Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ།next

བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ།


GLG022_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ་བཞུགས་སོ། །


GLG022_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་ཀུན་འདུས་རིགས་འཛིན་ཐོད་འཕྲེང་རྩལ། །དབྱེར་མེད་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་། ཁྱབ་བདག་ཉང་སྟོན་བློ་མཆོག་རྡོ་རྗེའི་དཔལ། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོར་བཞུགས། །བདེ་གཤེགས་མ་ལུས་འདུས་པ་འོ་མའི་མཚོའི། །སྙིང་པོ་མར་གྱི་ཉིང་ཁུ་ཡོངས་རྫོགས་ཞེས། །གནམ་སྐས་ཀླུ་བདུད་ལྟོ་བའི་ཟབ་གཏེར་གྱི། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་རྙེད་དཀའི་ལམ། །གང་དེའི་འཕྲིན་ལས་ཆུ་གཏེར་ལས་འོངས་པ། །ཞི་བའི་སྦྱིན་སྲེག་རི་དྭགས་མཚན་མ་ཅན། །རྣམ་དཔྱོད་ཤར་གྱི་རི་དབང་ལས་ཐོན་ནས། །ཉེས་བརྒྱའི་སྨག་རུམ་སེལ་འདིར་སྤྲོ་དགའ་བྱོས། །དེ་ལ་འདིར་ཨྱོན་གྱི་མཁན་པོ་པདྨཱ་ཀ་རའི་ཐུགས་ཀྱི་ཉིང་ཁུ་ཞི་ཁྲོ་ཡོངས་རྫོགས་ཀྱི་འཕྲིན་ལས་ཇི་སྙེད་པའི་ནང་ནས་བསྲེག་པའི་སྦྱོར་བ་ནི། རྒྱུད་གསང་བ་འདུས་པ་ལས། མེ་ཡི་ལས་ཀུན་མྱུར་དུ་འགྲུབ༔ ཅེས་དང་། བདེ་འདུས་ཞི་བའི་སྦྱིན་སྲེག་གི་རྩ་བ་ལས། སྡིག་པ་ཞི་དང་བསོད་ནམས་འཕེལ༔ སྒྲུབ་པ་པོ་ལ་ཕན་གདགས་དང་༔ སྔགས་ཀྱི་ལས་རྣམས་བསྒྲུབ་བྱའི་ཕྱིར༔ སྦྱིན་སྲེག་ཆོ་ག་བཤད་པར་བྱ༔ ཞེས་ལས་བཞི་མཐའ་དག་རྫས་སྔགས་ཏིང་འཛིན་གྱི་ཁ་བསྒྱུར་ལ་བརྟེན་ནས་གང་འདོད་དུ་བསྒྲུབས་(༢ན)


GLG022_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་པའི་ཕན་ཡོན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ཞིང་། དེ་རྣམས་ཀྱི་ནང་ནས་ཞི་བའི་སྦྱིན་སྲེག་གི་རིམ་པ་ཉམས་སུ་བསྟར་བ་ལ། ཞི་བའི་འཕྲིན་ལས་སྒྲུབ་པ་ལ་ཤིས་པའི་གཟའ་སྐར་ཚེས་གྲངས་དུས་སྦྱོར་སོགས་དང་བསྟུན། བདེ་འདུས་སྲེག་ལས། ཤར་དུ་ཁ་ལྟས་འབྱུང་པོ་ལ༔ ཡིད་དང་མཐུན་པའི་གཏོར་མ་སྦྱིན༔ ཧཱུཾ་གི་སྔགས་ཀྱིས་སྦྱང་བར་བྱ༔ ཞེས་དང་། ཕྱོགས་སྐྱོང་ས་ཡི་ལྷ་མོ་དང་༔ ས་བདག་སོགས་ལ་མཆོད་པ་བྱ༔ ཞེས་འབྱུང་བ་ལྟར། སྔོན་ཆད་མ་དུལ་བའི་ས་ཡིན་ན། སྒྲུབ་ཆེན་སོགས་ལས་འབྱུང་བ་ལྟར་ས་ཆོག་བྱ། གནས་ཁང་རྙིང་པ་སྔོན་ནས་ལོངས་སྤྱོད་བཞིན་པར་སྤྲོས་པ་རྒྱས་པར་བྱེད་པ་ཕུན་སུམ་ཚོགས་པའི་ཡན་ལག་དང་། མི་སྤྲོ་ནའང་ཆད་ལྷག་ཏུ་མི་འགྱུར་ཞིང་། གཞི་བགེགས་ལ་བཀའ་བསྒོ་བ་དང་། སྡེ་བརྒྱད་ཆ་སྙོམས་པའི་གསེར་སྐྱེམས་བྱ། སྒྲུབ་པ་སོགས་དང་འབྲེལ་བའི་མཐོ་མ་བཀྲོལ་བའི་ནང་དུ་བྱེད་ན་དེ་དག་གང་ཡང་མི་དགོས་སོ། །དེ་ཡང་གནས་ཁང་དུ་ཕྱག་བདར་བྱ། ཤིན་ཏུ་གཙང་ཞིང་བཀྲ་ཤིས་པའི་ས་ལ་སྟེགས་བུ་བརྩིགས། སྟེང་དུ་ཐིག་ཆེན་བརྒྱད་བཏབ། རྒྱར་ལྟེ་བ་ནས་མཐོ་གང་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་། (༢བ)


GLG022_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གྲི་གུག །རྩེ་གསུམ། བེ་ཅོན། དབྱུག་ཏོ། རལ་གྲི། ཐོ་བ། ཕུར་པ། ལྕགས་ཀྱུ་རྣམས་རིམ་བཞིན་འདྲི་བའམ། བསྡུ་ན་ཚོམ་བུ་འགོད། ལྟེ་བའི་མུ་ཁྱུད་ནས་སོར་བཞིའི་ཚད་ཀྱི་ཟླུམ་པོར་ལན་གཉིས་སུ་བསྐོར་བའི་ཁ་ཁྱེར་ལ་པད་འདབ་བཅུ་དྲུག །ལྟེ་བའི་པདྨའི་མུ་ཁྱུད་དང་། མུ་རན་ལ་རྡོ་རྗེའི་འཕྲེང་བ། ཕྱིའི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རྡོ་རྗེ་ཕྱེད་པ་འདྲི་དེའི་སྟེང་དུ་བུད་ཤིང་ནི་གསང་རྫོགས་ཀྱི་ལས་བཞིའི་སྦྱིན་སྲེག་ལས། བྱང་ཆུབ་སྐྱེར་ལྡེང་དུག་ཤིང་སོགས༔ ལས་མཐུན་ཤིང་བརྩིགས་བསྲེག་པའི་རྫས༔ ཞེས་པ་ལྟར་བྱང་ཆུབ་ཀྱི་ཤིང་། ཙནྡན་དཀར་པོ། འོ་མ་ཅན་གྱི་ཤིང་གི་རིགས་གང་རུང་ངམ། བཟོ་དབྱིབས་བདེ་བར་བྱེད་ན་འབྲོག་དགོན་པའི་ལྕི་བ་སྐམ་པོ་སྲོག་ཆགས་མེད་པ་ལྟ་བུ་ལས་གྲུབ་པའི་ཐབ་ཟླུམ་པོ་རྒྱར་ཁྲུ་གང་པ་དཔངས་སུ་དེའི་ཕྱེད་པ་ཅན་བརྩིགས་པ་ལ། ཙནྡན་དཀར་པོའི་ཆུའམ། མ་རྙེད་ན་འབྲས་དཀར་རམ་ས་དཀར་འབྱུག །ཤར་ལྷོ་མཚམས་སུ་མེའི་ཚང་བཅའ་ཞིང་ཏིང་ལོ་གཞུག །ཐབ་དང་སྒྲུབ་པ་པོའི་བར་དུ་མེ་ཡོལ་གངས་རི་དང་ས་བོན་སོགས་ཕྱོགས་མ་ལོག་པར་བྲིས། ཐབ་ཀྱི་རྒྱུར་བཤད་པ་དང་བལ་བུ་དཀར་པོ་གང་བརྙེད་གས་ཆག་མེད་ཅིང་རུལ་བ་དང་སྲིན་འབུས་ཟོས་པ་མིན་པའི་ཡམ་ཤིང་སྲིད་དུ་སོར་བཅུ་གཉིས། སྦོམས་སུ་མཐེའུ་ཆུང་དང་མཉམ་པ་མར་དང་འོ་མ་དང་སྦྲང་རྩིས་རྩ་རྩེ་གཉིས་སྤགས་ཤིང་། བདུད་རྩི་དང་ཙནྡན་དཀར་པོའི་ཆུས་བྱུགས་པ། རང་མདོག་ཅན་གྱི་མར་ཁུ་སོགས་རྫས་ཆེན་བཅུ་གཉིས་རང་རྫས་ཀྱིས་སྦགས་ཤིང་། འབྲས་དཀར་རླངས་བཙོས་རྫས་སྣ་བརྒྱད་དང་ལྡན་པའི་ཟས་མཆོག །ཁྱད་པར་གྱི་རྫས། འབྲུ་སྣ་ལྔ། ཏིལ་དཀར། དཀར་གསུམ། བིལ་ཝ། སྤང་རྒྱན། མེ་ཏོག་དཀར་པོ། སི་ལ། ག་པུར། (༣ན)


