བཟུང་སྟེ། དབང་རྣམས་ཐམས་ཅད་ཐོབ་པར་བསམ༔ ཞེས་པའི་བར་གྱི་འདོན་ཆ་རྣམས་དཀྱུས་བཞིན་ལ། དེ་ཡང་གོ་ཆའི་ལྷ་བསྐྱེད་པ་ལ་དམིགས་པ་ཟུར་པ་མེད་ཀྱང་ཡེ་ཤེས་པ་སྤྱན་འདྲེན་པ་སྐབས་འདི་ལ་དམིགས་པའི་ཟུར་ཁྱད་ཅུང་ཟད་ཡོད་པ་ཞལ་ལས་འདྲི། དེའི་མཇུག་ཏུ་ངག་འདོན་མེད་པར་དམིགས་པས་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་ཁྲོ་བོ་བཅུ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པར་མོས། ཡང་བདེ་འདུས་ཀྱི་ཉམས་ལེན་དངོས་གཞིའི་ནང་གི །བདག་གི་ཐུགས་ཀའི་ཧཱུཾ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ལས་བྱེད་ཀྱི་ཁྲོ་བོ་ཡགྴ་མེ་དབལ་ཞེས་པ་ནས་བཟུང་སྟེ། བསྲུང་བྱ་ཐམས་ཅད་གཞལ་ཡས་ཁང་གི་ནང་དུ་ཆུད་པར་(༤ན)


GLG022_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། དེ་རྣམས་ཀྱང་ལྷའི་རྣམ་པ་ཞེས་པའི་བར་ངག་འདོན་དཀྱུས་བཞིན་ལ། ཡགྴ་མེ་དབལ་གྱི་དམིགས་པ་དང་བསྲུང་བྱའི་དམིགས་པ་ཞལ་ལས་འདྲི། གོ་ཆའི་ལྷ་རྣམས་ཀྱི་སྐུ་ལ་དྲག་པོའི་ཚ་ཚ་འུར་འུར་འབར་བ་ལ་བརྟེན་ནས་སྡིག་སྒྲིབ་བསྲེག་པར་མ་ཟད་ལུས་ཀྱི་ནང་ཀུན་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་ཞིང་གཟི་བརྗིད་ཕུན་སུམ་ཚོགས་པ་ཁྲོ་བོ་ཀུན་གྱི་རྗེ་བཙན་འགྲན་ཟླ་དང་བྲལ་བར་བསམ། དེ་ནས་བཟླས་པ་བྱ་བ་ནི། བདག་གི་ཐུགས་རིན་པོ་ཆེ༔ ཞེས་པ་ནས་བཟུང་སྟེ། སྒོར་རེ་འཁོར་བར་བསམ༔ ཞེས་པའི་བར་གྱི་དམིགས་པ་ཀློག་ཚུལ་དང་སྒྲ་ལ་སེམས་འཛིན་པ། མེ་དབལ་སྤྲོ་བ། བདག་བྱིན་རླབས་ཀྱི་དམིགས་པ། གོ་ཆའི་ལྷའི་སྐུ་ལས་འཕྲོས་པའི་མེས་བདག་གི་སྡིག་སྒྲིབ་བསྲེག་པ་སོགས་ཀྱི་དམིགས་པ་རྣམས་ལ་གཙོ་བོ་ནན་ཏན་བྱེད་ཅིང་། གཞན་ཡང་མེ་གསེར་གྱི་འཁོར་ལོའི་བར་དུ་དགྲ་བགེགས་གཏུབས། ལས་བཞིའི་དམིགས་པ་སྤྱི་འགྲོ་རྣམས་ཀྱང་སྐབས་དང་སྦྱར། སྡེ་བརྒྱད་དབང་དུ་འདུ་བའི་དམིགས་པ་ཟབ་མོ་ཡང་ཞལ་ཤེས་ལྟར་བསྙེན་སྔགས་ལ་ཡང་འདྲ་མིན་མང་དུ་ཡོད་པའི་འཁྲུལ་མེད་ཀྱི་ཕྱག་ལེན་མ་ནོར