Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་།next

བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་།


GLG022_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་བཞུགས་སོ། །


GLG022_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤནྟ་ཀྲོ་དྷ་པ་རི་ས་མནྟ་དེ་ཝེ་བྷྱཿ ཞི་ཁྲོ་ཡོངས་རྫོགས་བཀའ་བརྒྱད་ལྷ། །ཀ་དག་རིག་པའི་རྣམ་འཕྲུལ་ཅན། །གདོད་མའི་མགོན་ལ་གུས་བཏུད་ནས། །གྱེར་སྒོམ་ཉེར་མཁོའི་ལྷན་ཐབས་འདྲི། །འདིར་བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་གི་ལྷན་ཐབས་མེད་དུ་མི་རུང་བ་རྣམས་བཀོད་པ་ལ། སྐྱབས་སེམས་ལྷན་ཐབས་ནི། །ཐོག་མར་ཚིག་བདུན་གསོལ་འདེབས་ཀྱི་འཇུག་ཏུ། སྒྲུབ་ཁོག་ལས། བླ་མ་སངས་རྒྱས་འཁོར་དང་བཅས༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ བླ་མ་དཀོན་ཅོག་རྣམ་གསུམ་ལ༔ བྱང་ཆུབ་མ་ཐོབ་བར་དུ་ནི༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས༔ འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད༔ སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ༔ ལན་གསུམ་བརྗོད། ཡན་ལག་བརྒྱད་པའི་ལྷན་ཐབས་ནི། ཏྲཱཾ་རཏྣ་མཎྜལ། པཾ་པདྨ་མཎྜལ། མ་སཱུཪྻ་མཎྜལ། ཨ་ཙནྡྲ་མཎྜལ། བཛྲ་ས་མ་ཡ་ཛཿ རྙིང་མ་བཀའ་མའི་རྒྱུད་ལས། རྡོ་རྗེ་སློབ་(༢ན)


GLG022_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སངས་རྒྱས་དཔལ༔ སོགས་བྱ། བརྒྱུད་འདེབས་ནི། དཔལ་ལྡན་རྩ་བའི་བླ་མ། ཤློ་ཀ་གཅིག་གི་རྗེས་སུ་སྨན་མཆོད་ལྷན་ཐབས་ཀྱི་བླ་བརྒྱུད་རྣམས་ཀྱི་ཚིག་རྐང་བཞི་པ་གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་སྩོལ་ཞེས་འདོན་པ་བསྒྱུར་ནས་མཇུག་ཏུ། ཕྱི་དཀྱིལ་སྨིན་བྱེད་ལམ་གྱི་ལྷ་སྐུར་ཤར། །ལུས་དཀྱིལ་དབང་གི་རྩ་ཁམས་བདེ་དྲོད་འབར། །ཕྱག་རྒྱ་ལ་བརྟེན་དགའ་བཞིའི་བདེ་ཆེན་རྒྱས། །རང་སེམས་ཀ་དག་ཀུན་བཟང་མངོན་གྱུར་ཤོག །རྡོར་དྲིལ་རྔ་བྱིན་རླབས་ནི། སྒོམ་ཁོག་གི་ཚིག་ཅུང་ཟད་བདེ་རུ་བཏང་བ། རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡར་གྱི་རྭ་ལྔ་རིགས་ལྔ་ཡབ་ལྔ་དང་། མར་གྱི་རྭ་ལྔ་རིགས་ལྔ་ཡུམ་ལྔར་གསལ་བའི་ལྟེ་བ་མཁའ་གསང་བྱང་ཆུབ་ཀྱི་སེམས་སུ་འཁྱིལ་བ་ལས་འོད་འཕྲོས་པས་འཕགས་པ་མཆོད་ཅིང་འགྲོ་དོན་འབྱུང་བར་གྱུར། ཨཱོཾ་ཨཱཿཧཱུཾ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། དྲིལ་བུ་མི་དམིགས༝། མུཾ་ལས་བྱུང་བའི་དྲིལ་བུ་ཡུམ་གྱི་མཁའ་ནང་དུ་ཡབ་ཀྱི་རྡོ་རྗེ་དྲིལ་ལྕེར་གྱུར་པས་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་ཆོས་ཉིད་ཀྱི་རང་སྒྲས་སྟོང་གསུམ་གང་བར་གྱུར། མུཾ་ཀུ་ལནྡྷ་རི་གནྡྷེ་(༢བ)


GLG022_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ༔ རྔ་རྔ་ལྕག་དང་བཅས་པ་མི་དམིགས་པས༝། ཨ་ལས་རྔ་ཀུན་ཏུ་བཟང་མོའི་མཁའ་ལ་རྔ་ལྕག་ཀུན་ཏུ་བཟང་པོས་སྦྱོར་བ་བྱས་པས་བྱང་ཆུབ་ཀྱི་སེམས་ནམ་མཁའི་མཐའ་ཀླས་པར་བླ་མེད་སྙིང་པོའི་ཆོས་སྒྲས་གང་བར་གྱུར། དྷརྨ་དྷཱ་ཏུ་ཧཱུཾ་ཧཱུཾ་བཾ་ཀྵཾ་ས་མ་ཡ་ཧོཿ བགེགས་གཏོར་ལྷན་ཐབས་ནི། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ། ཨོཾ་ཨ་ཀཱ་རོ་སོགས། སྒྲུབ་ཁོག་ལས། ཡང་དག་དོན་ལ་མི་མོས་ཤིང་༔ མི་དང་མི་མིན་ལོག་འདྲེན་བགེགས༔ ལན་ཆགས་རེ་གཏོར་འདི་ཁྱེར་ལ༔ གནས་འདིར་ཁོར་ཡུག་ཚུན་ཆད་དུ༔ སྐད་ཅིག་ཙམ་ཡང་འདའ་མ་བྱེད༔ གལ་ཏེ་ང་ཡི་བཀའ་འདས་ན༔ བདེ་གཤེགས་མཁའ་འགྲོ་ཀུན་འདུས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ མཚམས་གཅོད་ཀྱི་ལྷན་ཐབས་ནི༔ སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ནམ་མཁའ་ལྟ་བུའི་ཀློང་ནས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་བཀའ་བརྒྱད་ཚོམ་བུ་དགུའི་ཁྲོ་བོའི་ཚོགས་ཀྱི་སྐུར་གྱུར་པ་མེ་དཔུང་འབར་བའི་ཀློང་དུ་གསལ་བ་ལས། སྤྲུལ་པ་ཡང་སྤྲུལ་གྱི་ཁྲོ་ཚོགས་སྐར་ལྟར་འཁྲུགས་པས་བགེགས་ཐམས་ཅད་སྲན་ཕུང་ལ་རྡོ་བརྒྱབ་པ་ལྟར་བསྐྲད་པར་༼ཨ༽འགྱུར༔ ༼ཨཱི༽སྲུང་འཁོར་མཇུག་གི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་ཅུང་ཟད་བདེ་རུ་བཏང་། སླར་ཡང་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་འཆོལ་པ་ཊཱཀྐི་རཱ་ཛ་སྐུ་མདོག་མཐིང་ནག་གཡས་ཐོ་བ་དང་གཡོན་ཞགས་པ་བསྣམས་པ་རབ་འཇིགས་གཏུམ་པོ་དཔག་ཏུ་མེད་པ་སྤྲོས༔ ཕྱོགས་སྐྱོང་བཅུ་བཀུག་སྟེ་སྟེང་འོག་ཕྱོགས་མཚམས་སུ་བསྣོལ་བའི་སྟེང་དུ་ཧཱུཾ་བཅུ་འཕྲོས་པར་༼ཨུ༽གྱུར། བྱིན་༼རཱྀ༽འབེབས་ཀྱི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ རུ་ཏྲའི་(༣ན)


GLG022_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དང་སྟོབས་བཟང་རོ༔ ཤར་ཕྱོགས་དུར་ཁྲོད་བསིལ་བའི་ཚལ༔ ཉ་ཡི་ཤིང་གྱོན་ཞིང་སྐྱོང་ནི༔ གནམ་འཕྲོདཀར་པོ་གླང་མགོ་ཅན༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ ཕྱོགས་སྐྱོང་བརྒྱ་བྱིན་སྐུ་མདོག་སེར༔ གླང་ཆེན་སྟེང་ན་རྡོ་རྗེ་བསྣམས༔ མཚོ་ནང་མཐའ་ཡས་ཀླུ་དབང་དཀར༔ སྦྲུལ་མགོ་གདེངས་ཤིང་ཐལ་མོ་སྦྱར༔ ཤར་སྤྲིན་དཀར་ལ་ཤིང་སྡོང་སེར༔ མཆོད་རྟེན་མདངས་ལྡན་བདེ་བྱེད་བརྩེགས༔ ཀེ་རི་བན་དམར་གྱིས་དབྱུག་མཐིང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མཁས་ཤིང་སྙིང་སྟོབས་ཆེ༔ ཧཱུཾ་ཀཱ་ར་ཡིས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ་ཌཱ་ཀི་ས་མ་ཡ་སརྦ་ཧྲིཾ་ཧྲིཾ་ཨཱཿ ཞེས་པའི་སྐབས་སུ་སྒྲའི་ཚོགས་བསྒྲག་ཅིང་བྱའོ༔ སྔགས་ཀུན་ལ་སྦྱར་རོ། །ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་མགོ་དང་འཆི་བདག་རོ༔ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས༔ ཤིང་ཆེན་བཀྲ་ཤིས་ཙཱུ་ཏ་སྔོ༔ ཞིང་སྐྱོང་འཚོ་བྱེད་མ་ཧེའི་གདོང་༔ ཕྱོགས་སྐྱོང་གཤིན་རྗེ་སྔོ་ནག་བརྗིད༔ ཐོད་དབྱུག་ཐོགས་ནས་མ་ཧེ་ཞོན༔ ཀླུ་ཆེན་འཇོག་པོ་གསེར་མཚོ་འཛིན༔ སྤྲིན་ཆེན་གནམ་སྡུད་སྔོ་སྐྱ་འཁྱིལ༔ མཆོད་རྟེན་ཏ་ལ་རིན་ཅེན་བརྩེགས༔ ཙེའུ་རི་མདའ་གཞུ་འགེངས་མ་སེར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རང་བྱུང་རྫུ་འཕྲུལ་ལྡན༔ འཇམ་དཔལ་བཤེས་གཉེན་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་ནང་ཁྲོལ་དབང་ཕྱུག་རོ༔ ནུབ་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས༔ ཤིང་ཆེན་ཨ་ཏ་ཨ་ལི་ཀ༔ ཞིང་ཆེན་རོལ་ཆེན་ཆུ་སྲིན་གདོང་༔ ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ༔ ཆུང་མ་དང་བཅས་ཆུ་སྲིན་ཞོན༔ ཀླུ་རྒྱལ་དུང་སྐྱོང་མཚོ་དམར་སྐྱ༔ སྤྲིན་སྒྲོགས་འཇིགས་པ་དམར་(༣བ)


