Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་།
   
   
   
   
   
   
   
   
   
   
   
   


 
previousསངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་།next

སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་།


GLG022_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་བཞུགས་སོ། །


GLG022_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྩ་སཏྭ་སྱ་བཛྲ་མཧཱ་ཤྲི་ཡ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་ཞེས་བྱ་བ། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བདག་ཉིད་མཁན་ཆེན་ཞ་ལུ་པ་ཚེ་དབང་ལྷུན་གྲུབ་རབ་བརྟན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དང་ཁྲག་འཐུང་ཐུགས་ཀྱི་རྡོ་རྗེ་དབྱེར་མ་མཆིས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་་ཆེན་པོས་རྗེས་སུ་གཟུང་དུ་གསོལ། མཐོ་རིས་དབང་གི་ཆུ་རྒྱུན་ཆད་མེད་བདག་བློའི་ཞིང་སར་རབ་དྲངས་ནས། །སྐུ་བཞིའི་ས་བོན་ཡོངས་སུ་དར་དྲག་ལྔ་ལྡན་ཡེ་ཤེས་འབྲས་བུའི་ཁུར། །དུད་མཛད་དཀྱིལ་འཁོར་རྒྱ་མཚོའི་བྱེད་པོ་དྲིན་ཅན་རྩ་བའི་བླ་མ་དང་། །དབྱེར་མེད་ཡང་དག་ཐུགས་ཀྱི་ལྷ་ཀྱེ་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །འཕགས་ཡུལ་གྲུབ་པའི་གཙུག་རྒྱན་ཧཱུཾ་ཀཱ་ར། །སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་རྩལ། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བི་མཱ་ལ། །རིག་འཛིན་རིམ་(༢ན)


GLG022_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་རྣམས་ཕྱག་གི་གནས། །སྣ་ནམ་གཉགས་དང་སོ་ཟུར་གནུབས་འཁོན་སོགས། །ལྷ་སྔགས་ཡེ་ཤེས་འཁོར་ལོའི་བདག་ཉིད་ཅན། །ཧེ་རུ་ཀཿདཔལ་མི་ཡི་སྒྱུ་དྲའི་གར། །སྔགས་འཆང་རལ་པའི་ཁུར་ལྡན་ཚོགས་ཀུན་རྒྱལ། །ཤེས་རབ་སྟོང་ཉིད་དག་པའི་ཨེ་དབྱིངས་སུ། །ཐབས་མཆོག་བདེ་བའི་ཝཾ་དབྱིབས་ཟུང་འཇུག་ལས། །དྷཱིཿཡིག་ཞུན་མའི་གསང་གསུམ་འཁོར་ལོའི་རྒྱན། །ས་སྐྱའི་བླ་ཆེན་བརྒྱུད་པར་བཅས་ལ་འདུད། །བཀའ་དྲིན་ཟེར་གྱིས་བདག་བློ་པདྨའི་ཚལ། །བཞད་པས་སྔ་འགྱུར་ཆོས་ཀྱི་ཟེའུ་འབྲུའི་བཅུད། །སྨིན་གྲོལ་སྦྲང་རྩི་འཛད་མེད་བྱེད་པ་པོའི། །ཡོངས་འཛིན་ཉིན་མོའི་མགོན་རྣམས་གཙུག་ན་བསྟེན། །གསར་འགྱུར་དབང་གི་ཆོ་ག་རས་བྲིས་ལ། །ཉེར་བསྟེན་ལག་ལེན་ས་མཱ་ཛཿས་དྲངས་པ། །ཧཱུཾ་ཆེན་ཀཱ་ར་པདྨ་ཐོད་འཕྲེང་སོགས། །སྔོན་རབས་དམ་པའི་ཐུགས་ལ་མ་ཤར་དྲང་། །ལྷ་ཙམ་ངོ་སྤྲོད་རྒྱུ་མཚན་བཤལ་ཆུ་ཡིས། །མ་ངོམས་ཡང་དག་རྒྱུད་དང་རྒྱ་(༢བ)


GLG022_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གར་གཞུང་། །རིག་འཛིན་བཞེད་སྲོལ་འོ་མའི་བཅུད་མྱངས་མཐུས། །དཀྱིལ་འཁོར་ཆོ་ག་ཧཱུཾ་མཛད་ཞལ་ལུང་འདྲི། །དེ་ལ་འདིར་དཔལ་ཡང་དག་མར་མེ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་སྔོན་དུ་འགྲོ་བ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་ལས། དང་པོ་ཕུན་སུམ་ཚོགས་པ་ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་དང་པོར་ཕུན་སུམ་ཚོགས་པ་བཞིར་བཤད་ཅིང་དེ་དང་མཐུན་པར་ཧཱུཾ་ཀཱ་རས་མཛད་པའི་རྩ་བར་ཕུན་སུམ་ཚོགས་པ་བཞི་ལྡན་ནས་ཞེས་བྱུང་ལ། དེ་ཉིད་ཀྱིས་མཛད་པའི་དབང་ཆོག་ཏུ། གནས། འཁོར། ཡུམ། ཡོ་བྱད། རྒྱན་ཕུན་སུམ་ཚོགས་པར་བཤད་ནའང་འདིར་བཀའ་བརྒྱད་སོགས་སྤྱི་དང་མཐུན་པར་བྱས། ལྔས་གཞི་བཟུང་བ། སའི་ཆོ་ག །སྟ་གོན་གྱི་ཆོ་ག་དང་གསུམ་ལས། དང་པོ་ལ། སྟོན་པ། འཁོར། གནས། སྒྲུབ་རྫས། ཆོས་ཏེ་ལྔ་ལས། དང་པོ་སྟོན་སོ་མཆན་དུ་ཤེས་པ་ཕུན་སུམ་ཚོགས་པ་ཟེར། པ་ཕུན་སུམ་ཚོགས་པ་ནི། །དཔལ་ཁྲག་འཐུང་གལ་པོ་ཆེའི་རྒྱུད་ལས། ཤེས་པ་ཕུན་སུམ་ཚོགས་པ་ནི། །རྡོ་རྗེ་བླ་མ་སློབ་དཔོན་ནི། །རྒྱུད་ལུང་མན་ངག་རབ་འབྲིང་ཐ། །མི་འཁྲུག་སྦྱོར་བའི་སྒྱུ་རྩལ་ཤེས། །ཞེས་དང་། ཏནྟྲ་ཧེ་རུ་ཀ་ལས། ཚོགས་ཀྱི་སློབ་དཔོན་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །ལྟ་བ་གཉིས་མེད་རྩོལ་དང་བྲལ། །སྤྱོད་པ་གསང་བའི་བཀའ་དང་ལྡན། །ཐབས་མཁས་འཕྲིན་ལས་ཐོགས་རྡུགས་མེད། །དམ་ཚིག་འཇིགས་མེད་འབར་བཞིན་བསྲུང་། །དབང་རྣམས་རིམ་པར་བརྩེགས་པ་དེས། །རིག་པའི་རྒྱལ་པོ་རང་དབང་ཐོབ། །དེ་ནི་ཚོགས་ཀྱི་སློབ་དཔོན་ཡིན། །ཞེས་དང་། དབང་གི་སློབ་དཔོན་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །རིགས་དང་མཁས་(༣ན)


GLG022_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱུད་བཙུན་དང་། །རྡོ་རྗེ་ཟམ་པ་མ་ཆད་ལེགས། །དེ་དག་རྣམས་དང་ལྡན་པ་ནི། །འཇིག་རྟེན་འདི་ན་མཐུ་དབང་ཆེ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །དེ་ནི་དབང་གི་སློབ་དཔོན་ཡིན། །ཞེས་དང་། སློབ་དཔོན་ཀུན་སྙིང་གིས། །བརྟན་ཞིང་དུལ་བ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་འདྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་པ། །འདི་ནི་སློབ་དཔོན་ཡིན་ཞེས་བྱ། དེ་ཡིས་བསྟན་པའི་གསང་སྔགས་རྣམས། །འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད། །ཅེས་པ་ལྟར་ལྟ་་བ་ཐག་ཆོད་པས་ཏིང་ངེ་འཛིན་གསལ་བ། སྤྱོད་པ་ལ་དོར་བས་མན་ངག་ལ་མཁས་པ། དགོངས་པ་ཟབ་་མོ་རྣམ་པར་དག་པ། དམ་ཚིག་གཙང་ཞིང་ཐོས་པས་རྒྱུད་གྲོལ་བ། །ཐུགས་རྗེ་ཆེན་པོས་འགྲོ་བ་འདུལ་བ་ལ་མཁས་པའི་རྡོ་རྗེ་སློབ་དཔོན་ནོ། །གཉིས་པ་འཁོར་སོ་མཆན་དུ་ཐོས་བསམ་སྒོམ་པ་གསལ་བ་དང་བཅས་ཤེས་རབ་བཞི་དང་ངེས་པ་གསུམ་སོགས་དགོས་པར་བཤད། ཕུན་སུམ་ཚོགས་པ་ནི། ཏནྟྲ་ཧེ་རུ་ཀ་ལས། ཚོགས་ཀྱི་རྒྱལ་ཚབ་བྱ་བ་ཡང་། །དཔེར་ན་རྒྱལ་པོས་བཀའ་བསྒོ་བ། །དེ་ནི་བློན་པོས་བསྲུང་བ་བཞིན། །དགོངས་སྤྱོད་དོན་དང་ལྡན་པ་དང་། །གཞན་འདྲེན་ནུས་པའི་ཐབས་མཁས་དང་། །སློབ་དཔོན་སྐུ་མཉེལ་ཐུན་པོ་པའི། །ཞལ་ཚབ་གཞན་པ་ཆོས་སྟོན་པ། །ཚོགས་ཀྱི་རྒྱལ་ཚབ་ཡིན་པར་བཤད། །ཚོགས་ཀྱི་གིང་ཞེས་བྱ་བ་ནི། །རང་གི་སྒོས་ཆེད་མི་ལེན་པར། །རྣལ་འབྱོར་སྤྱི་ཆེད་དག་ལ་བརྩོན། །ཞིང་བཅུར་གྱུར་པ་སྒྲོལ་བྱེད་ཅིང་། །དགོངས་པའི་ལས་རྒྱུད་བསྟན་པར་བྱ། །ཚོགས་(༣བ)


GLG022_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་ཞེས་བྱ་བ་ཡང་། །ཀུན་གྱིས་བྱ་བར་མ་གསུངས་ཏེ། །གཙོ་བོ་ཡབ་ཀྱི་དགོངས་པ་སྐོང་། །ཡངས་་པ་ཆེ་ལ་ནོགས་པ་ཆུང་། །གསང་སྒོ་སྡོམ་དང་དམ་ལ་གནས། །དད་པས་མོས་དང་རྟོག་པ་ཆུང་། །མཚན་གྱི་རྒྱན་དང་སེམས་བཟང་དང་། །རྒྱུ་དང་ལྡན་པ་མ་གཏོགས་པ། །ཀུན་གྱིས་བྱ་བར་ངས་མ་བཤད། །ཅེས་དང་། དབང་གི་སློབ་མ་བྱ་བ་ཡང་། །ཤེས་པ་སྒོ་ཡངས་ཐོས་པ་ཆེ། །བསྒོ་བ་བྲན་བཞིན་ཉན་པ་དང་། །འདི་ལ་དབང་རྣམས་བསྐུར་བར་བྱ། །ཞེས་དང་། ཁྲག་འཐུང་གལ་པོ་ལས། ཉན་བཤད་དབྱེ་བ་རྣམ་པ་གཉིས། །ཚོགས་དང་སློབ་མ་དག་ཏུ་འདོད། །སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙན་དན་རིན་པོ་ཆེ་ཡི་དཔེ། །ཞེས་དང་། སྐྱེད་བྱེད་མ་དང་སྲིང་མོ་གཉིས། །ལས་དང་ཕྱག་རྒྱ་ལེན་པའི་འཁོར། །སྒོམ་འཆད་ལས་དང་སྒྲོལ་བ་དང་། །གིང་གཡོག་གཙུག་ལག་བརྡ་ཤེས་པ། །ལུས་ངག་ཡིད་དང་ཡི་གེའི་བརྡ། །འཁོར་རྣམས་ཕུན་སུམ་ཚོགས་འགྱུར་པ། །དགྱེས་པ་བསྐྱེད་པའི་གཟུང་མ་དང་། །མཆོད་སྟོབ་ཕྱག་ཚང་བྱན་གཡོས་མ། །ཐུགས་དང་འཐད་པའི་སེམས་ཟིན་ཅན། །རྡུལ་ཕྱགས་སྐྱེས་བུ་ལྡན་པར་བྱ། །ཞེས་བློ་བརྟན་ཞིང་སྒམ་ལ་བརྩོན་འགྲུས་དང་ཤེས་རབ་ཆེ་བ། དབང་པོ་དུལ་ཞིང་དམ་ཚིག་དང་སྡོམ་པ་ལ་ནན་ཏན་དུ་བྱ་བའི་འཁོར་སྤྱི་དང་བྱེ་བྲག་ཏུ་རྡོ་རྗེ་རྒྱལ་ཚབ། རྡོ་རྗེ་རྒྱལ་ཐབས། གཟུང་མ་རྡོ་རྗེ་ཀརྨ། རྡོ་རྗེ་གིང་མཚམས་པ། རྡོ་རྗེ་སྤྱན་མ། རྡོ་རྗེ་དུས་འཛིན། རྡོ་རྗེ་གཡོས་མ། རྡོ་རྗེ་རྡུལ་ཕྱགས་སོགས་ཚོམ་བུར་འབྲེལ་བའོ། །གསུམ་པ་ཁྲོ་བོ་པུཎྜ་རཱི་ཀར་ཡང་ས་བཅད་ཙམ་བསྟན། གནས་ཕུན་སུམ་ཚོགས་པ་(༤ན)


GLG022_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཁྲག་འཐུང་་གལ་པོ་ལས། གནས་མཆོག་ཕུན་སུམ་ཚོགས་པ་བཙལ། །ཏིང་འཛིན་ཡེ་ཤེས་མཆོག་གི་གནས། །བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་ཉམས་ནི་རྣམ་པར་དགའ། །དེ་ནི་གནས་ཀྱི་མཆོག་ཡིན་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པ། །དགོས་པར་བྱ་བ་གནས་ཀྱི་གཞི། །སྒྲུབ་པ་དུས་ཀྱི་གནས་སུ་བྱ། །ཞེས་དང་། ཕྱོགས་མཚམས་ལེགས་པར་རབ་བརྟག་ཅིང་། །ནགས་ཚལ་སྐྱེད་མོས་ཚལ་དུ་ནི། །དགོན་པ་རབ་དགའ་ཀུན་དགའ་ར། །ཡུལ་དང་ལྗོངས་སུ་བརྟག་པར་བྱ། །ཞེས་དང་། དཔལ་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལ་པོ་ལས། ཞི་བའི་དགོན་གནས་ལྷ་ཡི་གནས། །རི་བོ་ཆེན་པོ་འདུས་པའི་རྩེ། །གངས་དཀར་ཤེལ་གྱི་གཏམས་པའི་འདབས། །གསང་ཆེན་ཁྲོས་པའི་གནས་དང་ནི། །ཙན་དན་ནགས་དང་མེ་ཏོག་ཚལ། །ཡིད་འོང་དབེན་པར་རབ་ཏུ་བཤད། ཁྲོ་བོའི་དགོན་གནས་སྲིན་པོའི་གནས། །རི་བོ་ཆེན་པོ་བཙན་པའི་ངོས། །བྲག་དམར་གཏམས་པའི་དཀྱིལ་ངོས་ལ། །སྟག་དྲེད་འཐབ་པའི་གནས་སུ་བྱ། །མ་མོའི་དགོན་གནས་དུར་ཁྲོད་དང་། །ཤིན་ཏུ་དབེན་པའི་ས་ཕྱོགས་ན། །གསར་རྙིང་དབུགས་བྲལ་མ་བདུན་ཁྱིམ། །རྡོ་རྗེ་རིགས་ཀྱི་དགོན་གནས་ནི། །དུར་ཁྲོད་དང་ནི་ལྷ་རྟེན་དང་། །མ་མོའི་ཁྱིམ་དང་ཡིད་དུ་འོང་། །ཞེས་དང་། བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་ལས། བཀྲ་ཤིས་གངས་བརྒྱུད་རི་བཟང་འདབས། །གནམ་ས་པད་འཁོར་ཁ་སྦྱར་འདྲ། །སྔོན་ཡང་གྲུབ་ཐོབ་རྐྱེན་ཐུབ་སར། །སྒྲུབ་ཁང་ཕོ་བྲང་ལྟ་བུར་བརྩིག །ཅེས་བྱུང་བ་ལྟར་སྐྱེ་བོའི་ཡ་ཁ་དང་། །རྗེ་དཔོན་ལྷ་འདྲེ་གདུག་པ་ཅན། མི་རྒོད། གཅན་གཟན་སོགས་ཀྱིས་འཚེ་བ་(༤བ)


