Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་།next

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་།


GLG022_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་བཞུགས་སོ།།


GLG022_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷུ་རུ་པདྨ་སིདྡྷི་ཧཱུཾ། གསང་རྫོགས་སྒྲུབ་ཆེན་ལ་སྟ་གོན་བཅུ་ཅིག་ཡོད་་པའི་ས་བཅད་གསུམ་པ་འདི་ཐོག་མར་ཡོང་བས། ༼ནུ༽དཀོན་མཆོག་སྤྱི་མཆོད་བཏང་བས་དེའི་ཐོག་མའི་སྐྱབས་སེམས་བྱེད་པའི་གོ་ཆོད། ༼པུ༽ཆ་གསུམ་རྒྱས་པའམ་ཡང་ན་བསྡུས་པ། ༼ཤི༽ཚ་ཚ་གཞུང་ངམ་མ་འགྲུབ་ན་སྤྱི་འགྲོས་འཐུས། ༼བུ༽ཆུ་གཏོར་རམ་མ་འགྲུབ་ན་གཏོར་མ་བརྒྱ་རྩ་ཡོངས་གྲགས་ཀྱིས་འཐུས་པ་མཛད། གསུང་སྒྲོག །བཤགས་འབུམ་ནི་དྲི་མེད་བཤགས་རྒྱུད་ཀློག །བྱིས་སྟོན་བྱ། སྦྱིན་སྲེག་ནི་སྐབས་འདིར་མི་མཛད། ཕུད་ནི་འགྲུབ་ན་བདེ་འདུས་ནས་མཆོད་པ་ཕུད་སྐོང་མཛད། མ་འགྲུབ་ན་བསངས་དང་གསེར་སྐྱེམས་ཀྱིས་འཐུས་པ་མཛད། འདི་ཡན་ལ་ཕྱི་བཤགས་ཟེར་ཉིན་དང་པོ་དཔོན་སློབ་ཚོ་བགོས་ནས་མཛད། འདི་ཉིན་ལས་མི་མཛད། སྟ་གོན་གྱི་ས་བཅད་དང་པོ་ས་ཆོག་ལ་ས་བརྟག་པ་ནི་ལྟོ་འཕྱེ་བརྟག་མྱོང་བའི་གནས་རྙིང་པར་མི་དགོས། འོན་ཀྱང་སྔར་ལྟོ་འཕྱེ་བརྟག་མ་མྱོང་བའི་ཁང་པ་ལྟ་བུར་ལྟོ་འཕྱེ་ཉེ་སྐོར་གྱི་ས་རྗེན་པར་ཐིག་བཏབ། དེ་ནས་བརྐོས་པའི་ས་ནང་གི་ཞལ་བའི་སྟེང་དུ་གཏོར། ༼ལྀ༽ས་བྱང་སྐོལ་བའི་ལག་ལེན་ཚོ་དང་ལྷག་ཏུ་གུས་པ་དེ་མཛད། །མི་སྣང་བར་བླང་བ་ལ་ཆབ་གཏོར་(༢ན)


GLG022_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

༼བུ༽ནས་ལེན་ནམ་བརྒྱ་རྩ་གང་རུང་། སྐྱོབ་པ་སངས་རྒྱས་ཐམས་ཅད་སོགས་ཤློ་ཀ་གཅིག་གི་གཤམ་དུ་ཇི་ལྟར་སྔོན་གྱི་དབང་མཛད་ལྟར་སོགས། བུམ་གཏེར་སྟེགས་བུ་བཤིག་མི་དགོས་པའི་རིགས་ལ་དབུས་དང་ཕྱོགས་བཞིར་སྦ། དེ་མིན་སྒྲུབ་ཁང་གི་གྱང་ངམ་རི་བྲག་སོགས་གང་འོས་སུ་སྦ། བུམ་པའང་མ་འབྱོར་ན་གཅིག་གིས་ཆོགས་བཟུང་བ་ལ་སྒྲུབ་ཁོག་ཏུ་གསལ་བ་ལྟར་ཕུར་པ་གཅིག་ལག་ཏུ་བཟུང་བ་ངག་འདོན་ཟིན་པའི་མཐར་ས་རྗེན་པ་ལ་བརྒྱག །ཞལ་བ་ལྟ་བུ་ལ་ཕུར་གདན་དགོས། ས་སྦྱང་བ་ནི་སྒྲུབ་ཁོག་ལྟར་ལ་མཇུག་ཏུ་ལས་བྱང་གི་ཕྱག་རྒྱ་གར་མཆོད་བྱེད། གྲུབ་ན་ཕུར་པའི་སྐབས་ཀྱི་སློབ་དཔོན་ཕྱོགས་བཞི་ནས་ཞུ་བ་དང་རྩ་འཆམས་བྱས་ན་ཤིན་ཏུ་ལེགས། སྟ་གོན་གྱི་ས་བཅད་གཉིས་པ་སྟེགས་བུ་བརྩིགས་ནས། ལས་ཐིག་ལ་བྱིན་རླབས་མ་བྱས་པར་ཐིག་རྩ་ལྟར་ཡོངས་རྫོགས་བརྒྱག །བྱིན་རླབས་སླར་མེ་ཐིག་འོག་ཏུ་ཡོད་པ་དེས་འཐུས། དེར་དྲི་ཐིག་ཚོམ་བུ་བཀོད། སྟ་གོན་གྱི་ས་བཅད་བཞི་པ། སྒྲོམས་ཁྲི་དང་ལྡིང་ཁྲི་འདི་དུས་མི་མཛད་པར་ཐིག་དང་ཚོམ་བུའི་སྟེང་དུ་མཉྫི་ལྟ་བུའི་ཁར་ཀ་ཋོ་ར་ལྟ་བུ་ནས་ཀྱིས་བཀང་བའི་སྟེང་དུ་བུམ་ཐོད་རྟེན་དགུ་ཕུར་པ། མར་མེ་སོགས་(༢བ)


GLG022_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མ་ལོག་པར་ཁ་ཡིག་ལྟར་བཀོད་ནས་མཛོད། མདའ་གྲི་སོགས་ས་བཅད་བཞི་པ་ནས་བཤད་པའི་སྒྲུབ་རྫས་མཆོད་རྫས་རྣམས་ལམ་ཙམ་བཤམ་ཞིང་མདའ་སོགས་ཉལ་སྟབས་སུ་འཇོག་པ་ལས་མི་སློང་། ཕྱོགས་བཞིར་ལས་བུམ་འཇོག་དགོས་པས་མནལ་ལམ་ལྟར་རྡོ་རྗེ་སེམས་དཔའ། སྒྲུབ་ཁོག་ལྟར་རྣམ་འཇོམས། མངའ་རིས་པཎ་ཆེན་བཞེད་པ་སྨེ་བརྩེགས་དང་བདུད་རྩི་འཁྱིལ་པ་ཡང་བསྣོན་པས་བཞི་ག་བསྒྲུབས་པ་ལེགས། སློབ་དཔོན་གྱི་དབང་གི་སྐབས་བགེགས་བསང་བ་བྱེད་དགོས་བྱུང་ཚེ་མཆོད་གཡོག་གིས་རྡོར་སེམས་ཀྱི་བུམ་པ་ལེན། ཐོག་མ་དང་གུང་གཉིས་ལ་སློབ་མར་ཁྲུས་ཆུ་བུམ་པ་བཞི་ག་ནས་སྣོད་གཅིག་ཏུ་བསྲེས་ཀྱང་ཡོང་། མི་ལྕོགས་ན་བུམ་པ་བཞི་ག་ཁྱེར་ནས་བཏང་ཡང་ཡོང་ངོ་། །སྟ་གོན་གྱི་ས་བཅད་ལྔ་པ་བགེགས་སྐྲོད་ལས་བྱང་སྒྲུབ་ཁོག་གི་གི་བགེགས་སྐྲོད་ཇི་ལྟ་བ་མེ་ཐུན་ཆུ་ཐུན་ཡུངས་ཀར་གསིལ་མ་གིང་པས་ཕུར་པ་གདེངས་ཧཱུཾ་སྒྲོགས། ཉིན་རྗེས་མ་ཚོ་མི་དང་རྫས་གསར་པ་ཕྱི་སྒོ་ནས་སྒྲུབ་ཁང་དུ་ཡོང་མཁན་ཡོད་ན་མ་གཏོགས། ནང་མི་ཡོང་བཞིན་པར་མི་དགོས། སྟ་གོན་གྱི་ས་བཅད་དྲུག་པ་སློབ་མ་ཁྲུས་ནས་དབྱུང་བ་ཉིན་དང་པོར་མ་ཟད་ཉིན་སྟར་གུང་གཉིས་ལ་བྱེད། སྟ་གོན་གྱི་ས་བཅད་བདུན་པ་ལ། མཎྜལ། སྔོན་འགྲོའི་ཆོས་སྐོར། སྒྲུབ་ཁོག་གི་དབུའི་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ནས་བཟུང་སྟེ། རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། མཁའ་འགྲོ་གཏད་བརྒྱུད། གྲུབ་ཐོབ་རྣལ་འབྱོར་བརྒྱུད་ཡན་སོང་རྗེས། དབང་བུམ་ནས། དང་པོ་དབང་གི་ཆུ་བོ་རྒྱུན་མ་ཆད་པའི་བབས་སོ་བསྟན་པ་ནི་ཞེས་པ་ནས། རྡོ་རྗེ་དབྱིངས་ཀྱི་དབང་སྒོ་བི་མ་ལ་ལ་ཕྱེ་ནས་བསྐུར་རོའི་བར། དེ་ནས་སྒྲུབ་ཁོག་ནས། གང་ཟག་སྙན་ཁུང་བརྒྱུད་པའི་ཉམས་ལེན་སྐོར་དགུ་པོ་དང་བཅས་ཞུས་སོ་ཡན་གྱི་རྗེས་ལ། (༣ན)


