Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
བཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ།next

བཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ།


GLG022_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ་བཞུགས་སོ།།


GLG022_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བདེ་གཤེགས་འདུས་པའི་དབང་གི་ཕྱག་ལེན་ཁྱབ་བདག་པདྨ་དབང་གི་གསུང་རྒྱུན་ཟིན་བྲིས་སུ་བཀོད་པ་ལ། ས་བརྟག་པ་དང་སྣང་བ་ལ་ས་བསླང་བ་གནས་ཁང་རྙིང་པར་བཏང་སྙོམས་སུ་འཇོག །ཉིན་དང་པོ་ལ་ལས་བྱང་འཛབ་ཀྱི་བར་གཞུང་བསྲང་། ཅོག་ཙེའི་སྟེང་དུ། ས་ལྷ་ལ་གཏོར་མ་ཟླུམ་པོ་པད་འདབ་མ། ཕྱོགས་སྐྱོང་ལ་དེ་འདྲ་བ་ལ་ཆངས་བུ་ཡོད་པ། མཆོད་པ་རྣམས་ལྔ་ཚར་རེ་བཤམས་ནས་མི་སྣང་བར་ས་བསླང་། དེ་ནས་ཕྱོགས་སྐྱོང་དམིགས་པས་བཀུག་ཨིནྡྲ་ཎ་སོགས་ཀྱི་མཐར་གཏོར་སྔགས་ཀྱིས་བསྔོ། ས་ལྷ་དང་ཕྱོགས་སྐྱོང་གཉིས་ཀའི་གཏོར་སྣོད་ཆང་གིས་བཤལ་བར་ནས་བླུགས་ཏེ་ས་བདག་ཕྲན་ཚེགས་ཚོར་བསྔོ། ས་དབང་དུ་བྱས་སྒྲུབ་ཁང་དུ་ལྟོ་འཕྱེ་མི་དགོས་སྔགས་དང་ཕྱག་རྒྱས་སྦྱང་བ། ཏིང་ངེ་འཛིན་གྱིས་སྦྱང་བ་རྣམས་དཀྱུས་ལྟར། ས་གཞི་བཟུང་ཞིང་བགེགས་བསྐྲད་པ་ནི་ཁྲོ་བཅུའི་སྔགས་དང་བཅས་ཕུར་པ་ས་ལ་འདེབས་ཚུལ་བྱེད་པས་མཚམས་བཟུང་བ་ཡིན། ཕྱོགས་སྐྱོང་ལ་གདབ་པ་མིན། ས་གསར་པ་མིན་པའི་སྒྲུབ་ཁང་རྙིང་པར་འདིའི་ཚབ་ལ་འོག་གི་ཕུར་གདབ་དངོས་གཞི་བླངས་ཀྱང་རུང་། བསོད་ནམས་ཀྱི་དཔུང་བསྐྱེད་པ་དབང་ཞུ་མཁན་རྣམས་ཀྱིས་བྱེད། འདིར་སྐོངས་ཀྱི་ཆོ་ག་བྱས་ཀྱང་རུང་མོད། དེས་(༢ན)


GLG022_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཆོད་ཡུལ་བུམ་པར་བསྐྱེད་དགོས་པས་ཅུང་ཟད་ཉོག་པོར་འགྲོ་བས་འོག་ཏུ་བྱེད་པ་འཇུག་པ་བདེ། རྒྱལ་ཆེན་ལ་མཐོ་སོ་སོར་སྐུ་བཙུགས་པའི་མདུན་དུ་པདྨ་འདབ་བཞིའི་སྟེང་མེ་ཏོག་གི་ཚོམ་བུ་ལྔ་འགོད་དཀར་གཏོར་པདྨ་འདབ་བཞི་པ་རེ་རེ་བཤམ་དགོས། དམ་སྲི་དཀྱུས་ལྟར། སྒོ་བྱང་རའི་སོགས་པའི་ཕྱི་ལ་གཤིན་རྗེ། ནང་ལ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་གཤིབས་ནས་འདྲི། ཕུར་པ་ཟེར་ཡང་མདའ་དར་ནག་པོ་ལ་འདོགས། ཕུར་པ་གཞན་གཅིག་ལ་ཤོག་དྲིལ་བཏགས་ནས་དམ་སྲིའི་ལིངྒར་འཛུགས་ཟེར་བ་མི་དགོས། བདུད་རྩི་འཁྱིལ་བ་དང་རྟ་མགྲིན་ལ་སྣོད་གཅིག་ཏུ་གཏོར་མ་གཉིས་བཤམས་པ་བསྐྱེད་བསྟིམ་བྱས་ནས་རང་སྔགས་ཀྱིས་བསྔོ། གཤིན་རྗེ་ལ་དམར་གཏོར་གྲུ་གསུམ་བྱེད། འདི་གཉིས་ལ་གཏོར་གདན་པད་འདབ་ཚོམ་བུ་མི་དགོས། མ་ཏྲཾ་མགོ་གསུམ་ལག་པ་གཉིས་བྱེད། ནང་མཚམས་གསང་མཚམས་གཅོད་མཚམས་གཅོད་གཉིས་སྒྲུབ་ཁང་རྙིང་པར་ས་མཚམས་འཛིན་པའི་སྐབས་བྱས་ན་དེས་མཐུས་འདིར་མི་དགོས། ཆོས་སྐྱོང་དང་བྱེ་བྲག་དྲེགས་པའི་བསྐང་གསོ་བཏང་། བདག་བསྐྱེད་ཉེར་བསྡུ་བྱ། ཉིན་གཉིས་པ་ལ་ཆག་ཆག་གདབ། ཐིག་སྐུད་བྱིན་རླབས་བྱས་ནས་སྔོན་མ་ས་ཐིག་གི་ཐིག་ཆེན་བརྒྱད་(༢བ)