GLG022_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། གནམ་དབང་ཆོག་ཏུ་དམིགས་བསལ་གྱིས་བཤད་ཅིང་ཤར་དང་བྱང་གཞོལ་ཞིང་ཕྱོགས་གཞན་མཐོ་བའང་རྒྱུད་གཞན་ནས་བཤད་པ་དང་མཐུན། འཁོར་ལོ་རྩིབས་བརྒྱད་དང་ལྡན་པ་སྟེ་གནས་སྤྱིའི་བཀྲ་སོ་མཆན་དུ་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅགས་པ་ལ་ཟེར། ཤིས་དགེ་མཚན་དང་ལྡན་ཞིང་བྱེ་བྲག་འཕྲིན་ལས་བཞི་གང་སོ་མཆན་དུ་མན་ངག་་གི་སྣོད་ཏིང་འཛིན་ཡེ་ཤེས་མཆོག་གི་གནས་ཞེས་ཟེར། སྒྲུབ་སྐབས་ཐེབ་ཀྱི་དབྱེ་དགོས་ནའང་གཙོ་ཆེ་བའི་དབང་དུ་བྱས་ནས་དྲག་པོའི་གནས་གནམ་ས་གྲུ་གསུམ་པ་དུར་ཁྲོད་དམ་ཤིང་དྲུང་གཅིག་པ་རི་སོག་པོ་ཁྲོས་པ་ལྟ་བུ། གཅན་གཟན་འདུ་ཞིང་ཤིང་ཚེར་མ་ཅན་གྱི་མཚན་ཉིད་དང་ལྡན་པའོ། །བཞི་པ་སྒྲུབ་རྫས་ཕུན་སུམ་ཚོགས་པ་ནི། ཁྲག་འཐུང་གལ་པོ་ལས། ཡོ་བྱད་ཕུན་སུམ་ཚོགས་པ་ནི། །འཚེ་བ་ཟས་ཀྱི་ཡོ་བྱད་ཀྱིས། །བཀྲེས་དང་སྐོམ་པའི་དབུལ་བ་སེལ། །རྐྱེན་སོ་མཆན་དུ་བསྒྲལ་བའི་ཞིང་བཅུ་སྒྲོལ་བའི་དྲག་རྫས་ཀྱང་བཤད། ཟློག་སྨན་གྱི་ཡོ་བྱད་ཀྱིས། །ནད་ཁམས་དགྲ་བགེགས་བར་གཅོད་སེལ། །སྒྲུབ་པ་རྫས་ཀྱི་ཡོ་བྱད་ཀྱིས། །རྨད་བྱུང་གསང་བའི་རྫས་རྣམས་ཚང་། །མཆོད་པ་རྫས་ཀྱི་ཡོ་བྱད་ཀྱིས། །ལྷ་རྣམས་ཐུགས་དམ་སྐོང་བར་འགྱུར། །བཀྲ་ཤིས་གཙང་མའི་རྫས་ཚོགས་ནི། །རིགས་ནི་བཟང་པོ་རབ་ཏུ་བཙལ། །དག་པ་ལྷ་ཡི་རྫས་བཙལ་བ། །སྐྱེ་སོ་མཆན་དུ་རིགས་བཞི་བྱད་བཟང་སྨིན་དཀྱུས་རིང་བ་མིག་དཀར་ནག་ཕྱེད་པ། སྐྲ་ནག་ཅིང་འཚེ་བ། དུང་སོ་འཁོར་བ་ལ་བཀྲ་ཤིས་གཙང་མའི་རྫས་སུ་བཤད་ཅིང་ཤེལ་མིག་དང་རྐན་ན་སོ་ལྷག་པོ་ཡོད་པ་ལ་ཡང་བཤད། བདུན་བྱ་རྐང་གྲིབ་མ་བདུན། །སྒྲུབ་པ་མཆོག་སོ་མཆན་ལས་སྐྱེས་པ་གཞོན་ནུ་དཔལ་རྩལ་དང་ལྡན་པ་གཡུལ་ངོར་གསང་བའི་རྫས་ལ་ངོས་བཟུང་། གི་རྫས་བཙལ་བ། །ཞེས་ཐོད་སྐུ། རྡོ་རྗེ་ལ་སོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན། (༥ན)


GLG022_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བའི་མཆོད་རྫས། ཚེ་དང་གལ་སོགས་དངོས་གྲུབ་ཀྱི་རྫས། འཚོ་བའི་ཟས་སྐོམ། དགྲ་ཟློག་པའི་གོ་མཚོན། ནད་ཟློག་པའི་སྨན། བགེགས་སེལ་བའི་རྫས་འཁོར་ལོ་སོགས་ཡོ་བྱད་མ་ཚང་བ་མེད་པ་སྟ་གོན་དུ་བྱའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། ཁྲག་འཐུང་གལ་པོ་ལས་ཨ་ཧོ། ལུང་ཆེན་ཟབ་མོའི་འཁོར་ལོ་འདི། །དགོངས་བརྒྱུད་སྦས་པའི་རྒྱུད་ཆེན་པོ། །ལུང་གི་མདོ་ཆོག་སྔ་མ་བདུན། །དེ་བཞིན་ཕྱི་མ་བདུན་ནས་ཕྱུང་། །སྐུ་རྣམས་སྟོན་པའི་སྡུད་པ་པོ། །གསང་བདག་ཕྱག་ན་རྡོ་་རྗེ་ཉིད། །བདག་གཞན་ཕྱི་རབས་གྲོལ་མཛད་པ། །རྡོ་རྗེ་སྙིང་པོ་ཉིད་ཀྱིས་ཕྱུངས། །ཕུང་པོ་རྡོ་རྗེ་རིགས་ལྔ་ཉིད། །ཉོན་མོངས་ཡེ་ཤེས་ཆེན་པོར་གསལ། །བར་ཆད་དངོས་གྲུབ་ཉིད་དུ་གྲོལ། །རྡོ་རྗེའི་སྐུ་ལ་འཆི་བདག་མེད། །ཅེས་དང་། ཡང་དག་གསང་བའི་ཐུགས་མཆོག་ལ། །སྒྲུབ་པའི་རྣལ་འབྱོར་དབང་ཕྱུག་རྣམས། །མི་ཚེ་གཅིག་ལ་མངོན་འཚང་རྒྱ། །ལུས་མ་བོར་བར་ལྷ་སྐུར་འགྱུར། །ཞེས་དང་། རྩ་བ་ལས། ཡང་དག་གྲུབ་པ་གཅིག་པུ་ཉིད། །སངས་རྒྱས་བདེ་ཆེན་ཀུན་འདུས་པས། །རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགས། །མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེ། །ཞེས་ཉམས་སུ་བླང་བྱའི་ཆོས་སྤྱིར་བསྐྱེད་པ་མཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཨ་ཏི་ཡོ་ག་གསུམ་དང་བྱེ་བྲག་ཏུ་སྒྲུབ་པ་སྡེ་བརྒྱད། ཁྱད་པར་དཔལ་ཡང་དག་གི་སྒོ་ནས་མཆོག་ཐུན་གྱི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་བས་རྒྱུད་ལུང་མན་ངག་ལ་ཐོས་བསམ་གྱི་གོམས་འདྲིས་ནན་ཏན་དུ་བྱ་བའི་གནས་སོ། །དེ་ལྟར་ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་ནས། དུས་ཀྱང་ཇི་སྐད་དུ། སྤྱིར་ན་ལོ་ཟླ་གཟའ་(༥བ)


GLG022_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་དང་། ཞག་དུས་དར་དང་ཡར་ངོ་གཅེས། །བྱེ་བྲག་ཞི་རྒྱས་དབང་དྲག་གམ། །བསྙེན་སྒྲུབ་ལས་སྦྱོར་ཀུན་ལ་བརྩི། །ཞེས་དང་། ཏནྟྲ་ཧེ་རུ་ཀ་ལས། དབང་གི་དུས་ཚོད་དུས་བཤད་པ། །དབྱར་དགུན་སྟོན་དཔྱིད་ར་བའམ། །སྟོན་རའི་སོ་མཆན་ལས། རུ་སྙིང་པོ་ནི། བཏབ་པ་རང་ལ་བྱ་སྟེ་ཚེས་བརྒྱད་ལྟ་བུའོ་ཞེས་བྱུང་། ཉ་ལ་བསྐུར་བར་བྱ། །ཞེས་པ་ལྟར་ལོ་དང་ཟླ་བ་མི་རྩུབ་ཅིང་ཞག་དུས་ཚོད་གཟའ་སྐར་སྦྱོར་བྱེད་ཐམས་ཅད་འཕྲིན་ལས་གང་བསྒྲུབ་དང་བསྟུན་ཏེ་ཉམས་སུ་བླང་བ་གནད་ཡིན་ནོ། །གཉིས་པ་སའི་ཆོ་ག་ལ་བརྟག་པ། བསླང་བ་རྟོགས་པར་སླ་བར་འདིར་སྔོན་དུ་བྱུང་ཡང་པུཎྜ་རཱི་ཀའི་རྒྱུད་དང་། དབང་གཞུང་གཉིས་ཀྱི་རྗེས་སུ་འབྲངས། བསོད་ནམས་ཚོགས་གསོག །སྦྱང་བ། བྱིན་བརླབ། གཟུང་བ། བསྲུང་བ་སྟེ་བདུན་ལས། དང་པོ་ས་བརྟག་པ་ལ་ཁྲོ་བོ་པུཎྜ་རཱི་ཀ་ལས། རྫས་དང་ས་གཞི་བརྟག་པར་བྱ་་ཞེས་བྱུང་བ་ལྟར། ལྟོ་འཕྱེ་ཆུ་ས་བཀྲ་དང་གསུམ་ལས། དང་པོ་ལྟོ་འཕྱེ་བརྟག་པ་ནི། ལྟོ་འཕྱེ་ལ་རྒྱུད་་་སྡེ་དང་ནག་རྩིས་ནས་བཤད་པ་སོགས་རྣམ་གྲངས་མང་ནའང་འདིར་རྒྱུད་ནས་གསུངས་པ་ཉིད་གཙོ་ཆེ་བས་ཆོས་རྗེ་ཐམས་ཅད་མཁྱེན་པས་རྟོགས་པར་སླ་བར་མདོར་བསྡུས་ཙམ་གསུངས་པར་ཡིད་གཏན་དུ་བྱ་ཞིང་། ཞིབ་ཆ་ཁུངས་བཙུན་གྱི་ཡི་གེ་དུ་མ་ནས་འབྱུང་བ་ལས་ཤེས་དགོས་ལ་སྙིང་པོ་མཆན་གྱི་མདུན་ནས་ཐོག་མར་ས་འཁྲུ་གང་བརྐོ་དབང་གཞུང་དུ་ས་པུས་མོ་ནུབ་ཙམ་བརྐོས་ལ་སླར་དེས་དགང་ཞེས་བཤད། ཞིང་། རྒྱུད་དང་ནག་རྩིས་སོ་སོའི་ཟླ་འགོ་ངོས་འཛིན་གྱིས་མཚོན་གནད་གསང་ཕྲ་མོ་རྣམས་དེང་སང་གི་སྔགས་རློམ་ཕལ་ཆེར་གྱིས་རྟོགས་པར་དཀའ་ཞིང་དཀྱིལ་འཁོར་ཡང་གཙུག་ལག་ཁང་སོགས་གནས་དུ་མར་བྱེད་པ་ཤས་ཆེ་བས་ཞིབ་པ་མ་བཀོད་དོ། །


GLG022_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཆུས་བརྟག་པ་ནི། ཆུ་དྲི་རྟོགས་སླར་བདུད་རྩི་ལྔའི་ཆུ་ཟར། དབང་གཞུང་ན་འདི་ལྟར་བྱུང་མོད། བཟང་པོ་དང་བཅས་པས་ས་བརྐོས་པའི་ཤུལ་བཀང་རྟོགས་སར་དེ་ནས་ཆུ་སྐྱོགས་གང་ཁྱེར་ནས་ཤར་ཕྱོགས་སུ་གོམ་པ་བདུན་པོར། སླར་ལོག་སྟེ་བལྟས་པས་ངན་ན་དྲག་པོའི་སྦྱིན་སྲེག་ལྡུགས་པར་བཤད། ནས། རྡོར་དྲིལ་བཟུང་སྟེ་རུ་ལུའི་མཐར་སིདྡྷཾ་ཧཱུཾ་ཞེས་བརྗོད་བཞིན་པས་གོམ་པ་མི་དྲག་པར་བརྒྱའི་བར་ཕྱིན་ཏེ་ཕྱིར་ལོག་ནས་བལྟས་པས་གཡས་སུ་འཁྱིལ་ན་དངོས་གྲུབ་དང་དེ་ལས་ལོག་ན་མི་འགྲུབ་བོ། །གསུམ་པ་ས་བཀྲ་བརྟག་དབང་གཞུང་དུ་པྲ་ས་ན་ལ་སོགས་པས་བརྟག་གོ་ཞེས་བཤད་ཅིང་ངན་ན་སྦྱིན་སྲེག་ཀྱང་སྐབས་འདིའི་མཇུག་ཏུ་བྱ་བར་གསུངས། པ་ནི། རྟོགས་པར་སླ་བ་ལས་རིན་པོ་ཆེའི་བུམ་པར་རིན་པོ་ཆེ། འབྲུ། སྨན། སྙིང་པོ་ལྔས་བཀང་བ་ཁུང་བུའི་དབུས་སུ་གཞུག་ཅིང་། ས་ཡི་ལྷ་མོ་འཁོར་དང་བཅས། སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས། །བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི། །དཀྱིལ་འཁོར་འདྲི་ཕྱིར་གཏེར་དུ་འབུལ། །ཞེས་བརྗོད་དེ་སྦས་ལ་སྐྲ་དང་ཕུབ་མ་ཐལ་བ་ལ་སོགས་པ་ས་རོ་མེད་པའི་སས་སླར་བཀང་བས་ལྷག་ཅིང་དབུས་མཐ་ོན་དངོས་གྲུབ་མཆོག་འགྲུབ་མ་ཁེངས་ན་རུ་ལུའི་མཐར་པྲ་བེ་ཤ་སྟམྦྷ་ནི་ཧཱུཾ་ཕཊ། ཅེས་པས་མཚན་མ་ངན་པ་བསལ་ལོ། །གཉིས་གསང་འདུས་གཤེད་སྐོར་བཀའ་བརྒྱད་སོགས་ལ་ས་བསླང་པ་རྗེས་སུ་བྱུང་ནའང་ཀྱེ་རྡོར་ལ་སྔོན་དུ་བྱུང་ཞིང་གསར་རྙིང་ཀུན་ལ་མཐའ་གཅིག་ཏུ་མ་ངེས་པས་ལྟོ་འཕྱེའི་སྔོན་དུ་གཏོར་མ་གཏོང་དགོས་པ་ལྟར་ན་རྟོགས་པར་སླ་བའི་ས་བཅད་བཞིན་བྱས་ན་འཇུག་པ་བདེ་བར་མངོན་ནོ། །པ་ས་བསླང་བ་ལ། སྣང་བ་དང་མི་སྣང་བ་གཉིས་ལས། དང་པོ་སྣང་བ་ལ་བསླང་བ་ནི། ཁྲོ་བོ་པུཎྜ་རཱི་ཀ་ལས། ས་བདག་རྣམས་ལས་རིན་གཞལ། བསླང་དང་སྦྱང་བ་ཚུལ་བཞིན་བྱ་(༦བ)