GLG022_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མར་དཀར། འདོད་གསོལ་བྲིས་པའི་ཤིང་བྱང་རྣམས་དམ་རྫས་ལྔས་སྦགས་པའི་ཤིང་བྱང་མ་གཏོགས་པ་རྣམས་སོ་སོར་བཤམ་པའམ་རིལ་བུར་དྲིལ་བ་སྐབས་དང་སྦྱར་བའི་རྫས་རྣམས། ཉ་ཕྱིས། དུང་ཕོར། རིན་པོ་ཆེ། ཁམས་དཀར་པོའི་སྣོད་དུ་འདས་ལྷ་ལ་མང་བ་དང་འཇིག་རྟེན་པར་ཉུང་བ་བྱས་ཏེ་གཡས་སུ་ལས་མཐུན་གྱི་སྟན་ལ་གོ་རིམ་མ་འཁྲུགས་པར་དགོད། རང་རྫས་དང་ལྡན་པའི་འདས་མ་འདས་ཀྱི་གཏོར་མ། མཆོད་ཡོན་སྔོན་དུ་འགྲོ་བའི་ཕྱིའི་ཉེར་སྤྱོད་དང་ནང་གི་ཉེར་སྤྱོད་ཚར་གཉིས་རེ་གཡོན་དུ་བསྒྲིག །མདུན་དུ། དུང་ཆོས། མེ་ཏོག །ཐོད་རྔ་། རྡོ་རྗེ། དགང་བླུགས་ཁ་སྦྱར། དྲིལ་བུ། སྨན་རཀ །ཀུ་ཤ་བརྒྱད། དཔལ་འབར། རླུང་གཡབ་རི་མོ་ཅན། སོ་རྩི། གོས་ཟུངས་སོགས་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་བཀོད། དེ་ནས་སྒྲུབ་པ་པོ་ཞི་བའི་གར་ཆས་སམ། མ་འབྱོར་ན་འཁོར་ལོས་མཚན་པའི་རྒྱན་ཆས་དཀར་པོ་གྱོན། སྟན་དཀར་ཟླུམ་པོ་ནང་ཚངས་ཅན་སོགས་ཀྱི་སྟེང་དུ་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་ཤིང་སྨྲ་བ་བཅད་དེ་སྔོན་དུ་ལས་བྱང་མ་གྲུབ་ན་གཞུང་བསྲང་བ་ནས་ཚོགས་ལས་ཀྱི་བར་བྱ། རྡོར་དྲིལ་བཅངས་ཏེ་ད་ཉིད་དང་རྔ་བྱིན་རླབས་ལྷན་ཐབས་ལྟར་དང་། གཟར་བུ་གཉིས་བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཁྲོས་ཡེ་ཤེས་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་ནས་གཟར་བུ་གཉིས་ལ་ཐིམ་སྟེ་ཞུ་བ་ལས་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་། ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཆེ་མཆོག་ཧེ་རུ་ཀ་མཐིང་ནག་རྡོར་དྲིལ་འཛིན་པ་དང་། གནམ་ཞལ་སྔོན་མོ་ཁཊྭཱཾ་དུང་དམར་འཛིན་པ་སྙོམས་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། སུམྦྷ་བརྗོད་ཅིང་(༣བ)


GLG022_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་དང་གནས་རྫས་ཐམས་ཅད་ལ་ཡུངས་ཀར་གཏོར། གུ་གུལ་གྱིས་བདུག །གསང་ཆུ་ནི། དྲི་བཟང་གིས་གང་བའི་དུང་ཆོས་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆུའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ལྟེ་བར་ཨ་དཀར་པོ་གསལ་ལ་འཚེར་བ། དེ་ལས་འོད་འཕྲོས། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བཀུག་སྟེ་ཨ་ལ་ཐིམ། དེ་ཞུ་ནས་ཆུ་དང་རོ་གཅིག་ཏུ་གྱུར་པས་མ་དག་པའི་དྲི་མ་རྣམས་སྦྱོང་བའི་ནུས་པ་དང་ལྡན་པར་བསམ། ཨཱོཾ་ཤོ་དྷ་ནི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་བཟླ་ཞིང་བྱིན་གྱིས་བརླབ། གཏོར་མ་བརླབ་པ་ནི། ཨཱོཾ་ཀྲོ་ཏི་ཤྭ་རི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་སྭཱཧཱ་ཨཱོཾ་ཨཱཿཧཱུཾ་གིས་བསངས། གཏོར་མའི་སྣོད་བཅུད་ཅེས་པ་ནས་གུ་ཧྱ་ས་མ་ཡ་སྭཱཧཱའི་བར་བྱ། མཆོད་པ་བརླབ་པ་ནི། གཡས་སྐོར་གྱིས་བསང་ཆུ་དང་སྨན་ཕུད་ནས་ཀྱང་གཏོར། ཨ་མྲྀ་ཏ་དང་ཨཱོཾ་ཀྲོ་ཏི་ཤྭ་རི་སརྦ་དྲ་བྱཾ་སོགས་ཀྱིས་བསངས། བདག་གི་ཐུགས་ཀའི་ཧཱུཾ་ལས་རཾ་ཡཾ་ཁཾ་ཞེས་པ་ནས་སརྦ་པཱ་ཛ་མེ་གྷ་ཧཱུཾ་གི་བར་བརྗོད། སྲེག་རྫས་བརླབ་པ་ནི། གོང་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་སྲེག་རྫས་རྣམས་དངས་ཤིང་ཐོགས་པ་མེད་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་ཞི་བའི་ལས་རབ་འབྱམས་མ་ལུས་པ་སྒྲུབ་པའི་ནུས་པ་དང་ལྡན་པར་མོས་ལ་ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ཨཱོཾ་སྭཱཧཱས་རྫས་རྣམས་བཀྲུ། ཨཱོཾ་ཨཱཿསྭཱ་ཧཱས་ཡམ་ཤིང་། ཨཱོཾ་ཤྲཱིཾ་སྭཱཧཱས་མར། ཨཱོཾ་ཛྲིཾ་སྭཱཧཱས་འབྲུ། ཨཱོཾ་ཀུ་རུ་ཀུ་རུ་སྭཱཧཱས་རྫས་གཞན་རྣམས་བརླབ། ཨཱོཾ་ཨཱཿཧཱུཾ་འཇིགས་པ་བརྒྱད་ལ་སོགས་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱཿཞེས་ནུས་ལྡན་གྱི་བདུད་རྩིར་བསམ་མོ། །མེ་སྒྲུབ་པ་ནི། (༤ན)