GLG022_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བུམ་ནས་ཕྱི་མའི་དུས་སུ་ཡང་ཞེས་སོགས་ཀྱི་ལུང་བསྟན་ཚང་བར་བྱེད། དེ་ནས་ཡང་སྒྲུབ་ཁོག་ནས། དོན་དྲུག་པ་རྩོམ་པ་པོའི་རྣམ་ཐར་ནས་བཟུང་སྟེ་ཕུན་སུམ་ཚོགས་པ་བདུན་གྱིས་སྒྲུབ་ཆེན་གྱི་གཞི་གཟུང་ངོའི་བར་ཤར་མར་བྱེད། དབང་ཞུ་བ་ཚོར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། འཁོར་བའི་ཉེས་དམིགས། ལས་རྒྱུ་འབྲས་རྣམས་འཆད། འདི་སྐོར་ཨ་ཏིའི་དོན་འཁྲིད་ལྟར་བཤད་ན་ལེགས། སྒྲུབ་ཁོག་གི་སྐྱབས་སེམས་འབོགས། མཆོད་པ་རྣམ་ལྔ་བཤམ། སྟ་གོན་གྱི་ས་བཅད་བདུན་པའི་ཡན་ལག་བཅུ་པའི་རྗེས་ཟློས་དང་བཅས་དཔོན་སློབ་ལྷན་ཅིག་ཏུ་མཆོད་པ་དེ་ཕུལ། རྡོར་སེམས་ཀྱི་སྒོམ་བཟླས་ཕོག །ལྷ་སྟ་གོན་དང་བསྙེན་པ་ཁ་གསོ་བའི་རིང་དམིགས་པ་བསྒོམ་པ་དང་ཡིག་བརྒྱ་འདྲེན་ནོ། །སྟ་གོན་གྱི་ས་བཅད་བརྒྱད་པ་ལྷ་སྟ་གོན་ལས་གཞུང་བསྲང་། སྟ་གོན་གྱི་ས་བཅད་དགུ་པ་བསྙེན་པ་ཁ་གསོ་ན་ལྷ་སྟ་གོན་དང་སྦྲེལ་ནས་བྱེད། ས་བཅད་བརྒྱད་དགུའི་སྐོར་དུ་བུམ་པ་སྒྲུབ་སྲོལ་འདུག་ཀྱང་དཀྱིལ་འཁོར་འདྲི་བའི་སྐབས་བསྒྲུབ་པ་འཇུག་པ་བདེ་ཞིང་ལེགས། སྟ་གོན་གྱི་ས་བཅད་བཅུ་པ་སློབ་མ་འཇུག་པའི་ཆོ་ག་ནི་ཞེས་པ་ནས། ལྷག་པར་གནས་པ་ཚུལ་བཞིན་བྱ་བོའི་བར། དེ་ནས་ས་བཅད་དེ་གའི་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་སུ་གཞུག་པ་ནས། རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ་གྱི་བར། དེ་ནས་ས་བཅད་དེ་གའི་སོ་ཤིང་ནས་བཟུང་། རྨི་ལམ་བརྟག་པའི་བར་གྱི་མཇུག་ཏུ་ནུས་པའི་དབང་ལྔ་བསྐུར་བའི་ལུགས་ཡོད་པ་མང་ཡང་སྐབས་འདིར་དེའི་ཚབ་ལ་དབང་རྒྱུན་མི་ཆད་པ་དང་བདེ་འདུས་དང་ཡང་མཐུན་ཁྱད་ནས་མགྱོགས་དབང་བུམ་པའི་རྒྱ་ཅན་སྟ་གོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་ཀྱང་འགལ་བ་མེད། དེ་ནས་ས་བཅད་བཅུ་པ་དེ་གའི། ཧོ་(༣བ)


GLG022_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སློབ་དཔོན་དགོངས་སུ་གསོལ་ནས། ཨཱོཾ་ཨཱཿཧཱུཾ་གི་བར་དང་། ཞི་བ་དྲིལ་སྒྲུབ། ཁྲོ་བོ་དྲིལ་སྒྲུབ་ཐུབ་ན་ལེགས་ཀྱང་། ད་ལྟ་འཇུག་པ་བདེ་བ། དཔལ་ཆེན་དྲིལ་སྒྲུབ་ཀྱི་ལུང་ཕབ་སྔགས་འདྲེན་འཇུག་པ་མཛད། ཡང་རིགས་གསུམ་མགོན་པོ་ལྟ་བུ་ལྷ་གཞན་ལ་མོས་ན་ཡང་དེ་གའི་སྒོམ་ལུང་བྱས་ཆོག་གོ །སྟ་གོན་གྱི་ས་བཅད་བཅུ་གཅིག་པས་སྟ་གོན་གྱི་ལྷ་ནམ་མཁར་བཏེག །རྨི་ལམ་བརྟགས་ངན་ན་སྦྱིན་སྲེག་བྱ། དངོས་གཞི་ལ་ས་བཅད་སོ་བརྒྱད་ཡོད་པའི་དང་པོ་རྒྱལ་ཆེན་ལ་མངོན་རྟོགས་བསྐྱེད་པ། འཕྲིན་ལས་འཆོལ་བ་སོགས་གསང་རྫོགས་གཞུང་ན་མེད་པ་ཚོ་བདེ་འདུས་དང་ས་ཕུར་རྟོགས་སླ་ནས་གང་ལེགས་ཁ་སྐོང་། རྒྱལ་མཐོ་བསྡམས་ནས་ནང་དུ་ཡོང་ཞོར་དཔོན་སློབ་བྱིངས་ཀྱིས་དམ་སྲི་གནོན་ཅིང་། ལས་ཀྱི་སློབ་དཔོན་ཞིག་གིས་སྒྲུབ་ཁང་ཐོག་ཏུ་མནལ་ལམ་རྟ་དཀར་མ་ནས་བཤད་པའི་བརྒྱ་བྱིན་སོགས་ཀྱི་རྟ་བསྡེམ། ལ་དངོས་གཞིའི་ས་བཅད་གཉིས་པ། དམ་སྲིའི་ལིངྒ་བྱ་མཆུ་ཅན་བྲིས་པ་དོང་ཟུར་གསུམ་གྱི་ནང་དུ་ཁ་ཡར་བསྟན་བཞག །བསྐྱེད་དགུག་ཕུར་ཐུན་ཚོམ་བསྐུལ་ཚོགས་ལས་ལྟར་བྱས་ནས་ལིངྒ་ཁ་མར་སྦུབ། ཐུན་དགུ་པོ་རྒྱག་སྲོལ་ཡོད་འདུག་ཀྱང་ཀ་དཔེ་མ་མ་བྱས་ཀྱང་འཐུས། དམ་སྲི་བྱ་བའི་ལས་ངན་འདི་སོགས་ཀྱི་ཚིག་དང་བསྟུན་ཐུན་བརྒྱག །རི་རབ་བརྗིད་པའི་འོག་ཏུ་མནན་གྱི་དུས་རི་རབ་གླིང་བཞིས་མནན། དེ་ནས་ས་རེ་གཡོག་པ་དང་རྡོ་རྗེའི་རི་མོ་འདྲི་བའམ། ཡང་ན་གཡམ་པ་བཅུ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས། གཅིག་ནི་བརྗེད་མད་ཉག་གཅིག་རྒྱ་སོགས་དང་བསྟུན་ནས་གནོན་བྲོ་བརྡུང་། དངོས་གཞིའི་ས་བཅད་གསུམ་པ་སྒོ་བྱང་ནི། དམ་སྲི་མནན་ཚུར་ལམ་སྒྲུབ་ཁང་གི་ཕྱི་སྒོའི་ཡ་ཐེམ་ལ་ར་སོག་ཕུར་པ་གཤིན་རྗེའི་སྐུ་བཏགས། ཤོག་བྱང་ལ་གསང་ཆེན་ལྷུན་གྲུབ་མ་བྲིས་པ་སྒོ་ལ་སྦྱོར་རམ་འདོགས། ལྷ་བསྐྱེད་མཆོད་བསྟོད་ཁ་འགེང་དང་བཅས་བྱ། དེ་ནས་ནང་དུ་བྱོན་སྒོ་བཅད(༤ན)