GLG022_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འཁྲུག༔ མཆོད་རྟེན་བདེ་རྒྱས་ཁམས་གསུམ་སྒྲོལ༔ པྲ་མ་ཆུ་སྲིན་རྒྱལ་མཚན་དམར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོས་འཆད་འབྱོར་པ་ལྡན༔ ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག༔ གུ་རུ་དེ་བ་ཌཱ་ཀི༔། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་མཚན་མ་ཁྱབ་འཇུག་རོ༔ བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས༔ ཨར་པུ་ཏ་ན་མཛེས་པའི་ཤིང་༔ ཞིང་སྐྱོང་དུད་ཀ་རྟ་མགོ་ལྗང་༔ ཕྱོགས་སྐྱོང་གནོད་སྦྱིན་དབྱུག་ཐོགས་ལྗང་༔ ཆུང་མར་བཅས་ཏེ་རྟ་དམར་ཞོན༔ ཀླུ་རྒྱལ་སྟོབས་རྒྱུ་མཚོ་ཆེན་ལྗང་༔ རྨུགས་བྱེད་མྱོས་སྤྲིན་ལྗང་གུར་འཐིབས༔ མཆོད་རྟེན་དོན་ཡོད་འཕྲིན་ལས་གཏེར༔ པེ་ཏ་མཐིང་ནག་རྡོ་རྗེ་འཕྱར༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་མྱང་འདས་མཐུ་རྩལ་ཆེ༔ པྲ་ཆེན་ཧསྟིས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༔། ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་ལག་གཡས་དགའ་དབང་རོ༔ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར༔ ཤིང་ཆེན་ནྱ་ཡ་གྲོ་ཏ་བཟང་༔ ཞིང་སྐྱོང་འཇུངས་པ་ར་གདོང་སེར༔ ཕྱོགས་སྐྱོང་མེ་ལྷ་ཞུགས་བུམ་ཅན༔ ཆུང་མར་བཅས་ཏེ་ར་ལ་ཞོན༔ ཀླུ་རྒྱལ་པད་ཆེན་མཚོ་བཅས་སྔོ༔ གདུང་བྱེད་སྤྲིན་ཆེན་དམར་སེར་འཁྱིལ༔ མཆོད་རྟེན་གོའུ་ཏེ་ཤན་ཏི༔ པུ་ཀ་དམར་སེར་ཞིང་རྒྱུ་འདྲེན༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་རོལ་རྩེད་ཟས་བཅུད་ཆེ༔ བི་མཱ་མི་ཏྲས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་ལག་གཡོན་ཚོགས་བདག་རོ༔ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ༔ ཤིང་ཆེན་ཞི་ཁྲོ་རྫོགས་ལྡན་འོད༔ ཞིང་སྐྱོང་སྤྲུལ་པ་མི་གདོང་སྔོ༔ ཕྱོགས་སྐྱོང་སྲིན་པོ་གྲི་ཐོགས་སྨུག༔ ཆུང་མར་བཅས་ཏེ་མི་ལ་ཞོན༔ ཀླུ་ཆེན་ཧུ་ལུ་མཚོར་བཅས་སྨུག༔ སྤྲིན་ཆེན་གྷ་(༤ན)


GLG022_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེར་ཁྲ་འཁྱིལ༔ མཆོད་རྟེན་རྨད་གྲགས་ཀ་ནི་ཀ༔ ཀས་མ་དུང་དམར་དཀྲུག་འཐུང་ལྗང་༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་བདུད་འདུལ་བྱིན་རླབས་ཅན༔ དྷ་ན་སཾ་སྐྲྀ་ཏས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་རྐང་གཡོན་འབྲིང་གི་རོ༔ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ༔ ཤིང་ཆེན་ཏཛྷ་ནག་པོ་འཁྲིལ༔ ཞིང་སྐྱོང་ལྟོ་འཕྱང་ཤ་བའི་མགོ༔ ཕྱོགས་སྐྱོང་རླུང་ལྷ་བ་དན་འཕྱར༔ དུད་ཀ་ཆུང་བཅས་ཤ་བ་ཞོན༔ ཀླུ་ཆེན་རིགས་ལྡན་མཚོར་བཅས་ལྗང་༔ སྤྲིན་པ་རབ་ལྡན་ཆར་འབེབས་སེར༔ མཆོད་རྟེན་དགེ་ལྡན་མ་ཧཱ་བྷ༔ སྨེ་ཤ་ནག་མོ་ཙིཏྟ་ཟ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཁབ་བཞེས་བཙུན་མོར་ལྡན༔ རོམ་བུ་གུ་ཧྱས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ལྷ་ཆེན་རྐང་གཡས་སྨིན་དྲུག་རོ༔ བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས༔ ཤིང་ཆེན་ཏ་ལ་འོད་འབར་འཁྱིལ༔ ཞིང་སྐྱོང་དྲེགས་པ་ཅེ་སྤྱང་གདོང་༔ དབང་ལྡན་ལྗང་སྐྱ་རྩེ་གསུམ་ཅན༔ ཆུང་མར་བཅས་ཏེ་ཅེ་སྤྱང་ཞོན༔ ཀླུ་ཆེན་བ་སུ་མཚོར་བཅས་དཀར༔ སྤྲིན་ཆེན་ཉ་ཅན་ནག་པོར་འཁྲུག༔ མཆོད་རྟེན་ཀླུ་གནས་ཤིང་ཀུན་ཏེ༔ ཙནྡྷ་སེར་སྐྱ་མཆོག་ལུས་འབྲལ༔ མ་མོ་ཆེན་མོ་གཤེགས་སུ་གསོལ༔ སྟོན་པ་ཆོ་འཕྲུལ་བཟོ་ལ་མཁས ཤཱནྟིཾ་གརྦྷས་བྱིན་ཕོབ་ཅིག༔ གུ་རུ་དེ་ཝ་ཌཱ་ཀི་ནཱི༝༔ ཧཱུཾ། བྱིན་ཆེན་ངོ་མཚར་ཁྱད་པར་ཅན༔ ཕྱོགས་བཞི་མཚམས་བརྒྱད་དུར་ཁྲོད་བདག༔ ཞིང་སྐྱོང་མ་མོ་ཀུན་གྱི་རྗེ༔ རིགས་འཛིན་གྲུབ་ཐོབ་བརྒྱད་ཀྱི་གཙོ༔ གླུ་སོགས་སྡེ་བརྒྱད་ཀུན་གྱི་གཉན༔ མཆོད་རྟེན་ཤིང་ཆེན་ཀུན་ཏུ་བཞུགས༔ སྟོན་པ་མཐུ་སྟོབས་ལྷ་(༤བ)


GLG022_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་འདུལ༔ ཨྱོན་པདྨས་བྱིན་ཕོབ་ཅིག༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ གནས་འདིར་བྱིན་ཕོབ་བདག་དབང་བསྐུར༔ བགེགས་དང་ལོག་འདྲེན་བར་གཅོད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་༼ལྀ༽སྩོལ༔ ༼ཨཻ༽མཆོད་པ་སྨན་གཏོར་རཏྐ་བརླབ་པའི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། བདག་གི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་འཕྲོས་པས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཀྱི་མ་དག་པའི་སྐྱོན་རྣམས་ཡེ་ཤེས་ཀྱི་མེས་བསྲེགས། ཆོས་ཉིད་ཀྱི་རླུང་གིས་གཏོར། ཚད་མེད་ཀྱི་ཆུས་བཀྲུས་ཏེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བདུག་སྤོས་མ་སྔོན་མོ་སྤོས་ཁང་འཛིན་པ། མེ་ཏོག་མ་དམར་མོ་མེ་ཏོག་འཛིན་པ། དྲི་ཆབ་མ་དཀར་མོ་དྲིའི་དུང་ཆོས་འཛིན་པ། མར་མེ་མ་དམར་སེར་སྣང་གསལ་འཛིན་པ། ཞལ་ཟས་མ་དཀར་མོ་བཤོས་གཙང་འཛིན་པ། རོལ་མོ་མ་ལྗང་གུ་སིལ་སྙན་འཛིན་པ་དེ་རྣམས་རེ་རེ་ལས་ཀྱང་རང་འདྲའི་ལྷ་མོ་དཔག་ཏུ་མེད་པ་དཔལ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ནམ་མཁའ་མཛོད་ལྟ་བུར་ཟད་མི་ཤེས་པས་ཁྱབ་པར་༼ཨོཾ༽གྱུར༔ ༼ཨཿ༽སྨན་ཕུད་ཀྱི་སྣོད་བཅུད་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱིད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་བྱང་སེམས། སེང་གེའི་ཤ །སྨན་བཟང་པོ་དྲུག །ཤར་གྱི་རྩིབས་ལ་དྲི་ཆེན། གླང་པོ་ཆེའི་ཤ །ཛཱ་ཏི། ལྷོའི་རྩིབས་ལ་ཤ་ཆེན། རྟའི་ཤ །ཀ་ཀོ་ལ། ནུབ་ཀྱི་རྩིབས་ལ། པདྨ་རཀྟ། རྨ་བྱའི་ཤ །ལི་ཤི །བྱང་གི་རྩིབས་ལ་དྲི་ཆུ། ཁྱུང་ཤ །གུར་ཀུམ་རྣམས་(༥ན)