GLG022_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། དེ་ནས་གནམ་ཐིག་བཏབ་རྗེས་ལྷ་གྲངས་ཀྱི་དྲི་དང་ཚོམ་བུ་བཀོད་ཕྱི་ནང་གི་མཆོད་པ་བཤམས་ནས་ལས་བྱང་འཛབ་ཀྱི་བར་བཏང་ལྷ་ནམ་མཁར་བཏེག་འདིར་དཀྱིལ་འཁོར་འདྲི་ན་ཐིག་གདབ་ཚོན་བྱིན་གྱིས་བརླབ། སློབ་དཔོན་གྱིས་སྟ་གོན་བཞི་པོ་གྲུབ་རྗེས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བུམ་པ་དགུ། དེའི་སྟེང་དུ་དུང་ཆོས་གཟུངས་ཐག་མཐར་མཆོད་པ་དང་བཅས་གཞུང་ལྟར་བསྒྲུབ། དེ་ནས། བླ་མ་རྒྱལ་བ་ཞི་ཁྲོ་སོགས་ནས་ལས་ཀྱི་མཆོད་པས་བདག་འགྱེད་དངོས་གྲུབ་སྩོལ་ཞེས་པའི་བར་གྱི་ཞུ་བ་ཞུ་ལན་བྱས་ནས། བླ་མས་བཟླས་པ་ཅུང་ཟད་དང་སློབ་མས་ཡིག་བརྒྱ་ཅུང་ཟད་བརྗོད་པས་བསག་སྦྱང་གི་དོད་བྱས་ཏེ་སློབ་མ་སྟ་གོན་དཀྱུས་ལྟར་བྱ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་ན་ལྷ་སྟ་གོན་བྱས་རྗེས་དཀྱིལ་ཐང་བཀྲམ་སྒྲོམ་བཙུགས་སྒྲུབ་རྫས་དཀྱུས་ལྟར་བཤམས་ནས་འཕྲིན་ལས་གཞུང་བསྲངས་ནས་བསྒྲུབ་པའི་ཞོར་ལ་བུམ་སྒྲུབ་ཀྱང་བྱེད་པ་ཡིན་ནོ། །ཡང་དཀྱིལ་འཁོར་འདྲི་བ་སློབ་མ་སྟ་གོན་གྱི་རྗེས་སུ་དཀྱུས་ལྟར་བྱས་ཀྱང་ཆོག་གོ །ཉིན་གཉིས་པ་ནས་དཀྱིལ་འཁོར་བྲིས་པར་བརྟེན་ཉིན་གསུམ་པའི་བྱ་བ་ལ་བམ་རོ་ནི་བམ་སྒྲུབ་སྟེ་ད་ལྟ་མི་དགོས་རྒྱན་དགུའི་མནྡྷ་དགུ་ལ་ལྷ་སོ་སོར་བྲིས་ཏེ་ལྟེ་བར་བདེ་གཤེགས་བཀའ་འཁོར་སོ་སོར་ཕྲལ་ནས་འདྲི། དེའི་ནང་དུ་སོ་སོའི་སྒྲུབ་རྟེན་སྨན་གྱི་ཟེའུ་མར་མེའི་ཀུང་ཟླ་གམ་སྒོ་གཅིག་པའི་དབྱིབས་ཅན། ཁྲམ་ཤིང་མདུན་གྱི་ཁྲམ་བར་དུ་ཨ་ཀྲོ་འབྲུ་བཅུ་བདུན་པ་རྒྱབ་ཏུ་ལིངྒ་མཚོན་ཆའི་སྔགས་བཀོད་པ། རྟ་དམར་ཞུར་ཅན་གྱི་དཔྲལ་ཐོད་ལ་ཞལ་གསུམ་པ་རྟ་མགོས་མཚན་པ། ལྕགས་ཕུར་འཆང་བཟུང་རྡོ་རྗེ་མ་ཞལ་གསུམ་མ། སྨད་ཕུར་པ་ལ་རྒྱ་མདུད་མ་ཞལ་གྱི་ཚབ་ཏུ་བྱང་བུ་ལ་བླ་མ་རིགས་འཛིན་གྱི་སྐུ་བྲིས་པ། ཕུར་པ་རྒྱ་(༣ན)


GLG022_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མདུད་རྩེར་སྙིང་གཟུགས། ཕུར་པ་རྒྱ་མདུད་ཀྱི་རྩེར་ཁྲམ་ཤིང་གི་གཟུགས། །ཕུར་པ་རྒྱ་མདུད་མ་གཅིག་རྣམས། ཆེ་མཆོག །ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། རིགས་འཛིན། མ་མོ། མཆོད་བསྟོད། དྲག་སྔགས་རྣམས་ཀྱི་རྟེན་བཙུགས་པ་རྣམས་སྒྲོམ་ཁྲིའི་སྟེང་དུ་འགོད་དངོས་སུ་མ་འབྱོར་ན་ཙཀ་ལིར་བྲིས་པས་གོ་ཆོད་པ། འཕྲུལ་བཞད་ཡིད་བཞིན་སོགས་ཀྱིས་བསང་རྫས་ཀྱི་ཐོད་པ་དགུ་པོ་དགྲམ་པ་ཡིན། ཕུར་པ་སྔར་གདབ་ཕུར་གྱི་བཅུ་པོ་ཡིན་ཀྱང་དེ་ལ་ཚིག་བརྗོད་མི་དགོས་པས་དུར་ཁྲོད་ཀྱི་ཕྱི་རྡོ་རའི་ནང་གི་ཁྲག་འཁྱམས་ལ་འཛུགས། ཚང་ལ་མངའ་མཛད་སོགས་ཀྱི་སྒྲུབ་རྟེན་གྱི་གཙོ་ཕུར་རྣམས་འགོད། རལ་གྲི་སོགས་དཀྱུས་ལྟར་མར་མེ་གཅིག་སྒྲོམ་སྟེང་དང་། བརྒྱད་པོ་ཁྲག་ཁྱམས་ཀྱི་ཕྱོགས་མཚམས་ལ་འགོད། མཆོད་པ་དང་མཆོད་གཏོར་བཤམ་པ་གཞུང་ལྟར་སྒྲོམ་ཁྲི་ལ་དབང་རྫས་འགོད་ལུགས་དཀྱིལ་འཁོར་དུ་སྒྲུབ་ཕུར་དགུ་དེའི་སྟེང་བུམ་པ་དགུ། དེའི་ཐོག་སྟེང་ཐོད་པ་དགུ། སྟེང་ཐོག་སྔར་གྱི་ཐོད་སྐུ་ཡོད་ན་དང་མེད་ནའང་ཙཀ་ལི་སྡེ་ཚན་བཅུ་གཅིག །ཁྱད་པར་གཙོ་དགུའི་ཙཀ་ལི་རོ་རས་ལ་བྲིས་པ་སྐུ་རྟེན། ཞལ་ཁེབས་དར་དམར་ལ་རང་སྔགས་བྲིས་པ་གསུང་རྟེན། ཐུགས་རྟེན་ནི་འོག་ཏུ་བཀོད་པའི་ཕུར་པ་སྒྲུབ་གཏོར་དགུ། བཀྲ་ཤིས་ཚེའི་གཏོར་མ་ནི་ཚེ་བུམ་སྣ་ཚོགས་རྡོ་རྗེས་མཚན་པ། ཛ་གད་ཀྱི་བུམ་པ་གཡའ་མེད་དཀར་ཡོལ་གྱི་བུམ་པ་ལྟ་བུར་ཆང་བུ་རམ་སྦྲང་བཏབ་པ་མར་གྱི་རིལ་བུ་དང་ཉི་ཟླའི་གཟུགས་བཀོད་པ། ཟླ་གམ་སྟེང་དཀར་པོ་འོག་དམར་པོ་ཁ་སྦྱོར་ན་ཚེ་རིལ་གྱིས་གང་བ་རྩེར་རྡོ་རྗེ་ཕྱེད་པས་མཚན་པ། མཆོད་གཏོར་དབྱིབས་གྲུ་གསུམ་དམར་པོ། དུག་གཏོར་གྲུ་གསུམ་ནག་པོ་དུག་བསྲེས་པ། ལས་བཞིའི་གཏོར་མ་དཀར་པོ་ཟླུམ་པོ་སུམ་(༣བ)