་བ་གནད་ཆེའོ། །དེ་ཡང་བླ་མ་དྲག་པོའི་རིགས་ལ་གོང་གནོན་གྱི་བསྙེན་པ་སྔོན་དུ་མ་སོང་ན་ལྷ་སྲིན་འཚུབས་པའི་སྐྱོན་གྱིས་སྒྲུབ་པ་པོར་སྨྱོ་འབོག་སོགས་འཚུབ་ཆ་ཆེར་འོང་བར་གྲགས་ཤིང་། གསར་མ་བ་འདྲས་སྒྲུབ་ཐབས་འཁྱར་པ་ལ་བརྟེན་ནས་བསྙེན་པ་བྱས་པས་འཚུབ་ཀྱི་དབང་དུ་སོང་བ་མང་། བརྒྱུད་ལྡན་གྱི་གསུང་སྒྲོས་ལ། པདྨ་གླིང་པའི་གཏེར་ཁའི་དྲག་པོ་ལ་ཐོག་མར་ཕྱི་སྒྲུབ་ནས་རིམ་གྱིས་མཛད་པས་འཇམ་པར་གྲགས་ཤིང་། རཏྣ་གླིང་པའི་གཏེར་ཁའི་དྲག་པོའི་ཕྱི་ནང་གསང་གསུམ་གའི་སྒྲུབ་པ་དྲག་པོ་ཁོ་ན་ཡིན་པས་(༤བ)


GLG022_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བསྙེན་པ་སྔོན་དུ་མཛད་པ་ཕྱག་ལེན་ཁུངས་མར་འདུག་མོད། ལུགས་འདི་ལ་དེ་རིགས་ཀྱི་སྤྲོས་པ་མི་དགོས་པར་གོང་གི་སྒྲུབ་ཐབས་ཀྱི་དམིགས་རིམ་རྣམས་གསལ་བཏབ་པའི་མཇུག་ཏུ་ཟོན་སྐྱོར་ཙམ་གྱི་གོང་གནོན་དང་། ཤིན་ཏུ་རྩུབ་ན་དྲག་པོའི་བསྙེན་པ་བྱེད་པ་དང་ལྷན་དུ་རྒྱུད་འཇམ་པར་བྱེད་པའི་ཉམས་ལེན་གྱི་གནད་ཟབ་མོ་བླ་མའི་ཞལ་ལས་བླང་བར་བྱའོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཐུན་པར་གཏོར་མའི་ཤོག་དྲིལ་གྱི་ནང་ནས། ཏྲཾ་མཎྜལ༔ ཞེས་པ་ནས་བཟུང་། ཏི་ར་བཾ་མཎྜལ༔ ཞེས་པའི་བར་དཀྱུས་བཞིན་ལ། གཏོར་མའི་ཤོག་དྲིལ་གྱི་ངག་འདོན་ནས། ཧཱུཾ་དུར་ཁྲོད་མེ་རི་སྨུག་ནག་འབར་བའི་ཀློང་དཀྱིལ་ནས༔ ཞེས་པ་ནས་བཟུང་སྟེ། བསྟོད་ཅིང་གསོལ་བ་བཏབ་པའི་བར་དཀྱུས་བཞིན། མཚམས་འདིར་བཀའ་སྲུང་མ་མགོན་སྡེ་བརྒྱད་ཀྱི་གསང་སྒྲུབ་ནས་མཆོད་གཏོར་རྒྱས་བསྡུས་ཇི་ལྟར་རིགས་པ་ཕུལ། སྤྱིར་བདེ་འདུས་ཀྱི་སྲུང་མ་མ་མགོན་སྡེ་བརྒྱད་དང་། མེའི་སྤུ་གྲིའི་སྲུང་མ་ལེགས་རྩལ་སྤུན་གསུམ་ལ་ངོས་འཛིན་ཅིང་། སྡེ་བརྒྱད་ཀྱི་ནང་དུ་བདུད་བཙན་ཀླུ་གསུམ་ཡང་དོན་གྱིས་ཚང་བས་རྒྱུན་དུ་དེ་ཙམ་གྱིས་ཆོག་ཅིང་། བསྙེན་པའི་དུས་བདུད་བཙན་ཀླུ་གསུམ་ལ་ཡང་སྒེར་གསོལ་རེ་བྱེད། ནུབ་དང་པོ་དངོས་གྲུབ་ཚོགས་ཀྱི་ཤོག་དྲིལ་ནས