Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
གསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན།next

གསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན།


GLG022_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན་བཞུགས་སོ།།


GLG022_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གསང་རྫོགས་སྒྲུབ་ཆེན་ལ། ཕྱི་བཤགས་རྣམས་སོང་ཟིན་པ་བྱས། ཉིན་དང་པོ་ལས་བྱང་བཏང་། མི་སྣང་བ་ལ་ས་བསླང་པའི་ཆབ་གཏོར། ས་བཟུང་བ། སྦྱང་བ། སྟེགས་བྱང་ཤར་དམའ་བ་བྱེད་ཟེར་བ་ཅུང་ཟད་ལས་མི་བྱེད། བུ་བརྩིག །ལས་ཐིག་འདེབས། ཚོམ་བུ། སྒྲོམ་ཁྲི་བཙུགས། ཁྱད་པར་རྟེན་དགུ། གཙོ་དགུའི་ཕུར་པ། མཆོད་གཏོར་མདའ་གྲི་སོགས་རྒྱན་བཀོད། མཆོད་པ་སྨན་རཀ་གཏོར་མ་སོགས་ལམ་ཙམ་བཤམ། ཡོལ་བས་བཅད། ཁྲུས་བུམ་བསྒྲུབས། སློབ་མ་ལ་བགེགས་བསྐྲད། ཁྲུས་ནས་ཕྱུང་། མཎྜལ། ཐུན་མོང་ཆོས་བཤད། ལོ་རྒྱུས་ཕུན་ཚོགས་བདུན་ཡན་བཤད། སྐྱབས་སེམས་འབེབས། བླ་མ་བདེ་གཤེགས་མཁའ་འགྲོ་གནས་རྗེས་ཟློས། འདིར་གཤེགས་སོགས་ཀྱིས་ཕྱི་མཆོད་སྣ་ལྔ་བཤམས་པ་འབུལ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཕོག །དམངས་མ་དལ་འབྱོར་རྙེད་དཀའ་སོགས་དང་ཡིག་བརྒྱ་འདོན་འཇུག །དཔོན་སློབ་རྣམས་ཀྱིས་ལས་གཞུང་ཞུགས་སྒྲུབ་ཡིན། བསྲངས་ནས་ལྷ་སྟ་གོན་བྱེད། བསྙེན་པ་ཁ་གསོ་ན་ལྷ་སྟ་གོན་ལ་བརྟེན་ནས་བྱེད། རྣམ་རྒྱལ་གྱི་བུམ་སྒྲུབ་ཀྱང་འདིར་བྱས་ན་འགྲིག །དེ་ནས་སློབ་མ་སྟ་གོན་ནི། བླ་མ་སློབ་དཔོན་དགོངས་སུ་གསོལ་ནས། ལྷག་པ་གནས་པ་ཚུལ་བཞིན་བྱའོའི་བར། བུ་ཁྱོད་འཁོར་བའི་སྡུག་བསྔལ་ལས་ནས། ཀུ་ཤ་གཏད་པའི་བར། དེར་རྗེས་ནུས་པའི་དབང་ལྔ་(༢ན)