GLG022_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཀྱི་སྟེང་ཟླུམ་གཏོར། དེས་མཚོན་གཞན་གསུམ་གྱི་མདོག་དབྱིབས་བརྩེགས་པ་སོགས་རིགས་འགྲེ། དབུ་རྒྱན་དགུ། རྡོར་དྲིལ་དགུ། རུས་རྒྱན་རྣམས་འགོད། རྫས་དབང་གཞན་རྣམས་དཀྱིལ་འཁོར་གྱི་མཐའི་ཕྱོགས་གཞན་ལ་འགོད། གཟི་བྱིན་བསྐྱེད་པ་སྒྲུབ་རྫས་ཀུན་ལ་བྱེད། དེ་ནས་བཀོད་གྲུབ་རྗེས་དབུས་ནས་རང་བྱུང་གྲུབ་པ་སོགས་ཡིན། དཔལ་གྱི་ཆས་སུ་གཞུག་པ་ནས་གཟུང་དངོས་གཞི་དབང་ཆོག་ལྟར་ལ་ལས་ཚན་སྐོ་བཞག་དང་ཆས་འཇུག་ཚར་ཕྲལ་བདེ་གཤེགས་བཀའི་བྱོན་ཚུལ་བྱེད། སྨན་བསྡུ་བ་དང་བྱིན་རླབས་གཉིས་སྨན་སྒྲུབ་མི་བྱེད་ན་མི་དགོས། སློབ་མའི་ཉེས་སྐྱོན་བསལ་བ་ལ་དྲུག་ཡོད་པའི་དང་པོ་དཀྱིལ་འཁོར་སྐད་ཅིག་གིས་གསལ་གདབ། ལས་བྱང་ནས་སྨན་མཆོད་དང་དངོས་གྲུབ་བླང་། བསྲེ་མནན་དབང་མ་ཐོབ་པ་འགའ་ཞིག་ལ་མི་དགོས། ཞུ་མྱོང་མ་མྱོང་འདྲེས་ཚེ་མྱོང་བ་དང་མ་མྱོང་བ་གཉིས་བསྲེ་བ་ཡིན། བསྲེ་ལུགས། སློབ་དཔོན་གྱིས་ནང་མཆོད་བྱིན་གྱིས་བརླབས་སྨན་མཆོད་ཅིག་ཕུལ། དབང་གྲལ་ལ་དབང་ཐོབ་པ་རེ་གྲལ་མག །མ་ཐོབ་པ་རེ་གྲལ་མཇུག་བྱས་སྤེལ་ནས་ཕན་ཚུན་སྲིན་ལག་སྦྲེལ་ནས། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ་སོགས། གསུང་དང་ཐུགས་ལ་འདོན་པ་བསྒྱུར་ནས་གསོལ་བ་བཏབ། སློབ་དཔོན་གྱིས་ལན་དུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་དང་སོགས་ཀྱིས་ལན་བཏབ་ནས་ནང་མཆོད་སྦྱིན། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་སོགས་བརྗོད་ནས། གསར་པ་གྲལ་མགོ་དང་རྙིང་པ་གྲལ་མཇུག་ཏུ་སྤོ། འདི་ནས་གྲལ་འཛིན་བྱེད། དེ་ནུབ་ནས་ཐུན་འཛིན་དགོས་པས་བགེགས་གཏོར་ཉུལ་ལེ་བསྐྲད། ཡར་ལོག་ནས་བཞེངས་ཏེ་བྱིན་དབབ། བཞུགས་ནས་ཆད་མཐོ་བསྟན་སྐྱོང་བཏང་། སློབ་དཔོན་ལ་ལས་ཀྱི་རྡོ་རྗེས་གཟུངས་ཐག་གཏད་ནས། གསང་བའི་དཀྱིལ་(༤ན)


GLG022_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སོགས་ཀྱིས་འཛབ་བསྐུལ། ཞི་བའི་ལྷ་དབང་མ་རྫོགས་པར་ཞི་བའི་སྔགས། དེ་ནས་རིགས་འགྲེ། ཉིན་བཞི་པ་ནས་རྣལ་འབྱོར་རྒྱུན་དབང་བསྐུར། བླ་མས་ཀྱང་འདི་ནས་བཟུང་རྣལ་འབྱོར་རྒྱུན་དབང་ལེན། རྫས་དབང་ལ་ཉི་མ་ཙམ་དགོས་སྐབས་སྦྱར། ཞི་བ་ནས་བཀའ་སྲུང་བར་གྱི་ལྷ་དབང་ཉིན་རེ་ལ་ལྷ་དབང་སྡེ་ཚན་གཉིས་གསུམ་ཟིན་ན་བྱ་རུང་། མི་གྲུབ་ན་ཉིན་རེ་ལ་ཚན་པ་རེ་རེ་ཟིན་དགོས། ཆེ་མཆོག་ལྟ་བུའི་ལྷ་དབང་གི་ཕྱེད་ལ་བཞག་མི་ཆོག །སྨན་སྒྲུབ་མེད་ན་ཆེ་མཆོག་གི་ལྷ་དབང་ཟིན་ནས་གཡང་གཞིའི་སྟེང་དུ་མཉྫིའི་ཁར་སྨན་མཆོད་བཞག་རྔ་འཆམས་བྱས་སྨན་བྱིན་གྱིས་བརླབས། ལས་ཀྱི་རྡོ་རྗེས་སྨན་ཕུད་འཐོར་ཞིང་སྨན་མཆོད་ཕུལ། ལྷག་འགྱེད། སྨན་སྒྲུབ་ཡོད་ན་འོག་ཏུ་དངོས་གྲུབ་ལེན་ཆོག་གི་སྔོན་དེར་བྱེད། ཕུར་པའི་ལྷ་དབང་ཚར་རྗེས་བསྒྲལ་ལས་དོན་བརྒྱད་མ་དང་བཅས་བསྒྲལ་དབང་འཆམས་དང་བཅས་བྱ། རྒྱལ་ཐབས་སྤྱི་བླུག་ཡན་གཞུང་ལྟར་ཡིན། དངོས་གྲུབ་ལེན་པར་རྟེན་ཁེབས་སོགས་གདན་གཞིའི་ཁར་དཀྱིལ་འཁོར་ལ་བཀོད་པའི་སྒྲུབ་རྫས་ཐམས་ཅད་བླངས་ཏེ་བཀོད། ཤ་མར་སོགས་བཟའ་བཏུང་སྣ་ཚོགས་ཀྱང་གསར་དུ་བཤམ། བགེགས་སྐྲོད་བྱིན་འབེབས་བཀའ་སོ་སོའི་སྔགས་མཐར་སརྦ་པཉྩ་བཏགས་པས་བྱིན་གྱིས་བརླབས། ལྷ་གནད་ལ་དབབ་པ་སོང་རྗེས་བཟེད་ཞལ་གཉིས་སུ་ཆང་དང་རཀྟས་སོ་སོར་འབུལ་བས་ཧཱུཾ་གསུམ་དང་བཅས་རཀྟ་ལན་གསུམ་འཕྱར་བ་འདྲ་བ་ཞིག་ཆང་ལ་ཡང་བྱེད། རཀྟ་བཟེད་ཞལ་དུ་ལྡུགས་པ་ལྟ་བུ་ཆང་ལ་བྱེད། ཁྲག་ཆང་འཕྱར་འབུལ་རྣམས་ཞི་བར་བྱས་པ་ཇི་ལྟ་བ་དམོད་པ་དྲག་སྔགས་ཀྱི་བར་ཀུན་ལ་བྱེད། ཀཱ་ཡ་སིདྡྷི་ཨཱོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ་དང་བཅས་བདུད་རྩི་གནས་གསུམ་དུ་(༤བ)