GLG022_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུཾ་ཨཱོཾ་སྭཱ་ཨཾ་ཧཱ་མུཾ་ལཾ་མཾ་པྱཾ་ཏཾ་གྱི་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་༼ཀ༽གྱུར། གྷ་གཏོར་མའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་ཐོད་པ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་ནང་དུ་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་སྤྲིན་གྱི་ཕུང་པོ་འཁྲིགས་པར་༼ང༽གྱུར། ༼ཛ༽རཀྟའི་སྣོད་བཅུད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར། ར་ལས་རྡོ་རྗེ་སྒེག་མོ་དམར་མོ་ཁ་ནས་ཁྲག་བབས་ཏེ་ཉོན་མོངས་པ་བག་ཆགས་དང་བཅས་པ་འཇོམས་པའི་རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལ། ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོངས་པར་༼ཛྷ༽གྱུར། ༼ཋ༽རྒྱུའི་ཏིང་ངེ་འཛིན་གྱི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་ལྷུག་པ་ཚིགས་བཅད་དུ་བསྡེབས་པ། རང་སེམས་རྒྱུ་ཡིག་ཧཱུཾ་སྔོན་པོ། །འོད་འབར་རང་བྱུང་ཆོས་ཀྱི་དབྱིངས། །མཁའ་ལ་ཟླ་བ་ལྡིང་བ་བཞིན། །རྒྱུ་ཡི་ཡི་གེ་ཧཱུཾ་དེ་ལས། །རཾ་ཡཾ་ཁཾ་གསུམ་རིམ་བཞིན་འཕྲོས། །མེ་ཡིས་འཇིག་རྟེན་དངོས་འཛིན་བསྲེགས། །རླུང་གིས་རྣམ་རྟོག་གཟུང་འཛིན་གཏོར། །ཆུ་ཡིས་བག་ཆགས་ཞེན་སྣང་༼ཌ༽བཀྲུས། །༼ཏ༽གཙོ་བོ་བསྐྱེད་པའི་ལྷན་ཐབས་ནི། །སྒོམ་ཁོག་གི་དོན་ཉུང་ངུར་བསྡུས་པ། །སྤྲོ་ཞིང་བསྡུས་ནས་འོད་དུ་ཞུ། །དེ་ཉིད་རྡོ་རྗེ་རྩེ་དགུར་༼ཐ༽གྱུར། །༼ན༽མཁའ་གསང་བྱིན་རླབས་ཀྱི་ལྷན་ཐབས་ནི། །མ་(༥བ)


GLG022_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སཱུཪྻ་མཎྜལ་སོགས་༼པ༽སོ། །༼ལ༽དབང་བསྐུར་བའི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་བདེ་རུ་ཅུང་ཟད་བཏང་བ། ཚོམ་བུ་དགུའི་ལྷ་ཚོགས་རྣམས་ཀྱི་དུང་ཁང་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྣམ་སྣང་དཀར་པོ་ཐུགས་ཀར་ཨཱོཾ་གྱིས་མཚན་པ། ལྗགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སྣང་བ་མཐའ་ཡས་དམར་པོ་ཐུགས་ཀར་ཨཱཿས་མཚན་པ། ཐུགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་རྡོ་རྗེ་སེམས་དཔའ་མཐིང་ག་ཐུགས་ཀར་ཧཱུཾ་གིས་མཚན་པས་དུས་གསུམ་བདེ་གཤེགས་བླ་མ་རིགས་འཛིན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོངས་སུ་རྫོགས་པ་ཐོབ། ཚོམ་བུ་དགུའི་ལྷ་ཚོགས་རྣམས་ཀྱི་གཙུག་ཏོར་གྱི་སྟེང་དུ་ཧཱུཾ་མཐིང་ག །དཔྲལ་བར་ཨོཾ་དཀར་པོ། རྣ་གོང་གཡས་སུ་སྭཱ་སེར་པོ། སྟག་པར་ཧྲཱིཿདམར་པོ། སྙན་གོང་གཡོན་དུ་ཧཱ་ལྗང་གུ་ལས་རིགས་ལྔ་སོགས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྟུག་གཟི་བརྗིད་འབར་བ་སྟེ་ཞི་བའི་ཚུལ་དགུ་འབར་བར་བཞུགས་ནས་དབང་ཆེན་རབ་འབྱམས་ཀྱི་དབང་བསྐུར་བ་ཐོབ་སྟེ་འགྲོ་དོན་ལ་དཔའ་བར་༼ཝ༽གྱུར།༼ས༽སྨན་མཆོད་ཀྱི་ལྷན་ཐབས་ནི། གསལ་སྒྲིགས། ཀུན་བཟང་རིགས་ལྔ་དམ་པ་ཏོག་དཀར་པོ། །ཕྱི་ནང་གསང་བའི་སྤྲུལ་པ་རྣམ་པ་གསུམ། །གསང་བདག་དམ་པའི་རིགས་ཅན་གྲ་མ་ལྔར། །དམ་རྫས་མྱོང་གྲོལ་སྨན་མཆོད་འབུལ་གྱིས་བཞེས། །ཨཱོཾ་མཧཱ་སརྦ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧི། ལས་ཀྱི་དབང་མོ་དབང་ཆུའི་བརྒྱུད་པ་དྲུག །རྒྱ་གར་རིགས་འཛིན་བརྒྱད་དང་པདྨ་འབྱུང་། །བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་ལ།༝༝།འགྲོ་མགོན་མངའ་བདག་མྱང་ཆེན་ཡབ་སྲས་དང་༔ གཏེར་སྟོན་ཆོས་དབང་བཀའ་བབས་སྨན་ལུང་པ། །དགས་སྟོན་གཉན་སྟོན་སེ་སྡིངས་(༦ན)


GLG022_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ལ།༝༝།གུ་རུ་ཆོས་འོད་མཚུངས་མེད་དཔལ་འབྱོར་དབང་། །ཆོས་ཀྱི་དབང་པོ་ཀརྨ་གུ་རུའི་མཚན། །དེ་སྲས་དབང་འབྱོར་རིག་པའི་རྡོ་རྗེ་ལ།༝༝།སླར་ཡང་ལེགས་ལྡན་རྡོ་རྗེ་མཁྱེན་བརྩེའི་ཞབས། །དབང་ཕྱུག་རབ་བརྟན་འཇམ་མགོན་བསོད་ནམས་མཆོག །ཟུར་ཆེན་ཀུན་མཁྱེན་རྩ་བའི་བླ་མ་ལ།༝༝།བཅོམ་ལྡན་བདེ་གཤེགས་ཞི་བའི་ལྷ་ཚོགས་དང་། །དཔལ་ཆེན་ཆེ་མཆོག་ཡོན་ཏན་ཡང་དག་ཐུགས། །འཇམ་དཔལ་སྐུ་དང་པདྨ་གསུང་གི་ལྷར།༝༝།ཕུར་པ་འཕྲིན་ལས་མ་མོ་རྦོད་གཏོང་ཚོགས། །རིགས་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དང་། །དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་༼ཧ༽ལ།༝༝། ༼ཁི༽བསྟོད་པའི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད་ཞི་ཁྲོ་སྤྱིར་དྲིལ་ནས་བསྟོད་པ། ཧཱུཾ་བཅོམ་ལྡན་བདེ་གཤེགས་ཀུན་བཟང་རིགས་ལྔ་ཡབ༔ གདུག་པ་འདུལ་ཕྱིར་ཁྲག་འཐུང་སྐུ་ལྔར་སྟོན༔ བཟང་མོ་ལ་སོགས་ཀྲོ་དྷཱི་ཡུམ་རྣམས་འཁྲིལ༔ སེམས་དཔའ་ལྕམ་དྲལ་མཐར་བྱེད་ཐུབ་པ་དྲུག༔ དྲེགས་པ་འཇོམས་མཛད་གཏུམ་རྔམ་ཚོགས་དང་བཅས༔ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ཚོམ་བུ་དགུ་ལ་སོ་སོར་བསྟོད་པ་ནི། ཧཱུཾ་བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་བདེ་སྦྱོར་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ རིགས་བཞི་ཧེ་རུ་ཀ་ཡབ་ཡུམ་ཡོན་ཏན་སྲས༔ སྤྲུལ་པའི་ཁྲོ་བཅུ་སྒོ་སྐྱོང་འཁོར་གྱིས་བསྐོར༔ བདེ་གཤེགས་དགོངས་འདུས་ཆེ་བའི་ཡོན་ཏན་རྒྱས༔ ཆེ་མཆོག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཆགས་མེད་བདེ་སྦྱོར་ཀྲོ་ཏི་ཤྭ་རཱི་འཁྲིལ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་ཐུགས་ཀྱི་སྲས༔ གནས་དང་ཡུལ་གྱི་མ་ཚོགས་སྒོ་མར་བཅས༔ དྲི་མེད་རྣམ་དག་ཐུགས་མཆོག་འགྱུར་པ་མེད༔ ཡང་དག་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྐུ་ལྔ་སྦྱོར་དང་དུག་ལྔ་སྒྲོལ་ཡུམ་འཁྲིལ༔ གཤེད་བཞི་ཡབ་(༦བ)


GLG022_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྐུ་ཡི་སྲས་དང་བཅས༔ ཕྱོགས་སྐྱོང་གིང་བདུད་སྒོ་བཞི་ཕྲ་མེན་བསྐོར༔ རབ་འཇིགས་རྔམ་པའི་སྐུ་མཆོག་ཁྱད་པར་ཆེ༔ གཤིན་རྗེ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རྟ་མགྲིན་པདྨ་དབང་༔ པདྨ་གཟི་ལྡན་བདེ་ཆེན་ཡུམ་མཆོག་འཁྲིལ༔ དབང་ཆེན་རིགས་བཞི་ཡབ་ཡུམ་གསུང་གི་སྲས༔ ཕྲ་མེན་ཟིལ་གནོན་ཁྲོ་རྒྱལ་སྒོ་བར་བཅས༔ གསུང་གི་དབང་ཕྱུག་རྟ་སྐད་ཕྱོགས་བཅུར་སྒྲོག༔ དབང་ཆེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ གསང་ཆེན་དགྱེས་མཛད་འཁོར་ལོ་རྒྱས་འདབས་འཁྲིལ༔ འཕྲིན་ལས་སྲས་བཞི་ཁྲོ་བཅུ་ཡབ་ཡུམ་བཅས༔ ཟ་གསོད་མ་ཚོགས་མིང་པོ་སྒོ་བས་བསྐོར༔ འཕྲིན་ལས་བདག་ཉིད་རྩལ་ཆེན་འགྲོ་བ་འདུལ༔ ཕུར་བ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་ཆེ་བཙན་མངོན་རྫོགས་སྐུ༔ དགྱེས་མཛད་ཡུམ་ཆེན་ཉིད་ཞི་མུ་ཁ་འཁྲིལ༔ རྟག་རྒྱལ་མ་ལྔ་བདེ་ཆེན་ཀུན་གྱི་སྲས༔ ཡེ་ཤེས་རྗེ་མོ་སྨན་མོ་སྒོ་སྐྱོང་བཅས༔ ལས་ཀྱི་བདག་མོ་རྦོད་གཏོང་ཕོ་ཉར་འགྱེད༔ མ་མོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། བཅོམ་ལྡན་དཔལ་ཆེན་རིགས་འཛིན་ཐོད་པ་རྩལ༔ མི་དམིགས་རྡོ་རྗེ་རྣལ་འབྱོར་གསང་ཡུམ་འཁྲིལ༔ ཐུགས་ཀྱི་སྲས་མཆོག་སློབ་དཔོན་རིགས་བཞི་སྟེ༔ དཔའ་བོ་དཔའ་མོ་སྒོ་བཞི་སྲུང་མཛད་བཅས༔ རྒྱུད་ལུང་མན་ངག་མངའ་བདག་རིག་པ་འཛིན༔ བླ་མ་ཡོངས་རྫོགས་ལྷ་ལ་༝༔ ཧཱུཾ། དྲེགས་པ་ཀུན་འདུལ་ཁྲོ་རྒྱལ་མི་བཟད་པ༔ ཁམས་གསུམ་སྲིད་པ་སྤྱི་འདུལ་ཡུམ་མཆོག་འཁྲིལ༔ ཐུགས་སྲས་ཕོ་ཉ་སྡེ་བཞི་ཡབ་ཡུམ་བཅས༔ སྡེ་དང་དཔོན་བཅས་སྒོ་སྐྱོང་དྲེགས་པའི་ཚོགས༔ (༧ན)