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་འབུལ། གཏོར་མའི་ངག་འདོན་གྱི་བསྐུལ་བྱ། ནུབ་དང་པོ་ལ་ཚོགས་ཡོད་པས་དེ་ཙམ་གྱིས་ཆོག་མོད། གཞན་དུ་བསྐུལ་གྱི་མཇུག་ཏུ་དཔལ་མགོན་བདུན་ཅུ་རྩ་གཉིས་སོགས་ལ་གཏོར་མ་བསྔོ་བ་ཐུན་བར་གཏོར་མའི་ཤོག་དྲིལ་ནས་བཤད་པ་དེ་ཡང་བྱེད། མཐར་རྫོགས་རིམ་ཀ་དག་གི་ངང་དུ་ཅུང་ཟད་མཉམ་པར་བཞག་སྟེ། དེ་ལས་ལངས་པའི་སྤྱོད་ལམ་སོགས་སྤྱི་དང་(༥ན)


GLG022_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། དེ་ལྟ་བུའི་ཐུན་བཞིར་བཅད་དེ་ཉམས་སུ་བླང་བའི་ཚད་ནི། གཞུང་ཆེན་ལས། བསྙེན་པའི་ཚད་ནི་གསུམ་ཡིན་ཏེ། དུས་དང་གྲངས་དང་རྟགས་གསུམ་ལས༔ དུས་ན་ཟླ་དྲུག་བསྒོམས་པ་ཡིས༔ སྡེ་བརྒྱད་བཀའ་ཡི་བྲན་དུ་འགྱུར༔ གྲངས་ནི་འབུམ་ཕྲག་དྲུག་གིས་ནི༔ ནུས་པ་པདྨ་ཉིད་དང་མཉམཿ རྟགས་ནི་ལྷ་འདྲེ་ཐུབ་རྟགས་དང་༔ ཡེ་ཤེས་ལྷ་ཡི་རྟགས་གཉིས་སོ༔ ཞེས་བཤད་པས་དུས་ལས་གྲངས་གཙོ༔ དེ་ལས་ཀྱང་རྟགས་གཙོ་བས་ཞིབ་ཏུ་བྱས་ན་མཚན་ལྟས། གསལ་བའི་མེ་ལོང་ལས། དབང་པོ་རབ་ཀྱི་ཟླ་བ་གསུམ་གྱིས་འགྲུབ༔ འབྲིང་གིས་ཟླ་བ་དྲུག་གིས་འགྲུབ་པར་འགྱུར༔ ཐ་མས་ཟླ་བ་བཅུ་གཉིས་དག་གིས་ནི༔ ངེས་པར་འགྲུབ་འགྱུར་གུ་རུ་ཉིད་ཀྱིས་གསུང་༔ ཞེས་སྒྲུབ་པ་པོ་དབང་པོའི་ཁྱད་པར་གྱིས་ཟླ་བའི་གྲངས་ཀྱང་མཐའ་གཅིག་ཏུ་མ་ངེས་ཤིང་། འབུམ་ཕྲག་དྲུག་གིས་རང་ལུས་བྱིན་གྱིས་རློབ༔ འབུམ་ཕྲག་བཅུ་ཡིས་ལས་ཚོགས་ཐམས་ཅད་འགྲུབ༔ བྱེ་བ་གཅིག་དང་འབུམ་ཕྲག་གསུམ་གྱིས་ནི༔ ནུས་པ་ཨྱོན་པདྨ་ཉིད་དང་མཉམ༔ ཞེས་གྲངས་ཀྱང་མང་བའི་ཕྱོགས་བྱུང་ཞིང་རབ་ནི་ཞལ་མཐོང་དབང་བསྐུར་བྱིན་གྱིས་རློབ༔ ཐོད་རྔ་རྐང་དུང་སྒྲ་སྒྲོག་ལུང་སྟོན་འབྱུང་༔ ཞིང་སྐྱོང་མཁའ་འགྲོས་དངོས་སུ་གཏོར་མ་ལེན༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་སྤྲིན་ལྟར་འདུ༔ སྣང་སྲིད་ལྷ་འདྲེ་ཀུན་གྱི་རང་སྲོག་འབུལ༔ གང་བརྩམས་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར༔ འབྲིང་གིས་ཉམས་དགའ་བག་དྲོ་བྱིན་ཆེན་འཐིབས༔ སྨན་རག་གཏོར་མ་ཁོལ་དང་རླངས་པ་འབྱུང་༔ རང་ལུས་སྦྲིད་ཅིང་འཕར་འདར་རང་དབང་མེད༔ དབེན་ཁང་དྲིས་གང་འཁོར་ལ་མཁའ་འགྲོ་འབབ༔ ལེགས་(༥བ)