GLG022_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་བཀའ་སོ་སོ་ཐམས་ཅད་ལ་དགོས་ཤིང་། བདུད་རྩི་གསང་རྫས་ནས་བྱེད། ཁྲག་ཆང་བཀའ་སྲུང་གི་གཏོར་མར་སྦྲེངས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དུས་འདིར་སྩོལ་ཞེས་པའི་མཇུག་ཏུ་འཕྱར་བའི་ཆང་དག་ནས་གནས་གསུམ་དུ་རེག །བདུད་རྩི་གནས་གསུམ་དུ་རེག་པ་ཐམས་ཅད་སློབ་དཔོན་ནས་གཟུང་སྒྲུབ་པ་པོ་ཀུན་གྱིས་བྱེད། སྐབས་འདིར་དངོས་གྲུབ་ཀྱི་རྫས་ལ་མི་རོལ། གཞན་དོན་སློབ་མ་ལ་སྒྲུབ་རྫས་ཀྱི་དབང་བསྐུར་བ་ཐམས་ཅད་ཀྱང་ཐོག་མར་སློབ་དཔོན་གྱི་ཕྱག་ཏུ་ལས་ཀྱི་རྡོ་རྗེས་བྷནྡྷ་སོགས་ཕུལ་རིམ་གྱི་སློབ་དཔོན་རང་ལ་བྱིན་རླབས་ཞུས་ཏེ་དབང་བླངས་ནས་སློབ་མ་ལ་བསྐུར་བ་ཡིན། འཕྲེང་བའི་སྐབས་བཀའ་སོ་སོའི་དབང་གི་རྗེས་ཟློས་ཀྱང་བྱེད་དགོས་པས། བཀའ་རེ་རེ་བཞིན་འཕྲེང་བའི་དབང་གནང་བར་འབྱོན་དགོས། བཅུ་གཉིས་པ་ཚེའི་དབང་གི་སྐབས་སྒྲུབ་གཏོར་སོགས་བཟའ་བཏུང་ཐམས་ཅད་ཀྱིས་འགྲིམ་པ་མཛད། འདི་རྣམས་དབང་ཞུ་བ་མཚམས་ཁོག་ཏུ་ཡོད་པ་ཁོ་ནར་བྱེད། ཁྲོམ་པ་དམངས་མར་དབང་གནང་བ་སློབ་དཔོན་ཁྲོམ་གྱི་ཁྲི་ཁར་བྱོན་ཚེ་བུམ་བཤམ་བླ་མས་སྔོན་འགྲོ་དབང་བཤད་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་ཤློ་ཀ་གཅིག་གིས་གསོལ་བ་བཏབ། སྐྱབས་སེམས་བྱ། དངོས་གྲུབ་བསྐུལ་ཚིག་གི་དམངས་མ་བཞག་སྟེ་ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་སོགས་དང་། དུར་ཁྲོད་གསང་བ་མཆོག་སོགས་ཐོག་མཐའི་རྗེས་ཟློས་མཛད། དེ་སྐབས་ལས་ཀྱི་རྡོ་རྗེ་སོགས་ཀྱིས་ཞྭ་གྱོན་འཕན་གདུགས་རོལ་ཆ་དང་བཅས་སྒྲུབ་ཁང་ནས་དངོས་གྲུབ་ཀྱི་རྫས་རྣམས་གདན་དྲངས་ནས་སླེབས་པ་དང་རྡོ་རྗེ་སློབ་དཔོན་གྱིས་ཚེ་བུམ་བསྣམས་ནས་ཁྲོམ་ལ་དབང་བསྐུར། སླར་བླ་མ་ཁྲི་ཁར་བཞུགས་དངོས་གྲུབ་ཀྱི་རྫས་ཁྱེར་པ་ཚོ་ཁྲོམ་(༥ན)