GLG022_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་རྒྱས་དབང་དྲག་ལས་རྣམས་ཅི་བཅོལ་སྒྲུབ༔ འཇིག་རྟེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུཾ། མཐུ་སྟོབས་རྩལ་ལྡན་རབ་གཏུམ་ཁྲོ་བོའི་རྒྱལ༔ ཀུན་གྲོལ་འབྱུང་བ་ལྔ་བདག་ཡུམ་མཆོག་འཁྲིལ༔ ཐུགས་སྲས་དྲེགས་པ་ལས་མཁན་ཡབ་ཡུམ་བཞི༔ དམ་ཚིག་དབང་གིས་བསྟན་སྲུང་སྔགས་བདག་ཚོགས༔ དྲག་པོ་བཅོ་བརྒྱད་གདུག་པའི་མཚོན་ངར་ཅན༔ དྲག་སྔགས་ཡོངས་རྫོགས་ལྷ་ལ༝༔ བཀའ་སྲུང་གི་བསྟོད་པ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་ཡོངས་རྫོགས་སྤྱན་སྔ་རུ༔ དམ་ནོས་རང་རྟགས་སྲོག་གི་སྙིང་པོ་ཕུལ༔ བཀའ་སྩལ་གཉེར་བླངས་རྫུ་འཕྲུལ་གར་གྱི་བདག༔ མ་ལྟར་བྱམས་ཤིང་སྲིང་ལྟར་དུངས་སེམས་ཀྱིས༔ དཀྱིལ་འཁོར་མིང་འཛིན་རྣལ་འབྱོར་ཡོངས་ལ་སྐྱོབ༔ བཀའ་སྲུང་ཡོངས་རྫོགས་ལྷ་ལ༝༔ དོན་གྱི་བསྟོད་པ་ནི། ཧཱུཾ། རྣམ་དག་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྲོ་དོན་འདོད་དགུར་བསྒྱུར་ཞིང་གཙོ་དང་འཁོར༔ ཇི་ལྟར་སྤྲུལ་ཡང་ཡེ་ཤེས་རིག་པའི་རྩལ༔ རང་ཤར་རང་གྲོལ་བདེ་གཤེགས་གཡུང་དྲུང་ལྷ༔ རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི༔ ཐམས་ཅད་ཆོས་སྐུ་ཡོངས་རྫོགས་ལྷ་༼གི༽ལ་བསྟོད༔ ཚོགས་༼ཛི༽བྱིན་རླབས་ཀྱི་ལྷན་ཐབས་ནི། སྒོམ་ཁོག་གི་ཚིག་དོན་ཚིགས་བཅད་དུ་བསྡེབས་པ༔ ཚོགས་ཀྱི་ཡོ་བྱད་སྟོང་པའི་ངང་༔ ཨ་དང་མ་ལས་ཉི་ཟླ་ཡི༔ སྣོད་དུ་འབྲུ་གསུམ་ཞུ་བ་ལས༔ འདོད་ཡོན་ལྔ་ལྡན་ཕུང་པོར་གྱུར༔ བསྐང་རྫས་བྱིན་རླབས་ཀྱི་ལྷན་ཐབས་ནི། གསར་སྒྲིགས། གཞན་ཡང་ཐུགས་དམ་སྐོང་བའི་རྫས་སུ་གྱུར་པ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་ཨརྒྷཾ། རྨད་དུ་བྱུང་བའི་གཏོར་མ། ཤ་ཆེན་ལང་ལིང་སྣ་ཚོགས་སུ༔ ཞུན་ཆེན་མར་མེའི་སྣང་གསལ། (༧བ)


GLG022_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཆེན་གསུང་གི་དུད་པ། ཐོད་པ་ལྟག་སྤྲོད། རྔ། དུང་ཆེན། རྐང་གི་གླིང་བུ། ཐུན་མོང་མཆོད་པ་སྣ་ཚོགས། རྨད་བྱུང་དམ་རྫས་མདངས་ལྡན། རི་རབ་གླིང་བཞིའི་མདོས་ཆེན་སོགས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་སྤྲིན་ཕུང་ཕྱི་འདོད་ཡོན་གྱི་ལྷ་མོ། ནང་ཡེ་ཤེས་ཀྱི་བདུད་རྩི། གསང་བ་བྱང་ཆུབ་སེམས་ཀྱི་རང་བཞིན། རྒྱ་ནམ་མཁའི་མཐའ་དང་མཉམ་ཞིང་དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་འབྱུང་བར་༼ཛྷི༽གྱུར། བསྐང་༼ཋི༽བའི་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། དང་པོ་དགོངས་སུ་གསོལ་བ་ནི། ཧཱུཾ། ཞི་ཁྲོ་རྒྱལ་བ་ཡོངས་རྫོགས་ལྷ༔ འགྲོ་ལ་ཕན་མཛད་ཐུགས་རྗེའི་བདག༔ སེམས་ཅན་ཀུན་གྱི་གཉེན་གཅིག་པུ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ ཞེས་བརྗོད་པས་ཆོས་སྐུ་ལས་གཟུགས་སྐུར་བཞེངས་པར་བསམ་མོ༔ དེ་ནས་བཤགས་པ་བྱ་བ་ནི། ཧཱུཾ། ཤར་ནས་བཛྲ་ཨ་ཀྵོ་བྷྱཿ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལ༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུཾ། ལྷོ་ནས་རཏྣ་སཾ་བྷ་ཏྲཱཾཿ རིན་ཅེན་རིགས་ཀྱི་ཐུགས་དམ་ལ༔ ང་རྒྱལ་དམ་ཚིག་འགྲེ༝༔ འདི་ཡང་མི་འཆབ༝༔ ཧཱུཾ། ནུབ་ནས་པདྨ་དེ་བ་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལ༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མ༝༔ ཧཱུཾ། བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལ༔ ཕྲག་དོག་དམ་ཚིག༝༔ འདི་ཡང་༝༔ ཧཱུཾ། དབུས་ན་བཻ་རོ་ཙ་ན་བཞུགས༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལ༔ གཏི་མུག་དམ་ཚིག༝༔ འདི་ཡང་མི་འཆབ༝༔ དེ་ནས་བསྐང་རྫས་དང་རང་རྟགས་བརྗོད་པ་ནི། མཆོད་རྫས་རྣམས་ཐོགས་ཏེ་དཀྱིལ་འཁོར་ལ་བསྐོར་ཞིང་འདི་སྐད་དོ༔ ཧཱུཾ། བསྐང་ངོ་བསྐལ་བས་ཐུགས་དམ་བསྐང་༔ (༨ན)


GLG022_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ལས་སྦྱོར༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་རྫས་རྣམས་ནི༔ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དང་༔ ཁྱད་པར་རྨད་དུ་བྱུང་བའི་གཏོར་མ་དང་༔ འཁོར་བ་རྒྱུ་ལས་བསྒྲལ་བའི་རཏྐ་དང་༔ རྣམ་དག་རྒྱུ་བསྒྲལ་བམ་ཆེན་རྫས་མཆོག་དང་༔ འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དང་༔ ཕྱི་ནང་གསང་བའི་ལོངས་སྤྱོད་སྣ་ཚོགས་ཀྱིས༔ བསྐང་ངོ་བསྐང་པས་ཐུགས་དམ་བསྐང་༔ དེ་ནས་བྱེ་བྲག་ཚོམ་བུར་བསྐང་བ་ནི། ཞི་བ་ལྷུན་གྱིས་སྤྱི་བསྐུལ་ལྟར་མཚན་བཤར། གྲུབ་པའི་དཀྱིལ་འཁོར་ནས༔ ཞེས་པ་ནས། བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་དཀྱིལ་འཁོར་བརྟན་པར་བཞུགས༔ གཉིས་སུ་མེད་པར་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་སྐོང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཞེས་ཚོམ་བུ་དགུའི་ལྷ་ཐམས་ཅད་ལ་འགྲེས་སུ་ཤེས་པར་བྱ་སྟེ། མཚན་དོན་བྱེ་བྲག་ཏུ་བསྐང་བའོ༔ སྐབས་སུ་དམ་རྫས་དང་རང་རྟགས་གོང་བཞིན་བརྗོད་ལ་བསྐང་ངོ་། །དེ་རྗེས་སུ་སྒོས་དམིགས་འདོད་གསོལ་གདབ་པ་ནི། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛོད༔ ཚེ་དབང་ལོངས་སྤྱོད་ཐམས་ཅད་རྒྱས་པར་མཛོད༔ ཁམས་གསུམ་སྲིད་གསུམ་གདུལ་བྱ་དབང་དུ་སྡུས༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་ཆོད་ཅིག༔ ཅེས་དམིགས་པ་དང་། སྒོས་ཁུང་སའི་ལྷ་དང་། རང་བསྟེན་པའི་(༨བ)