GLG022_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྨྲ་ཞིང་སྒྲ་སྐད་སྣ་ཚོགས་འབྱིན༔ ཐ་མ་རྨི་ལམ་མཚན་མ་འདི་ལྟར་འབྱུང་༔ ཞེས་སོགས་སྒྲིབ་པ་དག་པ། བར་ཆད་ལས་རྒྱལ་བ། ལྷ་སོ་སོའི་འགྲུབ་རྟགས་གསལ་བར་གསུངས་ཤིང་། མི་འདོད་གནོད་བྱེད་བགེགས་ཀྱི་མཚན་མ་ནི༔ ཞེས་སོགས་བར་ཆད་ཀྱི་གླགས་ལྟ་བའི་རིགས་རྣམས་ལ། དེ་རྣམས་འདུལ་ཞིང་གཅུན་གཟིར་གྱི་མན་ངག་རིགས་འཛིན་བརྒྱུད་པའི་ཞལ་ལུང་ལས་བླང་བར་བྱ། དོན་དྲིལ་ན་བཟང་པོ་དགེ་བའི་མཚན་མ་ཅི་བྱུང་ཡང་༔ དགའ་སྤྲོ་རློམ་སེམས་འཁྲི་བ་རྩད་ནས་གཅོད༔ ངན་པའི་མཚན་མ་ལྟས་རྣམས་ཅི་བྱུང་ཡང་༔ བག་ཆགས་འཁྲུལ་སྣང་ཡིན་པས་ལམ་དུ་ཁྱེར༔ ཐམས་ཅད་སེམས་ལས་བྱུང་བས་སྤྲོས་པ་གཅོད༔ སེམས་ཉིད་ཆོས་སྐུ་ཆེན་པོར་ལ་ཟླའོ༔ ཞེས་རང་བཞིན་རྫོགས་པ་ཆེན་པོ་ཀ་དག་གི་གནས་ལུགས་ལ་མཉམ་པར་འཇོག་པ་ནི་གནད་ཀྱི་དམ་པའོ། །བསྙེན་པ་ཐེམས་པའི་སྔགས་ཐུན་ལ་ཚོགས་དང་དངོས་གྲུབ་ལེན་ཆོག་སོགས་སྤྱི་ལྟར་བྱའོ། །དེ་ལྟར་བསྙེན་པ་ཐེམས་པའི་སྔགས་སྨྱོན་རྣམས་ལ་དགོས་པའི་དོན་ནི་གཉིས་ཏེ། གཞུང་ཆེན་ལས། ཕྱི་མར་སློབ་དཔོན་པདྨ་ཡི༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང་༔ བདེ་འདུས་བླ་མའི་གོ་འཕང་ཐོབ༔ ཅེས་མཆོག་གི་དངོས་གྲུབ་དང་༔ དེ་ལྟར་མཚན་ལྟས་རབ་རྫོགས་ནས༔ རང་དང་གཞན་ཉིད་བསྲུང་བ་དང་༔ ཞེས་པ་ནས་བཟུང་སྟེ། གང་བསམས་ལས་རྣམས་འགྲུབ་པར་འགྱུར༔ ཞེས་པའི་བར་གྱིས་མཚོན་ཏེ་རྒྱས་པར་བྱུང་བས་མཆོག་ཐུན་གྱི་དངོས་གྲུབ་དབང་གི་རྒྱལ་པོ་ལ་ལོངས་སྤྱོད་པར་འགྱུར་རོ༔ སྨྲས་པ། གཏེར་སྟོན་རྒྱུ་སྐར་དབུས་ན་ཉི་ཟླ་ལྟར། །ཟླ་བྲལ་གོང་འོག་གཉིས་སུ་ཉེར་གྲགས་པའི། །ཉང་རལ་གཏེར་བཅུད་ཐུགས་སྒྲུབ་དྲག་པོའི་ལམ། །ཉམས་སུ་ལེན་འདི་བསོད་ནམས་(༦ན)