GLG022_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཐབ་ཀྱི་དབུས་སུ་རཾ་དཀར་པོ། །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་མེ་འབར་བར་བསམས་ལ། ལས་སྔགས་བརྗོད་ཅིང་། གཞུང་ནས་འབྱུང་བའི་མེ་ལས་སྦར་བའི་ལྕེ་ལྡེ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་ལན་གསུམ་བསྐོར་བ་དང་ལྷན་ཅིག་པར་དྲག་སྔགས་སོ་ལྔ་པ་ལན་གསུམ་བཟླ་ཞིང་ཏིང་ལོ་སྦར་བ་དང་བཅས་ཨཱོཾ་ཛྭ་ལ་རཾ་ཛྭ་ལ་རཾ་ཧཱུཾ་ཧཱུཾ་ཕཊ༔ ཅེས་བརྗོད་ཅིང་རྩྭ་ཅུང་ཟད་བཅུག །བཤད་མ་ཐག་པའི་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་ཞིང་། རླུང་གཡབ་ཅུང་ཟད་གཡོབ། མེ་པྲ་ངན་པ་བྱུང་ན་བཟློག་ཐབས་བྱ། ཐབ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ་པོ་ཁ་ཁྱེར་ལ་པད་འདབ་དང་མུ་རན་ལ་རྡོ་རྗེའི་འཕྲེང་བས་ཟླུམ་པོར་བསྐོར་བ། ཕྱི་རོལ་གྱི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་དངས་ཤིང་ཐོགས་པ་མེད་པ་པཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པ་མེ་འབར་བའི་དབུས་སུ། པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་རྡོ་རྗེའི་འཕྲེང་བས་བསྐོར་བའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་འོད་འཕྲོས་འདུས་ཏེ་གུནྡྷི་གཅིག་ཏུ་གྱུར་པ་འོད་དུ་ཞུ་བ་ལས་མེ་ལྷ་སཱ་བ་ཀ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གསུས་པ་ཆེ་བ། རལ་པའི་ཐོར་ཚུགས་བཅིངས་པའི་ཅོད་པན་ལ་རྣམ་པར་སྣང་མཛད་བཞུགས་པ། སྨ་རའི་ཨག་ཚོམ་དང་ཚངས་པའི་སྐུད་པ་འཕྱང་བ། ཕྱག་དང་པོ་གཉིས་རང་འདྲའི་ཤེས་རབ་མ་ལ་འཁྱུད་ཅིང་། བར་པ་གཉིས་གུནྡྷི་དང་དབྱུ་གུ། ཐ་མ་གཉིས་སྐྱབས་སྦྱིན་དང་བགྲང་འཕྲེང་བསྣམས་པ། རིན་པོ་ཆེ་དཀར་པོའི་རྒྱན་དང་དར་དཀར་གྱི་ན་བཟའ་གསོལ་བ། རྭ་སྐྱེས་དཀར་པོའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ། སྐུའི་བ་སྤུའི་བུ་ག་ནས་བདུད་རྩིའི་ཆུ་རྒྱུན་འབབ་ཅིང་(༤བ)


GLG022_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་འཕྲོ་བ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བའི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུངས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿརྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱ་ཞིང་། རྩེ་གསུམ་གྱི་ཕྱག་རྒྱས་གཡབས་ཏེ། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དྲང་སྲོང་མཆོག༔ རང་གི་དམ་ཚིག་ཚུལ་བཞིན་དུ༔ འབར་བའི་ནང་དུ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་ཨགྣ་ཡེ་དེ་བ་ས་མ་ཡ་ཧོཿས་མ་ཡ་སྟྭཾ། ཞེས་དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམ། གཟི་བརྗིད་འབར་བ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྒྲུབ་མཛད་ཅིང་༔ ཐུགས་རྗེ་ཞི་བའི་དོན་མཛད་པ༔ འབར་བའི་ནང་འདིར་བཞུགས་སུ་གསོལ༔ ཨཱོཾ་ཨགྣ་ཡེ་དེ་ཝ་པདྨ་ཀ་མ་ལ་ས་མ་ཡ་སྟྭཾ༔ ཞེས་གདན་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་བའི་དོན་ལ་དམ་ཚིག་དགོངས༔ གཟི་བརྗིད་ཆེ་ཞིང་ཐུགས་རྗེར་ལྡན༔ བདག་ཅག་གུས་པས་ཁྱོད་ཕྱག་འཚལ༔ ཨཱོཾ་ཨགྣ་ཡེ་དེ་བ་ཨ་ཏི་བུ་ཧོ་པྲ་ཏི་ཛ་ཧོ༔ ཞེས་ཕྱག་བྱ། ཧཱུཾ། རང་གི་སྙིང་ག་ནས་འཕྲོས་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ གསོལ་བ་བཏབ་པས་བྱང་ཆུབ་སེམས་ཀྱི་ཆུས། །གང་བའི་བུམ་པ་ཐོགས་པའི་ལྷ་མོའི་ཚོགས། །དཔག་མེད་ཐུགས་ལས་སྤྲོས་ཏེ་ནམ་མཁར་བྱོན། །བཀྲ་ཤིས་གླུ་ལེན་ཁྲུས་གསོལ་དབང་བསྐུར་གྱུར། ཧཱུཾ། ཨགྣིའི་སྐུ་ལ་ཉོན་མོངས་མི་མངའ་ཡང་༔ བདག་གི་མི་མཐུན་ཕྱོགས་རྣམས་སྦྱང་སླད་དུ༔ སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས༔ མི་གཙང་སྐྱོན་གྱི་དྲི་མ་དག་གྱུར་ཅིག༔ ཨཱོཾ་བཛྲ་ཨགྣ་ཡེ་དེ་ཝ་པྲ་ཝ་ར་སཏྐ་རཾ་པྲ་ཏི་བྷྱཿསྭཱཧཱ། ཞེས་དྲི་བཟང་གི་ཆུས་བཟེད་ཞལ་དུ་མེ་ལོང་ལ་སྐུ་ཁྲུས་གསོལ། སླར་ཡང་ལྷ་མོ་རྣམས་ཀྱིས་ལེགས་ཐོགས་པའི། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་(༥ན)


GLG022_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །ཅེས་རྒྱན་དབུལ། ཧཱུཾ། ལོ་ཀ་འདི་དང་གཞན་དག་ན༔ ཨརྒྷཾ་ཇི་སྙེད་ཡོད་པ་ཀུན༔ ཨགྣིའི་སྐུ་ལ་མཆོད་པར་འབུལ༔ ཞི་བའི་དོན་དུ་བཞེས་སུ་གསོལ༔ ཨཱོཾ་ཨགྣ་ཡེ་དེ་ཝ་ཨ་ཧ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཧཱུཾ། ལོ་ཀ༝། །བདུག་སྤོས་༝། །ཨགྣིའི་ཤངས་༝། །ཞི་བའི་དོན་༝། །ཨཱོཾ་ཨགྣ་ཡེ་དེ་བ་ཨ་ཧ་ར་དྷཱུ་པེ་༝། །ཐོག་མཐའི་ཚིག་རྐང་གཉིས་པོ་གོང་ལྟར་ལ་བདུག་སྤོས་ཀྱི་གནས་སུ་མེ་ཏོག །སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན་དང་། ཤངས་ཀྱི་ཚབ་ཏུ་དབུ། སྤྱན། ཐུགས། ཞལ། སྙན། དྷཱུ་པེའི་གནས་སུ་པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་ཏྱེ། ཤབྟ་རྣམས་བཅུག་སྟེ་འབུལ། ཧཱུཾ། ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་ལྔ༔ དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ དག་ཅིང་གཙང་མར་སྦྱར་བ་འབུལ་ལགས་ཀྱི༔ ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་དེ་བ་པཱུ་ཛ་ཁཱ་ཧཱི༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི༔ མཧཱ་བ་ལིཾ་ཏ་ཁཱ་ཧཱི༔ མ་ཧཱ་རཀྟ་ཁཱ་ཧཱི༔ ཞེས་ཕྱི་ནང་གི་མཆོད་པ་བྱ། ཧཱུཾ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་མི་ཟད་ནམ་མཁའ་མཛོད། །ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི། །མེ་ལྷ་འཁོར་དང་བཅས་ལ་འབུལ། །ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧིས་ཚོགས་ནས་ཀྱང་འབུལ། ཧཱུཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་གསལ་མཛད་པའི༔ ཞི་བའི་དོན་གྲུབ་པ་ལ་ཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད༔ ཅེས་བསྟོད། བདེ་འདུས་ཞི་བའི་སྦྱིན་སྲེག་རྩ་བ་ལས། ཐབས་ཀྱི་ཁོ་ར་ཁོར་ཡུག་ཏུ༔ ཀུ་ཤའི་རྩེ་མོ་ཕྱིར་ལ་བསྟན༔ ཞེས་པ་ལྟར། ཀུ་ཤའི་ཆུན་པོ་བརྒྱད་པོ་གཡོན་དུ་བཟུང་། སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དང་ས་(༥བ)


