Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
ཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་།next

ཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་།


GLG022_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་བཞུགས་སོ། །


GLG022_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་པདྨ་ཐོད་ཕྲེང་གི །ཐུགས་སྒྲུབ་ཟབ་པའི་མཐར་ཐུག་མངའ་བདག་གཏེར། །ཤིན་ཏུ་ཁྱེར་བདེའི་རྣལ་འབྱོར་ཉུང་ངུའི་ཚིག །འདྲི་བར་མཁའ་འགྲོ་གཏེར་སྲུང་གནང་བ་སྩོལ། །སྐྱབས་སེམས་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་བའི་ཡི་དམ་ལྷ༔ ལེགས་པར་བྱིན་བརླབ་མཁའ་འགྲོའི་ཚོགས༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ བདག་གཞན་གཉིས་མེད་དོན་ཕྱིར་དུ༔ དྲག་པོ་ཁྲོ་རྒྱལ་ཀུན་བསྒྲུབས་ནས༔ སྙིང་པོ་བླ་མེད་མཆིས་པ་དང་། །གཞན་དོན་དབྱེར་མེད་སེམས་བསྐྱེད་དོ༔ ཚོགས་ཞིང་ནི། དབང་དྲག་པདྨའི་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ། །གུས་པས་ཕྱག་འཚལ་ཕྱི་ནང་གསང་མཆོད་འབུལ། །ཉེས་བཤགས་དུག་གསུམ་འདུལ་ལ་རྗེས་ཡི་རང་། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་བར་བསྐུལ། །དགེ་བ་འདི་ཡིས་བྱང་ཆུབ་མཆོག་ཐོབ་ཤོག །དངོས་གཞི་ནི། ལྷ་ཚོགས་ཐིམ་པས་རང་ལུས་འོད་དུ་ཞུ། །རང་སེམས་ཧཱུཾ་ལས་འོད་དམར་དཔག་མེད་སྤྲོས། །སེམས་ཅན་ལ་ཕོག་བདེ་གཤེགས་མཆོད་པས་མཉེས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བསྐུལ། །ཚུར་འདུས་གཟི་(༢ན)


GLG022_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མཚོན་ཆའི་ཚོགས་སྤྲོས་པས། །གདོན་བགེགས་ཚར་བཅད་དྲེགས་ལས་ལ་བཀོལ། །སླར་འདུས་རཾ་འཕྲོས་དུར་ཁྲོད་འབར་བའི་དབུས། །ཀེཾ་ལས་ཐོད་མཁར་ཟླུམ་དབུས་པད་ཟླའི་གདན། །དེ་སྟེང་ཧཱུཾ་ལས་ས་བོན་རིམ་འཕྲོས་པས། །འབྱུང་བཞི་རིམ་བརྩེགས་ཀེཾ་རུས་རི་རབ་སྟེང་། །ཐོད་པ་སྐམ་རློན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་དུར་ཁྲོད་རྒྱན་གྱིས་བརྗིད། །སླར་ཡང་འོད་ཟེར་སེར་དམར་ཚོགས་འཕྲོས་པས། །གསེར་མེའི་འཁོར་ལོ་གཡས་གཡོན་དྲག་ཏུ་འཁོར། །དབལ་ལས་ལྕགས་བསྲེགས་སྡིག་པའི་ཚ་ཚ་འཕྲོ། །ཕྱི་རོལ་རྡོ་རྗེའི་གུར་ཁང་མེ་དཔུང་དང་། །ཁྱུང་དམར་ཁྲོ་བོ་བུ་ཡུག་ལྟ་བུར་འཚུབ། །གཞལ་ཡས་དབུས་སུ་པཾ་ལས་པདྨ་དང་། །ཨ་ལས་ཟླ་བ་མ་ལས་ཉི་དཀྱིལ་སྟེང་། །རང་རིག་ཧཱུཾ་དམར་འོད་དུ་ཞུ་བ་ལས། །བདེ་གཤེགས་འདུས་པ་པདྨ་དྲག་པོ་དམར། །ཞལ་བགྲད་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིགས། །དབུ་སྐྲ་ཕྱེད་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །ཨག་ཚོམ་དམར་སེར་ཕྱག་གཡས་རྩེ་དགུ་པའི། །གསེར་རྡོར་ཧཱུཾ་རཾ་དགུས་མཚན་མེ་འབར་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལས་ལྕགས་སྲེགས་ཀྱི། །འཇིགས་རུང་སྡིག་པ་ཁ་དགུ་མིག་(༢བ)