GLG022_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐའ་བསྐོར་ནས་མར་མེའི་སྨོན་ལམ་ཚར་གཅིག་བྱ། བཀྲ་ཤིས་ཀྱི་མེ་ཏོག་འཐོར། དེ་ནས་བླ་མ་སོགས་ནང་དུ་བྱོན་ནས་རྫས་ཆ་ལྔར་བགོས་ཟེར་ཡང་། ཆ་དགུ་བགོས་ཏེ། མེ་ལྷ། ས་ལྷ། ཆུ་ལྷ། ཕྱིའི་མཁའ་འགྲོ་རྣམས་སོ། །བགོད་ལུགས་ཐོག་མར་སྒྲུབ་རྫས་ཀུན་ནས་བླ་མས་ཕུད་རེ་བླངས་དེ་རྗེས་བུམ་ཆུ་གསང་རྫས་སོགས་ཀྱི་ཁུ་བ་བྱས་གཏོར་མ་སོགས་སྦོལ་ནས། ལྷ་དང་རིགས་འཛིན་བརྒྱུད་པ་ལ་ཕུད་ཕུལ། རྡོ་རྗེ་སློབ་དཔོན་གྱི་སྐལ་བ་སྔོན་མས་གོ་ཆོད། གཟུང་མའི་སྐལ་བ་བླ་མ་རང་ལ་སྤྲོད། མེ་ལྷའི་སྐལ་བ་མེ་ཐབ་ཆུང་ངུ་གཅིག་ཏུ་འཇིག་རྟེན་པའི་མེ་ལྷ་བསྐྱེད་ནས་འབུལ། མཆེད་ལྕམ་དང་ཁྲོམ་ལ་འགྱེད། བདུད་རྩི་སྨན་སྒྲུབ་བྱས་ན་ཡང་སྐལ་བ་གཏོང་ལུགས་འདྲ། ཆང་ཀ་པཱ་ལ་གང་ལ་འཕྲིན་ལས་གཞུང་ལྟར་བྱིན་གྱིས་བརླབས། དེ་འཐུང་བ་དང་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར། སྔར་དངོས་གྲུབ་རོལ་བའི་སྨོན་ལམ་ཧོ་བདེ་བར་གཤེགས་པ་སོགས་ཀྱིས་གདབ། འདི་གཏོར་མ་ཆ་གསུམ་དུ་བགོས་ཟེར་ཡང་སྔར་གྱི་དངོས་གྲུབ་ཀྱི་རྫས་དེ་ག་ཡིན་པས། ཆ་གཅིག་སྦྱིན་སྲེག་བྱེད་ཟེར་བ་སྔར་མེ་ལྷར་བསྔོས་ཟིན། སྔར་གྱི་ལྷའི་སྐལ་བ་དེ་འབྲུ་སྨན་རིན་པོ་ཆེ་སོགས་དང་བཅས་བུམ་གཏེར་བྱས་ལ་འོག་ཁང་དུ་དཀྱིལ་འཁོར་བཞེངས་ན་དཀྱིལ་འཁོར་བྲིས་པའི་འོག་ཏུ་སྦ། སྟེང་ཁང་དུ་བཞེང་ན་དགོན་གནས་གང་ཡིན་དེའི་ས་གནད་ཆེ་སར་སྦ། ཆུའི་སྐལ་བ་ཆུར་གནས་ཀྱི་སེམས་ཅན་དོན་དུ་ཆུ་བོ་ལ་དོར། ལྷག་མའི་ཆ་དེ་ཕྱི་རོལ་དུ་མཁའ་འགྲོ་སོགས་ལ་གཏོང་། དཀྱིལ་འཁོར་བསྡུ་བ་མན་གཞུང་ལྟར་རོ། །ཞི་བའི་སྦྱིན་སྲེག་བྱེད་ན་སློབ་མ་སྟ་གོན་གྱི་སྐབས་སློབ་མའི་སྡིག་པ་སྦྱོང་བའི་ཚེ་བྱེད། རྒྱས་པའི་སྦྱིན་སྲེག་བྱེད་ན་དངོས་གྲུབ་ལེན་ཆོག་གི་(༥བ)


GLG022_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་བྱེད། སྐོང་བཤགས་བྱེད་ན་རྒྱས་པའི་སྦྱིན་སྲེག་བྱེད་ཅིང་དངོས་གྲུབ་མ་བླངས་པའི་བར་དེར་བྱེད། བྱེད་ཚུལ་ས་སྟེགས་བང་རིམ་བཞིའམ་ཡང་ན་རྡོ་ཚོན་གྱིས་བྲིས། འབུལ་ཡུལ་གྱི་དཀྱིལ་འཁོར་ཡོད་པས་བུམ་པ་མ་དགོས་སྟེང་དུ་གཏོར་མ། བང་རིམ་དང་པོར་མར་མེ། གཉིས་པར་ལྷ་བཤོས། གསུམ་པར་སྨན། བཞི་པར་རཀྟ། ལྔ་པར་ཚོགས། དེ་མཐར་ལིངྒ་སྟེ་དྲུག་པོ་བརྒྱ་རྩ་བཤམ། ཚོགས་རྒྱས་པ་ཞིག་ཀྱང་དགོས། ཕྱོགས་བཞིར་ཉེར་མཆོད་བཤམ། བྱིན་རླབས་ལས་བྱང་ལྟར་བྱས། དེ་ནས་འགྱོད་ཚང་བཤགས་པའི་སྐོངས་ནས་བྱུང་བ་རྣམས་བཏང་རྗེས་ཚོགས་ལ་དམིགས་ནས་མ་བསྐང་གཏོར་ཚོགས་ཆེ་བ་ནས་ཀྱང་སྦྲོན། ཕུར་པའི་བསྐང་བའི་དུས་ལིངྒ་རྣམས་སློབ་དཔོན་གྱི་ཕུར་པ་གདེང་ཙམ་དང་དངོས་གཞི་ལས་ཀྱི་རྡོ་རྗེས་བསྒྲལ། དེ་རྗེས་དྲི་མེད་བཤགས་རྒྱུད་ཀྱི་ཕྱག་འཚལ་གསུང་ཞིང་སློབ་མ་རྣམས་ཀྱི་ཕྱག་བརྒྱ་བཙལ་རྗེས་སུ་བླ་མས་བཤགས་ཚིག་གསུང་ཞིང་སློབ་མ་རྣམས་ཀྱིས་རྗེས་ཟློས་བྱེད། ཁྲོ་རོལ་གྱི་ཞལ་ཤེས་ལ། ཟློག་དཀྱིལ་དཔེ་ཆུང་ལྟར་ལ་མ་ཏྲཾ་མགོ་དཀྱིལ་འཁོར་ལྷོ་ནུབ་ཏུ་ཡོང་བ་བྱེད། རྩིབས་བརྒྱད་ཀྱི་རྩེར་གཏོར་ཆུང་རེ་རེ། དབུས་ཀྱི་གྲུ་གསུམ་གྱི་ནང་དུ་གཡས་གཡོན་དུ་གཏོར་མ་གཉིས་རེ་བཀའ་དགུ་དང་ཞི་བའི་ཟོར་གཏོར་ཡིན་རྩིབས་མཆན་ལ་ཕུར་གདན་བཀོད་ནས་ལྷ་ཕུར་རྒྱ་མདུད་མ་བརྒྱད་བཀོད། དབུས་ནི་གཏོར་མ་གཉིས་པོའི་བར་དུ་ཕུར་པ་གཅིག་བགོད། ཟླ་གམ་གསུམ་ལ་ལིངྒ་རེ་འཇོག །མཉྫི་བཙུགས་པའི་སྟེང་དཔལ་གཏོར་བཞག །བྱང་ཤར་དུ་བཀའ་སྲུང་གི་གཏོར་མ་བཞག །བཟློག་འཁོར་མཚོན་ཆ་ལྟེ་བ་གཏོར་མ་ལ་ཆ་གསུམ་དུ་བྱས་པའི་སྨད་ཆར་མགོ་ཞབས་མ་ལོག་པར་འཇུག །གཏོར་མའི་སྟེང་དུ་བླ་བྲེ་ལྟར་སྤྲིན་ཆེན་གྱི་(༦ན)