GLG022_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བས་བསྒྲུབས། །བཟང་རྫུ་འུག་པ་སྦོས་ལྟར་རབ་འགྱིངས་པའི། །བན་སྔགས་འབྱུང་པོའི་བྱ་ཚོགས་ཆེས་མང་ཡང་། །ལེགས་བཤད་འོད་སྣང་སྤྲོས་ཚེ་ཟབ་དོན་གཟུགས། །བལྟ་བའི་རྣམ་དཔྱོད་མིག་ལྡན་རེ་རེ་ཙམ། །ཟབ་ལས་ཆེས་ཟབ་གཉན་ལས་ཆེས་གཉན་པ། །མེ་ལོང་བྱད་ལྟར་གསལ་བ་ཡི་གེ་རུ། །སྔོན་ཆད་བཀོད་པ་མེད་མོད་རིགས་འཛིན་མཆོག །ཆོས་ཀྱི་བདག་པོར་བསམས་ནས་ལེགས་པར་བྲིས། །དཔེ་འདི་བཀའ་རྒྱས་དམ་དུ་མ་བཅིངས་ན། །ལས་འབྲས་རྒྱབ་ཏུ་བོར་བའི་ཧམ་ཅན་འགས། །བརྒྱུད་པ་མེད་ཀྱང་སྤེལ་ནས་རང་གཞན་ཀུན། །འགལ་མེ་ལྟ་བུར་མགོ་བོ་བསྐོར་གྱི་དོགས། ཁ་རྦད་གཞན་སྣང་བསྒྱུར་ཚིག་མ་ཡིན་པའི། །དོན་ལྡན་ངེས་རྙེད་པདྨ་ཐོད་ཕྲེང་བཀའ། །ཚུལ་བཞིན་ཉམས་སུ་བསྟར་བས་འདི་ཕྱིའི་དོན། །བསྒྲུབ་ལ་བདེན་པར་ཡིད་ཆེས་ད་གདོད་འོང་། །དེ་སྐད་དྲག་པོ་བདེ་གཤེགས་ཀུན་འདུས་པའི། །བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར་འདི། །བཀོད་པས་ནག་ཕྱོགས་བདུད་ཀྱི་སྡེའི་གཡུལ་ལས། །རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེང་བར་ཤོག །དེས་བླ་མ་མངའ་བདག་ཆེན་པོ་ཉང་གི་གཏེར་བྱོན་དྲག་པོ་བདེ་གཤེགས་འདུས་པའི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར་ཞེས་བྱ་བ་འདི་ནི། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྤྲུལ་པའི་ཟློས་གར་རིགས་འཛིན་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེས་ཡང་རྫོང་དྲག་སྔགས་ཕུག་ཏུ་ལོ་གསུམ་གྱི་བཅད་རྒྱའི་སྐབས་ཐུགས་ཀྱི་བཞེད་པ་ལྟར་རྡོ་རྗེའི་རྣལ་འབྱོར་སྤེལ་བའི་ཆེད་དུ་མཁས་གྲུབ་ཆེན་པོ་རིགས་འཛིན་མ་ཏིའི་མཚན་ཅན་གྱི་དྲིན་ལས་གཏེར་ཁ་གོང་འོག་གི་ཟབ་ཆོས་རྣམས་ལ་མི་འཇིགས་པའི་སྤོབས་པ་དགེ་བ་ཟ་ཧོར་སྔགས་སྨྱོན་གྱིས་སྦྱར་བའི་ཡི་གེ་པ་ནི་འཇམ་དབྱངས་དཔལ་བཟང་ངོ་། །མངྒ་ལཾ།།


previousགཏེར་ཁ་གོང་མའི་དྲག་པོ་བདེ་འདུས་ཀྱི་བསྙེན་ཡིག་མེ་རླུང་འཁྲུག་པའི་ཚ་ངར།next