GLG022_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་འགྱེད། །སྟག་ཤམ་ཞིང་ལྤགས་རྐེད་བཅིངས་གླང་ལྤགས་ཀྱིས། །སྟོད་གཡོགས་རིགས་བཞིའི་ཀླུ་ཡིས་ཡན་ལག་དཀྲིས། །བྱུག་པའི་རྫས་གསུམ་རིན་ཅེན་རུས་པ་དང་། །ཐོད་རློན་ལྔ་བཅུའི་རྒྱན་གྱིས་རབ་ཏུ་སྤྲས། །བརྗིད་གཏུམ་རྔམ་ཁྲོ་ཁམས་གསུམ་དབང་དུ་སྡུད། །སྲིད་གསུམ་ཟིལ་གནོན་གཡས་བསྐུམ་གཡོན་བརྐྱང་གིས། །དྲེགས་པའི་སྟེང་བཞུགས་བ་སྤུའི་བུ་ག་ནས། །གསེར་རྡོར་ར་དབར་ཚ་ཚ་ཆིལ་ཆིལ་ཁོལ། །དུང་ཁང་སེར་པོ་གཡས་རལ་གྲི་དང་གཡོན་སྡིགས་མཛུབ། འཇམ་དཔལ་མགྲིན་པར་རྟ་དམར་པོ་གཡས་དབྱུག་པ་དང་གཡོན་སྡིགས་མཛུབ། མགྲིན་དབང་། །ཐུགས་ཀར་ཕྱག་མཐིང་ནག་གཡས་གསེར་རྡོར་གཡོན་སྡིགས་མཛུབ། རྡོར་ལྟེ་བར་མཁའ་འགྲོ་དམར་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་ཁ་ཊྭཱཾ་ག །འཁོར་རྣམས་རིགས་བཞིའི་ཚུལ། ལྔ། །སྤྱིར་བོར་བྱ་ཁྱུང་མཐིང་ནག་སྦྲུལ་འཛིན་པ་རྭ་ཕྲག་རིགས་ཀྱི་སྣང་བ་མཐའ་ཡས་སྤྲུལ་སྐུའི་ཆ་བྱད་ཅན། བདག །གསེར་འཁོར་རྩིབས་ལ་གཏུམ་མཐིང་ནག་གཡས་ཐོ་བ་དང་གཡོན་ལྕགས་ཀྱུ་འཛིན་པ། ཆེན་ཁྲོ་བོ་བཅུ། །བསྲུང་དང་བཟློག་པ་གོ་བགོའི་འཕྲིན་ལས་མཛད། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ལྷ་ཚོགས་རྣམས། །ཐོགས་མེད་བྱོན་ནས་དམ་ཚིག་པ་ལ་ཐིམ། །ས་བོན་སྔགས་འཕྲེང་བ་སྤུའི་བུ་ག་ནས། །མེ་དབལ་སྤྲོས་པས་ཕྱི་ནང་སྟེང་འོག་ཁྱབ། །གནོད་བྱེད་གདོན་བགེགས་ཐལ་བའི་རྡུལ་དུ་བརླག །བསྲུང་དང་བཟློག་པའི་འཕྲིན་ལས་མ་ལུས་མཛད། །གོ་ཆའི་ལྷ་ལས་འོད་འཕྲོས་སྡིག་སྒྲིབ་བསྲེག །སྒོ་གསུམ་བདེ་ལྡན་ཆེ་བཙན་འགྲན་ཟླ་བྲལ། །པུ་རིའི་ནང་གི་གསང་བདག་ཐུགས་ཀ་རུ། །ཉི་མའི་གདན་ལ་ཧཱུཾ་མཐར་སྔགས་ཀྱི་ཕྲེང་། །མགལ་མེ་ལྟ་བུར་འཁོར་ལས་འོད་འཕྲོས་པས། །འཕྲིན་ལས་མཐའ་དག་ལྷུན་གྱིས་གྲུབ་པར་གྱུར། །གཏོར་མ་འབུལ་བ་ནི། རཾ་ཡཾ་(༣ན)