GLG022_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པ་ལུག་སོག་ཕུར་པ་ཡ་ཐེམ་དང་སྒོ་ལ་ཁྲོ་རྒྱལ་བདུད་རྩི་སོགས་ཤོག་བུར་བྲིས་པ་སྦྱོར། མཆོད་གཏོར་འཕྲིན་ལས་བཅོལ། དངོས་གཞིའི་ས་བཅད་བཞི་པ་མ་ཏྲཾ་ལ་དཀྱུས་ལྟར་ལ། གཉིས་མེད་རལ་གྲིས་སྒོ་དབྱེ་བའི་ཚེ་གྲིས་ལྟོ་བ་གཤོག །དེ་ནས་སློབ་དཔོན་གྱིས་མཆན་བུ་ལྟར། སྙིང་ཤར་དུར་ཁྲོད་བསིལ་བའི་ཚལ་སོགས་ཀྱི་ཚིག་དང་བསྟུན་སྙིང་སོགས་ཕྱོགས་སུ་བསྐྱུར། དེའི་རིང་དམངས་མ་སིམ་མེ་སྡོད། རྡོ་རྗེའི་འགྲོས་ཡན་སོང་ནས་བདེ་འདུས་ཀྱི་བསྙེན་སྒྲུབ་པྲ་ཁྲིད་ཀྱི་རུ་ཏྲའི་ལོ་རྒྱུས་ཀྱི་ལུང་མཛད། དེ་ནས་མ་ཏྲྀ་ནང་མཚམས་ཀྱི་ཕུར་པ་དཀྱིལ་འཁོར་འདྲི་སར། གདབ། དེ་སླར་དཀྱིལ་འཁོར་གྱི་མཐར་འགོད། དངོས་གཞིའི་ས་བཅད་ལྔ་པ་ནི་སློབ་དཔོན་གྱིས་ཏིང་ངེ་འཛིན་ཙམ་གྱིས་སོ། །སྣང་སྲིད་སྣོད་བཅུད་སྟོང་པར་བརླབ། ཁང་པ་གཞལ་ཡས་ཁང་དུ་བརླབ། བཅུད་རྣམས་ལྷར་བརླབ་མཆོད་རྫས་བརླབ། སྦྱོར་སྒྲོལ་བརླབ་པའི་དོན་ནོ། །དངོས་གཞིའི་ས་གཅད་དྲུག་པ་སྨན་མཆོད་ཀྱི་ཀ་པཱ་ལ་འཁྱེར་ནས་ཐོར་ཡབ་ཀྱིས་གདབ། དངོས་གཞིའི་ས་བཅད་བདུན་པ་ཐིག་སྐུད་སྣ་ལྔ་བསྒྲིལ་ཟིན་པ་གཟུང་མ་འམ་ལས་ཀྱི་རྡོ་རྗེའི་ལག་གཡོན་གྱི་ཐིག་སྣེ་བཟུང་བའི་སོར་མོ་རྣམས་སྤྱི་བོར་གཏད། དེ་བཞིན་དུ་སློབ་དཔོན་གྱིས་ཀྱང་བྱས་ནས་ལས་བྱང་མཁའ་གསང་བྱིན་རླབས་ཀྱི་སྔགས་བརྗོད། མཚན་ལྡན་བཀྲ་ཤིས་སོགས་ཀྱི་མཇུག་ཏུ་གནམ་ཐིག་འོག་ནས་གསུམ་འདེབས། ཤར་ནུབ་མ་གཏོགས་གཞན་མི་འདེངས། སྙིང་གར་ཐེབ་ནས་བར་ཐིག་ཀྱང་གོང་འདྲ་ཚིག་བདེ་ཆེན་སྤྲོས་བྲལ་མ། དཔོན་སློབ་གཉིས་ཀས་སྔར་གྱི་ལས་ཐིག་བཏབ་པའི་ཐིག་སྟེང་དུ། དུར་ཁྲོད་གསང་བ་སོགས་ཀྱིས་ཤར་ནུབ་ཀྱི་ཚང་ཐིག་སྟེང་དུ་གསུམ་གདབ་སྤང་བྱ་སོགས་སྤྱི་དང་འདྲ། ཐིག་སྐུད་བྱིན་རླབས་མཁའ་གསང་བྱིན་རླབས་(༤བ)


GLG022_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཐུས་ཀྱང་རིགས་ལྔའི་བྱིན་རླབས་བྱས་པ་ལེགས། དངོས་གཞིའི་ས་བཅད་བརྒྱད་པ་ཚོན་འགྱེད་པ་ཕུར་ཤུལ་དུ་ཚོན་ལྡུགས་པ་ནི་དཀྱིལ་འཁོར་གྱི་སྒོ་རུ་ཐིག་འདེབས་དུས་དཀྱིལ་དུ་ཕུར་པ་བཙུགས་ནས་དེའི་སྐྱོང་མོར་ལྡུགས་རྒྱུ་རེད་ཀྱང་ད་ལྟ་ཕུར་པ་མི་འཛུགས་པས་དཀྱིལ་དུ་ཚོན་རིམ་བརྩེགས་ཀྱི་རྟེན་འབྲེལ་ཚོན་བྱེད་ལས་མི་བྱེད། ཚོན་པྲ་བརྟག་པ་བརྟག་བྱང་བཀོལ་བ་ནས་ལེན། བྲིས་ཟིན་ཕྲལ་གཞལ་ཡས་དོན་བསྟོད་བྱེད། དབང་བུམ་གྱི་བུམ་པའི་ཆས་ནས་རྫས་ལྡུག་ཅིང་སོ་སོའི་སྔགས་བརྒྱ་ཙམ་བཟླས་ནས་བསྒྲུབ། བུམ་པར་བསྐྱེད་ཆོག་མི་བྱེད་དབུ་རྒྱན་རིགས་ལྔ་བུམ་པའི་ཁར་བསྡམ། དངོས་གཞིའི་ས་བཅད་དགུ་པ་རྒྱན་འགོད་གཞུང་ལྟར་རོ། །ཆེ་མཆོག་ཐོད་སྐུའི་ཁ་ཁྱེར་ལ་དཔལ་དགུའི་སྙིང་པོ་བྱུང་ན་བྲི་ལྷའི་དབུ་ལྟག་པའི་ཕྱོགས་ལ་གཏོད། ཐོག་མ་ནས་སྨན་ཅུང་ཟད་ལྡུགས། དར་གྱི་ན་བཟའ་གསུམ་རིམ་ལ་དར་ཁང་དུ་མིང་བཏགས། སྐུ་རྟེན་ཙཀ་ལི་འགོད་པའི་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལ་སོགས་ཀྱིས་དབང་ཙཀ་མིན་པའི་ཞི་བ་ཞེ་གཉིས་ཁྲོ་བོ་རྣམས་ཀྱི་སྐུ་སྨན་བླའི་ཕོ་བྲང་ལྟར་འགོད། རབ་ཏུ་གཙོ་ཕུར་དགུ་སྲས་རིགས་བཞི་རྣམས་ལ་ཞལ་ཡོད་བ་ལྷ་གནས་སུ་འགོད། གདབ་ཕུར་རྒྱ་མདུད་མ་བརྒྱ་དང་བརྒྱད་པོ་ཐོད་ར་གྲུ་བཞིའི་ཕྱི་སྒོའི་ཁྱམས་རྩིག་པ་དངོས་གཞིའི། ནང་གི་ཁྱམས་ལ་འགོད། ཁྱམས་དེ་གར་གདབ་ཕུར་བརྒྱ་དང་བརྒྱད་ཀྱི་ཕྱི་རོལ་དུ་སྒོ་བ་ཡབ་ཡུམ་བརྒྱད་ལ་ཕུར་པ་བརྒྱད། གཉིས་གཉིས་འགོད་པ་ཞལ་ཡོད་པ་འགོད། དབང་ཕྱུག་དང་བསྟན་མའི་རྩངས་ཉེར་བརྒྱད་དང་བཅུ་གཉིས་ལ་སོ་སོའི་སྔགས་ཀྱང་སྔགས་བྱང་སྐོར་ལྡེའི་རྒྱ་ཅན་ནས་བྲིས་པ་སྲིན་མོ་འགྲོས་སུ་དུར་ཁྲོད་ཀྱི་མཐའི་ལྕགས་རི་ནག་པོར་འགོད་པ་འདི་ག་ཕྱག་ལེན་ཡིན། བདེ་འདུས་ལྟར་བཀའ་སོ་སོར་སྒོ་རྫོགས་བྱེད་ན་གདབ་ཕུར་བགོ་ཤ་རྒྱག་ལུགས་སྒྲུབ་ཁོག་ན་གསལ་པོ་ཡོད། ཐུན་ཕུར་གང་(༥ན)