GLG022_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཚན་ལོགས་སུ་ཡོད་པ་བསྐུར། སྒྲུབ་ལུང་ཞུ་བ་ནི། ཧོ་རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ་ནས། ཨཱོཾ་ཨཱཿཧཱུཾ་གི་བར་དང་། སྔར་ནས་ཡི་དམ་གྱི་ཉམས་ལེན་མེད་པ་ཚོར་ཞི་ཁྲོ་གང་རུང་གི་བསྒོམ་བཟླས་འབེབས་ཤིང་སློབ། དུས་གསུམ་རྒྱལ་བ་འདུས་པའི་སྐུ་ནས། སྟ་གོན་ལ་ནི་གནས་པར་མཛོད་ཅེས་པའི་བར་གྱིས་སྟ་གོན་ལ་གནས་པར་གསོལ་བསྙན་པ་ཁ་མི་གསོ་ན་ལྷ་སྟ་གོན་གྱི་ལས་བྱང་གཏོང་བ་ནས་འདིའི་བར་ལ་ཉིན་གཅིག །བ་འདེབས། རྨི་ལམ་བརྟག །ངན་ན་སྦྱིན་སྲེག །ཉིན་གཉིས་པ་རྒྱལ་ཆེན། དམ་སྲི། སྒོ་བྱང་། མ་ཏྲི། སྒྲུབ་པའི་ཡོ་བྱད་བྱིན་རླབས་ནས། ཡུམ་དུ་བསྐྱེད་པར་བྱའོའི་བར་མ་ཏྲཾ་གི་ཁོག་པར་བསྒོམ་རྒྱུ་སློབ་དཔོན་གྱི་དམིགས་པ་ཙམ་ཡིན། དཀྱིལ་འཁོར་ཆག་ཆག །ཐིག་འདེབས། ཚོན་བྱིན་རླབས། ཚོན་འགྱེད། གཞལ་ཡས་དོན་བསྟོད། ཐིག་ཚོན་གཉིས་ཀ་རིགས་ལྔར་བསྐྱེད་ཆོག་བྱས་ན་ལེགས། སྨན་ལུང་སངས་རྒྱས་རིན་ཆེན་ཡང་ཚོན་བྱིན་རླབས་ཟུར་པ་མཛད། དཀྱིལ་འཁོར་རྒྱན་འགོད། ཧཱུཾ་རང་བཞིན་ལྷུན་གྲུབ་གཞལ་ཡས་ཁང་ནས། ཨཱ་བ་ཤ་ཡ་ཨའི་བར་གྱིས་ལྷ་སྐོས་ལ་གདབ་ཉིན་གསུམ་པ་མིག་དར། ཨ་ཁཾ་བཱི་ར། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ་ནས། བརྡ་ཕྱག་བྱ་བའི་རིམ་པ། ལས་བྱང་ནས་སྐབས་འདིར་ལེན་གྱི་བར། མེ་ཏོག་འདོར་བ། བྱིན་འབེབས། སྤྱན་དབྱེ། དཀྱིལ་འཁོར་སྟོན་པ། དམ་ཚིག །རྡོ་རྗེ་སློབ་དཔོན་ནས། ན་རཀ་སྐན་གྱི་བར། (༢བ)


GLG022_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྲེ་བ། ཆས་གོས། མངའ་གསོལ། སྨན་བསྡུ། སྨན་སྒྲུབ་མི་བྱེད་ཀྱང་དགོས། ༡བརྡ་སྒོ། མན་ངག་ལས་བདུན་ཟེར་བ་སྨན་སྒྲུབ་ཡོད་ན་ཉིན་སྟར་བྱེད། མེད་ན་ཚང་མར་ལས་བྱང་ཡོད་ཚེ་བྱིན་འབེབས་རྒྱས་པ་དང་། བཤགས་པ་དམ་བཅའ་རྣམས་ལས་བྱང་དཀྱུས་ལ་བྱས་ནས། ཐོག་མར་ས་བཅད་ཀྱི་མན་ངག་ལ་བདུན་ཚར་གཅིག་བྱས་ནས་རྒྱུན་དུ་མ་བྱས་ཀྱང་ཆོག་པ་འདྲ་སྙམ་ཀྱང་། ད་ལྟ་སྨན་སྒྲུབ་ལ་མ་བལྟོས་པའི་མན་ངག་ལས་བདུན་རྒྱུན་དུ་མཛད་དོ། །༢བརྡ་ཕྱག ༣བཏགས་གདབ། ༤དམ་བཅའ། ༥བཤགས་པ། ༦བྱིན་འབེབས། ༧ཕུད་གཏོར་བརླབ། འཕྲུལ་འཁོར་བསླབ་བྱ། དགེ་སྦྱོར་ལ་བསྐུལ། ཉིན་དང་པོ་ཁྲིགས་ལྟར་རྗེས་མ་ཚར་སྐབས་གང་འོས་ལ་བྱེད། ཉིན་བཞི་པ་སྒྲུབ་སྤྲ་ཁྲིད་སྲོག་གཟེར་སྤྱན་གྱི་རྒྱ་ཅན་ནས་བཤད་པའི་དམིགས་པ་དང་བཅས་ཞག་གྲངས་དུམ་བུ་གསུམ་བྱས་པའི་གཉིས་པ་བསྙེན་སྒྲུབ། གཅིག་ལ་སྒྲུབ་པ་ཆེན་པོ་དང་ལས་སྦྱོར། བྱེད་པའི་ལོང་ཡོད་སྒྲུབ་པ་གཙོ་བོར་བྱེད་ན་ཞག་དྲུག་ལ་མཚོན་ན་བཞི་ལ་བསྙེན་སྒྲུབ། ཞག་གཉིས་ཀྱི་དང་པོ་ལ་སྒྲུབ་པ་ཆེན་པོ་བྱེད་རྒྱུ་ཡིན་ཀྱང་། སྒྲུབ་པ་ཆེན་པོ་མཚན་དང་སྔ་དགོངས་བྱས། ཉིན་མོ་དབང་བསྐུར། ཉིན་ཙམ་འཐོགས་མི་མང་ཉུང་ལ་འགྲོ། དྲག་པོ་སྒྲོལ་དབང་ལ་སླེབས་ནས་ཉིན་གཅིག་ལས་སྦྱོར་གྱི་འཛབ་བྱེད། དེའི་སང་ནས་ལས་སྦྱོར་མན་བྱེད། ཞག་གྲངས་སྐབས་དང་བསྟུན། ལས་སྦྱོར་གྱི་ལས་བྱང་སྔགས་སྒྲུབ་བྱས་ན་ལྷ་ཐམས་ཅད་སྐུ་མདོག་ནག་པོར་བསྒྱུར་བ་ལ་འབྲེལ་ཆགས། པ་དངོས་གཞིའི་ལས་བྱང་། དུས་བཞིའམ་གཉིས་ལ་ཉུང་མཐའ་བྱས་ནས་ལས་བྱང་གཏོང་། ཉུལ་ལེ། ཀུན་ཐུབ་ནུབ་རེ་སྟར་བྱ། དུས་དྲུག་གི་དེ་གིང་པ་དང་ཉུང་བསྡུས་ཀྱི་དུས་སོ་སོར་བྱེད། རྒྱུན་གྱི་དངོས་གྲུབ། འདི་སྒྲུབ་པའི་རིང་ཉིན་སྟར་བྱེད་པ་ཡིན་ཅིང་རྒྱུན་གྱི་ལས་བྱང་ལ་ཆད་མཐས་ཟོར་དང་བསྟན་སྐྱང་བཟློག་པ་གང་འོས་ཚེ་འགུགས། རྒྱུན་གྱི་དངོས་གྲུབ་རྣམས་བྱེད་སྲོལ་ཡོད། བགེགས་སེལ། ལྟས་བརྟག །མེ་དབང་གི་ལོ་རྒྱུས་དཔེ་ནང་ལྟར་འདིར་མཛད་ཀྱང་འགོར་མཛད་ན་ལེགས། ཏོག་ཅོད་པན་ནས་སྐུ་གསུང་ཐུགས་དབང་བར་དབང་བུམ་ནས་ལེན། རྟགས་ཀང་ནས་ཞབས་རྗེས་ཀྱི་བར་གྱི་དབང་གནང་ཚེ་འདི་གའི་མཇུག་ཏུ་བྱ། དེ་ནས་སྒྲུབ་པ་ལུང་དབང་། དེ་ནས་ཡེ་ཤེས་ལྔའི་དབང་ནས་རྩ་རླུང་གི་བར་དབང་བུམ་ལྟར། སྒྲུབ་ཁོག་ནང་གི་སྒྲོལ་(༣ན)