GLG022_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོགས་པ་མེད་པ་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱིས་དག་བྱེད་དེ། །ཚངས་པ་ཡིས་ཀྱང་དག་བྱེད་ཡིན། །འདི་ཡིས་བདག་ལ་བགེགས་མེད་ཅིང་། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བཛྲ་སཏྭ་ཨ། ཞེས་ཀུ་ཤ་རྣམས་རྩེ་མོ་ཆོས་སྐོར་དུ་བསྟན་ཏེ་ཕྱི་མའི་རྩ་བས་སྔ་མའི་རྩེ་ནོན་པར་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྕེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་དང་། དགང་བླུགས་ཀྱི་རྩེ་ཁ་རཾ་ཡིག་གིས་མཚན་པར་མོས་ནས། ཨཱོཾ་ཨགྣེ་ཡེ་སྭཱཧཱ། བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ་ལག་གཉིས་པུས་མོའི་ཁོང་ལས་མི་འདའ་བས་རྡོ་རྗེ་ཁུ་ཚུར་རམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ཏེ་གཡས་སུ་སྐོར་ཞིང་། ཨཱོཾ་ཨགྣ་ཡེ་དེ་ཝ་ན་མཿས་མནྟ་བུདྡྷཱ་ནཾ་པུརྦ་ཧྲིཿཥྚྲཱི་མནྟྲ་ཨཱོཾ་ཨཱཿཧཱུཾ། བདག་ཅག་གི་ཏིང་འཛིན་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་ལན་གསུམ་གྱིས་འབུལ། སྐབས་འདིར་ཡང་མེ་པྲ་བརྟག་ཅིང་ངན་ན་སྲུང་བ་བྱེད། ཧཱུཾ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་ཀུན་དུད་ཁུ་དང་། །རྣག་ཁྲག་སྲོག་ཆགས་གཟུགས་བརྙན་ཚུལ། །བ་སྤུའི་བུ་ག་ཐམས་ཅད་ནས། །ཕྱིར་ཐོན་སྲེག་རྫས་རྣམས་ལ་ཐིམ། །ཞེས་བརྗོད་ཅིང་། དེ་ནས། ཧཱུཾ། ཨགྣི་དེ་བ་མེ་ཡི་ལྷ༔ འདོད་པའི་དོན་རྣམས་རབ་སྒྲུབ་ཅིང་༔ ཐུགས་རྗེས་ཞི་བའི་ལས་མཛད་པ༔ སྦྱིན་སྲེག་མཆོད་པ་བཞེས་སུ་གསོལ༔ ཚེ་དཔལ་བསོད་ནམས་སྟོབས་འབྱོར་དང་། །ལུང་རྟོགས་ཆོས་སྲིད་ལེགས་ཚོགས་ལ། །བར་དུ་གཅོད་པའི་གདོན་བགེགས་དགྲ། །གཏད་སེལ་མནན་དབྱེ་རྦོད་(༦ན)


GLG022_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བྱད། དབུལ་ཕོངས་ནད་རིམས་དུས་མིན་འཆི། །སྡིག་སྒྲིབ་ཉེས་ལྟུང་ཇི་སྙེད་པ། །མ་ལུས་བྱང་ཞིང་དག་འགྱུར་བའི། །ཞི་བའི་འཕྲིན་ལས་དུས་ལ་བབ། །ཅེས་བརྗོད་དེ། མར་ཁུ་ནི། ཨཱོཾ་ཨགྣ་ཡེ་དེ་ཝ་ན་མཿས་མནྟ་བུདྡྷཱ་ནཾ་པུ་རྦ་ཧྲིཿཥྚྲཱི་མནྟྲ་ཨཱོཾ་ཨཱཿཧཱུཾ། བདག་ཅག་གིས་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་སོགས་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པ་ཐོག་མཐའ་གཉིས་སུ་ཇི་ལྟར་འོས་པ་དང་རྫས་སྔགས་རྐྱང་པས་བདུན་ནམ་ཉེར་གཅིག་སོགས་མང་ཉུང་སྐབས་དང་བསྟུན་ཏེ་འབུལ། བསྙེན་པ་ཁ་སྐོང་གི་སྤེལ་ཚིག་དོད་ལ་ལས་གཞན་གྱིས་ཁ་བསྒྱུར་གང་དགོས་ཞལ་ཤེས་ལྟར་བྱ། སྲེག་རྫས་ཀྱི་སྣོད་ལག་པ་གཡོན་པས་བཟུང་། གཡས་པའི་མཐེབ་སྲིན་གྱིས་བླངས་ཏེ་འོག་ནས་སྐོར་ཞིང་མཆོག་སྦྱིན་གྱི་ཕྱག་རྒྱས་ཡམ་ཤིང་ནི་སྔགས་རིང་གོང་ལྟར་ལ། ཨཱོཾ་བཛྲ་ཡཱ་ཛྙཱ་ཡ། འབྱོར་པའི་གནས་སུ་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་ཞེས་འཇུག་དགོས་པ་ཀུན་ལ་རིག་པས་དཔག །སོ་བ་ནི། ཨོཾ་བཛྲ་བི་ཛཱ་ཡ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ། སྲན་མ་ནི། ཨཱོཾ་བཛྲ་མཧཱ་བ་ལཱ་ཡ། སྟོབས་ཕུན་སུམ་ཚོགས་པ་ལ། ཏིལ་མི། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ། དགེ་བ་ཕུན་སུམ་ཚོགས་པ་ལ། འབྲས་ནི། ཨཱོཾ་བཛྲ་པུཥྚ་ཡེ། བསོད་ནམས་ཕུན་སུམ་ཚོགས་པ་ལ། ནས་ནི། ཨཱོཾ་བཛྲ་མཧཱ་བེ་གཱ་ཡ། ཤུགས་ཕུན་སུམ་ཚོགས་པ་ལ། ཞོ་ཟན་ནི། ཨཱོཾ་བཛྲ་སརྦ་སཾ་བྷ་དེ། བདེ་བ་ཕུན་སུམ་ཚོགས་པ་ལ། གྲོ་ནི། ཨཱོཾ་བཛྲ་གྷ་སྨ་རེ། རིམས་མེད་པ་ཕུན་སུམ་ཚོགས་པ་ལ། ཀུ་ཤ་ནི། ཨཱོཾ་ཨ་པྲ་ཏི་ཧ་ཧ་ཏ་བཛྲཱ་ཡ། སྲུང་བ་ཕུན་སུམ་ཚོགས་པ་ལ། དཱུརྦ་ནི། ཨཱོཾ་བཛྲ་ཨཱ་ཡུ་ཤེ། ཚེ་ཕུན་སུམ་ཚོགས་པ་ལ། བྱང་ཆུབ་ཤིང་ནི། ཨཱོཾ་(༦བ)