GLG022_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱུང་བ་བཞིན་ཡུལ་གྱི་རྗེ་དང་ཁྱིམ་བདག་སོགས་ས་དེ་དབང་བ་ལ་གཏམ་འཇམ་པོ་དང་བདོག་པའི་རིན་གྱིས་ཉོ་བ་སོགས་ཇི་ལྟར་རིགས་པ་བྱ། གཉིས་པ་མི་སྣང་བ་ལ་བསླང་བ་ནི། དེ་ཉིད་ལས། འཇིག་རྟེན་ས་བདག་ལྷ་ཀླུ་ལ། ས་རིན་གཞལ་ཏེ་ས་བསླང་ངོ་། །ཞེས་པ་ལྟར་དབང་གཞུང་དུ་གཏོར་མ་བཏང་སྟེ་མགྲོན་ཚོགས་རྣམས་ཚིམ་ནས་ལས་བསྒོ་ཞིང་དེ་ལས་ཁྱད་པར་སའི་ལྷ་མོ་ལ་བསླང་བར་བཤད་པས་རྟོགས་པར་སླ་བ་ལས། གཞི་བདག་དཀར་དམར་གང་ལ་དགའ་བའི་གཏོར་མ་བཤམས་ལ། རཾ་ཡཾ་ཁཾ་རཏྣ་བྷཉྫ། ཨོཾ་ཨཱཿཧཱུཾ། ཞེས་བརྗོད་པས་བསྲེགས་གཏོར་བཀྲུས་རིན་པོ་ཆེའི་སྣོད་བདུད་རྩིས་གང་བར་བསྐྱེད་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ས་མཱ་ཛཿ ཞེས་པས་གནས་དེའི་གཞི་བདག་མདུན་དུ་སྤྱན་དྲངས་ལ། ས་པ་རི་ཝཱ་རའི་རྗེས་སུ་ཨ་ཀཱ་རོ་བཏགས་པས་ཕུལ་ལ་རྡོ་རྗེ་དྲིལ་བུ་བཟུང་སྟེ། ས་བདག་ལྷ་ཀླུ་འཁོར་དང་བཅས། །གཏོར་མ་དམ་པ་འདི་བཞེས་ལ། །བདག་གི་སྒྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱི། །ཅི་བདེ་བར་ནི་གཞན་དུ་སོང་། །ས་པ་རི་ཝཱ་རའི་རྗེས་སུ་གཙྪ་བཏགས་ལ་གནས་གཞན་དུ་དེངས་པར་བསམ་མོ། །གསུམ་དབང་གཞུང་དུ་བསོད་ནམས་ཀྱི་ཚོགས་ཀྱི་སྣོད་དག་པར་བྱ་བའི་ཕྱིར་ཞེས་སོགས་གསུངས་པའི་རྗེས་སུ་འབྲངས་ཏེ་ས་བཅད་འདིར་བཀོད་ཀྱིས་ས་བརྟག་པའི་སྔོན་དུ་བྱས་ཀྱང་འཇུག་པ་བདེ་ལ། པུཎྜ་རཱི་ཀའི་རྒྱུད་དུ་གོ་རིམ་མི་གསལ་ཡང་། དཔང་སྐོང་བཀླགས་པ་དང་སཱཙཱ་སོགས་དགེ་རྩ་ཆེར་བྱ་བར་བཤད། པ་བསོད་ནམས་ཀྱི་དཔུང་བསྐྱེད་པ་ནི། ཁྲག་འཐུང་གལ་པོ་ལས། འབྱུང་པོའི་གཏོར་མ་བཏང་ནས་ཀྱང་། །གསང་བའི་དོན་གྱི་ལས་རྣམས་བྱ། །ཐུབ་པའི་བཀའ་རྣམས་སྒྲོག་པ་དང་། བདེ་གཤེགས་སྐུ་གཟུགས་གདབ་པ་དང་། །(༧ན)


GLG022_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ཚེ་ཡང་བསྐྱབ་པར་བྱ། །ལམ་འཕྲང་དག་ཀྱང་ལེགས་པར་འཆོས། །ཞེས་པ་ལྟར་དཀོན་ཅོག་མཆོད་ཅིང་འབྱུང་པོ་ལ་གཏོར་མ་ཕོངས་པ་ལ་སྦྱིན་གཏོང་། གསུང་རབ་བཀླག །སཱཙྪ་གདབ། ཉེའུ་འདོན་པ་སོགས་འདུས་བྱས་ཀྱི་དགེ་བ་གྲུབ་ཚད་བྱའོ། །བཞི་པ་ས་སྦྱང་པ་ལ་རྫས་དང་ཏིང་འཛིན། ཆོས་ཉིད། བྱིན་གྱིས་བརླབ་པ་དང་གསུམ་ལས། དང་པོ་རྫས་དང་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། དབང་གཞུང་དུ་སྔགས་དང་བཅས་དྲི་ཆབ་འཐོར་ཞིང་དཀྱིལ་འཁོར་གྱི་རྒྱ་ཇི་ལྟར་འདོད་པ་ས་ཐུར་དུ་བརྐོས་པའི་ཚད་འཕང་དུ་རྩིག་པ་ཙམ་ལས་མ་བྱུང་ནའང་རྟོགས་པར་སླ་བའི་ཕྱིའི་སྦྱང་བའི་རྗེས་སུ་འབྲངས་ཏེ། སུམྦྷའི་སྔགས་ཀྱིས་དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། དྲི་ཞིམ་པོའི་མེ་ཏོག་བཀྲམ་པའི་དབུས་སུ་བདག་ཉིད་འདུག་ནས། བདག་བསྐྱེད་བཟླས་པ་ཡན་ཆད་རྫོགས་པར་བྱས། དཀྱིལ་འཁོར་བསྡུས་ཏེ་རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་པའི་མིག་གཉིས་སྒྲུབ་ཐབས་འབྲིང་པོ་ནས་བསྐངས། མ་དང་ཨ་ལས་ཉི་ཟླའི་དཀྱིལ་འཁོར་དུ་བསམས་ཤིང་། མིག་གཡས་པའི་ཉི་མའི་འོད་ཀྱིས་སྣང་བའི་དངོས་པོ་བསྲེགས་པར་བསམས་ལ། ཧཱུཾ། གཡས་ཧེ་རུ་ཀཿཐུགས་ཀྱི་ལེའུ་གསུམ་པར་འདིའི་ཁུངས་གསལ་བར་བཤད། པའི་སྤྱན་ཟུར་ལས་བྱུང་བའི། །མ་ལས་ཉི་མའི་དཀྱིལ་འཁོར་གྱི། །འོད་ཀྱིས་སྣང་བའི་དངོས་པོ་ཀུན། །ཐམས་ཅད་མ་ལུས་བསྲེག་པར་བྱ། །མ་སཱུཪྻ་མཎྜ་ལ་ད་ཧ་ད་ཧ་བྷ་སྨིན་ཀུ་རུ་ཧཱུཾ་ཨེ་སྥ་ར་ཎ༔ ཞེས་བརྗོད་པས་ཐུགས་ཀའི་ཧཱུཾ་ལས་ཡཾ་སྤྲོས་པ་ལས་བྱུང་བའི་རླུང་གིས་ཐལ་པ་རྣམས་གཏོར་བར་བསམས་ཤིང་། སྤྲོ་ན་ཐུགས་ཀའི་ཧཱུཾ་ལས་བྱུང་བ་ཡི། །ཡཾ་ལས་རླུང་གི་དཀྱིལ་འཁོར་གྱིས། །(༧བ)


GLG022_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀུན་བསྲེགས་པའི་ཐལ་བ་ཡང་། །ཐམས་ཅད་མ་ལུས་གཏོར་བར་བྱ། །ཡཾ་བཱ་ཡུ་མཎྜ་ལ་བྷཀྵ་རེ་ཎ་ཀུ་རུ། དེ་ནས་མིག་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་ཆུས་ལྷག་མ་ཐམས་ཅད་བཀྲུས་པར་བསམས་ཤིང་། གཡོན་པའི་སྤྱན་ཟུར་ལས་བྱུང་བའི། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི། །འོད་ཀྱིས་སྣང་བའི་དངོས་པོ་ཀུན། །ཐམས་ཅད་མ་ལུས་བཀྲུ་བར་བྱ། །ཨ་ཙནྡྲ་མཎྜ་ལ་ཎ་པ་ཀུ་རུ། ཞེས་དང་། དེ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཤིང་། ཨོཾ་ཤུ་ནྱཱ་ཏ་སརྦྦ་དྷརྨྨཱ་སྭ་བྷཱ་བ་ཤུ་དྡྷོ྅ཧཾ། ཞེས་བརྗོད། གཉིས་པ་ཆོས་ཉིད་ཀྱིས་སྦྱང་བ་ནི། སྣ་ཚོགས་འདི་དག་འཁྲུལ་པ་ལས་སྣང་ཡང་དོན་དམ་པར་ཆོས་ཀྱི་དབྱིངས་ཉིད་དོ། །ཨོཾ་སྭ་བྷཱ་བ་རྟོགས་སླ་དང་མ་མཐུན་ཀྱང་དབང་གཞུང་དུ་འདི་བཞིན་བྱུང་། རྟོགས་པར་སླ་བར་གསང་བའི་སྦྱང་བ་བྱུང་བ་ལེགས་ནའང་དབང་གཞུང་དུ་མ་བྱུང་བས་བཏང་སྙོམས་སུ་བཞག་གོ །ཤུདྡྷ་སརྦྦ་དྷརྨྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གསུམ་པ་བྱིན་གྱིས་བརླབ་པའི་སྦྱང་བ་ནི། དབང་གཞུང་ལས། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་ཨོཾ་བྷྲུཾ་ག་ག་ན་ཁཾ་ཨཱཿཧཱུཾ། ས་གཞི་ནམ་མཁའ་སྟོང་པའི་རང་བཞིན་ལས་འབྱུང་ལྔའི་དཀྱིལ་འཁོར་རི་རབ་དང་བཅས་པས་བརྟན་པར་གྱུར་པའི་རྡོ་རྗེའི་ས་གཞི། ར་བ། གུར། མེ་དཔུང་འབར་བའི་འོད་དང་ལྡན་པར་བསམ། སྣ་ཚོགས་རྡོ་རྗེའི་ཕྱག་མཉམ་པའི་ཕྱག་རྒྱ་ལས་སྲིན་ལག་ནང་དུ་བཀུག་སོར་མོ་གཞན་རྣམས་བགྲད་པའོ། །རྒྱ་ས་ལ་རེག་ལ། ཨོཾ་མེ་དི་ནི་བཛྲི་བྷཱ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་བརྗོད། ལྔ་པ་ས་གཞི་བྱིན་གྱིས་བརླབ་པ་ནི། རྟོགས་པར་སླ་བ་ལས་མཎྜལ་གྱི་དབུས་སམ་མདུན་དུ་དྲིའི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་ལ། པཾ་པདྨ་མཎྜ་ལ་ཞེས་པས་པདྨའི་གདན་དུ་བསྐྱེད་དེ། བདག་གི་ཐུགས་ཀའི་ཧཱུཾ་(༨ན)


GLG022_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་་་སའི་ལྷ་མོ་ས་འོག་ནས་སྤྱན་དྲངས་པར་བསམས་ཤིང་། སྐྱོབ་པ་ཚིགས་བཅད་རྣམས་དབང་གཞུང་དུ་འདྲ་མིན་འདུག་ཀྱང་་འཇུག་པ་བདེ་ཁྱད་ནས་རྟོགས་སླ་དང་འདྲ་བ་བྱས། སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཅེས་བརྗོད་ཅིང་ཐལ་མོ་ས་ལ་ལན་གསུམ་བརྡབས་པས་ས་འོག་ནས་སའི་ལྷ་མོ་འཐོན་ཏེ་པདྨའི་གདན་ལ་བཞུགས་པ་སྐུ་མདོག་སེར་མོ་རྒྱན་གྱིས་བརྒྱན་་པ་ཕྱག་ན་བུམ་པ་སེར་པོ་བསྣམས་པ་རྣལ་འབྱོར་བཀའ་སྩལ་ཇི་ལྟར་བགྱི་ཞེས་སྨྲ་བར་བསམས་ལ། ཨོཾ་བཛྲ་ཨཱ་ཧ་ར་ཧཱུཾ། ཨོཾ་བཛྲ་དྷུ་པེ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ཨུཏྟ་པ་ལ་ཡེ་ཧཱུཾ། ཨོཾ་བཛྲ་བི་སྥུ་ར་ཡེ་ཧཱུཾ། ཞེས་དང་། ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །དེ་ཕྱིར་དཔང་གྱུར་ལྷ་མོས་ཀྱང་། །ས་གཞི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད་པས། ལྷ་མོས་དགའ་བའི་མདངས་ཕྱུང་སྟེ། ཁྱོད་ནི་སློབ་དཔོན་དམ་པ་ཡིན། །སེམས་ཅན་དོན་ཕྱིར་དཀྱིལ་འཁོར་བྲིས། །ཞེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པས་གསེར་གྱི་ས་གཞིར་གྱུར་པར་བསམ་མོ། །དྲུག་པ་ས་གཟུང་བ་ལ་བློ་དང་སྟང་སྟབས་གཉིས་ལས། དང་པོ་བློས་གཟུང་བ་ནི། རྟོགས་སླ་ལས། བདག་གིས་སེམས་ཅན་དོན་བྱའི་ཕྱིར། །ལྷ་མོ་ཁྱོད་ཀྱིས་དཔང་གྱིས་ཤིག །རིན་ཅེན་སྣ་ཚོགས་ཕྱེ་བཏགས་པས། །བདག་གི་དོན་ཡོད་དཀྱིལ་འཁོར་བྲི། །ཞེས་བརྗོད་ཅིང་དོན་བསམ་མོ། །གཉིས་པ་སྟང་སྟབས་ཀྱིས་(༨བ)


GLG022_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ས་གཟུང་བ་ལ་གསོལ་གདབ་དང་། བགེགས་སྐྲོད་གཉིས་ལས། དང་པོ་གསོལ་བ་གདབ་པ་ནི། ཁྲག་འཐུང་གི་གར་འཆམ་བྱེད་ན་དཔོན་སློབ་ཐམས་ཅད་བསེ་ཞུ་ཕོད་ཀ་སོགས་ཀྱི་ཆས་གཞུག་བྱ། མི་བྱེད་ན་སློབ་དཔོན་གར་གོས་སྔོན་པོ། རྒྱན་དྲུག་གིས་སྤྲས་ཤིང་རྡོར་དྲིལ་ཐོགས། ཕྱོགས་བཞིར་གཽ་རཱི་མ་སོགས་ལྷ་མོའི་ང་རྒྱལ་འཛིན་པའི་སློབ་མ་རྣམས་རྡོར་དྲིལ་དང་བཅས་མཆོད་རྫས་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷནྡྷ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པར་བསམ། ཨོཾ་ཨ་ཧ་ར་ནས་ཨོཾ་བཛྲ་བི་སྤུ་ར་ཡེ་ཧཱུཾ་གི་བར་བརྗོད། ལས་བྱང་ནས། ཧཱུཾ་རང་བྱུང་གདོད་ནས་དག་པའི་རྫས་ཞེས་པ་ནས་མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་བར་གྱིས་སྨན་མཆོད་དབུལ། རོལ་མོ་དབྱངས་དང་བཅས་ཏེ། ཤར་ནས། དབང་གཞུང་ལས། ཨོཾ། བྱམས་ཆེན་ནམ་མཁའི་རིགས་སྦྱོར་བ། །འཇིག་རྟེན་འཛིན་རྒྱལ་འཇིགས་པའི་སྐྱབས། །རྣམ་འབྱེད་གསལ་བའི་ཆོས་མཆོག་ཅན། །ཡང་དག་ཡེ་ཤེས་སྤྱོད་པ་གྲོལ། །ཨ་ལ་ལ་ཧོཿ ལྷོ་ནས། སྭཱ། ཐུགས་རྗེའི་གནས་མཆོག་དག་པའི་ངོས། །མཉམ་ཉིད་ཆོས་ཀུན་འབྱུང་བའི་ཞིང་། །ཡོན་ཏན་རིན་ཅེན་མཛོད་སྟོན་པའི། །རྣམ་འཕྲུལ་ཆོས་ལ་རབ་ཏུ་གྲོལ། །ཨ་ལ་ལ་ཧོཿ ནུབ་ནས། ཨཾ། དགའ་བའི་པདྨོ་མཚན་ལྡན་པ། །ཀུན་རྟོགས་དངོས་གསལ་ཆགས་པ་མེད། །རྡོ་རྗེ་གསང་གསུམ་སྔགས་འདོན་པའི། །བརྗོད་འབྱུང་ཚིག་ལས་འདས་པའོ། །ཨ་ལ་ལ་ཧོཿ བྱང་ནས། ཧཱ། བཏང་སྙོམས་གནས་ངན་དྲ་བ་ལེན། །(༩ན)