GLG022_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། དབང་བུམ་གྱི་བཀའ་རབ་འབྱམས་ནུས་དབང་ནས་གཏད་རྒྱའི་བར་ཤར་མ། དངོས་གྲུབ་བགེགས་སེལ་གྱི་བྲོ། རྒྱུན་བཤགས། དངོས་གྲུབ་དངོས། གནད་དབབ་པ། བཀྲ་ཤིས། དུས་བྱང་། སྦྱིན་སྲེག་མ་འདྲེས་ཡོངས་རྫོགས་ལས་ཞི་རྒྱས། སྒོ་དབྱེ་ནས་བྲོའི་བར། ཚེ་འགུགས། གཏེར་སྦེད། བླ་མ་ལ་གཏང་རག །མར་མེའི་སྨོན་ལམ། དཀྱིལ་འཁོར་ལ་གཏང་རག །ཡིག་བརྒྱ་སོགས་ཀྱིས་ལྷ་ལ་བཤགས་པ། དཀྱིལ་འཁོར་བསྡུ། ཧཱུཾ་ངར་འཛིན་རྣམ་དག་སྒྱུ་ལུས་འཇའ་འདྲ་འདི་སོགས་ཀྱིས་རྒྱུན་སྤྱོད་ལྷར་ལྡང་། རང་ལུས་བསྲུང་། མཆེད་ལྕམ་ནང་བཤགས། བཀྲ་ཤིས། མཐོ་འགྲོལ་ལོ། དབང་གིས་དུས་སྔོན་འགྲོ་རྒྱལ་བ་རྒྱ་མཚོ་དང་མཉམ་ཉིད་མ། དངོས་གཞི་མཇུག་གསུམ་གྱི་ས་བཅད་འཁྲུགས་སྡེབ་བྱས་པའི་སྟབས་ཀྱིས་གོང་འོག་མ་གཅིག་པ་མ་གཏོགས་མ་ཆད་ཙམ་ཚར་གཅིག་མཛད་སྲོལ་འདུག །སྨན་སྒྲུབ་ནི། ཁྲོལ་བུ་ལ་སྒྲུབ་ཆེན་གྱི་ལྡིང་ཁྲིའི་ཁྱད་པར་རྟེན་དགུའི་དབུས་སུ་པདྨ་འདབ་བརྒྱད་ཁྱམས་སྒོ་མུ་ཁྱུད་སོགས་བྲིས་པའི་སྟེང་དུ་འོག་ཐོད་ཐོད་པ་ཁྲོལ་ཡོད་ན་ཐོད་པར་བྲིས་ཆོག་ཀྱང་། ཁྲོལ་མེད་ན་རིགས་བརྒྱ་རིགས་ལྔ་རིགས་གཅིག་རྣམས་རིམ་པར་བསྒྲུབ་དགོས་པས་ཤོག་བུར་བྲིས་བཀོག་ཆོག་པ་བྱེད་ལ་གྷི་ཧང་གིས་པད་འདབ་བརྒྱ་པ་བྲི། སྟེང་ཐོད་ལ་མི་དགོས། འདི་རིགས་བརྒྱའི་དཀྱིལ་འཁོར་ཡིན། རིགས་ལྔའི་དཀྱིལ་འཁོར་ལ་འོག་ཏུ་འཁོར་ལོ་རྩིབས་བཞི་མུ་ཁྱུད་སྒོ་རྫོགས། ཐོད་པ་གཉིས་ཀ་ལ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཅན་སྟེང་ཐོད་ལ་ཨཱོཾ་ཨཱཿཧཱུཾ་སྭཱཧཱ། འོག་ཐོད་ལ། མཱུཾ་ལཱཾ་མཱཾ་པྱཾ་ཏཱཾ་བྲི། རིགས་གཅིག་གི་དཀྱིལ་འཁོར་ལ་འོག་ཏུ་རིན་ཆེན་ཟུར་བརྒྱད། འོག་ཐོད་ལ་ཟླ་གམ་སྒོ་གཅིག་པ་ལྟེ་བར་ཧཱུཾ་བྲི། སྨན་རྫས་རྣམས་ཁྲོལ་བུར་བྱས་ཏེ་ཐོད་པར་བླུག །ཁ་སྦྱར་ཚོན་སྐུད་ཀྱིས་ལམ་ཙམ་འཆིང་། གཟུངས་ཐག་ཀྱང་གཏོང་། ཕྱེ་མའི་དུས་ཀྱི་ཞིབ་ཆ་མི་དགོས། ཆུ་ཆང་འོ་མ་སོགས་ཀྱང་བཤམ། (༣བ)