GLG022_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བོ་དྷི་བྲྀཀྵཱ་ཡ། ཉམས་རྟོགས་ཕུན་སུམ་ཚོགས་པ་ལ། མངར་གསུམ་ནི། ཨཱོཾ་བཛྲ་མ་ལེ་པུསྟཱ་ཡ། མོས་པ་ཕུན་སུམ་ཚོགས་པ་ལ། སྨན་སྣ་ཚོགས་ནི། ཨཱོཾ་བཛྲ་མ་ཧཱ་ཤྲི་ཡཾ་པ་ཏ་ཡེ། ནད་མེད་པ་ཕུན་སུམ་ཚོགས་པ་ལ། ཤིང་ཏོག་སྣ་ཚོགས་ནི། ཨཱོཾ་བཛྲ་མཧཱ་ཤོ་པ་ལེ། རིགས་བརྒྱུད་ཕུན་སུམ་ཚོགས་པ་ལ། འབྲུ་མར་ནི། ཨཱོཾ་བཛྲ་ཚེ་ཏཱ་ཡ། ས་ལམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལ། ཁྱད་པར་གྱི་རྫས་སྤྱི་རྣམས། ཨཱོཾ་ཨགྣ་ཡེ་དེ་ཝ་ན་མཿས་མནྟ་བུདྡྷཱ་ནི་པུརྦ་ཧྲིཿཥྚྲཱི་མནྟྲ་ཨཱོཾ་ཨཱཿཧཱུཾ། བདག་ཅག་གིས་ཏིང་འཛིན་མི་གསལ་ཞིང་སྔགས་ཆད་ལྷག་གི་ཉེས་པ་དང་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ་དང་། བྱང་བུ་ནི་སྔགས་གོང་བཞིན་ལ། བདག་ཅག་ལ་བར་དུ་གཅོད་པའི་མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ཕ་རོལ་དམག་ཚོགས་ཀྱི་༝། གདོན་གྱི་༝། མཚོན་གྱི་༝། དུས་མ་ཡིན་པར་འཆི་བའི་འཇིགས་པ་བརྒྱད་པོ་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་པས་གྲངས་སྔར་ལྟར་འབུལ། ཧཱུཾ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །མཉེས་ཏེ་སྐུ་ལས་འོད་ཟེར་འཕྲོས། །བསྒྲུབ་བྱའི་སྙིང་གར་ཕོག་པ་ཡིས། །སླར་ཡང་སྒོ་གསུམ་སྡིག་སྒྲིབ་བསྲེགས། །འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟར། །བབས་པས་ནད་གདོན་སྡིག་སྒྲིབ་སོགས། །མི་མཐུན་ཕྱོགས་རྣམས་རབ་བཀྲུས་ཏེ། །བཤང་གཅིའི་སྒོ་ནས་ཐོན་པར་གྱུར། །ཅེས་བརྗོད། ཨཱོཾ་ཨགྣ་ཡེ་དེ་བ་བཛྲ་ཨརྒྷི་དྷཱུ་པེ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པས་བསྟོད། བཅོམ་ལྡན་འདས་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་མེའི་བདག་ཉིད་འབྱུང་བ་ཆེན་པོ་མེའི་རང་བཞིན་ཨགྣི་ཆེན་པོ་ཁྱེད་ཀྱིས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྐྱེ་བ་འདི་དང་བརྒྱུད་མར་བདེ་ཞིང་སྐྱིད་པ་དང་། མཐར་ཐུག་ཁྱབ་བདག་ཀུན་བཟང་ཧེ་རུ་ཀའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པའི་ནད་རིམས་(༧ན)


GLG022_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བགེགས་དགྲ་དཔུང་མཐུ་བྱད་དབུལ་ཕོངས་འཐབ་རྩོད་དུས་མིན་འཆི་བ་སྡིག་སྒྲིབ་ཉེས་ལྟུང་མི་མཐུན་པའི་ཕྱོགས་ཐམས་ཅད་ཛྭ་ལ་རཾ་ཤནྟིཾ་ཀུ་རུ་སྭཱཧཱ། མཆོད་རྫས་རྣམས་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབ་པའི་འཕྲིན་ལས་མཛད་དུ་གསོལ༔ ཅེས་གསོལ་བ་བཏབ། མར་བླུགས་གཟར་གང་ཐབ་ཏུ་བླུག་ལ་དྲག་སྔགས་སོ་ལྔ་པའི་མཐར། བཛྲ་ཛྭ་ལ་རཾ་ཞེས་བརྗོད་པས་མེ་ལྷ་མེ་དེ་ཉིད་ལ་ཐིམ་ནས་མེ་འབར་བའི་རྣམ་པ་ཅན་དུ་བསམ་མོ། །འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། ཡེ་ཤེས་མེ་དཔུང་འབར་བའི་དབུས། །བྷྲཱུཾ་ལས་ཡེ་ཤེས་གཞལ་ཡས་ཁང་༔ ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་པཉྩ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔ ཞེས་པའི་བར་ལས་བྱང་ལྟར་བྱ། དེ་ཡང་། རྒྱུ་ཡི་ཡི་གེ་གདན་ལ་བབས༔ ཞེས་པ། གདན་སྟེང་རྒྱུ་ཡིག་ཧཱུཾ་མཐིང་ནག༔ དང་། བདག་ཉིད་ཆེ་མཆོད་ཧེ་རུ་ཀ༔ ནི། ཆེ་བའི་ཆེ་མཆོག་ཧེ་རུ་ཀ༔ ཞེས་པར་བསྒྱུར། གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། །རབ་དཀར་ཞི་མ་ཁྲོ་ཡི་འཛུམ་མདངས་ཅན། །དཀར་ལ་འཚེར་བའི་འོད་ཟེར་འཕྲོ་བ་ཡི། །ཞི་བའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །ཧཱུཾ། བདག་ཅག་དད་དང་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ཡོངས་རྫོགས་ལྷ༔ ཞི་བའི་འཕྲིན་ལས་སྒྲུབ་སླད་དུ༔ སྦྱིན་སྲེག་འབུལ་བའི་གནས་འདིར་སྦྱོན༔ ཨེ་ཧྱེ་ཧ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨོཾ་རུ་ལུ་རུ་ལུ་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ༔ ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས་ལ་བསྟིམ། ཧཱུཾ། འབར་བའི་རྒྱལ་པོ་དབང་གི་ཚོགས༔ ཞི་བའི་འཕྲིན་ལས་རབ་ཏུ་བསྒྲུབ༔ ཐུགས་རྗེས་འགྲོ་བ་ཀུན་དོན་ཕྱིར༔ ཞི་བའི་གཞལ་ཡས་གནས་འདིར་བཞུགས༔ ས་མ་ཡ་ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཧཱུཾ། མེ་ཡི་རྒྱལ་པོ་ཞི་ཁྲོའི་ཚོགས༔ སྟོབས་དང་མཐུ་བྱིན་བསམ་མི་ཁྱབ༔ ཡིད་བཞིན་རེ་སྐོང་ལྷ་ཚོགས་ལ༔ སྒོ་གསུམ་དད་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿས་ཕྱག་བྱ། ཧཱུཾ། རང་གི་སྙིང་ག་(༧བ)