GLG022_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་མ་ཏྲཾ་གྱི་ལྟོ་བར་བྲིས་པ་དེ་ཕུབ། དེ་སྟེང་བདེ་གཤེགས་བཀའ་འཁོར་རྒྱས་ཤོས་སམ་རིགས་ལྔ་ཡོད་པ་དེའམ། བདག་ཉིད་སྲུང་བའི་འཁོར་ལོ་ཕུབ། སྤྲིན་ཆེན་ཞལ་ཁེབས་ཟེར་བ་ལྟེ་བར་ཆོས་འབྱུང་བསྣོལ་བ་མུ་ཁྱུད་ལྔ་པ་དཀྱིལ་ལ་མེ་རི་དང་མཐའ་ལ་མེ་རི་ཡོད་པ་དེ་མདུན་ནས་ཙཀ་ལི་ལྟར་འགྲམ། གཏོར་མའི་ཞབས་ནས་ཁ་ཡར་བསྟན་ནས་ལྟེ་བར་ཆོས་འབྱུང་བསྣོལ་མ་ཡོད་པའི་མུ་ཁྱུད་གསུམ་པ་དེ་འདིང་། ཁྱུང་གི་སྤྱི་མགྲིན་སྙིང་གསང་བཞིར་དྲེགས་འཇོམས་སྐུ་འཁོར་ཡེ་ཤེས་བསྐྱེད་པ་གསུང་འཁོར། རྦད་འདྲེ་བཟློག་པ་ཐུགས་འཁོར། ལྟས་ངན་བཟློག་པ་འཕྲིན་ལས་འཁོར་ལོ་བཞི་འཇུག །ལྟེ་བར་ཁྱུང་འཁོར། ཟུར་བཞིར་གཏོར་མ་པདྨ་རལ་གྲི་རྡོ་རྗེ་ཡོད་པ་དེ་དང་། ཁྱུང་གི་ལྟོ་བར་བྲིས་པའི་འཁོར་ལོ་དེ་ཁྱུང་འབུར་སྐུས་གོ་བཅད་ནས་འཁོར་ལོ་རྐྱང་པ་རྫོང་། བུདྡྷ་ག་རུ་ཌའི་སྔགས་རྐྱང་པར་ཁ་བསྒྱུར་དགོས། ཡང་ལུགས་གཅིག་ལ་ཁྱུང་ལྟོ་འཁོར་མ་དེ་ཙཀ་ལི་ལྟར་ཁྱུང་དངོས་གཞིའི་རྒྱབ་ནས་འཇུགས་ཟེར་ཡང་ཅུང་མི་བདེ། ཟུར་གཞི་གཏོར་མ་གཉིས་དང་རལ་གྲི་གཉིས་བྲིས་པ་ཞིག་ཡོད་པ་འདྲ་མེན་ཡིན་པས་མི་དགོས། ཕོ་རྒྱུད་མོ་རྒྱུད་བཟློག་པའི་འཁོར་ལོ་གཉིས་པོ་ཙཀ་ལི་ལྟར་བྱས་ནས་གཤོག་པ་གཡས་གཡོན་གྱི་རྒྱབ་ཏུ་རྒྱོང་། ཁྱུང་གི་གཤོག་པར་ཤོག་རྫར་རྔ་མོ་ཁྱུང་ཞོན་དང་འདྲ་སྔགས་མི་གཅིག་པ་དེ་མི་དགོས། བསད་ལིང་རིགས་གསུམ་ཡོད་པ་དགྲ་བགེགས་དམིགས་བསལ་བྱུང་དུས་བར་དུ་དགྲ་དང་རྒྱལ་བསན་སོགས་ཀྱི་ལིངྒ་འཁོར་ལོ་བཅུག་ནས་མཚོན་ཆ་ལྟབ་བྱས་ཏེ་གཏོར་མའི་སྨད་ཆ་བཟློག་འཁོར་གྱི་འོག་ཙམ་དུ་གྲུ་གསུམ་བྲུས་པའི་ནང་དུ་ཟན་ལིང་གི་ཁོག་པར་བཅུག་ན་རྫོང་རྗེས་མནན་སྲེག་གང་རུང་བྱེད། བཟློག་(༦བ)


GLG022_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀྱུས་མར་མི་དགོས་ཤིང་། བཟློག་བསད་ཁ་སྦྱོར་ཟེར་བ་དང་གཏོར་ཞབས་སུ་འཇུག་ཟེར་བ་མ་དག་གོ །ཡང་ཁྱུང་དགུ་མ་བྱེད་ན་མ་ཏྲཾ་གྱི་ལྟོ་བ་གྲུ་བཞིར་བཅད་དེའི་ནང་གླིང་དགུར་བྱས་པའི་གླིང་རེ་རེར་ལྟེ་བའི་ཆོས་འབྱུང་ནས་མེ་རིའི་བར་གླིང་གཅིག་མའི་མ་ཏྲཾ་གྱི་དཔེ་ལྟར་བྱས་པ་ལ་རྩིབས་བཞི་བྱེད། བཀའ་སྲུང་གི་ཟོར་གཏོར་ལ་མ་ཏྲཾ་ཞིག་ལོགས་སུ་བྲིས་པའི་སྟེང་དུ་ནས་ནག་གི་ཚོམ་བུ་དབུས་སུ་གཅིག་ལ་ཉེར་བརྒྱད་ཀྱིས་བསྐོར་བ་བྱ། སོ་སོའི་ཆོས་འབྱུང་གི་དབུས་སུ་ཕུར་པ་རེ་དང་ཟོར་གཏོར་རེ་འཇོག་ཆེ་མཆོག་ལ་ཞི་བའི་གཏོར་མ་དེ་དགོས། དཔལ་གཏོར་དགུ་པའི་སྨད་ཆར་བཟློག་འཁོར་སོ་སོའི་སྔགས་དང་ཕྱག་མཚན་བྲིས་འདོན་པ་བསྒྱུར་ན་འཇུག་གོ །གཏོར་ཞབས་སུ་འདིང་རྒྱུ་སྔར་དང་འདྲ་བ་དགུ་བྱེད། སྤྲིན་ཆེན་འཁོར་ལོས་མདུན་དང་སྤྲིན་ཆེན་ཞལ་ཁེབས་འཁོར་ལོས་རྒྱབ་བྱས་ནས་ཙཀ་ལི་ལྟར་ཆེ་མཆོག་གི་གཏོར་མའི་མདུན་དུ་འཛུགས་གཞན་བརྒྱད་ལ་མི་དགོས། སྟེང་དུ་བླ་བྲེ་ལྟར་འབུབས་རྒྱུ་བཀའ་སོ་སོ་ལ་འཁོར་ལོ་མུ་ཁྱུད་གསུམ་པ་རྩིབས་བཞི་པ་རྩིབས་མཆན་ལ་སོ་སོའི་ཕྱག་མཚན་ཡོད་པ་དེ་ཡིན། བདེ་གཤེགས་བཀའ་འཁོར་ཆེ་མཆོག་གཅིག་པུ་ལ་བྱས་པས་ཆོག །ཁྱུང་ཆེ་མཆོག་ལ་སྔར་ལྟར་རྒྱས་པ་དེ་ག་འགྲུབ་ན་ཁྱུང་འཁོར་ཟུར་པ་མི་དགོས་གཞན་བརྒྱད་ལ་འཁོར་ལོ་མུ་ཁྱུད་བཞི་པ་དེ་ཁྱུང་གི་ལྟོ་བར་འཇུག་གོ །ཁྱུང་གི་ལྟོ་བར་བྲིས་པ་དེ་ཆེ་མཆོག་ལ་བུདྡྷིའི་ཁྱུང་སྔགས་དགོས་པ་སྔར་ལྟར་ལ་ཡང་དག་ལ་བཛྲ། གཤིན་རྗེ་ལ་རཏྣ། རྟ་མགྲིན་ལ་པདྨ། ཕུར་པ་ལ་ཀརྨའི་སྔགས་ལྟེ་བ་དང་རྩིབས་ཐམས་ཅད་ལ་བྲིས་པའི་རེ་རེ་རྫོང་གཞན་རིགས་འཛིན་སོགས་བཞི་ལ་མ་བསྒྱུར་བའི་དཀྱུས་མ་རྫོང་། སྟེང་ནས་འབུབས་པའི་འཁོར་ལོ་དང་། ཁྱུང་གི་ལྟོ་བར་(༧ན)