GLG022_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་བདག་པོ་སྟོབས་རྫོགས་པ། །བྱ་བའི་ཡེ་ཤེས་མཐར་མཛད་ཅིང་། །སྤྲུལ་པའི་དཀྱིལ་འཁོར་བསྟེན་དུ་གསོལ། །ཨ་ལ་ལ་ཧོཿ དེ་ནས་ཐམས་ཅད་ཀྱི་མགྲིན་གཅིག་ཏུ། །ཨོ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །སྡིག་པ་ཐམས་ཅད་ལས་གྲོལ་ཞིང་། །བསོད་ནམས་དངོས་གྲུབ་ཀུན་འབྱུང་བའི། །རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག །མཐོང་དཀའ་མཐོང་བས་གྲོལ་བྱེད་པ། །ལམ་མཆོག་གསང་བ་ཆེན་པོའི་ཚོགས། །བདག་ཉིད་ཆེན་པོས་བསྟན་དུ་གསོལ། །ཨ་ལ་ལ་ཧོཿ ཞེས་བསྟོད་ཅིང་གསོལ་བ་གདབ། གཉིས་པ་བགེགས་སྐྲོད་པ་ལ་བྱིན་བརླབ། བཀའ་བསྒོ། སྟང་སྟབས་དང་གསུམ་ལས། དང་པོ་བྱིན་གྱིས་བརླབ་པ་ནི། དབང་གཞུང་གི་དགོངས་པ་དང་ཕལ་ཆེར་མཚུངས་པས་རྟོགས་སླ་ལས། ཛི་མཉམ་སྦྱོར་རིགས་་བསྡུས་ནས་བཤད། ཧ་ཧི་ཧི་ཛཿཛིཿཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་འབྲུ་བཅུ་དང་སུམྦྷ་བརྗོད་པས་སྐྱེ་མཆེད་བྱིན་བརླབ་ནས་བྱུང་བའི་རྟ་དབང་གཞུང་གི་དམིགས་བསལ། མཆོག་རོལ་པའི་ང་རྒྱལ་གཟུང་། མ་སུཪྻ་མཎྜལ། ཨ་ཙནྡྲ་མཎྜ་ལ། ཞེས་པས་མིག་གཡས་གཡོན་གཉིས་བྱིན་གིས་བརླབ། སྣའི་རྩེ་མོར་ཡཾ་དབང་གཞུང་ལས་བྱུང་། ལྗང་གུ་དང་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་རེར་བསམས་ལ། ཧཱུཾ་བི་ཤྭ་བཛྲ་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། སྤྲོ་ན། གཡས་གཡོན་སྤྱན་ཟུར་མ་ཨ་ལས། །བྱུང་བའི་ཉི་ཟླའི་དཀྱིལ་འཁོར་ལས། །སྤྲོས་པའི་འོད་དང་སྣ་རྩེའི་ཡཾ། །ལས་འཕྲོས་རླུང་གིས་བགེགས་སོགས་ཀུན། །མ་ལུས་ཐམས་ཅད་བསྐྲད་པར་བྱ། །བཛྲ་དྲྀཥྚི་མ་ཨ། ཡང་གཡས་སུ་བསྐོར་བས་ཕྱོགས་མཚམས་སྟེང་འོག་(༩བ)


GLG022_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྡོ་རྗེའི་ར་གུར་དུ་གྱུར་པར་བསམས་ཤིང་། གཡས་གཡོན་མིག་གཉིས་མ་ཨ་ལས། །བྱུང་བའི་ཉི་ཟླའི་དཀྱིལ་འཁོར་ལས། །སྤྲོས་པའི་རྡོ་རྗེ་རབ་འབར་བས། །ཕྱོགས་ཀུན་རྡོ་རྗེའི་རྭ་བར་གྱུར། །ཀྲོ་དྷ་དྲྀཥྚི་མ་ཨ། ཞེས་བརྗོད་ཅིང་དོན་བསམ་མོ། །གཉིས་པ་བཀའ་བསྒོ་བ་ནི། གཡས་རྡོ་རྗེ་གསོར། གཡོན་དྲིལ་བུ་གསིལ་ཏེ་རུ་ལུ་དང་འབྲུ་བཅུ་བརྗོད་ཅིང་རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་དུ་སོང་ལ། དབང་གཞུང་ལས། ཧཱུཾ། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་དང་། །དྲི་ཟ་སྲིན་པོ་ཤ་ཟའི་ཚོགས། །གཤིན་རྗེ་མ་མོ་མཁའ་འགྲོ་གདུག །གནོད་བྱེད་དྲག་པོ་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་ས་ཡི་བདག་པོའི་བཀའ། །ཐོས་པ་ཙམ་གྱིས་མྱུར་དུ་དེངས། །ང་ཡི་བཀའ་ལས་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །རྡོ་རྗེ་ཐོ་བ་ཁ་ཊྭཱཾ་གིས། །ཐལ་བའི་ཐོག་བཞིན་གཤེག་པར་བྱེད། །རབ་འབར་ཁྲོ་བོས་གནས་འཇོམས་པ། །རྡོ་རྗེ་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གིས་དམ་ཚིག་བཅག །འདོད་གསུམ་སྐྱེས་རྣམས་དག་བྱས་ཏེ། །འཇིག་པར་འགྱུར་ཞིང་གཞན་འདིས་མེད། །ཅེས་ལན་གསུམ་བརྗོད་ལ་རུ་ལུ་འབྲུ་བཅུ་སུམྦྷ་བཟླ། སཏྫ་རཱ་ཛའི་སྤོས་ཀྱིས་བདུག །རོལ་མོའི་སྔ་འགྱུར་སྒྲུབ་ཆེན་ལྟར་བྱེད་ན་མཐུན། ཆུ་ཐུན། ཡུངས་ཀར་སིལ་མ། གྲི་ཤིང་སོགས་ཀྱིས་ཚམ་ངམ་ཆེ་བར་བྱེད། སྒྲ་རྒྱ་ཆེར་བྱ། དེ་ནས་རྡོ་རྗེའི་འགྲོས་ཀྱིས་གཡས་སྐོར་དུ་ལན་གསུམ་བསྐོར་ཞིང་ཧཱུཾ་གི་སྒྲ་དྲག་ཏུ་བསྒྲགས་པས། ཉི་མ་ཟླ་བ་རྡོ་རྗེ་ལས་འོད་ཟེར་བྱུང་བས་གདུག་པ་ཅན་རྣམས་བསྲེགས་བཅོམ་རླུང་གིས་གཏོར་ལྷག་མ་རྣམས་གཞན་དུ་བྱེར་བར་བསམ་མོ། །གསུམ་པ་སྟང་སྟབས་དངོས་བྱ་བ་ནི། བྱང་ཤར་ནས་སློབ་དཔོན་དབུས་དང་སློབ་མ་ཕྱོགས་བཞིར་འཁོད་དེ། ཤར་དུ་གཡས་བརྐྱང་། ལྷོར་(༡༠བ)


GLG022_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱང་། ནུབ་ཏུ་ས་ག །བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ། ཁ་སྦྱོར། རུས་སྦལ་རྩེ་གཅིག །བུང་བའི་དྲ་བ་སྟེ་སྟང་སྟབས་བརྒྱད་བྱ་ལ། སྤྲོས་པ་ཆེ་བར་འདོད་ན། ཕུར་པའི་རྩ་འཆམས་ལ་ལྷ་འབྱིན་འཇུག་བྱས་ན་སྤྱིར་བཀའ་བརྒྱད་དབྱིབས་གཅིག་པ་དང་། ཁྱད་པར་ཡང་ཕུར་ཟུང་འབྲེལ་ཡིན་པས་རིག་བཟོའི་མགོན་མང་ལ་བློ་བཟོའི་ཕུར་འཆམས་འགེབས་པ་དང་ནི་མི་འདྲའོ། །བདུན་པ་བསྲུང་བ་བྱ་བ་ལ་ཕུར་གདབ་དང་བསྲུང་འཁོར་གཉིས་ལས། དང་པོ་ཕུར་བུས་གདབ་པ་ནི། ཁྲག་འཐུང་གལ་པོ་ལས། ཕུར་པ་དར་གྱི་ཅོད་པན་ཅན། །ངོས་ལ་ཧཱུཾ་བཅུ་བྲིས་པ་ཡང་། །ཁྲོ་བོ་བཅུ་རུ་བྱིན་བརླབས་ནས། །ཞེས་དང་། དབང་པུཎྜ་རཱི་ཀར་མཚམས་ཀྱི་དུས་ཕུར་བུ་དར་གྱི་ཅོད་པན་ཅན་བཏགས་ལ་ཞེས་བྱུང་། གཞུང་ལས། ཁྲོ་བོ་ཆེན་པོ་སྟོབས་ཆེན་དག་སྤྲིན་སྒྲ་ལ་སོགས་པའི་ཕུར་བུས་གདབ། ཅེས་དང་། དེ་ནས་བསྲུང་བའི་འཁོར་ལོའི་སྦྱོར་བས་མཚམས་ཀྱི་ལས་བྱས་ཏེ། ཕུར་བུ་དར་གྱི་ཅོད་པན་ཅན་བཅུ་ཁྲོ་བོ་ཆེན་པོར་བསྐྱེད་ཅིང་ཡེ་ཤེས་ཀྱི་ཁྲོ་བོ་དགུག་གཞུག་གཉིས་སུ་མེད་པར་བྱས་ནས། མཆོད་ཅིང་བསྟོད་དེ་བཟླས་བརྗོད་རྫོགས་པར་ཕུལ་བས་མཉེས་ཤིང་བརྟན་པར་བྱས་ནས། ཕྱོགས་སྐྱོང་གི་གཟུགས་ལ་གདུག་པའི་སེམས་ཕབ་སྟེ་གདབ་པར་བྱའོ་ཞེས་པ་ཙམ་ལས་མ་བྱུང་ཡང་། རང་ཉིད་རྟ་མཆོག་ཧཱུཾ་མཛད་ཀྱི་རྣམ་པར་བསྒྱུར་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཉི་མའི་དཀྱིལ་འཁོར་དབུས་གནས་པས། །དབྱར་གྱི་སྤྲིན་ཕུང་ལྟ་བུ་ཉིད། །བསྐལ་པའི་མེ་དཔུང་རབ་ཏུ་འབར། །གཡས་བརྐྱང་བར་ནི་རབ་ཏུ་གནས། །སྨིན་མཚམས་ཁྲོ་གཉེར་དམར་བའི་སྤྱན། །ཞལ་གསུམ་མཆེ་གཙིགས་རྣམ་པར་བསྒྱུར། །ཕྱག་གཉིས་ཧཱུཾ་གི་རྒྱ་བཅིངས་པའི། །(༡༠བ)


GLG022_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྡོ་རྗེ་དྲིལ་བུ་འཛིན། །གཡས་གཉིས་ལྕགས་ཀྱུ་རལ་གྲི་དང་། །གཡོན་གཉིས་དགྲ་སྟ་ཞགས་པ་བསྣམས། །གཏུམ་ཆེན་ཁྲོ་བོ་འབར་བའི་གཟུགས། །བཟོད་པར་དཀའ་བའི་གཟི་ལྡན་བསམ། །ཧཱུཾ་ཀཱ་ར་བཛྲ་མཧཱ་ཀྲོ་དྷ་ཧཱུཾ། ཞེས་པས་རང་ཉིད་ཧཱུཾ་མཛད་ཀྱི་བསྐྱེད་རིམ་གསལ་བཏབ། མཚན་ཉིད་དང་ལྡན་པའི་ཕུར་པ་བཅུར། རཀྟའི་ཐིག་ལེ་སོགས་བྱུག་པའི་རྫས་གསུམ་འབྱུག །གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་བནྡྷ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མཐུ་བསྐྱེད། སྭ་བྷཱ་ཝས་སྦྱངས། དེ་ཉིད་ལས། ཧཱུཾ། རྡོ་རྗེ་ཕུར་བུ་ཉིད་གནས་པས། །ཨུཏྤལ་སྔོན་པོའི་འདབ་འདྲ་བ། །འབར་བའི་འཕྲེང་བ་འཁྲིགས་པའི་འོད། །ལྟེ་བ་མན་ཆད་ཆ་རྣམས་ནི། །རྩེ་མོ་ལྟ་བུར་རྣམ་པར་བསམ། །སྐུ་སྟོད་ཁྲོ་བོ་ལྟ་བུ་ཉིད། །ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ། །དཔལ་དང་དུར་ཁྲོད་ཆས་བརྒྱན་བསམ། ཁྲོ་བོ་བཅུའི་སྔགས་བརྗོད། ཨེ་སྥ་ར་ཎ་ཕཊ། ཕུར་གདན་གྲུ་གསུམ་འབར་བར་བསམ། །རྒྱུད་ཀྱི་དགོངས་དོན་ཉུང་ངུར་བསྡུས་ཏེ། རང་ཉིད་ཧཱུཾ་མཛད་དུ་གསལ་བས་ཁྲོ་བོ་འདོད་པའི་རྒྱལ་པོ་ལ་བཀའ་བསྒོས་པས། སཱུཪྻ་ཙནྡྲཱ་ཡ། ཨིནྡྲཱ་ཡ། ཨགྣ་ཡེ། ཡ་མཱ་ཡ། ནྲྀ་ཏ་ཡེ། ཝ་རུ་ཎཱ་ཡ། ཝཱ་ཡ་བེ། ཀུ་བེ་རཱ་ཡ། ཨཱི་ཤ་ནཱ་ཡ། ནཱ་གེ་བྷྱཿ ཕྱོགས་སྐྱོང་གདན་དུ་བཏང་བར་བསམ། །སླར་ཡང་ཧཱུཾ་མཛད་ཀྱིས་གནོད་མཛེས་ལ་བཀའ་བསྒོས་པས། སྤྲུལ་པའི་གནོད་མཛེས་ཕྱོགས་བཅུར་སྤྲོས་ཏེ་བགེགས་རྣམས་བཀུག་པར་བསམ། སུམྦྷ་བརྗོད་ཅིང་ཛཿཧཱུཾ་བཾ་ཧོཿས་བསྟིམ། ཕུར་པ་བསྒྲིལ་ཞིང་ཀཱི་ལཱ་ཡ་ཉེར་གཅིག་སོགས་བཟླས་ནས་གནོད་མཛེས་ཀྱི་ཕྱག་གཡོན་གྱི་ཕུར་བུ་བགེགས་ཚོགས་ཀྱི་སྤྱི་བོར་བཙུགས། གཡས་ཀྱི་ཐོ་བས་བརྡུངས་པས་རྐང་མཐིལ་གྱི་བར་ཕུག་སྟེ་དབང་(༡༡ན)