GLG022_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲོས་འོད་ཟེར་གྱིས། །ཞེས་པ་ནས། བཀྲ་ཤིས་གླུ་ལེན་ཁྲུས་གསོལ་དབང་བསྐུར་གྱུར། །གྱི་བར་བརྗོད། ཧཱུཾ། ཡེ་ཤེས་སྐུ་ལ་དྲི་མ་མེད༔ ཁྲུས་གཙང་མཆོད་གསོལ་མི་འཚལ་ཡང་༔ འགྲོ་རྣམས་ཉོན་མོངས་སྦྱང་སླད་དུ༔ ཁྲུས་གཙང་འདི་གསོལ་སྒྲིབ་སྦྱང་ཤོག༔ ཨཱོཾ་པྲ་ཝ་ར་སཏྐ་རཾ་པྲ་ཏི་བྷྱཿསྭཱཧཱས་ཁྲུས་གསོལ། སླར་ཡང་ལྷ་མོ་ཞེས་པའི་ཚིག་རྐང་གཉིས་ཀྱིས་རྒྱན་དབུལ། ཧཱུཾ། ལོ་ཀ་ཁམས་ནི་ཐམས་ཅད་དུ༔ མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་སིལ་སྙན་སྒྲ༔ ལྷ་རྫས་ཀུན་གྱིས་ཡོངས་སུ་མཆོད༔ ཨཱོཾ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་ཞེས་པ་ནས་ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་གི་བར་གྱིས་ཕྱི་མཆོད་འབུལ། ཧཱུཾ། དྲི་ཆེན་དྲི་ཆུ་བྱང་ཆུབ་སེམས༔ ཤ་ཆེན་པདྨ་རཀྟ་དང་༔ དབང་པོ་རྣམ་ལྔ་ཞུན་ཆེན་མེ༔ ཁྱད་པར་རྨད་བྱུང་ཀུན་གྱིས་མཆོད༔ མ་ཧཱ་སརྦ་པཱུ་ཙ་ཧོ༔ ཧཱུཾ། ཡེ་ཤེས་མཆོག་གི་དཀྱིལ་འཁོར་མཆོག༔ གསལ་བ་གཟི་བྱིན་འབར་བ་ལ༔ ཞི་བའི་འཕྲིན་ལས་སྒྲུབ་པའི་ཕྱིར༔ ཞི་ཁྲོའི་ཚོགས་ལ་ནང་རྫས་འབུལ༔ མཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི་ཁཱ་ཧིཿས་ནང་གི་མཆོད་པ་འབུལ། ཧཱུཾ། བླ་མེད་མཆོག་གི་མཆོད་སྦྱར་བས་སོགས་ཀྱིས་ཚོགས་ནས་ཀྱང་དབུལ། ཞི་ཁྲོ་སྤྱི་དྲིལ་གྱིས་བསྟོད། བྱོན་ཟན་འབུལ་བ་ནི། ཡེ་ཤེས་པའི་ལྷ་ཚོགས་རྣམས་ཀྱི་ཞལ་འཛུམ་ཞིང་ཅུང་ཟད་གདངས་པའི་ལྗགས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པར་ཧཱུཾ་དང་དགང་བླུགས་ཀྱི་རྩེ་ལ་རཾ་ཡིག་གིས་མཚན་པར་མོས་ནས་ཕྱག་རྒྱ་སོགས་སྔར་ཇི་བཞིན་པས་དྲག་སྔགས་སོ་ལྔ་པ་བདུན་བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་མེ་ལྷའི་སྐབས་ལྟར་བྱས་ཏེ། ཨཱོཾ་ཨགྣ་ཡེ་དེ་བ་ན་མཿས་མནྟ་ནས་བཟུང་སྟེ་ནད་གདོན་སྡིག་སྒྲིབ་མི་མཐུན་བའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱའི་བར་གྱིས་སྔར་ལྟར་ལན་(༨ན)


GLG022_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འབུལ། མེ་ལྷའི་ཐུགས་ནས་འོད་འཕྲོས་པས། །ཞེས་པའི་རྐང་པ་དང་པོ། འདས་ལྷའི་ཐུགས་ནས་ཞེས་པར་བསྒྱུར་ཏེ་ཚང་བར་བྱ། ཐོག་མར་ཆེ་མཆོག་ལ། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོང་ཁུང་འདིར༔ དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི༔ ཆེ་མཆོག་ཡོངས་རྫོགས་ལྷ་ལ་མཆོད་པ་འབུལ༔ འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ལ། །གནོད་བྱེད་དགྲ་བགེགས་གནོད་བྱེད་ནད་རིམས་བྱུར། །དབུལ་ཕོངས་སྐལ་ངན་སྐེག་སྲི་དུས་མིན་འཆི། །ཆགས་ཆེ་ཉམ་ང་ཉེས་ལྟུང་སྡིག་སྒྲིབ་ཀུན། །ཞི་བའི་འཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད༔ ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨགྣ་ཡེ་དེ་བ་ནས་བཟུང་སྟེ་ནད་གདོན་སྡིག་སྒྲིབ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་འཇིག་རྟེན་པའི་སྐབས་བཞིན་མར་འབུལ། ཡམ་ཤིང་མན་ཆད་ལ་ལྷ་སྔགས་ཀྱི་རྗེས་སུ་ཨགྣི་དེ་ཝ་བོར་ནས་ན་མཿས་མནྟ་མན་བཏགས་ཏེ་རྫས་སྔགས་སོགས་དང་སྦྱར་ནས་འབུལ་ལུགས་སྔར་དང་འདྲ། ཡེ་ཤེས་པའི་སྐབས་འདིར་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་ལ་རྫས་སྔགས་གཅིག་ལ་བརྟེན་ནས་སྟོང་ཁྲི་སོགས་སྐབས་དང་བསྟུན་ཏེ་འབུལ་བ་ཕྱག་ལེན་ལྟར་བྱེད། དེ་བཞིན་དུ་དམིགས་བསལ་གྱི་ལས་གང་སྒྲུབ་འདོད་པ་དེ་གའི་རྫས་སྔགས་ལ་ཆིག་དྲིལ་དུ་བྱ་བའང་ཕྱག་ལེན་ལས་ཤེས་པར་བྱའོ། །དེ་ནས་ཡང་དག་སོགས་བཀའ་གཞན་རྣམས་ལ་གོང་གི་ཤློ་ཀ་གཉིས་པོའི་ཚིག་རྐང་གསུམ་པ་ཡང་དག་ཡོངས་རྫོགས་ལྷ་ལ་མཆོད་པར་འབུལ། དེ་བཞིན་དུ་གཤིན་རྗེ་ཡོངས་རྫོགས། དབང་ཆེན་ཡོངས་རྫོགས། ཕུར་པ་ཡོངས་རྫོགས། མ་མོ་ཡོངས་རྫོགས། རིགས་འཛིན་ཡོངས་རྫོགས། འཇིག་རྟེན་ཡོངས་རྫོགས། དྲག་སྔགས་ཡོངས་རྫོགས་སུ་བསྒྱུར་ཞིང་། གཏེར་གཞུང་དུ་མི་གསལ་ཡང་དཔལ་གྱི་བཀའ་སྲུང་རྣམས་ལའང་འབུལ་བར་འཐད་པས་ཕོ་ཉ་ཡོངས་རྫོགས་ཞེས་ཀྱང་བྱ། ཆེ་མཆོག་གི་སྔགས་ཀྱི་ཚབ་ཏུ། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ (༨བ)


GLG022_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བྷན་ཛ་ཧཱུཾ་ཕཊ༔ ཨཱོཾ་པདྨཱཏྣ་ཀྲྀ་ཏ་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིགྷྣཱ་ནཾ་བཾ་ཧཱུཾ་ཕཊ༔ ཨཱོཾ་གྷུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་སྟྭཾ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུཾ་ཕཊ༔ ཨཱོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཨཱོཾ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུཾ་ཕཊ༔ ཁྲོཾ་ག་རུ་ཌ་ཧཱུཾ་ཕཊ༔ སརྦ་ཌཱ་ཀི་ནི་ས་མ་ཡ་ཧྲིཾ་ཧྲིཾ་ཧྲཱུཾ་ཕཊཿ ཅེས་པ་རྣམས་བཅུག་སྟེ་རྫས་ཆེན་བཅོ་ལྔ་དང་ཁྱད་པར་གྱི་རྫས་རྣམས་བདུན་ནམ་ཉེར་གཅིག་ཙམ་དང་། དམིགས་བསལ་གྱི་རྫས་ཆེ་མཆོག་གི་བཅུ་ཆ་འབུལ། ཡང་རྫས་ཉུང་བ་དང་ལོང་ཆུང་བ་སོགས་ཀྱི་སྐབས་བསྡུས་པར་འདོད་ན། ཡང་དག་གཤིན་རྗེ་རྟ་མགྲིན་ཕུར་པ་དང་། །མངོན་རྫོགས་རིགས་འཛིན་དྲེགས་པ་སྟོབས་ལྡན་ནག །དཔལ་གྱི་བཀའ་སྲུང་བཅས་ལ་མཆོད་པར་འབུལ། །ཞེས་བར་གྱི་ཚིག་རྐང་གཅིག་པོ་ཚིག་རྐང་གསུམ་དུ་བཏང་ནས་སོ་སོའི་ལྷ་སྔགས་དྲག་སྔགས་སོ་ལྔ་པས་གོ་བཅད་དེ་གོང་ལྟར་བྱ། སྲེག་རྫས་མཆོད་པས་མེ་ཡི་ལྷ། །ཞེས་པའི་ཚིག་རྐང་དང་པོ། སྲེག་རྫས་མཆོད་པས་ཡེ་ཤེས་ལྷར་བསྒྱུར་ནས་རྫོགས་པར་བརྗོད། སྔར་བྱོན་ཟན་གྱི་དུས་ལྟར་དགང་བླུགས་བདུན་ཚན་གསུམ་གཤེགས་སྐྱེམས་སུ་འབུལ། ཧཱུཾ། ལོ་ཀ་ཁམས་ནི་ཐམས་ཅད་དུ༔ ཞེས་པ་ནས་མཧཱ་རཀྟ་ཞེས་པའི་བར་གྱིས་ཕྱི་ནང་གི་མཆོད་པ་གོང་བཞིན་འབུལ། གཏོར་མ་ལས་བྱང་གི་ལྷན་ཐབས་ལྟར་བྱིན་གྱིས་བརླབས། དམ་རྫས་རྨད་བྱུང་གཏོར་ཆེན་ནོ༔ ཞེས་སོགས་ཀྱིས་འབུལ། སོ་རྩི་ནི། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱ་དང་། གོས་ཟུངས་ནི། ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱས་དབུལ། བསྟོད་པ་ནི་རྒྱས་པར་སྤྲོ་ན་དྲུག་བསྟོད་ཆེན་མོ་དང་། བསྡུ་ན་ཞི་ཁྲོ་སྤྱི་དྲིལ་གྱིས་བསྟོད། དེ་ནས་འདོད་དོན་ལ་གསོལ་བ་གདབ་པ་ནི། མཁྱེན་བརྩེ་ནུས་མངའ་སྒྲུབ་པ་བཀའ་བརྒྱད་ལྷས། བསྟན་པ་རྒྱས་དང་དེ་འཛིན་ཚོགས་རྣམས(༩ན)