GLG022_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་བའི་འཁོར་ལོ་གཉིས་འདྲ་འདྲ་ལ་སརྦ་དུཥྚཾ་གྱི་སྔགས་ཡོད་པའི་མུ་ཁྱུད་གཅིག་གི་ལྟོ་བར་འཇུག་རྒྱུ་མང་། ཁྱུང་དགུ་མའི་སྐབས་བཟློག་འཁོར་བསྡུས་པ་ལྟེ་བར་ཆོས་འབྱུང་བསྣོལ་བ་མུ་ཁྱུད་བཞི་པ་ཞིག་བྱུང་། མིང་ལ་སྲུང་འཁོར་ཟེར་བ་ཡོད་ཀྱང་འགྲུབ་ན་རྒྱས་པ་ཁ་བསྒྱུར་བ་དེ་ག་ལེགས། བདེ་གཤེགས་བཀའ་འཁོར་ཤིན་ཏུ་རྒྱས་པ་དང་ཡང་པདྨ་འདབ་བརྒྱད་ཡོད་པ་གཉིས་སོགས་བྱུང་ཡང་ལྟེ་བར་ཆོས་འབྱུང་བསྣོལ་མ་ཡོད་པ་སྔོན་མས་གོ་ཆོད་དངོས་གཞི་འདམ་ཀ་ཡིན་ནོ། །བདེ་གཤེགས་བཀའ་འཁོར་སྤྲིན་ཆེན་ཞལ་ཁེབས་གཉིས་པོ་རྗེས་སུ་རང་དང་སྦྱིན་བདག་ལ་འདོགས། སྤྲིན་ཆེན་སྒོ་ལ་སྦྱོར་སྟེང་ནས་འབུབས་པའི་འཁོར་ལོ་དགུ་པོ་རྗེས་སོར་ལྡབ་རུང་ངོ་། །ཁྲམ་བཟློག་བྱེད་ན་བཀའ་སོ་སོའི་ཁྲམ་རྒྱབ་ཡིག་མ་ཐེམ་མེད་ལྟར་བཟོས་ནས་གཏོར་མའི་མདུན་ཕྱོགས་ཙཀ་ལིའི་འོག་ཏུ་འཛུགས། ཁྲམ་བཟློག་མི་བྱེད་ན་མི་དགོས། དབང་ཕྱུག་མའི་མདོས་བསྡུས་པའང་རིམ་བཞིའི་སྟེང་དུ་གཙོ་མོ་དང་། གཉིས་པར་དབང་ཕྱུག་ཉེར་བརྒྱད་ཀྱི་སྐུ་གཟུགས། གསུམ་པ་ལ་གཏོར་མ་ཉེར་བརྒྱད། བཞི་པ་ལ་ཁྲག་ཀོང་ཉེར་བརྒྱད། དེ་འོག་ཟན་གྲུ་གསུམ་ཉེར་བརྒྱད། དམར་རྒྱན་མཚེ་ཡུངས་ཁྲག་སོགས་ཀྱིས་བརྒྱན་ཅིང་ལྡུགས། རྔ་མོ་ཁྱུང་ཞོན་གྱི་ཁྱུང་འབུར་སྐུའི་རྒྱབ་ཏུ་ཤོག་བུ་ལ་རལ་པ་དང་གཤོག་པ་བྲིས་པའི། རལ་པ་ལ་དྲེད་གཉིས་རལ་པར་འཆངས་ནས་འཛིང་བ། གཡས་གཤོག་ལྔ་ལ་སེང་སྔོན་དང་འབྲུག་སྔོན་འཐབ་པ། སྟག་སེང་གཉིས་འཐབ་པ། བུད་མེད་གཉིས་རལ་པ་ནས་འཆངས་ཏེ་འཛིང་བ། ནོར་བུ་སྔོན་པོ་མིག་གསུམ་པ་རི་རབ་ལྷུན་པོ་ལ་མེ་འབར་ཚུལ། གཡོན་གཤོག་བཞི་ལ་མཚོའི་དཀྱིལ་དུ་སྦྲུལ་ནག་འཁྱིལ་(༧བ)