GLG022_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་ལྟར་ཡོངས་རྫོགས་གཞུང་བསྲང་སྤྱི་ལྟར་འཛབ་བཟླས། མན་ངག་ལས་བདུན་བྱས་ནས། སྨན་གྱི་རྟོག་པ་གསལ་བ་སྣོད་ཅིག་ཏུ་ཆང་ལ་སྨན་སྒྲུབ་རྙིང་པ་བཏབ་པ་བཞག་ནས་ལྷ་དང་དྲང་སྲོང་ཚོར་འབུལ། དེ་ནས་ཡོངས་རྫོགས་ལས་གཞུང་བསྲང་རྒྱུའི་ཡི་གེ་ཧཱུཾ་རང་དཀྱིལ་འཁོར་དུས་ཀྱི་ཆེ་མཆོག་ཏུ་གསལ་བའི་སེམས་ཀྱི་ཆ་ཤས་ཨ་དཀར་དུ་སོང་བ་ལས་ཞི་བའི་རྟེན་བརྟེན་པ་བསྐྱེད་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་མདུན་བསྐྱེད་དུ་བྱེད། མི་བྱེད་པར་ཨ་དཀར་བྱེད་པ་སོགས་བསྒྱུར་ཁྲོ་བོའི་མངོན་རྟོགས་ཀྱི་ཚབ་ལ་དོན་བཀོལ་བ་ནས་རིགས་བརྒྱའི་གཞུང་བྱ། སྤྱན་འདྲེན་མཆོད་བསྟོད་ཀྱི་བར་བཀའ་བརྒྱད་སོར་གནས་བྱེད། སྨན་རྣམས་རིགས་བརྒྱར་བསྐྱེད་པ་ཙམ་ལས་སྤྲོ་བསྡུ་གཞན་མེད། རིགས་བརྒྱའི་སྙིང་པོ་ཨཱ་ལི་ཀཱི་ལ་དང་། སྔགས་མཇུག་ཏུ་སྨན་ལ་ལྷ་ཐིམ་པར་མོས། ཞེ་གཉིས་པའི་སྙིང་པོ་བོདྷི་ཙིཏྟ་ཅུང་ཟད་བཟླ། ཡིག་འབྲུ་ཉེར་ལྔ་ཨཱོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་ཡན་ཏ་ན་ཛ་ལ་གྷུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཐ། པ་ལ་སྔགས་རྒྱུན་མཛད། ཉུལ་ལེ་སོགས་སྒྲུབ་པ་སྤྱི་དང་མཐུན། ཞག་གྲངས་དཔེར་ན་ཁྲོལ་བུ་ཞག་གསུམ་བྱེད་ན་ཞག་གཅིག་བསྒྲུབ། དེ་ནས་དཀྱིལ་འཁོར་རྗེས་སྨན་ཀྱང་ཐོད་པར་ཕྱོགས་དགོས། རགས་རིམ་འཇོག་ཕྲ་མོའི་དབྱེ་འབྱེད་མི་དགོས། ནས་འཇོག །ཆང་ཆུ་སོགས་ཀྱང་ཕྱོགས་བཞིར་འཇོག་པ་གཞུང་ལྟར། ལས་མན་ངག་ལས་བདུན་རྟོག་པ་བསལ་ལ་ཡོངས་རྫོགས་ལས་བྱང་ལ་མངོན་རྟོགས་རིགས་ལྔའི་མཚན་དོན་བཀོལ་བ་ནས་བླངས་ཏེ་འབྱིན་འཇུག་བྱེད་པ་གོང་ལྟར་རོ། །གཞུང་གོང་ལྟར་ལ་མཚན་དོན་ནས་བསྒྱུར་བཀོད་བྱེད། འཛབ་ཀྱི་དུས་ཡིག་འབྲུ་ཀེཾ་གསུམ་ལ་སོགས་ཀྱི་བསྐྱེད་ཆོག་གི་མཇུག་ཏུ་རིགས་ལྔ་སྙོམ་འཇུག་གིས་བྱང་སེམས་སུ་ཞུ་ནས་རྫས