GLG022_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་རྣམས་ལ་ཡང་བསྐང་གསོ་མཚན་ནས་བརྗོད་དེ་བྱའོ། །དེ་ནས་རྐྱེན་བཟློག་བྱོལ་གདབ་པ་ནི། ལྷའི་ང་རྒྱལ་དང་ལྡན་པས་ཐལ་མོ་བརྡབ་ཅིང་འདི་སྐད་དོ། །ཧོཿ དེ་ལྟར་བསྐང་བསྐང་གསོ་གསོ་ནས༔ ད་འདི་ལྟར་ཁོ་ནར་བཟློག་བསྒྱུར་མཛོད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཡས་ཀྱི་བདུད་དུ་གཡོས་པ་བཟློག༔ མས་ཀྱི་སྲི་རུ་ལངས་པ་བཟློག༔ ཕ་ཚན་ནང་གི་རྒྱ་འདྲེ་བཟློག༔ དར་ཚན་ནང་གི་སྟོང་འདྲེ༝༔ གཡས་ན་ཕོ་བརྒྱ་མདའ་བརྡར་བཟློག༔ གཡོན་ན་མོ་བརྒྱ་དུག་གཡོས༝༔ རྒྱབ་ནི་མི་གསུམ་གྲོས་བྱེད༝༔ མདུན་ན་རྟ་གསུམ་སྲབ་འཆའ༝༔ འུག་པ་སྤོ་ལ་རྒོད་པ༝༔ སྲིན་བྱ་གོང་ཁར་འབོད་པ༝༔ ལོགས་ལ་ཝ་སྤྱང་བརྒྱལ་བ༝༔ སྲོད་ལ་ཁྱིམ་བྱ་འཚེར་བ༝༔ ཐོ་རངས་སྒོ་ཁྱི་ངུ་བ༝༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག༔ བན་བོན་ངན་སྔགས་ཟོར་ཁ༝༔ ལོ་སྐག་ཟླ་སྐག་ཀི་ཀང་སྐེག༔ གློ་བུར་བརྒྱད་ཅུ་རྩ་གཅིག༝༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༝༔ བཞི་བརྒྱ་རྩ་བཞིའི་ནད་རྣམས༝༔ དུས་མིན་འཆི་བ་རྣམ་བརྒྱད༝༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས༝༔ རྩིས་བྱས་རྡེའུ་ནག་པོ༝༔ མོ་ངན་རྨི་ལམ་ངན་པ༝༔ མི་ནག་སྐྱེ་བོའི་ཡ་ག༝༔ བྲན་ཁོལ་ངན་པའི་དམོད་མཆུ་བཟློག༔ ཕོ་བྷྱོ་དེ་ནི་གཡས་སུ་བྷྱོ༔ མོ་བྱོལ་དེ་ནི་གཡོན་དུ་བྱོལ༔ ཕྱི་བདུད་དེ་ནི་མཁའ་ལ་བྱོལ༔ ངན་པ་ཐམས་ཅད་སྡང་བའི་དགྲ་ལ༝༔ དགྲ་དང་བགེགས་ལ་བྷྱོ་བྷྱོ་བྷྱོ༔ ཞེས་ཐལ་མོ་བརྡབ་༼ཌི༽བོ། །བསྐུལ་༼མི༽གྱི་ལྷན་ཐབས་ནི། ཧཱུཾ། མི་མངོན་དབྱིངས་ན་བཞུགས་པ་རྒྱལ་བ་ཞི་ཁྲོའི་ཚོགས༔ ཨཱཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཨཱོཾ། བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ཧྲཱིཿ མཛོད་ཅིག་མཛོད་ཅིག་བཅོལ་བའི་འཕྲིན་ལས་མཛོད༔ ཨཱཿ ཆོས་སྐུ་(༩ན)


GLG022_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པའི་ངང་ཉིད་ལས༔ ཨཱོཾ། སྐྱེ་བའི་ཆོ་འཕྲུལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཧཱུཾ། སྤྲུལ་སྐུ་འགྲོ་བ་སེམས་ཅན་དོན་མཛད་པ༔ ཧྲཱིཿ ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་ཅན༔ ཨཱོཾ། གཟུགས་སྣང་ཐམས་ཅད་སྐུ་ཡི་རང་བཞིན་ལ༔ ཨཱཿ སྒྲ་བསྒྲགས་ཐམས་ཅད་གསུང་གི་ངོ་བོར་སྣང་༔ ཧཱུཾ། དྲན་རྟོག་ཐམས་ཅད་ཐུགས་ཀྱི་དགོངས་པར་འདུས༔ ཧྲཱིཿ ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་བཅོམ་ལྡན་འདས༔ ཧཱུཾ། ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ སེང་གེ་གླང་ཆེན་རྟ་ཁྱུང་རྨ་བྱའི་ཁྲི༔ རིན་ཅེན་ཉི་ཟླ་པདྨ་འོད་འབར་སྟེང་༔ དཔལ་འབར་ཞི་བ་ཡོངས་རྫོགས་ལྷ་ཚོགས་ནི༔ རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་གཙོ༔ ནམ་མཁའ་ཀུན་བཟང་བདེ་གཤེགས་ཡུམ་ཆེན་སྦྱོར༔ རྣམ་སྣང་རིན་འབྱུང་མཐའ་ཡས་དོན་ཡོད་གྲུབ༔ སངས་རྒྱས་སྤྱན་དང་མཱ་མ་གོས་དཀར་སྒྲོལ༔ ས་སྙིང་ནམ་སྙིང་སྤྱན་རས་ཕྱག་རྡོར་དཔལ༔ ལཱ་སེ་མཱ་ལེ་གཱིརྟི་ནཱིརྟི་མ༔ བྱམས་པ་སྒྲིབ་སེལ་ཀུན་བཟང་འཇམ་པའི་དབྱངས༔ དྷཱུ་པེ་པུཥྤེ་ནཱི་པེ་གནྡྷེ་མ༔ ཀུན་བཟང་ཡིད་ལ་བཟང་མོ་ཆོས་དབྱིངས་ཡུམ༔ ལྷ་དབང་བརྒྱ་བྱིན་ཐགས་བཟང་ཤཱཀྱ་ཐུབ༔ སེང་གེ་དམ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་སོགས༔ བཞི་བཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་སྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧོཿ བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་ཅན༔ ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི། ཕྱི་ནང་གསང་བ་སྨན་རག་གཏོར་མའི་མཆོད་པ་བཞེས་ཤིག༔ མཧཱ་པཉྩ་བྷ་ལིཾ་ཏ་(༩བ)


GLG022_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་སརྦ་པཱུ་ཙ་ཁཱ་ཧི༔ བཤགས་པར་གསོལ་བ་ནི། སྤྱི་དང་ཁྱད་པར་རྩ་བ་ཡན་ལག་གི་དམ་ཚིག་ལ་ཉམས་ཆགས་དང་འགལ་འཁྲུལ་དུ་གྱུར་པ་མཐོལ་ཞིང་བཤགས་སོ༔ ས་མ་ཡ་ཨཱཿ འཕྲིན་ལས་སུ་བཅོལ་བ་ནི། ཞི་རྒྱས་དབང་དྲག་གི་འཕྲིན་ལས་རྣམ་བཞི་བདག་གི་ཡིད་བཞིན་དུ་སྒྲུབས་ལ་ལོག་ལྟ་གདུག་པ་ཅན་ཐམས་ཅད་མྱུར་དུ་ཚར་ཆོད་ཅིག འཇིགས་བརྒྱད་ཤནྟིང་ཀུ་རུ་ཡེ་སྭཱཧཱ༔ འབྱོར་དྲུག་པུཥྚི་ང་༝༔ ཁམས་གསུམ་བ་ཤཾ་ཀུ་རུ་ཡེ་སྭཱཧཱ༔ དགྲ་བགེགས་མཱ་ར་ཡ་རྦད༔ དུས་མིན་འཆི་བའི་ནད་གདོན་བར་ཆད་རྦོད་ཟོར་ལྟས་ངན་བཟློག་བྷྱོ༔ དེ་ལྟར་མཆོད་བཤགས་བཅོལ་གསུམ་འོག་མ་ཚོམ་བུ་དགུ་ཆར་ལ་མཚན་འགྲེས་སུ་ཤེས་པར་བྱའོ༔ ཧཱུཾ། ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ བྱོལ་སོང་གཙོ་བརྒྱད་ལྷ་ཆེན་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ ཆེ་མཆོག་ཡོན་ཏན་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་འཁྲིལ༔ རཀྴ་གུ་ཡ་བི་ཤ་ཡགྴ་སྟེ༔ ཧེ་རུ་ཀ་བཞི་ཀྲོ་ཏི་ཡུམ་དང་བཅས༔ ལྷ་དང་དྲི་ཟ་མེ་ལྷ་གཤིན་རྗེ་སྲིན༔ ཆུ་བདག་རླུང་ལྷ་གནོད་སྦྱིན་བགེགས་སའི་བདག༔ ཕྱོགས་སྐྱོང་འདུལ་བྱེད་ཁྲོོ་བོ་ཆེན་པོ་བཅུ༔ པྲཛྙ་ཡ་མ་པདྨ་བི་གྷན་ཏེ༔ ཏ་ཀྲྀཏ་སྒོ་སྐྱོང་ཅེ་སྤྱང་མ་བརྒྱད་སོགས༔ སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་༝༝༝༔ ཧོཿ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས་དམ་ཅན་ཁྱེད་རྣམས་ལ་ཞེས་འགྲེ། ཧཱུཾ། ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་རུ་ཏྲ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ ཐུགས་མཆོག་ཡང་དག་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་(༡༠ན)