GLG022_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྟག་གནམ་ལ་མཆོང་ཚུལ། བྱ་རྒོད་གཉིས་སྡེར་འཛིངས་བྱེད་པ། ཤ་བ་སྔོན་པོ་གཉིས་འཛིང་བ། གཤོག་ཟུར་ལྔ་ལ་སྤུ་གྲི་མདུང་རྨ་བྱ་གར་བྱེད་པ། སྒོ་ང་སྔོན་པོ་འགྲིལ་བ། སེར་བ་བབས་ཚུལ་ལ་སེར་རྡོག་སྔོན་པོ། ཕོ་མོ་འཁྲིག་པ། སྒོ་ང་དམར་པོ་འགྲིལ་བ། མཚོན་ཆའི་འཁོར་ལོ་ཉི་མའི་ཕྱེད་ཙམ་སྤྲིན་གྱིས་བསྒྲིབ་པ། སྤྲིན་པ་དམར་པོ། ཕོ་དབང་བསྒྲེང་བ་ནས་བྱང་སེམས་འཛག་པ། ཐལ་རླུང་ལངས་པ། གངས་རིའི་སྟོད་ནས་སེང་གེ་ལྷུངས་ཚུལ། མཇུག་སྒྲོལ་གྲུ་བཞི་ལ་གླིང་བཞིར་བཅད་དར་དཀར་སེར་དམར་སྔོའི་མདོག་བསྒྱུར་བ། མི་གཟུགས་ཀྱི་ཟོར་བས་ཤིང་གསར་བརྔ་བའི་ཚུལ། ཁང་སྟེང་འུག་པ་བབས་ཚུལ་རྣམས་འདི་ཟན་གྱི་གླུད་ཆུང་དགུ་སྨྱུག་མ་ལ་བསྐྱོན་ནས་རྔ་མོའི་གྲུ་སྟེང་དུ་བཙུགས་པ་མཇུག་སྒྲོའི་རྒྱབ་ཏུ་སླེབ་ཙམ་གྲོད་པ་ནང་དུ་ཆུ་དང་ཁྲག་བླུག་ཁ་མིག་བྲིས་པ་དབྱུག་པས་གདབ་ནས་དམོད་མོ་བྱེད་དེ་ནས་རྔ་མོའི་སྐེ་ལ་འདོགས། དགེ་སློང་མདོ། སྔགས་པས་སྔགས། སྐྱེས་པས་བསྭོ། བོན་པོས་བསྭོ་སྒྲ། བྱེད། ཟོར་དགུ་ལ། ཆེ་མཆོག །ཡང་དག་གོ །གཤིན་རྗེ། རྟ་མགྲིན། ཕུར་པ། རིགས་འཛིན། མ་མོ། མཆོད་བསྟོད། དྲག་སྔགས་རྣམས་ལ་རིམ་བཞིན། གཏོར་ཟོར། རྡོ་རྗེའི་ཟོར། མདའ་ཟོར། ཆུ་ཟོར། ཕུར་ཟོར། ཐོད་ཟོར། ཁྲག་ཟོར། རྡོ་ཟོར། དུག་ཟོར་རྣམས་ཡིན། མཆོད་པ་ལ། དཔལ་དགུའི་མཆོད་སྒྲུབ་ཀྱི་གཏོར་མ། བླ་མའི་ལས་བྱང་གང་བྱེད་ཀྱི་གཏོར་མ། རང་གི་ཆོས་སྐྱོང་གང་ཡིན་གྱི་གཏོར་མ། སྒེར་སྲུང་དྲེགས་པའི་གཏོར་མ། སྨན་རག་གོ །ཕྱི་མཆོད་ཚར་བཅུ། ལས་བྱང་འཛབ་ཚོགས། ཡི་དམ་ཆོས་སྲུང་གི་བསྐང་གསོ་ཚོགས་ལྷག་བར་བཏང་། དེ་ནས་བཟློག་གཞུང་ཡོངས་རྫོགས་སམ་རེ་མོས་སྐབས་སྦྱར་བཏང་། རྗེས་རྩར་གྱེར། ཁྱུང་བསྐྱེད་པ་ནས་བཟླས་པའི་བར་བྱ། རྒྱས་པ་བྱེད་ན། བཀའ་སོ་སོའི་སྨོན་ལམ་བཏབ་པའི་རྗེས་(༨ན)


GLG022_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོ་སོའི་ཁྱུང་གི་ལས་བྱང་གཏོར་འབུལ་སོགས་བྱའོ། །ཁྲམ་ཡོད་ན་ཁྲམ་བཟློག་གཏོང་། རྒྱལ་མཚན་དགུའི་བཟློག་པ། ཆད་མཐོ་བསྟན་སྐྱོང་བྱ། ནུབ་ཐ་མ། ཁྱུང་གི་བཟླས་པ་སོང་རྗེས་ཁྱུང་བཟློག་བྱ། རྒྱལ་མཚན་དགུ་དབང་ཕྱུག་མའི་མདོས་གཞུང་གྱེར། རྔ་མོ་ཁྱུང་ཞོན་ཁྲམ་ཡོད་ན་ཁྲམ་བཟློ་གོ ། གཏོར་ལམ་འཐེན། གཏོར་ཞལ་ཅུང་ཟད་ཕྱིར་བསྒྱུར། བཟློག་སྔགས་ཟ་ལམ་བསྟན། དེ་ནས་ཆས་སུ་ཞུགས། གཏོར་དྲིལ་བཏང་། སྒོ་དབྱེ་བ་དང་གཏོར་མ་དཔགས། ཕྱི་རོལ་ཏུ་གསེར་སྐྱེམས། ཟོར། དབང་ཕྱུག་ཞུ་ལན། སྲིན་མོ་ཟ་ལམ་བྱ། དེ་རྗེས་གོམ་པ་བདུན་ཅུའི་བར་ཁྱེར་གསེར་སྐྱེམས་བཏང་། བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་ཅན། ཆེ་མཆོག་ཡོན་ཏན་༝། ཡང་དག་ཐུགས་། འཇམ་དཔལ་༝། རྟ་མགྲིན་༝། ཕུར་པ་༝། རིགས་འཛིན་༝། མ་མོ༝། འཇིག་རྟེན་༝། དམོད་པ་༝། དཔལ་གྱི་བཀའ་སྲུང་ལྷ་ཚོགས་ཐུགས་དམ་ཅན། སྲོད་ལ་དམ་ཅན་གཤེགས་པའི་ཚེ་སོགས་བྱེད། །འདི་ནི་རིགས་འཛིན་ཆེན་པོ་མངའ་རིས་པ་ལེགས་ལྡན་བདུད་འཇོམས་རྡོ་རྗེའི་བཀའ་སྲོལ་མ་ཉམ་པ་འབྲི་གུང་པ་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་ཕྱག་བཞེས། སྣང་གསལ་ཆོས་རྗེ་ཀུན་དགའ་ཚེ་མཆོག་ཡབ་སྲས་ལས་བརྒྱུད་པའི་རིག་སྔགས་འཆང་བའི་དབང་ཕྱུག་ཟུར་ཆེན་པདྨ་དབང་གི་གསུང་ལས། ཁོ་བོ་ཟ་ཧོར་གྱི་བནྡྷེས་མན་ངག་ཕྱག་བཞེས་དམར་ཁྲིད་དུ་མནོས་པ་རྣམས་བརྗེད་ངས་ཀྱི་འཇིགས་པ་སྤང་ཕྱིར་ཟིན་བྲིས་སུ་བཏབ་པའོ། །སརྦ་མངྒ་ལཾ།།


previousབཀའ་བརྒྱད་བདེ་འདུས་ཀྱི་དབང་དང་། ཁྲོ་རོལ་གྱི་ཟིན་བྲིས་ཀུན་བཟང་དགོངས་པའི་རོལ་མཚོ།next