GLG022_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བདེར་འཇོག །ཐོད་པའི་ནང་དུ་བཞུགས་རྒྱུའི་བཀའ་དགུའི་ཙཀ་ལི་དང་སྙིང་པོའི་སྔགས་བཅུ་གཅིག་པོ་ཆུང་ངུ་བྲིས་ནས་གཞུག །ཤེལ་ལ་ཨ་བྲིས་པ་སོགས་དགོས། འོག་ཏུ་ཕུར་པ། དེ་སྟེང་མར་མེ། དེ་སྟེང་ཐོད་དགུ་རྟེན་དགུ། དེ་སྟེང་བུམ་བཞི། རྒྱན་བཀོད་ལ་རྗེས་ཟློས་མཛད་ཀྱི་ཡོད་འདུག །ས་བཅད་འོག་གི་བཅོ་ལྔ་པ་ཡར་བླངས་ནས་ལྷ་བརྐོས་ལ་གདབ་པའི་དོན་ནམ་མཁར་བཏེག་པའི་ལྷ་མར་ཕབ་གྲལ་ལ་འགོད་པ་ཡིན། སྟ་གོན་གྱི་ས་བཅད་བཅུ་པ་སློབ་མ་འཇུག་པའི་ཨ་ཁཾ་ཐཱི་ར་ཧཱུཾ་གིས་མིག་དར་བཅིང་། ཨཱཿཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་གཏོད། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ་ནས། དབང་ཆེན་རབ་མཆོག་བསྐུར་དུ་གསོལ་གྱི་བར། དེ་ནས་ལས་བྱང་བརྡ་སྒོ་དབྱེ། བརྡ་ཕྱག་འཚལ། སྐྱབས་སེམས་ཕོག །ཐུགས་རྗེས་བཟུང་བ། འཁོར་བའི་སེམས་ཅན་ཐམས་ཅད་ཀུན་སོགས་ཀྱིས་ནང་དུ་འཁྲིད། དེ་རྗེས་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས། མེ་ཏོག་དོར་བའི་སྟང་ཀ་བྱ། སློབ་དཔོན་གྱིས་མེ་ཏོག་སྤྱི་བོར་བཅིང་། ཡེ་ཤེས་དབབ་པ་བདེ་གཤེགས་འདུས་པའི་བྱིན་འབེབས་ཆེན་མོ་ལེན། སྤྱན་དབྱེ། མཧཱ་ཡོ་གའི་སྒོམ་ཁོག་ནས་གཞལ་ཡས་ཁང་དང་བཅས་པའི་དོན་རྟགས་ངོ་སྤྲོད། སློབ་དཔོན་གྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི་ཞེས་སོགས་གསུང་། དེ་ནས་དམ་ཚིག་སྟོན་པ་རྒྱུད་ཀྱི་ལེའུ་བཅུ་གཅིག་པའི་འདིར་མཛད། སློབ་བུས་རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ་སོགས་ཀྱི་རྗེས་ཟློས་བྱེད། དེ་ནས་དངོས་གཞིའི་ས་བཅད་བཅུ་གཅིག་པ་སྲེ་མནན་ནི། རྒྱུ་ལམ་འབྲས་བུ་སོགས་ལ་རྗེས་ཟློས། ཇི་སྙེད་སངས་རྒྱས་སོགས་ཀྱི་དམ་མ་འདྲེས་པའི་གསར་པ་ཚོར་བདུད་རྩི་སྦྱིན། རྣམ་དག་ལྟ་སྤྱོད་སོགས་ཀྱིས་རྙིང་པ་དམ་འདྲེས་ཟིན་པ་ཚོར་སྦྱིན། འདི་ནས་གྲལ་འཛིན་བྱེད། དེ་ནས་(༥བ)


GLG022_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༼དི༽ནུས་དབང་ལྔ་བསྐུར། ཡང་ན་མགྱོགས་དབང་གི་ཚབ་ལ་བསྐུར། དངོས་གཞིའི་ས་བཅད་བཅུ་གཉིས་པ་སློབ་དཔོན་དང་རྒྱལ་ཚབ་གཉིས་ལ་ཆས་ལྡན་དུ་འབུལ། ཡུམ་ཆས་བུ་མོ་མེད་ན་ཐིག་སྣ་འཛིན། སྨན་བརྡུང་མི་ལ་འབུལ། གིང་ཆས་ཉུལ་ལེ་སྐྲོད་མི་ལ་འབུལ་དམངས་མར་མི་མཛད། དངོས་གཞིའི་ས་བཅད་བཅུ་གསུམ་པ་མངའ་གསོལ་ལ་མ་ད་ན་ཀ་པཱ་ལ་གང་ཁྱེར་སློབ་དཔོན་གྱི་ཕྱག་ཏུ་ཕུལ་ནས་ཐུར་མགོས་གསོལ་གྲལ་པ་ཀུན་ལའང་ཚིག་དང་བསྟུན་ཐུར་མགོ་རེ་འགྱེད། ཚིག་ནི་སློབ་དཔོན་གྱི་རྗེས་ཟློས་ཀུན་གྱིས་བྱེད། འདྲེན་མཁན་ལས་ཀྱི་རྡོ་རྗེས་བྱེད། དངོས་གཞིའི་ས་བཅད་བཅུ་བཞི་པ། སྨན་སྒྲུབ་བྱེད་ན་འདི་ནས་བཟུང་སྨན་སྒྲུབ་ཁྲོལ་བུ་ཞག་གསུམ་གྱི་བར་ཁྲོ་བོའི་དཀྱིལ་འཁོར་མ་གྲུབ་པར་ཞི་བའི་དཀྱིལ་འཁོར་སྨན་སྒྲུབ་ཀྱི་ཉིན་སྤོ་ཚུལ་ཡོད་པ་དེས་འཐུས། དེ་གྲུབ་ནས་བཀའ་བརྒྱད་ལས་གཞུང་བསྲངས་ཏེ་ཕྱེ་མ་སྒྲུབ་པ་ཡིན། སྨན་སྒྲུབ་མི་བྱེད་པར་དབང་རྐྱང་བསྐུར་ཚེ། ཆེ་མཆོག་གི་རྟེན་ཐོད་དུ་སྨན་ཅུང་ཟད་བླུག །དེ་ཉིན་སྒྲུབ་མི་དགོས་སང་སྒྲུབ་པའི་ལས་གཞུང་བསྲངས་ནས། འཛབ་ཀྱི་དུས་སྨན་ལ་དམིགས་ནས་ཞི་བ་དང་ཁྲོ་བོའི་དམིགས་པ་དང་སྔགས་བཟླ་བ་ཅུང་ཟད་བྱེད་པ་ཡིན་ནོ། །དངོས་གཞིའི་ས་བཅད་བཅུ་དྲུག་ནས་ཉེར་གཉིས་ཀྱི་བར་མན་ངག་ལས་བདུན་ཚར་གཅིག་བྱེད་པ་དཔོན་སློབ་ཐམས་ཅད་ཀྱི་ལྷན་ཅིག་ཏུའམ། བློར་ཟིན་པ་དང་དཔེ་ཆ་མ་འབྱོར་ན་རྗེས་ཟློས་ཡིན། བཅུ་དགུ་པའི་དམ་བཅའ་ལ། ༼ཋ༽དམ་བཅའ་བཅུ་གཉིས་པ་བསྣན་སྲོལ་ཀྱང་ཡོད་ཅིང་ལ་ལས་མི་མཛད་མོད། ཐོག་མཐའ་ལ་དམ་བཅའ་བཅུ་གཉིས་པ་བྱས་རྒྱུན་དུ་མ་བྱས་ཀྱང་འཚམ་པ་འདྲ། བྱིན་འབེབས་ལ་ཚིག་བདུན་གསོལ་འདེབས་དང་། སྟོང་གསུམ་སྟོང་གི་སྟེང་དུ་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་མཛད། དངོས་གཞིའི་ས་བཅད་ཉེར་གསུམ་པ་འཕྲུལ་འཁོར་(༦ན)