་ལ་ཐིམ། ནས་སྤྱན་ལྷ་སྤྱན་དྲངས་པ་རྫས་བདུད་རྩིར་གྱུར་པར་བསྟིམ། འདྲེན་ཆང་ཆུ་སོགས་མཆོད་རིགས་ལྔ་ཞུ་བའི་བདུད་རྩི་ལ་འབུལ་རྒྱུ། པ་འདུག་པ་རྣམས་བྱེད། སྔགས་བཟླ་རྒྱུ་དངོས་གཞི་ཡིག་འཇུ་འདུལ་གྱི་དུས་དེ་གར་སྔགས་རྒྱུན་བྱས་ནས་ཨཱོཾ་ཨཱཿཧཱུཾ་སྭཱཧཱ་ནས། རཏྣི་ཙིཏྟའི་བར་སྔགས་རྒྱུན་བཟུང་ཚར་ནས་བྱེད། (༤ན)


GLG022_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་བཅུ་པ་དེ་ག་ཨཱོཾ་བཛྲ་ཨ་མྲྀ་ཏ་ཨཱོཾ་ཨཱཿཧཱུཾ་ཧྲཱིཿཐ། ཡིན། དམིགས་པ་ཡབ་ཡུམ་ཞུ་ནས་ཐིམ་སྔགས་དངོས་གཞིའི་སྒྲུབ་པའི་དུས་ལྷར་མི་གསལ་བར་བདུད་རྩི་དེ་ག་ཡིན་ནོ། །པ་དེ་ག་ཡིན། ཞག་གསུམ་པར་དཀྱིལ་འཁོར་སྤོས། སྨན་དབུས་སུ་སྦྱར། ལས་བྱང་མན་ངག་ལས་བདུན་རྟོག་པ་བསལ་བ། སོགས་མངོན་རྟོགས་བསྒྱུར་བ་མ་གཏོགས་གོང་ལྟར། འཛབ་དངོས་འབྲུ་བཅུ་ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་བཛྲ་ཙིཏྟ་ས་མ་ཡ་ཧཱུཾ། བཞི་པ་ཡིན། དམིགས་པ་ཡང་ལྷ་འོད་ཞུ་སོགས་དེ་གའི་དམིགས་པ་ལྟར་རོ། །སྨན་ཁྲོལ་བུའི་མཇུག་དོན་གྱི་ཆང་ལ་སྨན་སྒྲུབ་རྙིང་པ་བཏབ་པ་དེ་ག །མཆོད། བསྟོད་པ། དངོས་གྲུབ་བླང་ཞིང་བསྡུ་བ་དཀྱུས་ལྟར། རིགས་ལྔའི་དཀྱིལ་འཁོར་རྡུལ་ཚོན་ཡིན་ན་བསྡུས་པ་སྐོར་ཅིག་ཚགས་བྱས་ནས་དཀྱིལ་འཁོར་དངོས་གཤེགས་དུས་ཆུར་གཤེགས། ཕྱི་མའི་སྐབས་གཡང་གཞི་ལ་དཀར་དམར་དཀར་དམར་བསྲེས་པའི་ཐིག་ལེ་ལྔ་ཚོམས། ཐིག་ལེ། བརྡུང་བའི་ཚེ་ཕན་ཚུན་རྐང་བ་བསྣོལ། ཡབ་ཀྱིས་ཡུམ་གྱི་ལག་མགོ་བསྡམས་ནས་སྨན་བརྡུང་གཞན་སྦོལ་བའི་བར་དཀྱུས་ལྟར། དཀྱིལ་འཁོར་བསྒྱུར་བ་བཀའ་བརྒྱད་དཀྱིལ་འཁོར་མེད་པའི་དབང་དུ་བྱས་པ་ཡིན། སྒྲུབ་ཆེན་དང་འབྲེལ་ན་མི་དགོས། དེ་ནས་སློབ་དཔོན་ཆས་སུ་ཞུགས་ནས་སྨན་རང་དགའི་རྟོག་པ་སྦྱོང་བ་བྱེད། སྟེང་དུ་ཧྲི་ཧཱུཾ་དང་ཕྱོགས་ཚོར་རིགས་ལྔའི་ཕྱག་མཚན་སོགས་ཤོག་བུར་བྲིས་ནས་སྦྱོར། གསང་རྡོར་མི་བྱེད། རྡོར་དྲིལ་བྱུང