GLG022_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསེར་གྱིས་གཞི་ལ་ཐུག་གི་བར་སོང་བར་བསམ། ཨོཾ་གྷ་གྷ་གྷཱ་ཏ་ལ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ་ཀཱི་ལཱ་ཡ་ཀཱི་ལཱ་ཡ་ཕཊ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ། བཛྲ་ཀཱི་ལཱ་ཡ། བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི། ཀཱ་ལ་ཝཱ་ཀྩིཏྟ། བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ་ཅེས་བརྗོད་དེ་ཕུར་གདབ་བྱའོ། །གཉིས་པ་བསྲུང་འཁོར་དངོས་ནི། ལས་བྱང་གི་ཐུགས་ཀའི་ཧཱུཾ་ལས་མཚོན་ཆ་སྣ་ཚོགས་ཞེས་སོགས་ཀྱིས་བསྲུང་འཁོར་རྫོགས་པར་བསྒོམ། གསུམ་པ་སྟ་གོན་ལ་གཏོར་མ། རྒྱལ་ཆེན། དམ་སྲི། སྒོ་བྱང་། མ་ཏྲཾ། ཆག་ཆག །ཐོག་འདེབས། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་ཏེ་བཅུ་ལས་དང་པོ་གཏོར་མ་སྐབས་འདིར་མགྲོན་རིགས་རྣམས་ལ་གཏོར་མ་གཏོང་བ་དབང་གཞུང་དུ་བྱུང་བའི་རྗེས་སུ་འབྲངས་པུཎྜ་རཱིཀཱའི་་རྒྱུད་དུའང་གཏོར་མ་ཆ་གསུམ་གཏོང་བར་བཤད་ཅིང་སོ་མཆན་དུ་རབ་ཆ་བཅོ་ལྔ་འབྲིང་ཆ་གསུམ་མཐའ་མ་ཆུ་གཏོར་ཞེས་བྱུང་། གཏོང་བ་ནི། མཎྜལ་གྱི་སྟེང་དུ་དྲི་དང་བཅས་པའི་ཚོམ་བུ་བཀོད། མཆོད་པ་དང་གཏོར་མ་བཞི་བཤམས་ཏེ། ས་སློང་བའི་སྐབས་ལྟར་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་དཀོན་ཅོག་སྲི་ཞུའི་མགྲོན། མགྲོན་པོ་ཡོན་ཏན་གྱི་མགྲོན། རིགས་དྲུག་སྙིང་རྗེའི་མགྲོན། ལན་ཆགས་བགེགས་རིགས་ཀྱི་མགྲོན་དང་བཅས་པ་ཐམས་ཅད་སྐད་ཅིག་གིས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ། ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཁྲག་འཐུང་གལ་པོ་ལས། ཧཱུཾ། སངས་རྒྱས་སྐུ་གསུམ་རྣམ་པར་དག །དོན་དམ་བསྒྲུབ་དང་བསྟན་པའི་ཆོས། །ཉན་རང་བྱང་ཆུབ་སེམས་དཔའ་ལ། །མཆོད་སྦྱིན་གཏོར་མ་འབུལ་གྱིས་བཞེས། །གཙོ་བོ་སྣང་མཛད་སྣང་མཐའ་ཡས། །ས་སྤྱན་གོས་དཀར་མཱ་མ་(༡༡བ)


GLG022_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱི། །འཇམ་དཔལ་སྤྱན་རས་ཕྱག་རྡོར་དང་། །གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ། །རྩེ་མོ་རྣོན་པོ་ཀཱི་ལཱ་ཡར། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །ཨོཾ་ཨ་རྡོ་རྗེ་ཐལ་་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས། ཀཱ་རོ་མུ་ཁཾ། སརྦྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ལན་གསུམ་གྱིས་དབུལ། ཧཱུཾ། གནོད་སྦྱིན་ནོར་བུ་བཟང་པོ་དང་། །ནོར་བཟང་གནོད་སྦྱིན་གནོད་སྦྱིན་ཆེ། །རྒྱལ་བ་འཁྱིལ་པ་རོལ་པའི་འཕྲེང་། །སྒོ་དབང་སྤྱོད་དབང་གནོད་སྦྱིན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་ཡཀྵེ་ཤྭ་ར་ཡེ་སྭཱ་རྒྱུད་ལས། ཐལ་མོ་བཀན་ཏེ་གུང་མོ་སྒྲེང་། གཡོན་པ་མཛུབ་བཀུག་གནོད་སྦྱིན་རྒྱ། །ཞེས་བཤད། ཧཱའི་མཐར་གོང་གི་གཏོར་སྔགས་སྦྱོར། ཧཱུཾ། དབང་ཕྱུག་ཆེ་དང་བིཥྞུ་དང་། བྷྲིངྒི་རི་ཏི་དགའ་བྱེད་དང་། །གཞོན་ནུ་སྨིན་དྲུག་ཚོགས་ཀྱི་བདག །སྟོབས་བཟང་ལེགས་ལྡན་ལྷ་ཆེན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་དེ་ཝ་པྲ་ས་ནཱ་ཡ་ཁོང་སྟོད་གུང་མོ་གཤིབས་ལ་བསྣོལ། མཛུབ་བཀུག་མཐེ་བོང་སྟེང་བཞག་ལྷ། ཞེས་སོ། །སྭཱཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་རེ་རེ་ན་ཏི་ནཱ་ཐལ་མོ་སྦྲུལ་མགོའི་གདེངས་ཀ་ལྟར། བཟུང་བ་ཀླུ་རྣམས་ཕྱག་རྒྱ་ཡིན། །ཞེས་སོ། །ག་ལི་རི་ལི་རི་ཕུ་ཏ་ཏ་རེ་ཙེ་ཏེ་སྭཱ་ཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། པ་ཝ་སངས་དང་མིག་དམར་དང་། །ཕུར་བུ་དང་ནི་སྒྲ་གཅན་འཛིན། །ཟླ་བ་དང་ནི་ཉི་མ་དང་། །གཟའ་ལྷག་སྤེན་པ་གཟའ་ཆེན་བརྒྱད། །མཆོད་སྦྱིན་གཏོར་མ་འདི་(༡༢ན)


GLG022_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་གཟའ་རྣམས་ལག་གཉིས་གཅིག་ཏུ་སྦྱར། མཐེ་བོང་གཉིས་ནི་གཤིབས་ཏེ་བསྒྲེང་། ཞེས་སོ། །གྲ་ཧེ་ཤྭ་རི་ཏྱ་པྲ་བ་ཏ་ཛོ་ཏི་མཱ་ཡ་སྭཱ་ཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབས་སོ་དང་། །རྒྱལ་དང་སྐག་ནི་ཤར་ན་གནས། །མཆུ་དང་གྲེ་དང་སྦོ་དང་ནི། །མེ་བཞི་ནག་པ་ས་རི་དང་། །ས་ག་བདུན་ནི་ལྷོ་ན་གནས། །ལྷ་མཚམས་གཟི་བརྗིད་ཆེན་མོ་དང་། །དེ་བཞིན་སྣྲོན་དང་སྣུབས་དང་ནི། །ཆུ་སྟོད་དང་ནི་ཆུ་སྨད་དང་། །གྲོ་བཞིན་བྱི་བཞིན་ནུབ་ན་གནས། །མོན་གྲུ་དང་ནི་མོན་དྲེ་དང་། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཐ་སྐར་དང་། །བྲ་ཉེ་བདུན་ནི་བྱང་ན་གནས། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་ནཀྵ་ཏྲ་ནི་རན་པ་ནི་ཡེ་སྭཱ་ཧཱའི་རྒྱུ་སྐར་རྣམས་ཀྱི་དེ་ཉིད་ལས། །གུང་མོ་མཐེ་བོང་གཉིས་ལྡོག་སྦྱར། །ཞེས་སོ། །མཐར་གཏོར་སྔགས་སྦྱོར། ཧཱུཾ། ལྷ་དང་ཀླུ་དང་དྲི་ཟ་དང་། །མིའམ་ཅི་དང་ལྟོ་འཕྱེ་དང་། །འདབ་བཟང་གྲུལ་བུམ་སྲིན་པོ་བརྒྱད། །ཧ་རི་ཀ་དང་པཉྩི་ཀར། །མཆོད་སྦྱིན་གཏོར་མ་འདི་འབུལ་གྱིས། །བཞེས་ལ་སྒྲུབ་པའི་འཕྲིན་ལས་མཛོད། །ཨོཾ་སྭ་ས་མཆོད་སྦྱིན་གྱི་རྒྱ་སྭཱ་ཧཱ། ཨོཾ་ནཱ་ག་སྭཱ་ཧཱ། ཨོཾ་བི་ཤུདྡྷེ་སྭ་ར་ཧི་ནི་སྭཱ་ཧཱ། ཨོཾ་མཧཱ་ས་ནན་བི་ཧ་ས་ནན་སྭཱཧཱ། ཨོཾ་ག་ར་ལན་བི་ར་ལན་སྭཱཧཱ། ཨོཾ་ཧྲི་ཧ་སྭཱ་ཧཱ། ཨོཾ་བི་ཤུདྡྷི་སྭཱ་ཧཱ། ཨོཾ་རཀྵ་ནི་སྭཱ་ཧཱའི་མཐར་གཏོར་སྔགས་སྦྱོར།ཧཱུཾ། ལྷ་ཡི་གདོན་དང་འབྱུང་པོའི་གདོན། །ཚངས་པ་གནོད་སྦྱིན་དྲི་ཟའི་གདོན། །སྲིན་པོའི་གདོན་དང་ཀླུ་ཡི་གདོན། །ལོག་འདྲེན་གདོན་དང་བརྗེད་བྱེད་གདོན། །སྨྱོ་བྱེད་གདོན་དང་ལྷ་(༡༢བ)


GLG022_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། །ཤ་ཟའི་གདོན་དང་སྲུལ་པོའི་གདོན། །བེ་ས་ར་ཡི་གདོན་དང་ནི། །ནམ་གྲུའི་གདོན་དང་བྱ་ཡི་གདོན། །སྐེམ་བྱེད་གདོན་དང་གཞོན་ནུའི་གདོན། །མཆོད་གཏོར་འདི་ལོང་འཕྲིན་ལས་མཛོད། །ཨོཾ་དེ་བ་གཡས་པས་མཆོད་སྦྱིན་འདེབས་པ་ལས། །གཡོན་པས་མཆོད་སྦྱིན་མིག་ལ་གཏད། །ཅེས་སོ། །ག་ཎེ་བྷྱཿསྭཱ་ཧཱ། ནཱ་བ་ག་ཎེ་བྷྱཿསྭཱཧཱ། ཨ་སུ་ར་ག་ཎེ་བྷྱཿསྭཱཧཱ། མ་རུ་ཏ་ག་ཎེ་བྷྱཿསྭཱཧཱ། ག་རུ་ཌ་ག་ཎེ་བྷྱཿསྭཱཧཱ། གནྡྷ་རྦ་ག་ཎེ་བྷྱཿསྭཱཧཱ། ཀིཾ་ན་ར་ག་ཎེ་བྷྱཿསྭཱཧཱ། མ་ཧོ་ར་ག་ག་ཎེ་བྷྱཿསྭཱཧཱ། ཡཀྵ་ག་ཎེ་བྷྱཿསྭཱཧཱ། རཱཀྵ་ས་ག་ཎེ་བྷྱཿསྭཱཧཱ། པྲེ་ཏ་ག་ཎེ་བྷྱཿསྭཱཧཱ། པི་ཤཱ་ཙ་ག་ཎེ་བྷྱཿསྭཱཧཱ། བྷཱུ་ཏ་ག་ཎེ་བྷྱཿསྭཱཧཱ། ཀུམྦྷཎྜ་ག་ཎེ་བྷྱཿསྭཱཧཱ། པུཏ་ག་ཎ་བྷྱཿསྭཱཧཱ། ཀ་ཏ་བྷཱུ་ཏ་ག་ཎེ་བྷྱཿསྭཱཧཱ། ཀནྡ་ག་ཎེ་བྷྱཿསྭཱཧཱ། ཨུནྣནྟ་ག་ཎེ་བྷྱཿསྭཱཧཱ། ཙ་ཡཾ་ག་ཎེ་བྷྱཿསྭཱཧཱ། ཨ་པ་སྨཱ་རཱ་ག་ཎེ་བྷྱཿསྭཱཧཱ། ཨི་ཏ་ར་ག་ག་ཎེ་བྷྱཿ སྭཱཧཱའི་མཐར་གཏོར་སྔགས་སྦྱོར། ཧཱུཾ། འགྲོ་བ་རིགས་དྲུག་ལ་སོགས་པ། །ལན་ཆགས་སྙིང་རྗེའི་མགྲོན་ཚོགས་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས། །མཆོད་སྦྱིན་འདི་ཡིས་ཚིམ་པར་བྱོས། ཨ་སུ་ནྲྀ་ཏྲི་པྲེ་དུ་ཛ། གུངྐ་ར་གུངྐ་ལག་པ་གཡོན་པ་ཁུ་ཆུར་བཅང་། མཛུབ་མོ་བསྒྲེང་ལ་གཏོར་མ་བཏང་། །ཞེས་སོ། །ར་སྭཱཧཱ། པི་ཙི་པི་ཙི་སྭཱཧཱ། ར་ར་ས་ས། ཏྲི་ཏྲི། ག་གུཾ་གུཾ། ཛཿཧཱུཾ་བཾ་ཧོཿ ཨོཾ་ཏྲངྐ་རེ་ཏྲངྐ་རི་སྭཱ་ཧཱ། པི་ཙི་པི་་ཙི་སྭཱཧཱ། གུངྐ་རི་གུངྐ་རི་སྭཱཧཱ། ཨ་མནྟ་ཏིཀྵ་རཱ་ཛཱ་ནཱན་སྭཱཧཱ། བོ་བུ་ཏ་མཱན་སྭཱཧཱ། བ་ལ་ཏ་ལ་བ་ས་ནཱན་སྭཱཧཱ། མི་ཏྲི་ནཱན་སྭཱཧཱ། གྲ་ཧ་ནཱན་སྭཱཧཱའི་མཐར་གཏོར་སྔགས་སྦྱོར། ཞེས་བསྔོས་ཏེ་འཇིག་རྟེན་པའི་གཏོར་མ་རྣམས་ཕྱིར་དོར་རོ། །གཉིས་པ་རྒྱལ་རྟོགས་པར་སླ་བར་འོག་ཏུ་བྱུང་བ་ཐམས་ཅད་མཁྱེན་པ་ལ་འཁྲུལ་པ་མི་མངའ་ཞིང་རྙིང་མ་ཕྱོགས་ལ་མཐའ་གཅིག་ཏུ་ངེས་པ་མི་འདུག་རུངས་འདིར་དབང་གཞུང་དང་བཀའ་བརྒྱད་(༡༣ན)


GLG022_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྔ་འགྱུར་ཕལ་ཆེར་མཐུན་པར་བྱུང་བའི་རྗེས་སུ་འབྲངས་ཤིང་སོ་མཆན་དུ་རྒྱལ་ཆེན་གྱི་གཏོར་མ་གོང་གི་འབྱུང་པོའི་ཁོངས་སུ་བསྡུས། ཆེན་མཐོ་འཛུགས་ནི། ཁྲོ་བོ་པུཎྜ་རཱི་ཀཱའི་ལེའུ་དང་པོར། ས་བཅད་ཙམ་དང་དབང་གཞུང་དུ་ཁྱད་པར་གྱི་གཏོར་མ་བཞི་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་འབུལ་ཟེར་བའི་ཁུངས་ཙམ་ལས་མ་བྱུང་ཞིང་ཁྲག་འཐུང་གལ་པོ་ཆེ་ལས། ཕྱོགས་བཞིར་མཐོ་བཞི་བཙུགས་ནས་ཀྱང་། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །ཕྱི་མཚམས་གཅོད་པའི་འཕྲིན་ལས་འཆོལ། །ཞེས་པ་ལྟར་བྱུང་ནའང་དོན་ལ་ཁྱད་པར་མེད་ཕྱིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་རྟོགས་པར་སླ་བ་ལས། ཕྱོགས་བཞིར་མཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞིའི་ཙཀ་ལི་གཟུགས། ཐོག་མར་ཤར་གྱི་རྩར་དྲིའི་མཎྜལ་བྱས་མཆོད་པ་ལྔ་དང་དཀར་གསུམ་དངར་གསུམ། འབྲུ་སྣ་ཚོགས་པའི་གཏོར་མ་བཤམས་ལ། རང་ཡང་དག་སྔ་དྲོ་ལས་བྱང་གྱེར་ཡོད་ན་འདི་དང་སྐྱབས་སེམས་མི་དགོས་པ་འདྲའོ། །ཏུ་གསལ་བཏབ་ལ་སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་དངས་ཤིང་ཐོགས་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ་ཀུན་ཏུ་བཟང་པོའི་་རྣམ་འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པར་བསམ། སྐྱབས་འགྲོ་སེམས་བསྐྱེད། སྟོང་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་སྐུའམ་མཐོ། རིན་པོ་ཆེའི་ཁྲིའི་སྟེང་དུ་ཌྷྲྀ་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལྗང་གུ་ཕྱག་གཉིས་ཀྱིས་པི་ཝཾ་བསྒྲེང་བ། དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བསྐྱེད། གནས་གསུམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ཐུགས་ཀ་ནས་འོད་འཕྲོས་གྲོང་ཁྱེར་ཡུལ་འཁོར་(༡༣ན)