GLG022_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པ་དང་དེའི་མཇུག་གི་དགེ་སྦྱོར་ལ་བསྐུལ་བ་མཛད། སྨན་སྒྲུབ་ཡོད་ན་འདི་ཉིན་ནས་ཉིན་གསུམ་གྱི་བར་ཞི་བའི་དཀྱིལ་འཁོར་ལ་བརྟེན་ནས་སྔགས་རྒྱུན་འཛིན་དགོས་པ་གོང་དུ་བཤད་པ་ལྟར་རོ། །དངོས་གཞིའི་ས་བཅད་ཉེར་བཞི་པ་ལ་སྨན་སྒྲུབ་མི་བྱེད་ཚེ་སང་ཞོགས་ལས་བྱང་གཞུང་བསྲངས་ནས་གྱེར་ཏེ་དཀྱིལ་འཁོར་སྒྲུབ་འཛབ་ནས་སྔགས་རྒྱུན་བྱེད། ཉིན་གསུམ་གྱི་བར་བུམ་པ་ལ་གཟུངས་བཏགས་ནས་དབང་བུམ་གྱིས་བུམ་པའི་བསྐྱེད་ཆོག་བྱས། བཀའ་སོ་སོའི་སྔགས་གཤམ་དུ་བུམ་དབང་ནས་གསུངས་པའི་བུམ་སྒྲུབ་ཀྱི་ཤམ་བུ་སྦྱར་ནས་ཉིན་གསུམ་སོ་སོའི་དམིགས་པ་ཡང་བསྒྱུར་ནས་རང་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་པའི་མདུན་དུ་བུམ་པ་བསྐྱེད། སྨན་སྒྲུབ་ཡོད་ན་ཉིན་གཉིས་གསུམ་ཙམ་ཁྲོལ་བུར་སྒྲུབ་རིང་བཀའ་བརྒྱད་ཀྱི་ལས་བྱང་དངོས་གཞི་མ་གཏོང་བས་བུམ་པ་མི་སྒྲུབ། ཕྱེ་མར་བསྒྲུབ་པ་ནས་བཟུང་ཞག་གསུམ་གྱི་བར་ཐུན་པ་ཁག་གཅིག་གིས་སྨན་སྒྲུབ་དང་ཁག་གཅིག་གིས་བུམ་པ་བསྒྲུབ་དགོས། ཞག་གྲངས་དཔེ་ཙམ་ཡིན། དངོས་གཞི་རྒྱུན་རིང་ཐུང་ཙམ་བྱེད་ལ་རག་ལུས། དཔེར་ན་བུམ་པ་བསྒྲུབས་ཟིན་ནས་དབང་ལ་ཞག་གྲངས་དྲུག་ཙམ་བྱེད་ན་པྲ་ཁྲིད་ཀྱི་དགོངས་དམིགས་དང་བཅས་ཞག་གཉིས་ལ་བསྙེན་པ། ཞག་གཉིས་ལ་སྒྲུབ་པ། ཞག་གཅིག་ལ་སྒྲུབ་པ་ཆེན་པོ། ཞག་གཅིག་ལ་ལས་སྦྱོར་གྱི་དམིགས་པ་དང་སྦྲགས་ནས་སྒྲོལ་དབང་དང་འགྲིག་རྩིས་མཛད། ཞི་ཁྲོ་གང་གི་ཡང་སྒྲུབ་པ་ཚུགས་ནས་བཟུང་མན་ངག་ལས་བདུན་ཉིན་སྟར་བྱེད། འཁྲུལ་འཁོར་བརླབ་པ། དགེ་སྦྱོར་བསྐུལ་བ་ཚ་རྟིང་ངམ་དགོངས་ཇ་ལྟ་བུ་སྐབས་གང་འགྲིག་ལ་ཉིན་རེ་ཚར་རེ་མཛད། ལས་བྱང་རབ་དུས་བཞི་མ་གྲུབ་ན་དུས་གསུམ་བྱེད། དངོས་གཞིའི་ས་བཅད་ཉེར་ལྔ་པ་ཉུལ་ལེ་ནི། དུས་སོ་སོར་(༦བ)


GLG022_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཤས་ཀྱིས་གིང་དང་བཅས་སྐྲོད། དཔོན་སློབ་ཐམས་ཅད་ཀྱི་དགོངས་སྟར་སྲོད་ལ་ཀུན་ཐུབ་རྒྱལ་མོ་བསྐུལ་ནས་སྐྲོད་དོ། །དངོས་གཞིའི་ས་བཅད་ཉེར་དྲུག་པ་རྒྱུན་གྱི་དངོས་གྲུབ་ལས་བྱང་ཁ་སྐོང་ལྟར་བྱེད་པ་ལས་བྱང་ཚོགས་འཁོར་དང་བཅས་བྱེད་པའི་དགོངས་ཐུན་ལ་འགྲིག་པ་ཡོངས། དངོས་གཞིའི་ས་བཅད་ཉེར་བདུན་པ་དང་ཉེར་བརྒྱད་པ་གཉིས་ལ་ཁྲིགས་བྱེད་རྒྱུ་མེད། དངོས་གཞིའི་ས་བཅད་ཉེར་དགུ་པ་དབང་བསྐུར་བ་ལ་དབང་བུམ་ནས། སྤྱི་དོན་གཉིས་པ་དབང་གི་ཆུ་ངོ་བོ་ཟེར་རྒྱུ་ཡིན། བོ་གང་ཞེ་ན་ཞེས་སོགས་དང་ཅོད་པན་གྱི་དབང་བསྐུར། གོང་དུ་འཇུག་པའི་དུས་ཀྱང་མེ་ཏོག་དོར་བ་དང་འཕྱི་བ་བྱུང་རུང་འདིར་བྱེད་སྲོལ་ཡོད་པ་ཀ་ཋོ་ར་འབྲུས་བཀང་བར་དཔལ་དགུའི་ཙཀླི་སྒོར་མོར་བཀྲམ་ནས་དེར་དོར། དེ་ནས་དབང་བུམ་ལས། རྒྱུ་ངན་ཕ་མའི་ཁུ་ཁྲག་ལ་སོགས་ཀྱིས་ལྷར་བསྐྱེད་དོ། །ཡུངས་ཀར་ཙམ་དཀར་ཤར་ཤར་སོགས་ཀྱིས་བྱིན་འབེབས། སློབ་མ་རིག་པའི་དབང་ལྔ་གར་ཆེ་མཆོག་ཏུ་བསྐྱེད་པས་རིགས་ཀུན་གྱི་ཁྱབ་བདག་ཡིན་པས་ལེགས། དབང་རྫས་ནི་གསར་མ་བ་ཚོ་ཡང་ལྷ་དེ་དང་དེ་འོད་དུ་ཞུ་བའི་རྫས་ཀྱི་རྣམ་པར་བྱེད་པས། འདིར་ཡང་ལྷ་དེའི་ངོ་བོར་མོས་པས་ཁྱབ་བོ་དེ་ཡང་བུམ་པ་བཟང་པོ་སོགས་ཀྱི་མཇུག་ཏུ། ཞེས་བརྗོད་པས་གོང་གི་ཡིག་འབྲུ་ལྔ་ཞེས་པ་གོང་གི་རྒྱུ་ངན་ཕ་མའི་ཁུ་ཁྲག་སོགས་ཀྱི་ནང་དུ་སློབ་བུའི་གཙུག་ཏུ་ཨཱོཾ་ཨཱཿཧཱུཾ་ཧྲཱི་ཧཱ་ལྔ་ཡིན་ནོ། །ཐལ་མོ་བཀན་པའི་ཕྱག་རྒྱ་ནི་གཡས་ཀྱི་སོར་མོ་ལྔ་རིགས་ལྔ་ཡབ། གཡོན་སོར་ལྔ་ཡུམ་དུ་གསལ་བའི་དབང་དུ་བཏང་ནས་སོར་མོ་ལྔ་རྩེ་བསྣོལ་བའི་ཕྱག་རྒྱ་མགོ་བོའི་གནས་ལྔར་གཏུག །བུམ་ཆུ་སྤྱི་བོར་བླུག་ཟེར་བར་ཀུ་ཤས་ལྡུགས། བུམ་ཆུས་དབང་བསྐུར་བྱང་ཆུབ་སེམས་སོགས་ཀྱིས་བུམ་ཆུ་སྟེར། དེའི་རྗེས་མ་གཉིས་ལ་བུམ་པ་མགོར་འཇོག །བདུད་རྩིའི་ཆུ་རྒྱུན་དག་(༧ན)