་ན་སྟེང་དུ་དགོས། ཐིག་གུས་བསྡམ་རང་ཕྱོགས་ཀྱི་གཟུངས་ཐག་གི་སྣེ་ལ་ཕུར་བ་དགོས། གླུ་བྲོ་ཟེར་བ་ལས་བྱང་གི་ཕྱག་རྒྱ་གར་མཆོད་མཇུག་གི་དེ་ཡིན། གཞན་དྲིལ་བུར་གཞལ་བ་སོགས་ཞིབ་ཆ་རྣམས་ཆེ་མཆོག་བདུད་རྩི་འཁྱིལ་བའི་སྐུའམ་ཡང་ན་སྐུ་དངོས་གཞི་བྲིས་ཀྱང་ཡོང་སྟེང་ཐོད་ལ་འདྲི་འོག་ཐོད་ལ་རིགས་ལྔའི་ས་བོན་འདྲི། ལྟར་བྱེད། དེ་ནས་སྨན་དཀྱིལ་འཁོར་ལ་བཀོད། མན་ངག་ལས་བདུན་རྟོག་པ་བསལ་བ། ཁྲོབོའི། ལས་བྱང་གི་བདག་མདུན་མེ་རི་འདབ་འབྲེལ་དུ་བསྐྱེད། མཆོད་བསྟོད་བྱ། (༤བ)


GLG022_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སླར་གནས་འགྱུར་ཐོད་པ་དང་ཆེ་མཆོག་བདུད་རྩི་འཁྱིལ་འཇུ་འདུལ་བྱེད་པས་ལས་བྱང་ཕྱི་མ་ཚོར་མཆོད་རྟེན་ལས་དཀྱིལ་འཁོར་ཡོངས་རྫོགས་སུ་མི་བསྐྱེད་འཇུ་འདུལ་གྱི་དམིགས་པས་མཐུས། པར་བསྐྱེད་པའི་དམིགས་པ་དང་བཅས་བཅུ་དྲུག་པར་སྔགས་རྒྱུན་བྱེད། སྒྲུབ་ཆེན་དང་མི་འབྲེལ་ན་སྒྲུབ་ཆེན་ནས་བཤད་པའི་དངོས་གྲུབ་ལེན། སྨན་རྟེན་དགུའི་དབང་ཐོབ་པས་འདི་སྒེར་དུ་མ་ཐོབ་ཀྱང་བསྐུར་ཆོག །དབང་བླ་མ་རང་གིས་བླངས་དེ་ནས་སློབ་མ་ལ་བསྐུར། བུམ་པ་ཁ་ཅུང་ཟད་ཕྱེ་ཟེར་བ་དར་དམར་གྱི་ཁུག་མ་ནས་སྨན་ལེན་སྒྲུབ་སྨན་གསར་བ་ནས་ཅུང་ཟད་བླངས་ཏེ་ཆང་ལ་བཏབ་རང་དང་སློབ་མ་འཐུང་། ཐུབ་ངེས་ཁ་འབྱེ། གསང་མཚན་བཏགས་ནས་དཀྱིལ་འཁོར་ལ་སྨན་ཕུད་འབུལ། བཅང་ཐབས་དང་ངོ་སྤྲོད་གཞུང་ལྟར་བྱེད་སྨན་མང་ན་ཐོད་པ་ལྔ་བྱེད་པ་སྒྲུབ་རྟེན་གྱི་ཐོད་པ་དགུ་ལ་མི་ཐེ་བ་དགོས། མ་ཤོང་ན་ལྡིང་ཁྲི་ལ་ཐོག་གཅིག་ཐོལ་ལ་བྱེད་སྲོལ་ཀྱང་སྣང་ངོ་། །རིན་ཅེན་ཁྲོ་ཆུའི་གདེངས་ཅན་ལྟོ་བའི་བཅུད། སྨིན་བྱེད་ཉང་སྟོན་བརྒྱུད་པའི་ཕྱག་ལེན་ལྟར། །ཟ་ཧོར་བནྡེས་ཟིན་ཐོར་བཀོད་པའི་དགེས། །བཀའ་བརྒྱད་ཆོས་ཀྱི་ཉི་འོད་རབ་གསལ་ཤོག །བཀྲ་ཤིས། །


previousགསང་རྫོགས་སྒྲུབ་ཆེན་དང་སྨན་སྒྲུབ་ཀྱི་ཟིན་བྲིས་གངྒཱའི་ཆུ་རྒྱུན།next