GLG022_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀྲོ་ཏི་ཤྭ་རཱི་འཁྲིལ༔ བུདྡྷ་རཏྣ་པདྨ་ཀརྨ་སྟེ༔ ཧེ་རུ་ཀ་བཞི་ཀྲོཏཱི་ཡུམ་དང་སྦྱོར༔ ཀོའུ་རི་ཙེའུ་རི་པྲ་མ་པེ་ཏ་ལི༔ པུ་ཀ་གྷསྨ་སྨ་ཤ་ཙནྡྷ་ལི༔ སིངྷ་བྱ་གྷྲི་སྲི་ལ་ཤྭ་ན་མ༔ ཀྲི་ཏ་ཀངྐ་ཁ་ཁཱ་ཧུ་ལུ་མ༔ གནས་ཡུལ་ཀོ་སིང་བཅུ་དྲུག་མ་ཚོགས་དང་༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ སྒོ་བཞིར་རབ་རྔམ་ཡེ་ཤེས་སྒོ་མ་བཞི༔ བཀའ་སྡོད་དབང་ཕྱུག་ཉེར་བརྒྱད་ལ་སོགས་ཏེ༔ ལྔ་བཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧཱུཾ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཆུ་གླང་ཟུང་བཞི་བཤིབས་པའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ སྐུ་མཆོག་གཤིན་རྗེ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྦྱོར་སྒྲོལ་ཡུམ་ཆེན་པེ་ཏ་ཛ་ཏི་འཁྲིལ༔ ཡ་མ་རཱ་ཙ་རལ་གཅིག་མྱོས་བྱེད་གཏུམ༔ ཨཱཪྻ་འོད་ཟེར་ཚར་དགུ་རེ་མ་ཏཱི༔ སྐུ་སྲས་གཤེད་བཞི་ཡབ་དང་ཡུམ་དུ་བཅས༔ ནག་འཇོམས་རེ་ཏཱི་ཕྱ་སངས་གདོང་དགུ་མ༔ བྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ༔ ཡ་བ་རྔམ་སྟབས་མིག་དམར་ཁྲག་རལ་ཅན༔ དམིགས་པ་ཀླུ་མོ་ཏེལ་པ་སྤྱན་གཅིག་མ༔ བདུད་འཇོམས་རལ་གཅིག་ཆོས་རྒྱལ་རལ་པ་ཅན༔ རྗེ་མར་རལ་ནག་ཐོད་དབྱུག་ཕག་མགོ་མ༔ ཕྱོགས་སྐྱོང་གཤེད་ཆེན་བཅུ་གཉིས་ཡུམ་དང་བཅས༔ རྒོད་སྟག་ཀང་ཀ་སྤྱང་མགོ་སྒོ་སྐྱོང་བཞི༔ གྲི་ཐོགས་གིང་བཞི་ཁམ་ཐོགས་བདུད་པོ་བཞི༔ ཤོད་ཐོགས་རྩིས་བཞི་སྲོག་གཅོད་བཤན་པ་བཞི༔ གདུག་པ་གཟའ་གདོང་ཡི་དྭགས་ལ་སོགས་ཏེ༔ ལྔ་བཅུ་རྩ་ལྔ་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿའཇམ་དཔལ་སྐུའི་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། པདྨ་རོལ་པའི་དུར་ཁྲོད་(༡༠བ)


GLG022_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ནས༔ ཀླུ་རྒྱལ་གདུག་པ་ཕོ་མོའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ གསུང་མཆོག་པདྨ་ཡོངས་རྫོགས་ལྷ་ཚོགས་ན༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་གི་གཙོ༔ གཉིས་མེད་ཡུམ་ཆེན་པདྨ་གཟི་ལྡན་འཁྲིལ༔ སྐུ་ལས་སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ རྡོ་རྗེ་རིན་ཅེན་པདྨ་ལས་དབང་ཆེན༔ དབང་ཕྱུག་རིགས་བཞི་ཡུམ་བཅས་གསུང་གི་སྲས༔ ཞི་ཁྲོ་ཟིལ་གནོན་མི་ཕམ་ཁྲོ་གཉེར་མ༔ མ་ཁྱུང་ཟིལ་གནོན་རོ་ལངས་སྤྱན་གཅིག་མ༔ ཕོ་མོ་ཟིལ་གནོན་ཁྲོ་མོ་གཤིན་རྗེ་མོ༔ གཟའ་ཀླུ་ཟིལ་གནོན་ཀླུ་མོ་གནོད་སྦྱིན་མོ༔ ཟིལ་གནོན་ཁྲོ་བོ་ཡབ་ཡུམ་བརྒྱད་རྣམས་དང་༔ འགུགས་འདྲེན་སྡོམ་བརྡེག་ཡེ་ཤེས་སྒོ་མ་བཞི༔ ཁམས་བརྒྱ་མ་དྲུག་དམུས་ལོང་རྒྱབ་འགྲེལ་བཞི༔ ཡེ་ཤེས་དཔལ་གྱི་སྤྱང་བརྒྱད་ཁྱི་བརྒྱད་དང་༔ ཕོ་ཉ་མཆེ་གཤོག་ངུར་འབྲུག་དབང་ཕྱུག་སོགས༔ དྲུག་ཅུ་རྩ་གསུམ་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ པདྨ་གསུང་གི་ལྷ་ཚོགས་སོགས་འགྲེ། ཧཱུཾ། ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ མཧཱ་དེ་ཝ་བསྣོལ་བའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ འཕྲིན་ལས་ཕུར་པ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་འཁྲིལ༔ སྲས་མཆོག་བུདྡྷ་རཏྣ་པདྨ་དང་༔ ཀརྨ་ཀཱི་ལཱ་ཡ་སོགས་ཡུམ་དང་བཅས༔ ཧཱུཾ་ཀཱ་ར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད༔ མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ༔ སྒྲ་འབྱིན་བསྙེམས་མ་སྡེར་མ་དུར་ཁྲོད་བདག༔ གཏུན་ཁུང་གཏུམ་མོ་མདའ་བསྙེམས་རླུང་འབྱིན་མ༔ གསོད་མ་སྐུལ་བྱེད་ལ་སོགས་ཁྲོ་བོ་བཅུ༔ ཕག་དང་རྨིགས་བུ་སྟག་དང་(༡༡ན)


GLG022_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་མགོ༔ གཡག་དང་བྱ་རོག་ཤ་བ་འུག་པའི་མགོ༔ གཟིག་དང་ཁྭ་ཏ་བྱི་ལ་པུ་ཤུད་མགོ༔ སྤྱང་མོ་ཁྲ་དང་སེང་གེ་ཕ་ཝང་མགོ༔ དོམ་དང་སྲེ་མོ་དྲེད་དང་བྱི་བའི་མགོ༔ ཟ་བྱེད་གསོད་བྱེད་ཕྲ་ཐབས་ཉི་ཤུའི་ཚོགས༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་མགོ་མ༔ སྒོ་སྐྱོང་ཕྲ་མེན་ཆེན་མོ་བཞི་རྣམས་དང་༔ ཤྭ་ན་ཤྭ་ན་སྲི་ཀ་སྲི་ལ་མ༔ རི་ཏི་རི་ཏི་རེ་ཛ་རེ་མ་ཛུ༔ ཡ་བྱིན་དེ་བྱིན་བསེ་བྱིན་ཕག་བྱིན་མ༔ བསེ་ཡི་སྐྱེས་བཞི་ལྕགས་ཀྱི་སྐྱེས་བུ་བཞི༔ དུང་གི་སྐྱེས་བུ་བཞི་དང་འབྱུང་པོ་སེར༔ བདུན་ཅུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ ཕུར་པ་འཕྲིན་ལས་ཀྱི་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། མ་མོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ སྲིད་པའི་མ་མོ་འབུམ་བསྣོལ་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ རྦོད་གཏོང་མ་མོ་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཉིད་ཞུ་མུ་ཁ་འཁྲིལ༔ སྣང་གསལ་འོད་གསལ་མཉེན་གསལ་ཡང་གསལ་གཡོས༔ བཀྲག་གསལ་ལ་སོགས་དབྱིངས་ཀྱི་ཡུམ་ཆེན་དྲུག༔ བདེ་འགྲོ་ཐོད་འཕྲེང་ཁྲག་འཐུང་མ་མོ་དང་༔ སྲིད་པ་བདེ་སྦྱོར་ཁམས་གསུམ་འཚོ་བྱེད་དྲུག༔ མིག་གཅིག་མྱོས་བྱེད་ཟ་བྱེད་ཚེ་འཕེལ་བཞི༔ དབྱིངས་ཕྱུག་བདག་ཉིད་གཅིག་པུ་རྒྱན་རྒྱལ་བཞི༔ ཆགས་བྱེད་ཆ་སྙོམས་རལ་གཅིག་མཐུ་མོ་ཆེ༔ དབང་སྒྱུར་སྲིད་འདེགས་གར་དབང་པདྨ་གར༔ ཀུན་གྲགས་ཀུན་བཟང་དྲེགས་བསྙེམས་ཡེ་ཤེས་མཆོག༔ འོད་གསལ་གཡུ་སྒྲོན་གསལ་འཁྲོ་ཆེན་མོ་བདུན༔ མཆེ་གཙིགས་ཁ་འཕྱང་མཆུ་འཇིབ་རྐང་བལྡག་བཞི༔ ཧར་ཏིང་དུན་ཏིང་ཤན་ཏིང་གྲུབ་ཏིང་བཞི༔ མགྱོགས་མ་ཁྱུང་ལྡིང་གཡག་ཐོད་སྡེར་ཆེན་བཞི༔ (༡༡བ)


GLG022_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོ་དབུ་དགུ་དབུ་ལྔ་ཙ་མུན་ཏི༔ ཁྲམ་གཏོང་གླིང་དབང་ཐིག་ཆེན་རྒྱ་མཚོ་བཞི༔ སྟག་སྲིན་བམ་སྲིན་ཀོང་སྲིན་འབྲོག་སྲིན་བཞི༔ རོ་ཁ་ཙན་ཏྲི་ཛ་མུན་ཛ་ཏི་བཞི༔ རོ་ལངས་ནག་མོ་འཇིག་རྟེན་ཕུང་གསུམ་དང་༔ གསང་བའི་མ་གསུམ་གསང་བའི་ཕོ་ཉ་གསུམ༔ བདུན་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། རིགས་འཛིན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དར་ཆེན་ལྟབ་ཁྲི་བརྩེགས་པའི་ཁྲི་སྟེང་ན༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ གདུང་འཚོབ་རིགས་འཛིན་ཡོངས་རྫོགས་ལྷ་ཚོགས་ནི༔ དཔལ་ཆེན་རིགས་འཛིན་གཙོ་མཆོག་ཐོད་པ་རྩལ༔ མི་དམིགས་ཡུམ་ཆེན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ ལྷུན་གྲུབ་ཕྱག་རྒྱ་ཚེ་དབང་རྣམ་སྨིན་བཞི༔ ཡང་དག་རིགས་འཛིན་རྡོ་རྗེ་བསམ་གྲུབ་རྩལ༔ འཇམ་དཔལ་རིགས་འཛིན་རྡོ་རྗེ་གྲུབ་པ་རྩལ༔ གསུང་གི་རིགས་འཛིན་རྡོ་རྗེ་དྲག་པོ་རྩལ༔ ཕུར་པའི་རིགས་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡོན་ཏན་རིགས་འཛིན་རྡོ་རྗེ་གྲོ་ལོད་རྩལ༔ རྦོད་གཏོང་རིགས་འཛིན་རྡོ་རྗེ་དབང་སྡུད་རྩལ༔ མཆོད་བསྟོད་རིགས་འཛིན་རྡོ་རྗེ་གཤོག་རྒོད་རྩལ༔ དྲག་སྔགས་རིགས་འཛིན་རྡོ་རྗེ་མཐེབ་གཤོག་རྩལ༔ སྒོ་བཞི་སྐྱོང་མཛད་རྡོ་རྗེ་སློབ་དཔོན་ནི༔ དམ་ཚིག་དབང་གི་སློབ་དཔོན་ཆེན་པོ་དང་༔ མན་ངག་ལུང་གི་སློབ་དཔོན་ཆེན་པོ་དང་༔ ཤེས་རབ་རྒྱུད་གྲོལ་སློབ་དཔོན་ཆེན་པོ་དང་༔ ཉམས་ཆགས་སྐོང་བའི་སློབ་དཔོན་ཆེན་པོ་བཞི༔ རྡོ་རྗེ་རིན་ཅེན་པདྨ་ལས་མཁའ་འགྲོ༔ རྡོ་རྗེ་རིན་ཅེན་པདྨ་ལས་ཀྱི་གིང་༔ དཔའ་བོ་དཔའ་མོ་ལ་སོགས་ཉི་ཤུ་དྲུག༔ བླ་མ་རིགས་འཛིན་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས༝༝༝༔ ཧོཿ རིགས་འཛིན་སློབ་དཔོན་(༡༢ན)