GLG022_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པས་དབང་བསྐུར་བ་སོགས་ཀྱིས་ཀྱང་བུམ་ཆུ་སྟེར། འདི་མན་ཚང་མ་བུམ་པ་རང་མགོར་འཇོག །གྲལ་ཕྱི་ནང་མང་པོ་ཡོད་ན་གྲལ་རེ་ལ་བུམ་པ་གཉིས་རེ་བསྐོར། གྲལ་གཅིག་ལས་མེད་ན་ཡང་དག་དང་གཤིན་རྗེའི་བུམ་པ་བསྐོར་རྗེས། རྟ་མགྲིན་དང་ཕུར་པའི་བུམ་པ་བསྐོར་བ་སོགས་བརྒྱད་ཀ་བསྐོར་རོ། །བུམ་སྐོར་མགོར་མི་འཇོག་ལག་པར་འཇོག །དེ་ནས་སྐུ་གསུང་ཐུགས་དབང་ཡན་སོང་བའི་རྗེས་སུ་སྒྲུབ་ཁོག་གི་སྒྲུབ་པ་ལུང་དབང་གི་ཐུགས་ཀྱི་དབང་ཆེན་ཡོངས་རྫོགས་གྱུར་གྱི་བར་གནང་། དེ་ནས་དབང་བུམ་གྱི་ཡེ་ཤེས་ལྔ་དང་། རབ་གནས། མངའ་གསོལ། དེ་ནས་དྲེགས་པའི་སྲོག་དབང་བསྐུར་བ་ལ། ཐོག་མར་སྡེ་དཔོན་སུམ་ཅུ་གསོལ་བ་ལ། གཏོར་མ་བང་རིམ་བཞི་པ། དང་པོ་དབང་ཕྱུག་དང་མདུན་དུ་ཨུ་མའི་གཏོར་མ། གཡས་གཡོན་དུ་མར་མེ། བང་རིམ་གཉིས་པའི་ལོགས་བཞིར་གཏོར་མ་རེ། བང་རིམ་གསུམ་པའི་ལོགས་བཞིར་གཏོར་མ་གཉིས་རེ། བཞི་པའི་ལོགས་རེར་གཏོར་མ་བཞི་རེ་སྟེ། གཏོར་མ་སུམ་ཅུ་པོ་ཟུར་གསུམ་ཤ་ཁྲག་མཐེབ་སྐྱུས་བརྒྱན་པ། སྨན་རག་གཤམ། དྲག་སྔགས་སོ་ལྔ་པ་ནས་མཱ་ར་ཡ་རྦད་ཀྱི་བར་༼ཊུ༽ནང་ཇི་ལྟ་བ་ལ། མཧཱ་དེ་ཝ་ཨེ། ཨུ་མ་དེ་བཱ་ཨེ། ཡ་མ་རཱ་ཙ་ཡ། ཡ་མ་དནྟི་ཡ། མ་མ་རུ་ལུ་མ། ཨེ་ཀ་ཛ་ཏི་ཏྲག །དུ་ཕྲག་དུ། དུནྟིང་དུ། རཱ་ཙ་ཙ། གིང་ཀར་ཏྲི། བཛྲ་ས་ཏུ་ཏི། རཱ་ཧུ་ལ་པ། རགྴ་ར། རགྨོ་ར། ཡཀྵ་ཀྵ། ཡཀྨོ་ཀྵ། མཧཱ་ཀཱ་ལ་ཀྵི། རུ་ཏྲ་དྷྲི། མུ་ན་མུ་ན་པ། ཏི་ར་ཏི་ཀ་ཐ། དེ་ཝ་ཨ། ཨ་སེ་ལ་ཨ། ཏིཥྞ་དྲི་ཏུཾ་ཙ་ཨ་པི་ཤུ་ཀྵུ། ཏྲི་པ་ཤ་ལི་ཏྲི། ཧཾ་ཤཾ་ཏྲི། བྱི་ན་ཡ་ཀ་ཨུ། ཌ་ཀི་ནི་མཾ། ནཱ་ག་ཕུཿ ནཱ་ག་ཀྲོ་ཏི་ཤྭ་རི་ཕུཿ སརྦ་དུ་ཥྚན་ཧྲིང་ཧྲིང་ཛ་ཛས་སྤྱན་དྲངས། ཐོད་པར་ཙཀླི་བཀྲམ་པར་བསྟིམ། རང་ཆེ་མཆོག་ཏུ་གསལ་བའི་མདུན་དུ་སྔགས་བདག་རྣམས་རང་གཟུགས་མཚོན་ཆ་ཐོགས་པར་བསྐྱེད། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་(༧བ)


GLG022_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རི་རབ་འདོད་ཡོན་སྣ་ཚོགས་སུ་བསམ། སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །དབང་ཕྱུག་ཆེ་སོགས་ལྷ་སྲིན་སྡེ་བརྒྱད་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །མཐུ་རྩལ་དྲག་པོའི་དངོས་གྲུབ་སྩལ་དུ་གསོལ། །འདོད་ཡོན་རྒྱན་གྱིས་བརྒྱན་པའི་གཏོར་མ་དང་། །ལས་ངན་ཉམས་པ་བསྒྲལ་བའི་རཀྟ་དང་། །དུག་གསུམ་རྣམ་དག་ཤ་ཁྲག་རུས་པའི་ཚོགས། །དྲེགས་པའི་འཁོར་དང་བཅས་པ་རྣམས་ལ་འབུལ། །དགྲ་བོ་གདུག་པ་བསྒྲལ་ཕྱིར་བཞེས་སུ་གསོལ། །ལྷ་སྲིན་སྡེ་བརྒྱད་ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །དཀར་དམར་ལ་སོགས་ཁ་དོག་བྱེ་བྲག་རྣམས། །ལྷ་སྲིན་སྡེ་བརྒྱད་སྐུ་ལ་མཆོད་པར་འབུལ། །སྙན་དང་མི་སྙན་སྒྲ་ཡི་བྱེ་བྲག་རྣམས། །ལྷ་སྲིན་སྡེ་བརྒྱད་གསུང་ལ་མཆོད་པར་འབུལ། །ཙིཏྟ་སྨུག་པོ་རྫ་ལྟར་སྤུངས་པ་ཡང་། །ལྷ་སྲིན་སྡེ་བརྒྱད་ཐུགས་ལ༝། །སྐུ་གསུང་ཐུགས་ཀྱི་མཆོད་པ་འདི་བཞེས་ལ། །སྒྲོལ་གིང་ཕོ་མོས་ལས་རྣམས་གྲུབ་པར་མཛོད། །ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཤ་ལ་སྤྱོན། །དམ་ཉམས་དགྲ་བོའི་ཤ་འདི་ཟན་པས་ཞིམ། །ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་ཁྲག་ལ་སྤྱོན། །དམ་ཉམས་དགྲ་བོའི་ཁྲག་ནི་ཆང་བས་ཞིམ། །ལྷ་སྲིན་སྡེ་བརྒྱད་འདིར་སྤྱོན་རུས་ལ་སྤྱོན། །དམ་ཉམས་དགྲ་བོའི་རུས་ནི་མར་བས་ཞིམ། །ལྷ་སྲིན་སྡེ་བརྒྱད་རྣམས་ལ་དུག་གསུམ་མཆོད་པར་འབུལ། །དུག་གསུམ་བཞེས་ལ་དགྲ་བགེགས་བསྒྲལ་དུ་གསོལ། །ཨོཾ་མཧཱ་དེ་ཝ་ཨེ་མཧཱ་བ་ལིཾ་ཏ་ཁཱ་ཧི། མཧཱ་པཉྩ༝། མཧཱ་རཀྟས་འོག་མ་ཀུན་ལ་འགྲེ། ཨཱོཾ་ཨཱཿཧཱུཾ་ས་མ་ཡ་ཨ་མྲྀ་ཏ་ཁཱ་ཧི། ཧོ་སྙིང་ཉེ་བྲན་ཕོ་བྲན་མོའི་ཚོགས་ནས། རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ་བའི་བར་དབང་བུམ་ནས་ལེན། །ཕོ་ཉ་སྒོས་བསྐུལ་ནས། ཧཱུཾ། བཀྲ་ཤིས་དམ་ལྡན་མཐུ་ཆེ་བ། །སྣང་སྲིད་དྲེགས་པའི་སྡེ་དཔོན་བཞེངས། །དབང་ཕྱུག་མཧཱ་དེ་ཝ་(༨ན)