GLG022_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ཤིང་། དྲི་ཟ་དག་གི་བདག་པོའི་རྒྱལ། །ཤར་གྱི་ཕྱོགས་རྣམས་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ཡུལ་འཁོར་སྲུང་ནས་གཤེགས་སུ་གསོལ། །ཨོཾ་མཧཱ་རཱ་ཛཱ་ཌྷྲྀ་ཏ་རཱཥྚ་ས་པ་རི་ཝཱ་ར་ཨེ་ཧྱེ་ཏི་ཞེས་བརྗོད། པདྨ་ཀ་མ་ལ་ཡི་སྟྭཾ་གྱིས་གདན་དབུལ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི། །ལྷ་རྫས་དམ་པའི་མཆོད་རྫས་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགེས་པར་མཛོད། །ས་པ་རི་ཝཱ་རའི་རྗེས་སུ། ཨི་དཾ། ཨརྒྷཾ། པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ཨ་ཧ་ར། ཤཔྟ། པྲ་ཏཱིཙྪ་སྭཱཧཱས་མཆོད་ལ། ས་པ་རི་ཝཱ་རའི་རྗེས་སུ། ལག་པ་པདྨའི་ཐལ་མོ་སྦྱར་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏེ་སྭཱཧཱ་བཏགས་པས་གཏོར་མ་དབུལ། ཤར་ཕྱོགས་ན་ནི་གནས་སྲུང་པོ། །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །ཤར་ཕྱོགས་དག་ནི་སྐྱོང་བྱེད་པ། །རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ན་མོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་རྒྱལ་པོ་ཆེན་པོ་གནས་སྲུང་པོ་འཁོར་དང་བཅས་པ་ལ་འབུལ་ལོ། །གསོལ་ལོ་བསྔོའོ། །སྔོན་གྱི་ཐུགས་དམ་ལ་གནོས་ཏེ་བདག་ཅག་གི་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་འདིར་བརྟན་པར་བཞུགས་ནས་ཕྱིའི་དགྲ་བགེགས་ནང་དུ་མི་བཏང་ཞིང་བར་ཆད་ཐམས་ཅད་ཞི་བ་དང་ཕྱི་མཚམས་སྲུང་ཞིང་དངོས་གྲུབ་མ་ལུས་པ་(༡༤ན)


GLG022_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་་པའི་འཕྲིན་ལས་དམ་པ་མཛད་དུ་གསོལ། ཞེས་བརྗོད་ཅིང་ཏིཥྛ་བཛྲས་བརྟན་པར་བཞུགས་པར་བསྒོམ། དེ་བཞིན་དུ་ལྷོར་གཞན་འདྲ་བ་ལས་བི་ལས་འཕགས་སྐྱེས་པོ་སྔོན་པོ་གཡས་རལ་གྲི་གཡོན་གདན་ལ་བརྟེན་པ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བར་བསྐྱེད། གནས་གསུམ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ། གྲོང་ཁྱེར་འཕགས་པར་སྐྱེས་ནས་ཡེ་ཤེས་པ་སྤྱན་དྲངས་བར་བསམས་ཤིང་། གྲུལ་བུམ་དག་གི་བདག་པོའི་རྒྱལ། །ལྷོ་ཡི་ཕྱོགས་རྣམས་སྐྱེད་བྱེད་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འཕགས་པར་སྐྱེས་ནས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་རཱ་ཛཱ་བི་རུ་ཌྷ་ཀ་ས་པ་རི་ཝཱ་ར་ནས་མཆོད་པའི་བར་དང་གཏོར་སྔགས་སུ། ཌྷྲྀ་ཏ་རཱཥྚའི་གནས་སུ་བི་རུ་ཌྷ་ཀ་གཞུག །དབུལ་བ་ནི། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ཞེས་དང་། ལས་འཆོལ་དུས་འཕགས་སྐྱེས་པོ་ཞེས་གོ་བརྗེ། ནུབ་ཕྱོགས་སུ། བི་ལས་མིག་མི་བཟང་དམར་པོ་གཡས་སྦྲུལ་ཞགས། གཡོན་མཆོད་རྟེན་འཛིན་པ་ཀླུའི་ཚོགས་ཀྱིས་བསྐོར་བར་བསྐྱེད། གྲོང་ཁྱེར་སྣ་ཚོགས་གཟུགས་ནས་སྤྱན་དྲངས་པར་བསམས་ཤིང་། ཀླུ་རྣམས་ཀྱི་ནི་བདག་པོའི་རྒྱལ། །ནུབ་ཀྱི་ཕྱོགས་རྣམས་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །སྣ་ཚོགས་གཟུགས་ནས་གཤེགས་སུ་གསོལ། །ཨོཾ་མཧཱ་རཱ་ཛཱ་བི་རུ་པཱཀྵ་ས་པ་རི་ཝཱ་ར་ནས་མཆོད་པའི་བར་དང་གཏོར་སྔགས་སུ། བི་རུ་པཱཀྵ་གཞུག །དབུལ་བར། ནུབ་ཕྱོགས་ན་ནི་མིག་མི་བཟང་། །ཞེས་དང་། ལས་འཆོལ་བའི་སྐབས་སུ་མིག་མི་བཟང་ཞེས་འདོན་པ་བསྒྱུར། བྱང་ཕྱོགས་སུ། བཻ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་བུ་སེར་པོ་གཡས་རིན་པོ་ཆེས་མཚན་པའི་དབྱུག་(༡༤བ)


GLG022_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །གཡོན་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བར་བསྐྱེད་ལ། གྲོང་ཁྱེར་ལྕང་ལོ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་པར་བསམས་ཤིང་། གནོད་སྦྱིན་རྣམས་ཀྱི་བདག་པོའི་རྒྱལ། །བྱང་གི་ཕྱོགས་རྣམས་སྐྱོང་བྱེད་པ། རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །ལྕང་ལ་ཅན་ནས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་རཱ་ཛཱ་བེ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ནས་མཆོད་པའི་བར་དང་གཏོར་སྔགས་སུ། བཻ་ཤ་ཝ་ཎ་གཞུག་ཅིང་། དབུལ་བར། བྱང་ཕྱོགས་ན་ནི་ལུས་ངན་པོ། །ཞེས་དང་། འཕྲིན་ལས་ཀྱི་སྐབས་སུ་རྣམ་ཐོས་ཞེས་འདོན་པ་བསྒྱུར་རོ། །གསུམ་པ་དམ་སྲི་གནོན་པ་ནི། དབང་གཞུང་དུ་མི་གསལ་ཡང་ཁྲག་འཐུང་གལ་པོ་ལས། མཎྜལ་ནག་པོ་གྲུ་གསུམ་དུ། །བར་ཆད་དམ་སྲི་མནན་བྱས་ཏེ་ཞེས་དང་། ཁྲོ་བོ་པུཎྜ་རཱི་ཀར། དུར་ཁྲོད་མནན་པའི་ཐོད་པ་ལ། །ནང་དུ་དམ་སྲི་བྲིས་ནས་ནི། །ཞེས་སོགས་དང་། གསང་བའི་དོན་གྱི་ལས་རྣམས་བྱ། །ཞེས་པའོ། །སོ་མཆན་དུ་དམ་སྲི་གནོན་ཞེས་མདོ་ཙམ་གསུངས་པའི་དོན། ཤོག་བུ་ལ་དམ་སྲིའི་ལིངྒ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་སྔགས་དང་དམོད་བྱང་སོགས་ཕྱག་ལེན་མཚན་ཉིད་དང་ལྡན་པ་བྲིས་ལ་འབྲུབ་ཁུང་དུ་བཅུག་པ་མདུན་དུ་བཤམས་ཏེ་གསེར་སྐྱེམས་བཏང་། འབྲུབ་ཁུང་བསྐྱེད་ཆོག་ནས་བདེན་པ་ཆེན་པོའི་བྱིན་རླབས་ཀྱི་བར་ཚོགས་མཐའ་མ་ལྟར་ལ། དེ་ནས་བསྟན་འགྲོའི་ཕན་བདེ་དང་རྣལ་འབྱོར་པ་ཆོས་བསྒྲུབ་པ་ལ་བར་དུ་གཅོད་ཅིང་ཁྱད་པར་སྒྲུབ་པ་འདིའི་དངོས་གྲུབ་འཕྲོག་པར་བྱེད་པའི་དམ་སྲི་འབྱུང་པོ་གདུག་པ་ཅན་ཅི་མཆིས་པ་དེ་དག་ཐམས་ཅད་བཛྲ་ཨངྐུ་ཤ་སོགས་དང་བསྐུལ་ནས་ཕུར་གདབ་ཀྱི་བར་དཀྱུས་ལྟར་བྱས་རྗེས། ལིངྒ་རིང་ཆས་(༡༥ན)


GLG022_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་ཐོད་པར་བཅུག་མནན་ཆས་མཚན་ཉིད་དང་ལྡན་པ་བྱས་ནས་ཐེམ་འོག་གམ་ལམ་རྒྱ་གྲམ་སོགས་སུ་དོང་བྲུས་ལ། ཁྲག་འཐུང་གལ་པོ་ལས། ཧཱུཾ། དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །སྤྲུལ་པའི་རྦོད་གཏོང་ཆེན་པོ་དང་། །ཟ་བྱེད་ཆེན་པོའི་རྔམ་སྟབས་ཀྱིས། །མནན་པའི་ལས་རྣམས་དུས་ལ་བབ། །ཧཱུཾ་མཛད་ཨཱཪྻ་ཨ་ཙ་ལ། །སྤྲུལ་པའི་འོད་ཟེར་རྔམ་མདངས་ལྡན། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་། །དགྲ་བགེགས་ཚོགས་ཆོམས་མི་གཡོ་མགོན། །འཕུང་བྱེད་དམ་སྲི་འབྱུང་པོ་འདི། །རི་རབ་ཆེན་པོའི་རྨང་དུ་སྦ། །ཡ་མ་རཱ་ཛའི་ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བརྫངས། འཁོར་ལོ་འབར་བའི་ཕྱག་རྒྱས་མནན། །བདུན་བརྒྱུད་རིགས་ནི་བརླག་འགྱུར་ན། །ནམ་ཡང་ལྡང་བར་མི་འགྱུར་ཏེ། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །ཧཱུཾ་ཨཱཪྻ་ཨ་ཙ་ལ་བནྡྷ་བནྡྷ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། སརྦ་སྟཾ་བྷ་ཡ་ནན་ཞེས་བསྐྱུར་ཞིང་རོ་གཡམ་དང་སས་སྦྱིབས་པའི་སྟེང་དུ་འཕྲིན་ལས་བཞིའི་བྲོ་བརྡུང་ངོ་། །བཞི་པ་སོ་མཆན་དུ་སྒོ་བྱང་གདགས་ཞེས་བྱུང་། སྒོ་བྱང་གདགས་པ་ནི། དབང་གཞུང་དུ་མི་གསལ་ཡང་ཁྲོ་བོ་པུཎྜ་རཱི་ཀ་ལས། དེ་ནས་ར་སོག་གཡས་པ་ལ། ཁྲག་གི་ཡི་གེ་བྲིས་ནས་ནི། །གཞལ་ཡས་སྒོ་ལ་གདགས་པར་བྱ། །ཞེས་པའི་དོན་ལྟར། ར་སོག་ལ་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་ལུག་སོག་ལ་གཤིན་རྗེའི་སྐུ་མངོན་རྟོགས་བཞིན་བྲིས་པའི་སྔ་མ་སྒོ་གོང་གི་ནང་དང་རྗེས་མ་ཕྱི་ལ་བཏགས་སོ་སོར་དམར་གྱི་གཏོར་མ་དང་མཆོད་པ་བཤམ། སྒོའི་ཕྱི་ནས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ལས་གྲུབ་པའི་མཆོད་(༡༥བ)


GLG022_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བཟང་ཞིང་གྱ་ནོམ་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། སྐུ་རྟེན་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མ། དགྲ་བགེགས་བསྣོལ་པའི་གདན་ལ་ཡ་ལས་གཤིན་རྗེ་ནག་པོ་ཁྲོ་ཞིང་གཏུམ་པ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་འཕྱར་ཞིང་གཡོན་འཁོར་ལོ་བསྐོར་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་འཆི་བདག་གི་གྲོང་ཁྱེར་ནས་གཤིན་རྗེ་འཁོརདང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་དབུལ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛཱ་ས་པ་རི་ཝཱ་ར་ཨི་དཾ། ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། སྔགས་མཐར་འབྲུ་གསུམ་བཏགས་ཏེ་ནང་མཆོད་དང་། ས་པ་རི་ཝཱ་རའི་རྗེས་སུ་ན་མཿསརྦ་སོགས་རྒྱལ་ཆེན་གྱི་སྐབས་ལྟར་བཏགས་ནས་གཏོར་མ་དབུལ། ཁྲག་འཐུང་གལ་པོ་ལས། ཧཱུཾ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་བདག་པོ་ལ། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་ལྟར། །དེ་བཞིན་རིགས་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་བསྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཅེན་ཏེ། །འདི་ལ་གནོད་ཅིང་བར་གཅོད་པའི། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། ཁྱེད་ཀྱི་འཁོར་དང་གཡོག་ལགས་ཀྱི། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་(༡༦ན)


GLG022_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ། །བླ་མེད་འབྲས་བུ་མ་ཐོབ་པར། །ས་འདི་ཡན་ཆད་མ་བཏང་ཞིག །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་སུ་མེད། །ཕྱི་འཁོར་སྐྱོང་བའི་མུ་རན་ལ། །རྡོ་རྗེའི་ཡལ་གམ་ཐུབ་པར་མཛོད། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཀྲྀཥྞ་ཡ་མཱ་རི་ས་མ་ཡ་སྟྭཾ། དེ་ཉིད་ལས། ཕྱི་ནང་བགེགས་རྣམས་བསྐྲད་པ་ཡི། །གསང་སྔགས་འཕྲེང་བ་བཤད་ཀྱི་ཉོན། །ཞེས་འདི་དང་བདུད་རྩི་འཁྱིལ་པའི་བསྲུང་སྔགས་རིང་མོ་གཉིས་སྦྱར་ན་ལེགས་མོད་ཀྱང་ཆད་ལྷག་ཏུ་མི་འགྱུར་བས་མ་སྤྲོས། ན་མོ་མཆོད་སྦྱིན་གྱི་གཏོར་མ་ཞེས་པ་ནས། བརྟན་བཞུགས་ཀྱི་བར་རྒྱལ་ཆེན་ལྟར་ལ། རྒྱལ་པོ་ཆེན་པོ་གནས་སྲུང་པོ་དང་ཕྱི་མཚམས་གཉིས་ལས་ཀྱི་གཤིན་རྗེ་དང་ནང་མཚམས་སུ་འདོན་པ་བསྒྱུར་རོ། །སྒོའི་ནང་ནས་མཆོད་གཏོར་སྔར་བཞིན་བརླབ། སྐུ་རྟེན་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མ། བགེགས་ཀྱི་རྒྱལ་པོའི་སྟེང་དུ་ཧཱུཾ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། གཡས་ལྷག་མས་ནོར་བུ་དང་རལ་གྲི། གཡོན་ལྷག་མས་པདྨ་དང་རྒྱ་གྲམ་འཛིན་པ། སྦྲུལ་གྱིས་སྤྲས་ཤིང་ཐོད་རློན་དང་ཚངས་སྐུད་འཆང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་མེ་དཔུང་རབ་ཏུ་འབར་བའི་གློང་དཀྱིལ་ན་བཞུགས་པའི་དཔྲལ་བར་ཨོཾ་ནས། གཏོར་མ་འབུལ་བའི་བར་གོང་དང་འདྲ་བ་ལ་ལྷའི་མཚན་བདུད་རྩི་འཁྱིལ་བ་དང་སྔགས། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལིར་བསྒྱུར། དེ་ཉིད་ལས། ཧཱུཾ། བསྐལ་(༡༦བ)