GLG022_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། འཇིག་རྟེན་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ དྲེགས་པ་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ མཆོད་བསྟོད་བསྟན་སྲུང་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ཆེ༔ གཉིས་མེད་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁྲིལ༔ ལྷ་ཆེན་ཡབ་ཡུམ་ཐུགས་སྲས་དྲེགས་པ་འདུལ༔ གཤིན་རྗེ་གསོད་བྱེད་སྐོས་རྗེ་བདུད་མོ་དང་༔ གློག་ཕྲེང་སྦལ་མགོ་གནོད་སྦྱིན་གནོད་སྦྱིན་མོ༔ ཤམྦྷ་གནམ་ཐེ་སྤྱི་མདུད་དཀར་པོ་གསུམ༔ སྲིད་རྒྱལ་སྔགས་སྲུང་མཁའ་འགྲོ་ནག་མོ་གསུམ༔ བདུད་འདུལ་སྲོག་ཟན་ཡམ་ཤུད་དམར་པོ་གསུམ༔ གུ་ལང་བགེགས་རྒྱལ་དམུ་བདུད་ནག་པོ་གསུམ༔ སྒོ་བཞིར་སྲོག་བདག་པེ་ཧར་མ་སངས་དང་༔ མགོན་ནག་ལ་སོགས་དབང་ཆེན་སྡེ་བཞི་དང་༔ གཟའ་བདུད་གནམ་སྨན་ཀླུ་བདུད་ཀླུ་མོར་བཅས༔ གིང་ཆེན་བདུད་ནག་གཟའ་ཀླུ་སྲིན་པོ་དང་༔ གནོད་སྦྱིན་མ་མོ་ལ་སོགས་སྡེ་བརྒྱད་ཚོགས༔ སུམ་ཅུ་རྩ་གཉིས་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་༝༝༝༔ ཧོཿ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ། ཧཱུཾ། དྲག་སྔགས་རོལ་བའི་དུར་ཁྲོད་ཆེན་པོ་ནས༔ དགྲ་བགེགས་ཕོ་མོ་བསྣོལ་བའི་ཁྲི་སྟེང་དུ༔ ཉི་མ་ཟླ་བ་པདྨ་གེ་སར་སྟེང་༔ དམོད་པ་དྲག་སྔགས་ཡོངས་རྫོགས་ལྷ་ཚོགས་ནི༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཆེ༔ གཉིས་མེད་ཡུམ་ཆེན་འབྱུང་ལྔའི་བདག་མོ་འཁྲིལ༔ འཆི་བདག་སྲོག་བདག་བདུད་ཕོ་བདུད་མོ་དང་༔ སྲིན་ནག་འཇོམས་བྱེད་གངས་བཟང་ཤ་ཟ་མོ༔ ལྷ་ཆེན་མགོན་ནག་ཐར་པ་དམུ་རྗེ་དང་༔ སྒོ་སྐྱོང་རྒྱལ་པོ་ཡབ་ཤུད་རྡོ་རྗེ་ལེགས༔ ཁུ་ལེ་ལག་དགུ་ལ་སོགས་བཀའ་ཉན་དང་༔ ཁྱབ་འཇུག་ཆེན་པོ་ཀླུ་རྒྱལ་གཞོན་ནུ་གཏུམ༔ བཤན་པ་ལྷ་(༡༢བ)


GLG022_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་སྡེ་བརྒྱད་ལ་སོགས་ཏེ༔ ཉི་ཤུ་རྩ་བརྒྱད་རྒྱལ་བ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱེད་ལ། དམ་རྫས་བདུད་རྩི་འབར་བ༝༔ ཐུགས་དམ་རྒྱུད་བསྐུལ༝༔ ཧོཿ དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་ཅན་སོགས་འགྲེ༔ ཧཱུཾ། དཀྱིལ་འཁོར་ཆེན་པོའི་བར་ཁྱམས་འཁོར་ཡུག་ནས༔ བཀའ་སྲུང་ཕོ་ཉ་ཡོངས་རྫོགས་ལྷ་ཚོགས་ནི༔ དབང་ཕྱུག་ཉེར་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ གིང་ཆེན་བཅོ་བརྒྱད་ལངྐ་བཅུ་དྲུག་དང་༔ འབར་མ་བརྒྱད་དང་ཡེ་ཤེས་མ་མོ་བདུན༔ སྲིང་མོ་རྣམ་བཞི་རྟོག་བྱེད་འཇོམས་བྱེད་མ༔ གདབ་ཕུར་བརྒྱ་རྩ་བརྒྱད་པོ་མཐུ་རྩལ་ཅན༔ སྟག་གདོང་དཀར་མོ་ཕག་གདོང་ནག་མོ་དང་༔ སྤྲེལ་གདོང་དམར་མོ་སྤྱང་གདོང་ལྗང་གུ་སྟེ༔ འཛིན་འཆིང་སྡོམ་བརྡེག་ཡེ་ཤེས་སྒོ་མ་བཞི༔ ལྕགས་རི་སྐྱོང་མཛད་ཕོ་ཉ་དྲུག་ཅུ་བཞི༔ ས་བདག་ཆེན་མོ་སུམ་ཅུ་རྩ་གཉིས་དང་༔ རིགས་འདུས་མཁའ་འགྲོ་འབུམ་ཕྲག་ཉི་ཤུ་དང་༔ མ་ཡམས་བསྟན་མ་བཅུ་གཉིས་ལ་སོགས་ཏེ༔ ཕོ་ཉ་ཡོངས་རྫོགས་དགྲ་འདུལ་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་གནས་འདིར་སྐུ་བསྐྱོད་ཅིག༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ ཧོཿ དཔལ་གྱི་བཀའ་སྡོད་ལྷ་ཚོགས་ཐུགས་དམ་ཅན་ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི་སོགས་རིགས་འགྲེ། ཚོགས་ཐ་མའི་ལྷན་ཐབས་ནི་གཏེར་གཞུང་བཅོས་མེད། ཧཱུཾ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད༔ ཧཱུཾ། ང་ནི་ཆེ་མཆོག་ཧེ་རུ་ཀ༔ སྲས་དང་སྤྲུལ་པ་བྱ་བ་འབུམ༔ (༡༣ན)


GLG022_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཆེ་མཆོག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་བཟུང་ལ་ཕུར་པས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཧཱུཾ། ང་ནི་བཛྲ་ཧེ་རུ་ཀ༔སྲས་དང་སྤྲུལ་པ་མན་ཆད་འགྲེའོ། །ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ ཧཱུཾ། ང་ནི་རྟ་མགྲིན་པདྨ་དབང་༔ ཧཱུཾ། ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཧཱུཾ། ང་ནི་བླ་མེད་ཧེ་རུ་ཀ༔ ཧཱུཾ། ང་ནི་རིགས་འཛིན་ཐོད་པ་རྩལ༔ ཧཱུཾ། ང་ནི་དྲེགས་པ་ཀུན་འདུལ་རྗེ༔ ཧཱུཾ། ང་ནི་སྟོབས་ལྡན་ནག་པོ་ཆེ༔ སྲས་དང་སྤྲུལ་པ་ལ་སོགས་འགྲེས་སུ་སྦྱོར༔ དྲག་སྔགས་སོ་ལྔ་པ་དང་བཅས་ཏེ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་ཕུར་བ་གདབ་༼དྷི༽བོ༔ ཧཱུཾ། ༼ཕི༽ཆེ་མཆོག་འཁོར་བཅས་རོལ་པའི་བྲོ༔ དགྲ་བགེགས་དམ་སྲིའི་སྲོག་ལ་བརྡུང་༔ བཛྲ་ཧེ་རུ་ཀ༝༔ དགྲ་བགེགས་དམ་སྲིའི་སྙིང་ལ་བརྡུང་༔ གཤིན་རྗེ་གཤེད་པོ༝༔ དགྲ་བགེགས་དམ་སྲིའི་དཔྲལ་བར་བརྡུང་༔ རྟ་མགྲིན་དབང་ཆེན༝༔ དགྲ་བགེགས་དམ་སྲིའི་མགྲིན་པར་བརྡུང་༔ རྡོ་རྗེ་གཞོན་ནུ༝༔ དགྲ་བགེགས་དམ་སྲིའི་ལྟེ་བར་བརྡུང་༔ བླ་མེད་ཧེ་རུ་ཀ༝༔ དགྲ་བགེགས་དམ་སྲིའི་གསང་བར་བརྡུང་༔ རིགས་འཛིན་ཐོད་རྩལ༝༔ དགྲ་བགེགས་དམ་སྲིའི་སྤྱི་བོར་བརྡུང་༔ དྲེགས་པ་ཀུན་འདུལ༝༔ དགྲ་བགེགས་དམ་སྲིའི་བརླ་གཡས༝༔ སྟོབས་ལྡན་ནག་པོ༝༔ དགྲ་བགེགས་དམ་སྲིའི་བརླ་གཡོན༝༔ ཞི་ཁྲོ་བཀའ་བརྒྱད༝༔ གཡས་སུ་བསྐོར་ཏེ་དགྲ་ལ་བརྡུང་༔ དགྲ་ཡང་ཕྱེ་མར་འཐག་པའི་བྲོ༔ གཡོན་དུ་བསྐོར་ཏེ་བགེགས་ལ་བརྡུང་༔ བགེགས་ཀྱང་དུམ་བུར་གཏུབ་པའི་བྲོ༔ གཡས་གཡོན་ཐབས་དང་ཤེས་རབ་བྲོ༔ རུ་ཏྲ་དམ་སྲི་ཐལ་བར་རློག༔ ཨོཾ་ལཾ་ཧཱུཾ་(༡༣བ)