GLG022_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཙུན་མོ་ཨུ་མ་དེ་ཝ་བཞེངས། །ཞེས་པའི་མཇུག་གི་ཚིག་ཅུང་ཟད་བསྒྱུར་ནས། འདོད་ཡོན་མཆོད་གཏོར་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །དེས་གཞན་ཚོ་ལའང་འདོན་པ་བསྒྱུར། གོང་གི་བཀྲ་ཤིས་དམ་ལྡན་གྱི་ཚིག་རྐང་གཅིག་པོ་ཡང་ཐོལ་ཡིན། །ཤིན་ཏུ་རྒྱས་པར་བྱེད་ན་དྲེགས་པའི་སྡེ་དཔོན་གྱི་ལས་བྱང་ཆེན་མོའི་མ་ལྕོགས་ན་གོང་གི་ཁ་སྐོངས་སུ་ལས་བྱང་ཆེན་མོའི། མཇུག་གི་བསྐུལ་བསྐུལ་འདི་ཤིན་ཏུ་གཉན་ནོ། །བྱེད། དེང་སང་འདི་ཡན་སོང་ནས་སླར་ཙཀླི་ལ་སྡེ་བརྒྱད་བསྟིམ་པ་འདུག་ཀྱང་གོང་མ་འབྲེལ་ཆགས། དྲེགས་པའི་སྲོག་སྔགས་བཟླ་བ་ནས། རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལ་གྱི་བར། བླ་མའི་འཕྲེང་བ་དྲེགས་པའི་ཆོས་སྐོར་ཙཀླི་ཚད་མའམ་གང་མོས་པ་དེའི་སྐུ་རྣམས་ལག་ཏུ་གཏོད་ཅིང་ཨེ་མ་རིགས་མཆོག་ནས། དེ་ཕྱིར་ཐུབ་དབང་གཅེས་པར་བཟུང་གི་བར་བརྗོད་༼ཌྷི༽པའི་ནང་གི་ཁྱིམ་གསུམ་ཚང་བར་ཀློག །དཔལ་མགོན་མ་ནིང་གི་ཙཀླི་དེ་གོང་གི་དྲེགས་པ་སྡེ་བརྒྱད་ཀུན་འདུས་སུ་བསམས་ནས། དྲེགས་པའི་སྲོག་དབང་ཆིག་སྒྲིལ་གྱི་དབང་། དེ་རྗེས་ཞལ་གདམས་ཀྱི་དབང་། དེ་རྗེས་སློབ་ནུས་པའི་དབང་བརྒྱད་དང་མེ་དབང་བསྐུར། དབང་དུམ་གྱི་འཕྲིན་ལས་སྦྱོར་ནུས་པའི་དབང་དེ་འོག་ཏུ་སྒྲོལ་དབང་དང་བསྟུན་འོག་ཏུ་བྱེད་པའི་ལུགས་ལྟར་ན། བཀའ་རབ་འབྱམས་ནུས་པའི་དབྱངས་གསལ་གྱི་དབང་ཡིག་འབྲུ་སྤྱི་བོར་བསྟིམ་པའི་མཐར་སྙིང་གར་པད་འདབ་ལ་ཡིག་འབྲུ་གསལ་བ་དེ་ག་དག་ཏུ་སྦྱོང་། སྒྲུབ་པ་ལུང་དབང་གི་རྟགས་གདབ་པ་ནས་ཞབས་རྗེས་བར་འདིར་བྱས་ན་ཡོང་། ཡང་དཀྱུས་དེ་གར་ཡང་རུང་ངོ་། །རྒྱལ་སྲིད་སྣ་བདུན་ནས་རིགས་བརྒྱུད་ཀྱི་དབང་གི་བར་བསྐུར། ༼ཋི༽བུམ་དབང་གི་ཐ་རམས་བརྗོད་མཧཱའི་སྒོམ་ཁོག་བཤད། གསང་དབང་གི་ཡུམ་དང་སློབ་མ་སྦྱོང་བའི་དམིགས་(༨བ)


GLG022_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱེད་པ་དང་དངོས་དབང་ཡིན་ཀྱང་ཡེ་ཤེས་ཀྱི་ཕྱག་རྒྱར་བརྟེན་ནས་བྱེད། དེ་རྗེས་མཎྜལ་གསོལ་གདབ་མན་གཞུང་ལྟར། གསང་དབང་གི་ཐ་རམས། ཨ་ནུའི་སྒོམ་ཁོག་བཤད། ཤེས་རབ་ཡེ་ཤེས་ལ། མཎྜལ། བྱིན་འབེབས། ལས་བྱང་གི་ཕྱག །གཟུང་མར་མེ་ཏོག་དོར་དཀྱུས་ལྟར་བསྐུར། ཐ་རམས། ཆགས་ལམ་གྱི་ཁྲིད་ལུང་བྱེད། ལྟ་བ་སྤྱི་འབྱམས་ཀྱི་དབང་། རྒྱལ་ཐབས་སྤྱི་བླུག་གི་དབང་། ཐ་རམས། ཨ་ཏིའི་སྒོམ་ཁོག་བཤད། རྒྱུད་ལུང་མན་ངག་ཐམས་ཅད་རྫོགས་པའི་རྩལ་དབང་། དངོས་གཞིའི་ས་བཅད་སུམ་ཅུ་པ་བྲོ་ནི་རྡོ་རྗེ་ལུ་གུ་བརྒྱུད་དུ་སྦྲེལ། རྐང་པ་ཡང་ཕྱི་ནང་དུ་སྤོ་རེས་དང་བཅས་བསྐོར་ཅིང་བློ་འདོན་ནམ་རྗེས་ཟློས་གང་རུང་། དངོས་གཞིའི་ས་བཅད་སོ་གཅིག་པ་བཤགས་པ། དངོས་གཞིའི་ས་བཅད་སོ་གཉིས་པ་དངོས་གྲུབ་བླང་བ་ནི། དབང་ཡོངས་རྫོགས་བསྐུར་ན་སྨོས་མ་དགོས། སྒྲུབ་པ་ལུང་དབང་ཙམ། སྒྲུབ་ཁོག་གི་ཁོག་ཕུག་ཕྱིན་བྱེད་དགོས་པས་ན་དབང་རྫས་ཚེ་དངོས་གྲུབ་ཀྱི་རྫས་སུ་མི་བྱེད་པར། དངོས་གྲུབ་ཀྱི་རྫས་གསར་པ་སྒྲུབ་ཁོག་ལྟར་སྟ་གོན་བྱས་ན་དཀྱིལ་འཁོར་མདུན་དུ་བཤམ། བགེགས་སྐྲོད། བྱིན་འབེབས། བྱིན་རླབས་སོགས་བདེ་གཤེགས་འདུས་པ་ལྟར་བྱ། མདུན་དུ་ཁྲག་གི་སྣོད་ཀ་པཱ་ལ་དང་། ཆང་བདུད་རྩི་བསྲེས་པའི་ཀ་པཱ་ལ་བཤམ། ཚིག་རིས་ལ་རཀྟ་རང་གཙོ་ཆེ་བ་འདྲ་འདུག་ཀྱང་། ཁམས་གསུམ་འོད་དུ་ཞུ་ཚིག་དེ་རཀྟ་དང་། སངས་རྒྱས་ཀྱི་བྱང་སེམས་ཀྱི་ཚིག་ཆང་ལ་སྦྱར། དེ་འོག་གི་ཚིག་ཐམས་ཅད་ལ་རཀྟ་འཐོར་བ་ལྕེ་ཐོག་གནས་གསུམ་རེག་པའི་སྐབས་ཆང་ཡང་ཚིག་དེ་གས་འཐུས་པ་བྱེད་རྒྱུ་ཡིན། དངོས་གཞིའི་ས་བཅད་སོ་གསུམ་པ་དཔོགས་ཆོག་གནད་འབེབས་ད་ལྟ་ནི་ཡེ་མི་མཛད། ལྟས་བཟང་པོ་མ་བྱུང་ན་བྱེད་རྒྱུ་ཡིན། དེའི་བདུད་རྩི་བུམ་གཅིག་ཟེར་བ་ཆེ་མཆོག་གི་སྐུ་རྟེན་ཐོད་པའོ། །དངོས་གཞིའི་ས་(༩ན)