GLG022_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེ་དཔུང་འབར་འདྲའི་གློང་། །འཆི་མེད་ཁྲོ་བོ་ཆེན་པོའི་སྐུ། །ཞལ་གཡས་རབ་ཏུ་བཞད་པ་ནི། །ཛམྦུ་ནཱ་དའི་གསེར་འོད་འདྲ། །དབུས་མ་མརྒད་ལྗང་གུའི་མདངས། །གཡོན་པ་པདྨ་རཱ་ག་འདྲ། །དབུ་ཡི་ཐོར་ཚུགས་རྒྱ་གྲམ་མཛེས། །རིགས་བདག་དོན་ཡོད་གྲུབ་པ་བཞུགས། །ཐབས་མཆོག་སྙིང་རྗེའི་རྡོ་རྗེ་དང་། །ཤེས་རབ་དྲིལ་བུ་ཐུགས་ཀར་བསྣོལ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །མཚོན་ཆའི་རྒྱལ་པོ་རལ་གྲི་གཡས། །ཆགས་མེད་སྐྱོན་བྲལ་པདྨ་དང་། །ལས་ཀྱི་རྡོ་རྗེ་རྒྱ་གྲམ་གཡོན། །གདུག་པ་སྦྲུལ་གྱི་ཕྱག་ཞབས་བརྒྱན། །ཐོད་འཕྲེང་ཚངས་སྐུད་དོ་ཤལ་མཛད། །དཔའ་བོ་སྟག་ལྤགས་ཤམ་ཐབས་ཅན། །བགེགས་ཆེན་བསྣོལ་་བའི་གདན་སྟེང་ན། །འཕྲིན་ལས་ཐོག་སེར་བགེགས་ལ་འབེབས། །དངོས་གྲུབ་བར་ཆད་སྲུང་དུ་གསོལ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཚིནྡྷ་ས་མ་ཡ་སྟྭཾ། ན་མོ་མཆོད་སྦྱིན་གྱི་གཏོར་མ་སོགས་རིགས་འགྲེ་སྦྱོར། ལྔ་པ་མ་ཏྲཾ་སྒྲོལ་བ་ནི། དེ་ཡང་རྟོགས་སླར་མ་ཏྲཾ་ངམ་དམ་སྲི་མནན་པ་ཞེས་དོན་གཅིག་ཏུ་མཛད་པ་སོ་མཆན་ལས། བདུད་རུ་དྲས་ཚེ་འདི་ལ་བར་དུ་གཅོད། །གཤིན་རྗེ་རུ་དྲས་སྲིད་པ་བར་དོར་གནོད། །དམ་སྲི་རུ་དྲས་ཆོས་འཁོར་གཉན་པོ་འཇིག །ལུས་ཀྱི་ངར་འཛིན་མ་ཏྲཾ་ཀ་རུ་དྲ། །ངག་གི་ངར་འཛིན་ཨ་ཀཪྴ་རུ་དྲ། །སེམས་ཀྱི་ངར་འཛིན་ཁ་ཏྲཾ་ཀ་རུ་དྲ། །ཞེས་བཤད། མ་ཏྲཾ་རུ་དྲའམ་ཐར་པ་ནག་པོ་དེ་སྲིན་ཡུལ་དུ་མངལ་ལས་སྐྱེས་པས་དམ་སྲིར་མི་གཏོགས་ཤིང་སྔར་ནས་བསྒྲལ་ཟིན་པ་སླར་སྒྲོལ་རྒྱུ་མེད་ཀྱང་སྔོན་བྱུང་གི་རྣམ་ཐར་དང་མཐུན་པའི་ཆེད་དུ་དེའི་གཟུགས་ལ་དགྲ་བགེགས་སྤྱི་དང་ཁྱད་པར་སྒྲུབ་པའི་གེགས་བྱེད་དམ་སྲི་རུ་དྲ་བཀུག་སྟེ་(༡༧ན)


GLG022_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བས་དེ་ཉིད་དོན་གཅིག་མཛད་པ་མི་འཐད་པ་མ་ཡིན་ནའང་སྔགས་རྙིང་མའི་ཕྱག་་ལེན་ལ་རུ་དྲའི་ཁོག་པར་དཀྱིལ་འཁོར་བཞེང་པ་དང་བཅས་སོ་སོར་མཛད་པའི་ཕྱག་བཞེས་ལྟར་བཀོད་ཀྱི། ཀརྨ་པ་མི་བསྐྱོད་རྡོ་རྗེས་དམ་སྲི་མིར་ངོས་བཟུང་བ་ནག་རྩིས་ཀྱི་སྲིའི་རྣམ་གཞག་ཙམ་ཡང་མ་མཁྱེན་པའི་འཛམ་གླིང་རྒྱན་གཅིག་གི་བརྟུལ་ཞུགས་ཁོ་ནའོ། །དེ་ལ་ཡང་ཆོ་ག །ཆོས་ཉིད། བྱིན་གྱིས་བརླབ་པ་དང་གསུམ་ལས། དང་པོ་ཆོ་གས་སྒྲོལ་བ་ནི། དབང་གཞུང་ལས། དེ་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བདག་ལ་བསྡུས་ནས། དམིགས་པ་མེད་པའི་དོན་ལ་གནས་པ་ལས། ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་སློང་བར་བསམས་ནས། རྡོ་རྗེ་སེམས་དཔའི་སྐུར་བཞེངས་ཏེ་འདི་བརྗོད་དོ། །ཧཱུཾ། རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ནི། །འབྱུང་བ་ལྔ་ཡི་མཚན་ཉིད་པས། །ཞི་བ་ལས་ནི་ལྷན་ནེ་བའི། །ཐུགས་རྗེས་འགྲོ་ཀུན་དེ་ལས་སྐྱེས། །དེའི་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་ཁྲོ་དག་གཏུམ་པར་འགྱུར། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །ཤིན་ཏུ་གཏི་མུག་ཆེ་བར་འགྱུར། །དེ་ལྟར་དུག་གསུམ་བདོ་བ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཉི་མ་ལས། །རྣམ་པར་རྒྱལ་ཕྱིར་རབ་ཏུ་དྲག །ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ། ཀྲོ་དྷ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཅེས་བརྗོད་ནས། ཐམས་ཅད་གཅིག་ཏུ་འདུས་པ་ལས་རྔམས་པའི་སྒྲ་སྒྲོགས་ཏེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧཱུཾ། མི་རྟག་མཚན་ཉིད་བསྟན་པའི་ཕྱིར། །ནམ་མཁའི་ཁྲོ་བོ་ཟ་བྱེད་ཆ། །འཇིགས་པའི་མཚོན་ཆ་འོད་ཕུང་འཁྲིགས། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཟད་པར་(༡༧བ)


GLG022_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་སྟོངས་པར་བྱེད། །རྒས་རྒུད་རླག་པར་བྱེད་པའོ། །གློག་གི་འཁོར་ལོ་ཞེས་བྱ་བ། །མྱུར་བའི་ཟ་བྱེད་ཆེན་པོ་ལྔས། །སྐྱེ་རྒ་ན་འཆི་འཇོམས་བྱེད་ཅིང་། །རླག་པར་བྱེད་ཅིང་སྟོངས་པར་བྱེད། །རིན་ཆེན་ཟ་བྱེད་ཁྲོས་པའི་ཚེ། །སྐུ་ནི་སྔོ་སྐྱ་ཐལ་བའི་མདོག །འོད་ཟེར་དམར་པོ་རབ་ཏུ་འཁྲིགས། །རུ་ལུ་རུ་ལུས་མ་ལུས་ཟ། །འབར་བའི་འཁོར་ལོ་ཚོགས་བཅས་པས། །སྲེག་ཅིང་འཇིག་ལ་འཐོར་ཞིང་འཁྲུ། །གང་འདིར་བསྐལ་པས་ཀུན་བརླག་ཅིང་། །གཞན་ཞིག་འོང་འཇིག་མ་ཡིན་ཏེ། །ཟ་བྱེད་ཁྲོས་པ་ལྔ་པོ་ཡི། །ཞལ་དུ་སྟོང་ཁམས་མ་ལུས་ཐིམ། །ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཨོཾ་ཨོཾ་ཧ་ཧ་ཧཱུཾ་ཕཊ། དབུ་ལ་དེ་བཞིན་གཤེགས་པའི་ཁྲོ་བོ་དཀར་པོ་ཕྱག་གཡས་ན་འཁོར་ལོ་དང་གཡོན་ཐོད་ཁྲག་འཛིན་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ས་མ་ཡེ་ཀྲོ་དྷ་ཧཱུཾ་ཧཱུཾ་རུ་རུ་ཧཱུཾ་ཕཊ། ལག་པ་གཡས་པ་ལ་རྡོ་རྗེ་ཁྲོ་བོ་སྔོན་པོ་ལག་ན་རྡོ་རྗེ་རྩེ་ལྔ་དང་ཁ་ཊྭཱཾ་ག་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་རཏྣ་ཤྲཱི་་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཏྲཾ་ཏྲཾ་ཧེ་ཧེ་ཧཱུཾ་ཕཊ། ལག་པ་གཡོན་པ་ལ་རིན་ཅེན་ཁྲོ་བོ་སེར་པོ་དབྱུག་ཏོ་དང་རལ་གྲི་་་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། །པདྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧྲཱིཿཧྲཱི༔ད་ཧ་ན་ཧཱུཾ་ཕཊ། རྐང་པ་གཡོན་པ་ལ་པདྨའི་ཁྲོ་བོ་དམར་ནག་ཕྱག་ན་རལ་གྲི་རྩེ་གསུམ་དང་གཏུན་ཤིང་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ས་མ་ཡ་ཀྲོ་དྷ་ཧ་ཧ་ཏྲཀྴ་ཀ་ཧཱུཾ་ཕཊ། རྐང་པ་གཡས་པ་ལ་ལས་(༡༨ན)


GLG022_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྲོ་བོ་ལྗང་ནག་ཕྱག་ན་རྡོ་རྗེ་དང་ལྕགས་ཀྱུ་ཐོགས་པ་གྲངས་མེད་པའི་ཚོགས་རྣམས་སྤྲུལ་པ་དང་བཅས་པ་གནས་པར་བསམ། ཨོཾ་་ཤྲཱི་བེ་ར་བ་ཧཱུཾ་མཧཱ་དེ་ཝ་ཧཱུཾ་ཕཊ། མཚན་མ་ལ་ལྷ་ཆེན་པོ་མདོག་དཀར་པོ་ཕྱག་ན་ཏྲི་ཤཱུ་ལ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་བིཥྞུ་ཀཾ་ས་མ་ཙཀྲ་ཧཱུཾ་ཕཊ། སྙིང་གར་ཁྱབ་འཇུག་མཐིང་ནག་ཕྱག་ན་འཁོར་ལོ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་རཀྴ་གྲཱི་བ་ཧཱུཾ་ཕཊ། མགྲིན་པར་སྲིན་པོའི་རྒྱལ་པོ་སྔོ་ལྗང་ལག་ན་དགྲ་སྟ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་མ་ཧཱ་པ་ཤ་ཧ་ལ་ཧཱུཾ་ཕཊ། སྐུའི་གནས་སུ་ཞགས་པ་ནག་པོ་སྔོ་སྐྱ་ལག་ན་ཞགས་པ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། ཨོཾ་བཛྲ་བྷེ་ར་བ་ཧཱུཾ་ཕཊ། བརླ་གཉིས་ལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇིགས་པ་ལྗང་སྐྱ་རྡོ་རྗེ་རྩེ་གསུམ་པ་དང་ཐོད་པ་ཐོགས་པ་འཁོར་དང་བཅས་པ་གནས་པར་བསམ། དེ་དག་ཀུན་ཀྱང་རང་རང་གི་ཡུམ་དང་འཁྲིལ་བའི་ཚུལ་དུ་གནས་པར་བསམ། ལག་པའི་སོར་མོ་ཁྲག་འཐུང་གལ་པོ་ལས། ལག་པ་གཡས་པའི་མཁྲིག་མ་ལ། ཁྲ་དང་སྤྱང་ཀི་འུག་པ་གནས། ལག་པ་གཡོན་པའི་མཁྲིག་མ་ལ། ཀཾ་ཀ་བྱ་རོག་སྲེ་མོ་ཝ། ཞེས་བཤད། བཅུ་ལ་མཆེ་བ་ཅན་དང་སྡེར་མོ་ཅན་དག་སྔགས་འདིས་གསལ་བར་བྱའོ། །ཨོཾ་མཧཱ་དྷེ་ཀི་ཤ་རི་བི་ཀ་ཤ་རི་བི་ཀ་མ་རུ་ཤྱ་ཧ་ཧ་ཧེ་ཧེ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ལྷ་ཚོགས་བསྐུལ་བ་ནི། ཧཱུཾ། ཡེ་ཤེས་གློག་གི་འཁོར་ལོ་དང་། །འཇིགས་པའི་ཁྲོ་བོ་གཏུམ་པའི་ཚོགས། །ཅིར་ཡང་འགྱུར་བའི་མཚོན་ཆ་ཡིས། །སྡུག་བསྔལ་གནས་རྣམས་རབ་ཏུ་ཆོམས། །མ་རུངས་དུར་ཁྲོད་(༡༨བ)


GLG022_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་པའི་ཕྱིར། །སྟོང་གསུམ་གནས་རྣམས་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། ཁམས་གསུམ་གཅིག་པར་བསྒྲལ་ནས་ཀྱང་། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་གཅིག་ལ་འདྲེན། །འགྲོ་དང་མི་འགྲོ་སྣོད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་བའི་བགེགས་འདི་ཀུན། །ངས་སྟོབ་ཁྱེད་ཀྱིས་ཡུད་ལ་གསོལ། །ངན་སོང་གསུམ་གྱི་འཇིགས་བྱེད་དུ། །སེམས་ཅན་ཉོན་མོངས་སྡང་བྱེད་པས། །དེ་ཕྱིར་ང་ནི་རྡོ་རྗེ་ཆེ། །ཞེ་སྡང་ཞེས་ནི་གྲགས་པ་ཡིན། །ངན་སོང་འཇིགས་བྱེད་ཆེན་པོ་རུ། །སེམས་ཅན་ཐམས་ཅད་རྨོངས་བྱེད་པས། །དེ་ཕྱིར་ང་ནི་གཏི་མུག་ཆེ། །རྟག་ཏུ་ཐུབ་པ་མཆོག་ཡིན་ནོ། །སྲིད་པ་འདོད་ཆགས་མྱོས་པ་རྣམས། །འདོད་ཆགས་ཉིད་ཀྱིས་མཚམས་་སྦྱོར་བས། །དེ་ཕྱིར་ཆོས་ཀྱི་རྡོ་རྗེ་ང་། །འདོད་ཆགས་ཆེན་པོའི་མཆོག་ཡིན་ནོ། །བདེ་ཆེན་སྦྱིན་པའི་སྤྲིན་གྱིས་ནི། །སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད། །ནམ་མཁའ་བདེ་བས་བསྡུས་པའི་ཕྱིར། །བདེ་ཆེན་འདོད་པ་ང་ཡིན་ནོ། །རོ་ལ་སོགས་པ་མཉམ་སྦྱོར་བས། །ཕྲག་དོག་རྡོ་རྗེ་གདོན་མི་ཟ། །སྣ་ཚོགས་ལས་ཀྱི་ཁྲོ་བོའི་སྐུ། །ཕྲག་དོག་ཆེན་པོའི་མཆོག་ཡིན་ནོ། །ང་ནི་དུས་གསུམ་བཞུགས་པ་ཡིན། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་དབལ་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་བཅད་དེ། ཆོས་དབྱིངས་མཉམ་ཉིད་ནམ་མཁའ་ལ། །ཡེ་ཤེས་གློག་གི་འོད་འཕྲོ་བ། །གནས་མེད་དམིགས་པ་ཡོད་མ་ཡིན། །རྩ་བ་མེད་ཅིང་བརྟེན་པ་མེད། །ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀཱ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀཱ་ག་ཏི་(༡༩ན)