GLG022_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་སྟཾ་བྷ་ཡ་༼བི༽ནནཿ ཚེ་༼ཡི༽འགུགས་དངོས་གྲུབ་ལེན་པ། སྒྲུབ་ཁོག་ལས། ཧཱུཾ། བདེ་གཤེགས་རྒྱལ་བ་ཀུན་གྱི་ཐུགས་དམ་དང་༔ སྦྱོར་ལམ་ཚོགས་ལམ་གནས་པའི་དམ་ཅན་ཚོགས༔ རྣལ་འབྱོར་བདག་ལ་སྔོན་གྱི་ཐུགས་དམ་གྱི༔ ཚེ་དང་ཆོས་དང་ལས་བཞི་མྱུར་སྒྲུབ་དང་༔ རྐང་མགྱོགས་མིག་སྨན་རིལ་བུ་མཁའ་སྤྱོད་དང་༔ སྲིད་ནོར་ཟས་སོགས་མཐུ་རྩལ་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ བདུད་རྩི་འཐུང་། ཧཱུཾ། ཆོས་སྐུ་མཆོག་ལས་ཀུན་འབྱུང་ལོངས་སྤྱོད་རྫོགས༔ འགྲོ་དོན་ལྷུན་གྲུབ་སྤྲུལ་སྐུ་གཅིག་གི་ངང་༔ མ་བཅོས་གཉིས་མེད་སྐུ་གསུམ་ལྷུན་གྱིས་རྫོགས༔ མཆོག་གི་དངོས་གྲུབ་བདག་ལ་སྩལ་དུ་གསོལ༔ བཤགས་པ་ནི། སྒྲུབ་ཁོག་ལས། ཨཱོཾ་ཨཱཿཧཱུཾ། རྒྱལ་བ་ཞི་ཁྲོ་རྡོ་རྗེ་སློབ་དཔོན་དང་༔ བདེ་གཤེགས་ཡོངས་རྫོགས་སྲུང་མ་དམ་ཚིག་ཅན༔ སྐུ་གསུང་གདུང་འཚོབ་རྡོ་རྗེ་ལྕམ་དྲལ་མཆེད༔ དབང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལ༔ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིས༔ རྡོ་རྗེ་སློབ་དཔོན་མཆེད་སོགས་ངན་སྨྲས་ཤིང་༔ ཡི་དམ་སྔགས་དང་ཕྱག་རྒྱ་གསང་བ་བསྒྲགས༔ རྩ་བའི་དམ་ལས་འགལ་གྱུར་མཐོལ་ཞིང་བཤགས༔ ཤེས་བྱ་ལྔ་དང་སྤྱད་པར་བྱ་བ་ལྔ༔ མི་སྤང་ལྔ་དང་བསྒྲུབ་པ་བྱ་རྒྱུ་ལྔ༔ དང་ལེན་ལྔ་སོགས་ཡན་ལག་དམ་ཚིག་ཀུན༔ ཉམས་གྱུར་རང་གནོང་འགྱོད་པས་མཐོལ་ཞིང་བཤགས༔ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨད༔ ལྟ་སྤྱོད་ཡ་བྲལ་བསྙེན་སྒྲུབ་གཞུང་མ་སྲོངས༔ ལོང་ཡོད་ལེ་ལོས་དུས་ཀྱི་མཆོད་པ་ཆག༔ སྡོམ་གསུམ་ཐུན་མོང་དམ་ཉམས་མཐོལ་ཞིང་བཤགས༔ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགས༔ སྒོམ་པ་སྲན་ཆུངས་གནས་ལུགས་སོ་མ་ཐུབ༔ བློ་ཡི་(༡༤ན)


GLG022_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆུངས་སྤྱོད་པ་བོགས་མ་ཐོན༔ ལེགས་བསམ་སྤྱད་ཀྱང་དོན་ལོག་ཐུགས་འགལ་བསགས༔ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ཞིང་༼རི༽བཤགས༔ བཀྲ་ཤིས་ལྷན་ཐབས་ནི། གཏེར་གཞུང་བཅོས་མེད། ཧཱུཾ། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོར་གསལ༔ གདོད་ནས་མ་སྐྱེས་རང་བྱུང་མཐའ་དབུས་བྲལ༔ ཀུན་ཁྱབ་རྣམ་དག་ལྷུན་གྲུབ་ཀུན་ཏུ་བཟང་༔ ཆོས་སྐུའི་བཀྲ་ཤིས་དམ་པས་བདེ་ལེགས་ཤོག༔ རྣམ་སྣང་བཀྲ་ཤིས་ཆོས་དབྱིངས་ཡེ་ཤེས་སྐུ༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྡོར་སེམས་བཀྲ་ཤིས་མེ་ལོང་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ རིན་འབྱུང་བཀྲ་ཤིས་མཉམ་མེད་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ མཐའ་ཡས་བཀྲ་ཤིས་ཀུན་རྟོག་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ དོན་གྲུབ་བཀྲ་ཤིས་ནན་ཏན་ཡེ་ཤེས་སྐུ༔ བཀྲ་ཤིས༝༔ ཧཱུཾ། ཆེ་མཆོག་ཧེ་རུ་ཡོན་ཏན་ལྷུན་གྲུབ་དཔལ༔ ཡིད་བཞིན་གཏེར་གྱི་བཀྲ་ཤིས་དེང་འདིར་སྩོལ༔ བཛྲ་ཧེ་རུ་རང་བྱུང་ཐུགས་ཀྱི་དཔལ༔ སྐྱེ་མེད་ཐུགས་ཀྱི་བཀྲ་ཤིས་དེང་འདིར་སྩོལ༔ འཇམ་དཔལ་གཤིན་རྗེ་སྣང་སྲིད་སྐུ་ཡི་དཔལ༔ འགྱུར་མེད་སྐུ་ཡི༝༔དབང་ཆེན་རྟ་མགྲིན་ཆོས་སྒོ་འདུས་པའི་དཔལ༔ འགགས་མེད་གསུང་ག༝༔ རྡོ་རྗེ་གཞོན་ནུ་མཐུ་སྟོབས་ཡོངས་རྫོགས་དཔལ༔ འཕྲིན་ལས་ཐོགས་མེད༝༔ བླ་མེད་ཧེ་རུ་མ་མོ་འདུས་པའི་དཔལ༔ མ་ཚོགས་ལས་ལ་འཁོལ་བའི༝༔ རིགས་འཛིན་གཙོ་མཆོག་རྒྱུད་ལུང་མན་ངག་དཔལ༔ ཤེས་རབ་གསུམ་ལ་མངའ་བརྙེས་བཀྲ་ཤིས་ཤོག༔ དྲེགས་པ་ཀུན་འདུལ་བདུད་དཔུང་འཇོམས་པའི་དཔལ༔ སྡེ་བརྒྱད་བྲན་དུ་འཁོལ་བའི་བཀྲ་ཤིས་ཤོག༔ (༡༤བ)


GLG022_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལྡན་ནག་པོ་སྣང་སྲིད་སྲོག་བདག་དཔལ༔ དགྲ་བགེགས་ཐལ་བར་རློག་པའི༝༔ ཞི་ཁྲོ་ཡོངས་རྫོགས་དངོས་གྲུབ་རྒྱ་མཚོའི་དཔལ༔ བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག༔ འཇམ་རོལ་དང་བཅས་མེ་ཏོག་སིལ་མས་ཀུན་ཏུ་ཁྱབ་པར་བྱའོ༔ ཞི་ཁྲོ་ཡོངས་རྫོགས་ཁ་སྐོང་ལྷན་ཐབས་རྣམས། །ཀླུ་བདུད་ལྟོ་བའི་ཟབ་གཏེར་དགོངས་དོན་ཚོགས། འཁྲུལ་མེད་བརྒྱུད་པའི་ཕྱག་ལེན་གསུང་རྒྱུན་བཞིན། ཟ་ཧོར་རིག་སྔགས་འཆང་བས་ཡི་གེར་བཀོད། དགེ་དེས་བདེ་གཤེགས་ཞི་ཁྲོ་མ་ལུས་པའི། གསང་གསུམ་མི་ཟད་འཁོར་ལོའི་བང་མཛོད་ལས། མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་ཆེན་པོས། སྐལ་བཟང་གདུལ་བྱའི་རེ་བ་སྐོང་གྱུར་ཅིག །རང་རིག་ངོ་བོ་ཀ་དག་ཀུན་ཏུ་བཟང་། །རང་བཞིན་ལྷུན་གྲུབ་ཞི་ཁྲོ་སྒྱུ་འདྲའི་གར། །ཐུགས་རྗེ་ཀུན་ལ་ཁྱབ་པའི་འཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་གཏེར་བྱོན་མའི་ལྷན་ཐབས་གཏེར་ཁ་འདི་ཉིད་ནས་ཁ་སྐོང་དགོས་པ་ལ་རྗེས་འཇུག་འགའ་ཞིག་གིས་ཧ་ཅང་མངས་པ་དང་། དགོས་ངེས་ཁུངས་མ་ཆོད་པའི་འཁྲུལ་པའི་ལམ་དུ་འཕྱན་པའི་མཐའ་གཉིས་ཀྱི་སྐྱོན་སྤངས་ཏེ། དཔལ་ཨྱོན་ཆེན་པོའི་དགོངས་པ་གཏེར་སྟོན་གྱི་ཕྱག་ལེན་འཕྱུགས་མེད་ཟབ་ཆོས་ཀྱི་བཀའ་བབས་མཁས་གྲུབ་ཤཱཀྱ་འོད་སོགས་བརྒྱུད་ལྡན་དམ་པའི་གསུང་རྒྱུན་ལས་འོངས་པ་ལྟར། མཧཱ་ཡོ་གའི་སྒོམ་ཁོག་མ་གཏོགས་པའི་གཏེར་གཞུང་གི་ཚིག་བཅོས་ལྷད་མེད་པར་རང་སོར་བཞག །སྒོམ་ཁོག་གི་ཚིག་ལྷུག་འདོན་མི་བདེ་བ་རྣམས་ཅུང་ཟད་ཚིག་སྣ་རིང་དུ་བཏང་ནས་འགོ་མཇུག་(༡༥ན)


GLG022_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པའི་ལྷན་ཐབས་དགོས་པ་ཀུན་ཚང་འདི་ནི་བཞད་པ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ལོ། །སརྦ་མཾག ལ་ཀུརྦནྟུ། །


previousབཀའ་བརྒྱད་གསང་རྫོགས་ཀྱི་ལས་བྱང་ལྷན་ཐབས་དགོངས་པ་ཀུན་འབྱུང་།next