GLG022_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་སོ་བཞི་པ་བཀྲ་ཤིས་དཀྱུས་ལྟར། སོ་ལྔ་པ་ནི་ལུང་བསྟན་ནི་ཚར་གཅིག་གསུང་བ་དེ་གའོ། །སོ་དྲུག་པ་ནི་བཏང་སྙོམས་སུ་འཇོག་གོ །དེ་ཡང་གཞུང་གི་དགོངས་པ་ལྟར་ན་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ་གསུམ་པོ་སོང་ནས་དབང་བསྐུར་རྒྱུ་ཡིན་འདུག་ཀྱང་། ད་ལྟ་ཧ་ཅང་འགོར་ཆེས་དོགས་བསྙེན་སྒྲུབ་སྒྲུབ་ཆེན་གསུམ་དང་དབང་བསྐུར་ཞག་གྲངས་འཚམ་པར་གསང་དབང་ལ་ཨ་ནུ། ཤེར་དབང་ལ་རྩ་རླུང་། རྩལ་དབང་ལ་ཨ་ཏིའི་དམིགས་པ་བསྒྱུར་བ་མ་གཏོགས་སྔགས་རྒྱུན་སྦྲགས་ནས་མཛད་པས། སྒྲུབ་པ་ཆེན་པོ་སོང་བ་དང་དངོས་གྲུབ་ལེན་པ་འཐད་ཅེས་འདི་ལྟར་མཛད་ནས་དེར་རྗེས་སྒྲོལ་དབང་མཛད། ཡང་ལུགས་གཅིག་ལ། རྩ་རླུང་གི་དབང་གི་རྗེས་སུ་སྒྲོལ་དབང་གནང་། དེ་ནས་དབྱངས་གསལ་ནས་གཏད་རྒྱའི་བར་ཤར་མ། དེ་རྗེས་དངོས་གྲུབ་ཀྱི་སྐོར་མཛད་པའང་ཡོད། དེ་ལྟར་མཛད་ཚེ་རྩ་ལུང་ཡན་ལ་སྒྲུབ་པ་ཆེན་པོ་ཡན་སོང་བ་བྱས་ནས། དེ་རྗེས་ལས་སྦྱོར་བྱས་ནས་བསྒྲལ་དབང་བསྐུར་བས། དེ་མན་ལ་སྔགས་རྒྱུན་མཛད་ཐེབས་མེད་པས་དངོས་གྲུབ་བླང་བའི་བར་ལ་སྔགས་རྒྱུན་མེད་པར་དོགས་པ་ཅུང་ཟད་འདུག །བསྒྲལ་དབང་ལ། འཁོར་ལོ་བྲིས་པ་ཟན་ལིང་གི་སྟེང་དུ་འཇོག་པ་སྒྲུབ་ཁོག་ནས་བཤད། ལ་ལ་འབྲུབ་ཁུང་དུ་འཁོར་ལོ་འདིང་དེ་སྟེང་ཟན་ལིང་འཇོག །ཕལ་ཆེར་འཁོར་ལོ་མི་འདྲི་བ་མང་། གང་ལྟར་ཧོམ་ཁུང་། འཁོར་ལོ། ལིང་ག་སོགས་བཤམ། སྒྲུབ་ཁོག་གི་དམིགས་པ་ཁ་བསྒྱུར་ལུགས་དང་དྲག་སྔགས་སོ་ལྔ་པ་འདྲེན། ལས་བྱང་གི་མཇུག་ཏུ་སྤྱི་བསྐུལ་སྒོས་བསྐུལ་བཏང་ནས་དགྲ་བགེགས་འགུགས། དགུག་གཞུག་ཚད་ལྡན་གྱིས་བཀུག་ཀྱང་ཡོང་བ་འདྲ་སྙམ། དབང་བསྐུར་ཉིན་རྒྱལ་བ་སྤྱི་བསྐུལ་ནས་དགུག་གཞུག་གི་བར་ཁྲོ་རོལ་ཇི་ལྟ་བ་ལ་དྲག་སྔགས་སོ་ལྔ་པའི་ཤམ་བུ་ཪྣྲི་ཏྲི་སོགས་སྒྲུབ་ཁོག་ལྟར། (༩བ)


GLG022_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ཉམས་ལེན་གནད་གདམས་ཀྱི། །དམ་ཉམས་དགྲ་བོ་སྡིག་ཅན་ལ། །འགོ་བར་བྱེད་པའི་ལྷ་ཁྱོད་ཉོན་སོགས་དང་། སྒྲུབ་ཁོག་གི་སྔགས་བརྗོད། བྱུག་བདུག་བྲབ་གསུམ་བྱེད། དབང་བུམ་གྱི་བསྐུར་ཚིག །དཔལ་ཆེན་ཡོངས་རྫོགས་སོགས་ནས་སྨོན་ལམ་གྱི་བར་བརྗོད། སློབ་མར་ཕུར་པ། གཙོ་བོ་གཅིག་ལ་གཏོད། གཙོ་ཕུར་གཞན་བུད་མེད་མིན་པ་ཀུན་ལ་གང་འདེངས་གཏོད། སློབ་མ་གསུམ་བཞི་ལ་མེད་ཚེ་གཙོ་ཕུར་ནས་གདབ་ཕུར། བརྒྱ་དང་བརྒྱད་སོགས་ཚང་མ་རྒྱག་དགོས་པས་ཕུར་པ་ལག་ཏུ་བཟུང་བཅུག །ཚེ་ཁྲུས་ཀྱི་དམིགས་པ་སྤྲོད། གཙོ་ཕུར་སྙིང་གར་བཏབ་ནས་རྣམ་ཤེས་སྤར། སླར་གནས་སོ་སོར་སྔགས་རིང་སོ་སོ་དང་བཅས་འདེབས་འཇུག །ད་ལྟ་ནི་དྲག་སྔགས་སོ་ལྔ་པས་གོ་གཅོད་པ་མང་། ཕུར་པ་བསྡུས་ནས་ཐུན་ཀྱང་བརྒྱག །དེ་ནས་དབང་བུམ་ནས་དམ་ཚིག་བསྒྲག །དབང་ཐོབ་པའི་ཕན་ཡོན། ཡོན་ཕུལ་ནས་དབང་རྟགས་འདོགས་པ་བྱེད། དེ་རྗེས་གཏད་རྒྱའི་དབང་ལ། ང་ནི་ཆེ་མཆོག་ཧེ་རུ་ཀ་སོགས་ལ་རྗེས་ཟློས། ཀྱེ་ཧོ་བུ་མཆོག་སོགས་བླ་མས་གསུང་། དངོས་གཞིའི་ས་བཅད་སོ་བརྒྱད་པ་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་འགྲུབ་ན་གོང་གི་ལིངྒའི་སྟོད་བསྟབ་པ་དང་སྨད་དྲག་པོའི་སྲེག་རྫས་དང་མནན་པ་བྱེད། མཇུག་ཆོག་གི་ས་བཅད་དང་པོ་བཞག་ནས་ཁྲོ་རོལ་མི་བྱེད་ན་སྒྲུབ་གཏོར་གྱི་ལྷ་རང་ལ་བསྡུས་གཏོར་མ་ནས་གཏེར་སྦེད་ལ་ཅུང་ཟད་འཇོག །གསེར་སྐྱེམས་དང་སྒོ་དབྱེ་ནས་གཏོར་མ་དཔག་ཚོགས་ལྷག་དང་བཅས་བྱིན་གྱིས་བརླབས་ཚོགས་ལྷག་བཏང་། ཆད་མཐོ་བཏང་ནས་གོ་གསར་པ་སྔོན་དུ་བྱས་གཏོར་མ་བསྒུལ། ཕྱི་རོལ་དུ་དཔང་གཟུག །ཆོས་ཀྱི་དབྱིངས་ན་རང་བྱུང་གྲུབ་པའི་ལྷ་སོགས་དང་། ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ་སོགས་ཀྱིས་དཔུང་བསྐྱེད། སྡང་བའི་དགྲ་(༡༠)


GLG022_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དམ་སྲི་འདི་སོགས་ཀྱིས་ཟོར་འཕེན། བསྟན་མ་བསྐྱང་། ཕྱི་རྙོགས། བྲོ། ཚེ་འགུགས། གཏེར་སྦེད་ལ་སྟེགས་བུ་ཡོད་ན་དེའི་ཕྱོགས་ལ་སྦེད། མེད་ན་ཁང་པའི་ཕྱོགས་ལ་སྦེད། བླའི་གཏང་རག །མར་མེའི་སྨོན་ལམ་དཀྱིལ་འཁོར་ལ་གཏང་རག །བཤགས་པ། དཀྱིལ་འཁོར་བསྡུ་ལུས་བསྲུང་། མཆེད་ལྕམ་ནང་བཤགས། བཀྲ་ཤིས། མཐོ་གྲོལ་ལོ། །ཞེས་ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་གཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་འདིའང་ཟ་ཧོར་གྱི་བནྡེས་བྲིས། །སརྦ་མངྒ་ལཾ།། །།


previousཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་སྒྲུབ་ཆེན་གྱི་རེག་ཟིག་འཁྲུལ་བྲལ་མཐོང་བས་རེ་སྐོང་།next