GLG022_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །སྐུ་ཚེ་འཕྲིན་ལས་སྐྱེ་དགུའི་བདེ་སྐྱིད་ལ། །བར་དུ་གཅོད་པ་ཐམས་ཅད་ཞི་མཛད་གསོལ། ཁྱད་པར་རིགས་འཛིན་བདག་ཅག་དཔོན་སློབ་དང་། །ཡོན་མཆོད་འཁོར་དང་བཅས་པ་མ་ལུས་པའི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་དགྲ་བགེགས་གདོན། །ནད་རིམས་དབུལ་ཕོངས་འཐབ་རྩོད་༝། །ཕྱི་ནང་དྲང་སྲོང་དམོད་པ་མཐུ་བྱད་དང་། །བྱུར་དང་སྐལ་ངན་མི་ཤིས་དུས་མིན་འཆི། །སྐེག་སྲི་ལངས་སོགས་ཆགས་ཆེ་ཉམ་ང་བའི། །འགལ་རྐྱེན་བར་གཅོད་ཐམས་ཅད་༝། །འཕྲིན་ལས་ཆད་ལྷག་དམ་རྫས་མ་ཚང་ཉམས། །བསྙེན་སྒྲུབ་གཡེལ་ཞིང་དུས་ཀྱི་མཆོད་པ་ཆག །ཏིང་འཛིན་མི་གསལ་གསང་སྔགས་སྒྲ་ཉམས་སོགས། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་༝། །ཚེ་དཔལ་སྟོབས་འབྱོར་དབང་ཕྱུག་ཕུན་སུམ་ཚོགས། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་སོགས། །འཁོར་འདས་དངོས་གྲུབ་ཀུན་དང་ཁྱད་པར་དུ། །དཔལ་ཆེན་ཀུན་བཟང་ཚེ་འདིར་མངོན་གྱུར་མཛོད། །ཅེས་འདོད་དོན་གསོལ་གདབ་བྱ། ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་ཁ་བཀང་། །ཧོ། བདེ་གཤེགས་ཡོངས་རྫོགས་མ་ལུས་ལ༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱི༔ བདག་གིས་འགལ་འཁྲུལ་ཅི་བྱས་པ༔ དེ་དག་ཐམས་ཅད་བཟོད་པར་གསོལ༔ ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ༔ ཞེས་ནོངས་པ་བཟོད་པར་གསོལ། ཧོ། བདེ་གཤེགས་རྒྱལ་བ་ཁྱེད་རྣམས་ཀྱིས༔ འཕྲིན་ལས་ཞི་བའི་ལས་ཀུན་མཛད༔ སྦྱིན་སྲེག་མཆོད་པ་འདི་ཕུལ་བས༔ གྲུབ་པའི་འབྲས་སྩལ་ཅི་བདེར་གཤེགས༔ ཨཱོཾ་བཛྲ་མུ༔ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་མེའི་རྣམ་པར་བསམ། ཧཱུཾ། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཞེས་སོགས་ལས་བཞིའི་ནང་ཚན་གྱི་ཞི་བའི་བྲོ་ཟླུམ་པོར་བརྡུང་བ་ལས་བྱང་ལྟར་བྱ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། ཨཱོཾ་(༩བ)


GLG022_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཨགྣ་ཡེ་ཛྭ་ལ་རཾ་ཞེས་བརྗོད་ཅིང་མར་བླུགས་གཟར་གང་ཕུལ་བའི་རྐྱེན་གྱིས། མེ་ལྷ་མེ་འབར་བའི་རྣམ་པ་ལས་སྐད་ཅིག་གིས་རང་གཟུགས་སུ་བཞེངས་པར་བསམས་ལ། ཧཱུཾ། ལོ་ཀ་འདི་དང་གཞན་དག་ན༔ ཞེས་པ་ནས། འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད༔ ཀྱི་བར་གྱིས་མཆོད་བསྟོད་བྱ། ཧཱུཾ་ཨགྣ་དེ་བ་མེ་ཡི་ལྷ༔ ཞེས་པ་ནས་ཁྱད་པར་བའི་རྫས་ཡན་སྔར་བཞིན་དང་གཤེགས་སྐྱེམས་སུ་དགང་བླུགས་བདུན་ཚན་གསུམ་བྱོན་ཟན་ལྟར་འབུལ་ཞིང་། སོ་རྩི་དང་གོས་ཟུངས་ནི་ཏམྦུ་ལ་དང་ཝ་སྟྲས་དཀྱུས་བཞིན་དབུལ། གཏོར་མ་འདས་གཏོར་ལྟར་བརླབས་ཏེ། ཨཱོཾ་ཨགྣ་ཡེ་དེ་བ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལས། །ཞེས་པ་ནས་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད། བཅོམ་ལྡན་འདས་དུས་གསུམ་གྱི་དེ་བཞིན་གཤེགས་པ་སོགས་ཀྱིས་འདོད་དོན་ལ་གསོལ་བ་གདབ། ཨོཾ་ཨགྣ་ཡེ་དེ་བ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཡིག་བརྒྱ་དང་མ་འབྱོར་བ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱི་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨཱོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་མེའི་རྣམ་པར་གྱུར་པ་སླར་ཡང་འདས་མ་འདས་ཀྱི་དམ་ཚིག་པ་གཉིས་སུ་མེད་པ་ཚོམ་བུ་དགུའི་རྣམ་པར་གྱུར་པའི་བྱང་ཤར་གྱི་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ནུབ་བྱང་གི་ལྷ་ཚོགས་ལ་ཐིམ། དེ་བཞིན་དུ་མཚམས་གསུམ་པོ་ཡང་གཡོན་སྐོར་དུ་འོད་ཀྱི་རྣམ་པར་ཞུ་ནས་ཕུར་པའི་ལྷ་ཚོགས་ལ་ཐིམ། ཕྱོགས་རྣམས་ཀྱང་གཡོན་སྐོར་གྱིས་གཙོ་བོ་ལ་ཐིམ། དེ་ཡང་ཧཱུཾ་ལ་ཐིམ་རིམ་བཞིན་ཞབས་ཀྱུའི་ཧ། ཧ་ཟླ་ཚེས། དེ་ཐིག་ལེ། ཐིག་ལེ་སྟོང་པ་རང་སེམས་སྐྱེ་མེད་ཀྱི་ཀློང་དུ་བསམ། བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ་ཞིང་ཕྱོགས་(༡༠ན)