GLG022_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ། ཨོཾ་ཨཱཿཧཱུཾ་མཧཱ་བྷ་ལིཾ་ཏ། ཏེ་ཛོ་བྷ་ལིཾ་ཏ། བྷ་ལ་བྷ་ཏེ། གྷུ་ཧྱ་ས་མ་ཡེ་སྭཱཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབ་པོ། །དུར་ཁྲོད་མེ་རི་འབར་བའི་ཀློང་དཀྱིལ་ནས། །པདྨ་ཐོད་འཕྲེང་འཁོར་བཅས་འདིར་གཤེགས་བཞུགས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས། །འབུལ་གྱིས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུཾ་མཧཱ་མཾ་ས་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་བྷ་སུ་ཏ་ཁཱ་ཧི། དབང་པོ་ལྔ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། ཞེས་འབུལ། བསྟོད་ཅིང་འཕྲིན་ལས་གསོལ་བ་ནི། སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ཀྱི་སྤྲུལ། །མཐུ་སྟོབས་དབང་ཕྱུག་པདྨ་དྲག་པོ་རྩལ། །སྣ་ཚོགས་སྤྲུལ་པ་འཇིགས་བྱེད་ཁྲོ་བཅུར་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བདག་ཅག་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན། །གཏུམ་ཆེན་ཁྱོད་ཀྱིས་ཞལ་དུ་རབ་བཞེས་ནས། །དྲག་པོའི་ལས་ཀྱིས་འདུལ་བའི་འཕྲིན་ལས་མཛོད། །ཐུན་བར་དུ་གསོལ་བ་འདེབས་པ་ནི་ཚིག་བདུན་གསོལ་འདེབས་ལྟ་བུས་ཀྱང་འཐུས། །བཀའ་སྐྱོང་གཏེར་སྲུང་མཆོད་པ་ནི། དབང་དྲག་པདྨའི་བཀའ་སྲུང་མཐུ་རྩལ་ཅན། །མཧཱ་ཀཱ་ལ་ལྷ་མོ་རེ་མ་ཏཱི། །སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར་བ་དང་། །ལེགས་རྩལ་སྤུན་གསུམ་འདིར་སྤྱོན་གདན་ལ་བཞུགས། །ཨོཾ་བཛྲ་མཧཱ་ཀཱ་ལ། བཛྲ་རེ་མ་ཏཱི། ཨ་ཡ་མ་དུ་རུ་ཙ་ཤ་ན། ཨོཾ་བདུད་ཏྲི་ས་མ་ཡ། ཨོཾ་ཤུ་ལ་རཱ་ཛ། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་མཧཱ་བྷ་ལིཾ་ཏ། མཧཱ་པཉྩ། མཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་པས་འབུལ། བཀའ་སྐྱོང་གཏེར་གྱི་སྲུང་མ་འཁོར་བཅས་ཀྱིས། །དམ་རྫས་གཏོར་མ་འདི་ལོང་རིགས་འཛིན་བདག །པདྨ་དྲག་པོའི་ཐུགས་སྒྲུབ་ཉམས་ལེན་པའི། །འགལ་རྐྱེན་(༣བ)


GLG022_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཞིང་མཐུན་རྐྱེན་སྒྲུབ་པར་མཛོད། །ཅེས་འཕྲིན་ལས་བཅོལ། བཛྲ་མུཿ ས་རང་གནས་སུ་གཤེགས། །རྫོགས་རིམ་འོད་གསལ་དུ་བསྡུས། སླར་ཡང་ལྷའི་ང་རྒྱལ་ལ་གནས་པས་བསྔོ་བ་སྨོན་ལམ་ཤིས་བརྗོད་ཅི་རིགས་པ་བྱའོ། །མངའ་བདག་གཏེར་བྱོན་བདེ་གཤེགས་འདུས་པ་ཡི། །རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་བཞིན། །མཁའ་འགྲོའི་ཁ་རླངས་མ་ཉམས་བཀོད་པ་ལས། །གཏེར་ཁ་གཞན་དང་གསར་མའི་བསྲེ་བསླད་མེད། །གང་འདི་རིགས་བརྒྱའི་ཁྱབ་བདག་ཞ་ལུ་པ། །རིན་ཅེན་བསོད་ནམས་མཆོག་གྲུབ་དཔལ་བཟང་པོའི། །ཐུགས་དམ་སྤེལ་སླད་ཟ་ཧོར་སྔག་སྨྱོན་གྱིས། །བཀོད་པའི་ཡིག་མཁན་གནས་བཙུན་འཇམ་དབྱངས་སོ། །


previousཉང་ལུགས་དྲག་པོ་བདེ་གཤེགས་འདུས་པའི་རྒྱུན་ཁྱེར་རིགས་འཛིན་བརྒྱུད་པའི་ཞལ་ལུང་།next