GLG022_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་མེ་ཏོག་གི་ཆར་དབབ། རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ །སྦྲེལ་ནས་བྱེད་ན་བྱས་ཟིན་པའི་ཤུལ་གྱི་ཐལ་བ་མ་དཀྲུགས་པར་ཅུང་ཟད་བཅགས་པའི་སྟེང་དུ་ཨོང་ཀོང་བརྩིགས་ནས་ཕྱག་བཞེས་དཀྱུས་བཞིན་ཉམས་སུ་ལེན། མེ་མ་ཤི་བར་དུ་བསྒུལ་སྐྱོད་མི་བྱ་ཞིང་། གལ་ཏེ་ཡུལ་དུས་ཀྱིས་རྩོལ་བས་སྒྲུབ་དགོས་ཡོད་ན་འོ་མ་སོགས་ཀྱིས་གཞིལ་བར་བྱ། ཐལ་བ་ནི་ཆུ་བོ་ཆེན་པོར་དོར་བས་དེ་འཐུང་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་འབྱང་བར་འགྱུར་ལ། དགོས་པ་སྐབས་དོན་ལ་ལོངས་སྤྱོད་པའི་ཆེད་དུ་ཚགས་བྱ་བར་ཡང་ཉེས་པ་མེད་དོ། །ཐབ་ཀྱི་ཉེ་འཁོར་ཀུན་ཏུ་དྲི་བཟང་པོ་བྱུགས་ཤིང་ལས་ཀྱི་རྗེས་མི་མངོན་པར་བྱ་བ་ནི་གསང་སྔགས་སྤྱིའི་ཕྱག་ལེན་ལྟར་རོ། །ཞི་ཁྲོ་ཡོངས་རྫོགས་འདུས་པའི་དཀྱིལ་འཁོར་ལྷ། །སྲེག་བླུགས་མཆོད་པས་འཁོར་འདས་ཉེས་བརྒྱའི་མུན། །བསངས་བྱེད་ཞི་བའི་འཕྲིན་ལས་འོད་དཀར་ཅན། །རིགས་འཛིན་ཀུནྡའི་འདོད་འཇོ་དེང་འདིར་ཤར། །གསང་རྫོགས་གཏེར་གཞུང་བུམ་བཟང་ཁ་རྒྱན་དུ། །ཉང་རལ་རྒོད་ཀྱི་ལྡེམ་ཕྲུའི་གཏེར་མ་སོགས། །སྔར་འགྱུར་རིང་ལུགས་ཀུ་ཤའི་ཆུན་པོ་ལས། །གསར་དད་རྨ་བྱའི་མདོངས་ཀྱིས་བརྒྱན་པ་མིན། །གཏེར་བྱོན་རྡོ་རྗེའི་ཚིག་རྣམས་འཁྲུལ་མེད་བཀོད། །འཐོར་དང་གབ་འཁྲུགས་བསྡེབས་ཤིང་མངོན་དུ་ཕྱུངས། །རིགས་འཛིན་བརྒྱུད་པའི་དམར་ཁྲིད་ཕྱག་བཞེས་ཀྱིས། །བརྒྱན་འདི་མཁས་རྣམས་དགའ་བ་སྐྱེད་པའི་གནས། །སྐྱེ་མང་རྙིང་བསྟན་ལ་སྦྱངས་སྙན་གྲགས་དང་། །སྔགས་བརྒྱུད་རིགས་ཀྱི་བསྙེམས་པ་ཆེས་མང་ཡང་། །སྨིན་གྲོལ་གདམས་པའི་འཕྲང་ལ་བཅུར་བ་ན། །རྔུལ་ཆུའི་ཐིགས་པ་འགྲམ་པར་འཕྱང་བ་མང་། །སྟོང་འུར་ཆེར་རློམ་རྣམས་ཀྱི་མུན་པའི་མདའ། །རྟོག་གེའི་རྩལ་བཤད་ཚིག་གི་དབུ་བའི་འཕྲེང་། །རྒྱུན་མེད་འཆད་ཉན་ཉམས་སུ་ལེན་པ་སོགས། །ཡང་དག་བསྟན་པའི་བགྲང་བྱར་འོས་པ་མིན། །དེ་ཕྱིར་རྙེད་དཀའི་དལ་བ་དོན་ལྡན་དུ། །སྒྲུབ་འདོད་བློ་ཡིས་རབ་འབད་རྡོ་རྗེ་(༡༠བ)


GLG022_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། །ཡོངས་འཛིན་གཟུགས་སུ་བྱོན་རྣམས་བསྟེན་པའི་མཐུས། །ཐེག་མཆོག་དགོངས་དོན་སྨྲ་བའི་སྤོབས་པ་ཐོབ། །གྲགས་འདོད་ཀུན་སློང་ངན་པས་དབྱེན་བཅོས་ཏེ། །ཉོན་མོངས་དུག་དང་འདྲེས་པའི་བརྩམས་ཆོས་དག །མ་ཡིན་ཐེག་པ་མཆོག་འདིའི་རིགས་སད་པའི། །བློ་གསལ་སྐལ་བཟང་མང་པོར་ཕན་ཕྱིར་བཀོད། །ཀུནྡ་ལྟར་དཀར་དགེ་ཚོགས་གངྒཱའི་རྒྱུན། །མཁའ་མཉམ་སྐྱེ་དགུའི་ཉོན་མོངས་དྲི་མ་ཀུན། །སྦྱངས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡི། །མི་ཟད་རྒྱ་མཚོའི་ཀློང་དུ་རོ་གཅིག་ཤོག །ཅེས་ཀླུ་བདུད་ལྟོ་བའི་ཟབ་གཏེར་ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ་ཞེས་བྱ་བ་འདི་ནི་དཔང་སྟོན་རིག་སྔགས་འཆང་བ་བློ་བཟང་ངག་དབང་། དགེ་སློང་འཇམ་དབྱངས་གྲགས་པ་གཉིས་ཀྱིས་ཞི་ཁྲོ་ཡོངས་རྫོགས་ཀྱི་བསྙེན་ཆེན་དང་དགའ་གདོང་སྔགས་རམས་པ་དོན་གྲུབ་རྒྱ་མཚོས་བྱང་གཏེར་ཕུར་པ་ལྷ་ནག་གི་བསྙེན་ཆེན་བཏང་བའི་དུས་ཁ་སྐོང་དུ་ཉེ་བར་མཁོ་བའི་སྦྱིན་སྲེག་ངག་འདོན་ཞིག་དགོས་ཞེས་བསྐུལ་བས་མཚམས་སྦྱར། ཟབ་ཆོས་འདི་ཉིད་ཉམས་སུ་ལེན་པའི་བློ་ལྡན་མང་པོར་ཕན་པའི་ཕྱིར་ལྷག་བསམ་གྱིས་ཀུན་ནས་བླངས་ཏེ་གཏེར་ཁ་འདི་ཉིད་ཀྱི་སྦྱིན་སྲེག་སྤྱི་སྒྲུབ་ཆེན་མོ་དང་། ཞི་བའི་སྦྱིན་སྲེག་གི་ཆོ་ག་མ་འདྲེས་ཡོངས་རྫོགས་གཉིས་ལ་གཞི་བྱས། བཀའ་བརྒྱད་བདེ་འདུས་དང་བྱང་གཏེར་སོགས་སྔ་འགྱུར་རང་ལུགས་ཀྱི་ཡི་གེ་རྣམས་ནས་ཁ་འགེང་དགོས་པ་རྣམས་བཀང་། ཅུང་ཟད་མི་གསལ་བའི་ཚིག་ཕྲད་སོགས་མེད་དུ་མི་རུང་བ་རྣམས་ཀུན་མཁྱེན་རྡོ་རྗེ་གདན་པ་དང་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་སྦྱིན་སྲེག་ལ་ཞིབ་མོར་དཔྱད་ནས་མཛེས་རྒྱན་དུ་བྱས་ཏེ་ཟུར་ཐམས་ཅད་མཁྱེན་པ་དང་ཁྱབ་བདག་ཁྲ་ཚང་པ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་བཀའ་དྲིན་ལས་


GLG022_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་མཆོག་གི་ཚུལ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་ཟ་ཧོར་གྱི་རིག་སྔགས་འཆང་བ་ཆེ་མཆོག་འདུས་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །སརྦ་མངྒ་ལཾ།།


previousབཀའ་བརྒྱད་ཡོངས་རྫོགས་ཀྱི་ཞི་བའི་སྦྱིན་སྲེག་རིགས་འཛིན་ཀུནྡའི་འདོད་འཇོ།next