GLG022_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀཱ་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཨོཾ་སརྦ་དུརྒ་ག་ཏི་སརྦ་ཀརྨ། སརྦ་ཀླེ་ཤ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། པ་ར་བི་དན་ཚིནྡྷ་ཧཱུཾ་ཕཊ། པ་ར་བི་ད་ཁཌྒ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨོཾ་ཏྲི་བི་ཤ་མུ་ལ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། དཔལ་ཆེན་འབར་བ་རྒྱལ་པོའི་སྐུ། །རྔམས་བརྗིད་ཁྲོས་པའི་ཆ་ལུགས་འབར། །གར་དགུ་དུར་ཁྲོད་རྒྱན་གྱིས་བརྗིད། །ཤེས་རབ་སྐུ་དང་འཁྲིལ་སྦྱོར་ཞིང་། །འཇོ་ཚུལ་གར་མཛད་ལྟ་བ་ཡིས། །བདུད་དང་སྲིན་པོ་འདུལ་བར་མཛད། །མ་ཏྲཾ་ལ་སོགས་དྲེགས་བྱེད་རྣམས། །གཟུགས་དང་བཅས་པའི་ཚོགས་བསྡུས་ཏེ། །པྲ་ཏི་ཏཱ་ཡི་ཕྱག་རྒྱ་ཡིས། །ངེས་པར་གཟུགས་་ལ་དབབ་པར་བྱ། །གཟུགས་བརྙན་བྲིས་པ་ལ་སོགས་དང་། །ཕྱག་རྒྱ་བྲིས་པ་ལ་སོགས་ལ། །ཕྱག་རྒྱ་བཞི་ཡིས་ངས་བྱས་ནས། །སྔགས་ཀྱི་འོད་འཕྲོ་ཕྱག་རྒྱ་ཡིས། །དེ་ཡི་འཁོར་ཚོགས་བསྡུ་བར་བྱ། །གསེར་སྐྱེམས་བཏང་། །ལས་བྱང་བཞིན་འབྲུབ་ཁུང་བསྐྱེད། དེའི་ནང་དུ་ངོ་བོ་གནོད་བྱེད་དགྲ་བགེགས་ལ་རྣམ་པ་རུ་དྲའི་གཟུགས་མགོ་གསུམ་ལག་པ་དྲུག །རྐང་པ་བཞི་པ། གཤོག་པ་བརྒྱངས་པ། མྱ་ངན་གྱི་འདུག་སྟངས་ཅན་དུ་བསམ། བདེན་བདར་དམ་སྲིའི་དུས་བཞིན་བྱས་པའི་མཐར་དགུག་སྔགས་དང་དུར་ཁྲོད་ཀྱི་བསྐོར་དབང་གཞུང་མི་བདེ་བས་ཁྲག་འཐུང་གལ་པོ་ལས། མ་ཏྲཾ་ཀ་རུ་དྲ་ཛཿ ཁ་ཏྲཾ་ཀ་རུ་ད་ཛཿ ཨ་ཀཪྴ་རུ་དྲ་ཛཿ ཨོཾ་མ་ཧཱ་དབང་གཞུང་ནས་བྱུང་། ཀཾ་པ་ལ་དྷ་རི་ཤ་ཡ་ཧཱུཾ་ཨ་ཀརྵ་ཡ་ཧཱུཾ། ཛཿཧཱུཾ་བཾ་ཧོཿ ལན་གསུམ་བརྗོད། རྡོ་རྗེ་གཤོག་པའི་ཕྱག་རྒྱས་ཟིལ་གྱིས་མནན་ཅིང་བསྟིམ། དེ་ཉིད་ལས། ཧཱུཾ། མ་ཏྲཾ་བྱ་བའི་སྡིག་ཅན་ཁྱོད། །(༡༩བ)


GLG022_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཡང་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་མཛད། །དེ་ཡང་རྣལ་འབྱོར་དབང་ཕྱུག་ངས། །བསྒྲལ་ནས་དུར་ཁྲོད་ཆེན་པོར་བྱ། །ཛཿཧཱུཾ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཱཾ་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་ཧཱུཾ་ད་ཧཱུཾ་ན་ཧཱུཾ་ཕཊ། ཅེས་ཁ་ཊྭཱཾ་ག་དང་ཕུར་མཚོན་བཏབ་སྟེ་རྣམ་ཤེས་སྦར། ཁྲོ་བོ་པུཎྜ་རཱི་ཀ་ལས། ཧཱུཾ། མགོ་ནི་ལྷོ་ནུབ་དབང་གཞུང་དུ། རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞིར་གྱུར་པ་ནི། །ཞེས་བྱུང་། མཚམས་སུ་བསྒྲལ། །རྐང་པ་བྱང་ཤར་མཚམས་སུ་བསྒྲལ། །ཡན་ལག་གླིང་བཞིའི་ཡུལ་དུ་བསྒྲལ། །ལག་པ་གཡས་པའི་དུར་ཁྲོད་ནི། །རྒྱ་སོ་མཆན་དུ་རྒྱ་གར་སོགས་ཕྱིའི་དུར་ཁྲོད་ཀྱི་གནས་ཕྱེད་བརྒྱད། མགོ་བོ་སོགས་ནག་གི་དུར་ཁྲོད་ཕྱེད་བརྒྱད། མིག་གི་རྣམ་ཤེས་སོགས་གསང་བའི་དུར་ཁྲོད་ཕྱེད་བརྒྱད་རྣམས་བཤད། གར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་གཽ་རཱི་མ། མཐིང་ནག་འབར་བའི་རལ་པ་ཅན། དུར་ཁྲོད་ལག་པ་གཡོན་པ་ནི། །ལི་ཡི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙཽ་རཱི་མ། །སེར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡས་པ་ནི། །བལ་པོའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པྲ་མོ་ཧ། །དམར་མོ་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་རྐང་པ་གཡོན་པ་ནི། །ཐོ་གར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་བཻཏྟ་ལཱི། །ནག་མོ་འབར་བ་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་མགོ་བོ་ནི། །ཟ་ཧོར་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་པུཀྐ་སཱི། །དམར་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡོན་པ་ནི། །ཨྱོན་ཡུལ་དུ་བསྒྲལ་བར་བྱ། །(༢༠ན)


GLG022_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་བདག་མོ་གྷསྨ་རཱི། །དཀར་ལྗང་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་འདི་ཡི་ཕོ་མཚན་ནི། །སིངྒ་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་སྨ་ཤ་ནཱི། །མཐིང་ནག་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་མཁལ་མ་གཡས་པ་ནི། །གླིང་དགུའི་ཡུལ་དུ་བསྒྲལ་བར་བྱ། །དེ་ཡི་བདག་མོ་ཙཎྜ་ལཱི། །ལྗང་སེར་འབར་བའི་རལ་པ་ཅན། །མཆེ་གཙིགས་རྐན་རྡེབ་དུར་ཁྲོད་སྒྲོལ། །དུར་ཁྲོད་དཔུང་མགོ་གཡས་གཡོན་ནི། །ཕྲ་མེན་སྟག་དང་སེང་གེའི་རྫས། །དུར་ཁྲོད་བརླ་ནི་་གཡས་དང་གཡོན། །ཕྲ་མེན་ཝ་སྤྱང་བྱ་རོག་འུག །ཕོ་ཉའི་རྒྱལ་མོ་དེ་ཡི་རྫས། །དུར་ཁྲོད་ཐར་པ་རྐང་ལག་བཞི། །ཕོ་ཉ་འགུགས་མ་དེ་བཞིའི་རྫས། །དུར་ཁྲོད་བདག་པོ་སྤྱན་དྲངས་ཏེ། །བགེགས་ཀྱི་རྒྱལ་པོ་རུ་དྲ་བསྒྲལ། །བདེ་བ་ཆེན་པོའི་ངང་ཡིན་ཏེ། །ང་ནི་དུར་ཁྲོད་དབང་ཕྱུག་སྟེ། །སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན། །འཇམ་དཔལ་རྣོན་པོའི་མཚོན་ཆ་ཡིས། །ལོག་རྟོག་འཁོར་བའི་རྒྱུན་བཅད་དེ། །དབང་གཞུང་ལས། ཨོཾ་སརྦ་པཱ་པཾ་ཀ་ར་ཧེ། ཏི་པ་ཏི་བིཥྚ་མ་ཏྲཾ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ཀཱ་རེ་ཧེ་པཱ་པཾ་བིཥྚ་ཁ་ཧྲཾ་ཀ་རུ་དྲ་ཧཱུཾ་ཕཊ། ཨོཾ་སརྦ་པཱ་པཾ་ར་གེ་ཧ་ཏ་པ་བིཥྚ་ཨ་ཀཱརྵ་རུ་དྲ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མགོ་བོ་དང་ཡན་ལག་རྣམས་ཚིག་དང་བསྟུན་ནས་ཕྱོགས་མ་ལོག་པར་འཇོག་ཅིང་འཕྲིན་ལས་བཞིའི་བྲོ་བརྡུང་། སོ་མཆན་དུ་བཤད། ལས་བྱང་གི་བསྲུང་འཁོར་ཚར་གཅིག་བརྗོད། གཉིས་པ་ཆོས་ཉིད་ཀྱིས་སྒྲོལ་བ་ནི། དབང་གཞུང་ལས། ཤར་ཕྱོགས་འཇིག་རྟེན་ལས་སྒོ་ནས། །ཡང་དག་ཐར་ལམ་གཅོད་བྱེད་པ། །འབྱུང་པོ་གཏུམ་པོ་ང་རྒྱལ་ཅན། ཁྱོད་ནི་སྒྲིབ་པས་(༢༠བ)


GLG022_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་བསྒྲིབས། །ཡང་དག་ཐར་ལམ་ཡེ་ཤེས་ཀྱིས། ཁུངས་རྟགས་རྩད་བཅད་བདག་ལས་བྱུང་། །བདག་འཛིན་དག་གི་རྟོག་པ་རྣམས། །བདག་མེད་སྟོང་པའི་ཐོ་བས་གཞོམ། །ཨཱཏྨ་ན་ཧི། མཧཱ་ཤུ་ནྱཱ་ཏ་བརྗོད། ཆོས་ཀུན་རྟག་ཏུ་རང་གི་ངོ་བོས་སྟོངས། །རྒྱལ་བའི་སྲས་ཀྱི་བདེན་འཛིན་རྣམ་པར་འཇིག །སྲིད་པ་ཇི་བཞིན་ཐམས་ཅད་སྟོང་པ་སྟེ། །ཉི་ཚེའི་ཉིང་ཉིད་མུ་སྟེགས་ཅན་གྱིའོ།། གང་དག་སྟོང་ཉིད་མི་ཤེས་པ། །དེ་ཡི་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་པོ་དངོས་མེད་པས། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །སྟོང་པ་ཆེན་པོ་ཞེས་བྱ་བ། །ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པ། །དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྗེས་སུ་དྲན་པར་བྱ། །ཨོཾ་དྷརྨཱ་དྷཱ་ཏུ་བཛྲསྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་མཚན་མའི་རྟོག་ཚོགས་ཀུན་མི་རྟོག་པའི་ཡེ་ཤེས་ཀྱིས་གཞོམ་པར་བྱའོ། །མཁས་པ་ཆེན་པོ་ཆག་ལོ་ཆོས་རྗེ་དཔལ་སོགས་ཀྱི་རྙིང་རྒྱུད་རྣམས་རྫུན་མར་མཛད་ནས་ཕུར་པ་རྩ་དུམ་དང་ཨྱོན་ཆེན་པོས་མཛད་པའི་རྡོ་རྗེ་ལས་རིམ། ཧཱུཾ་ཀཱ་རས་མཛད་པའི་ཡང་དག་གི་སྒྲུབ་དཀྱིལ་སོགས་ཚད་མར་བཟུང་བའི་ལུགས་ཀྱི་ཡང་ཕུར་རྣམ་པར་དག་གོ་གསུང་བའི་ཧཱུཾ་མཛད་ཀྱི་གཞུང་དུ་མ་ཏྲཾ་གྱི་སྐོར་སོགས་སྔ་འགྱུར་གྱི་བརྡ་ཆད་ངོ་མཚར་བ་མང་བས་རྙིང་མ་ལ་ཐུགས་སྡང་སེམས་དང་འཕགས་པ་རིན་པོ་ཆེས་བོད་ཆོལ་ཁ་གསུམ་ལ་མངའ་སྒྱུར་བར་ངོ་འཛིན་གྱི་གྱ་གྱུ་མ་མཛད་པར་ཀེ་རི་པི་རིའི་ཐལ་རྩེད་ལ་བརྩོན་པར་ཞུ། གསུམ་པ་མ་ཏྲཾ་གི་ཁོག་པ་བྱིན་གྱིས་བརླབ་པ་ནི། ཁྲག་འཐུང་གལ་པོ་ལས། ཁོག་པ་བྷྲཱུཾ་ལས་གྱུར་པ་ཡི། །ཞེས་སོགས་ཀྱི་དོན་བསྡུས་ཏེ། བྷྲཱུཾ་ཛྙཱ་ན་ཙཀྲ་མཎྜལ་ཧཱུཾ། བདག་གི་ཐུགས་ཀའི་ཧཱུཾ་ལས་བྷྲཱུཾ་གྲངས་མེད་པ་སྤྲོས་པས། (༢༡ན)


GLG022_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཏྲཾ་གི་ཁོག་པ་ལ་ཕོག་སྟེ་དེ་ཉིད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནམ་མཁའི་མཐའ་དང་མཉམ་པ་བྷནྡྷ་གསར་རྙིང་གི་རྩིག་པ་བྱས་པ། གནམ་ལྕགས་ཀྱི་གཟེར་བཏབ་པ་ལ་རཀྟའི་ཞལ་ཆུ་འབབ་པ། བྷནྡྷ་ལྕང་ལོ་ཅན་གྱི་ཁ་བད་བཏང་བ། ལྷ་ཆེན་བརྒྱད་ཀྱི་ཀ་བ་བཙུགས་པ། གཟའ་ཆེན་བརྒྱད་ཀྱི་ཀ་གཞུ་བཀལ་པ། ཞིང་ཆེན་གྱི་གདུང་མ་བྲེས་པ། གཟའ་སྐར་མང་པོར་དྲལ་མ་བྱས་པ། ཞིང་ལྤགས་ཀྱི་ཐོག་ཕུབ་པ། རིན་ཅེན་རྣམ་བཞིའི་སྒོ་མོ་བཅད་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ནང་ཕོ་བྲང་ཟླ་གམ་དགུ་པ། ཕྱི་དུར་ཁྲོད་ཀྱི་གནས་བརྒྱད་ཀྱིས་བརྒྱན་པ། དེའི་ཕྱི་རིམ་ལྕགས་རི་དང་མེ་རིས་བསྐོར་བར་བསམ། ཁུ་ཚུར་དང་བཅས་པའི་སྡིགས་མཛུབ་བསྒྲེང་ཞིང་། བྷྲཱུཾ་བཛྲ་ཁ་ཏ་ལི་པྲ་པེ་ཤ་ཡ་ཕཊ། ཅེས་ལན་བདུན་བརྗོད་པས་སྒོ་ཕྱེ། ཧཱུཾ་ཧཱུཾ་ཧཱུཾ། ཞེས་ནང་དུ་བལྟ་བར་གཞུག །བཛྲ་ཨ་ཧཾ་གིས་སྒོ་བཅད་ནས། ཧཱུཾ་ཧཱུཾ་ཧཱུཾ། ཞེས་བརྗོད་པས་ཁང་པ་མེ་དཔུང་འབར་བའི་རང་བཞིན་དུ་བསམ། དབང་གཞུང་ལས། ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས། །ནམ་མཁའི་ཕྱག་རྒྱ་རྣལ་འབྱོར་བཅས། །ནམ་མཁའ་ཀུན་ལས་འགྲོ་བ་ཀུན། །དངོས་པོ་ཐམས་ཅད་མཁའ་འབྱིན་པ། །མཁའ་ལས་སྒྱུ་མ་ཀུན་བླངས་ནས། །ལུས་པ་མེད་པར་དེར་ཟའོ། །གྷཎྜེ་ཧོ་ཡིས་སྒྲོལ་བར་མཛོད། །ལ་ལར་མཁས་པའི་གཟུགས་ཀྱང་འཛིན། །ལ་ལར་ཚངས་པ་བཞིན་དུ་ཞི། །ལ་ལར་གཤིན་རྗེ་བཞིན་དུ་རྔམས། ལ་ལར་དུས་མཐའི་མེ་ལྟར་འབར། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །མི་སྡུག་རིགས་ཀྱི་གཟུགས་འཛིན་པའི། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། མ་ལུས་ལུས་པ་མེད་པར་སྒྲོལ། །ཞེས་(༢༡བ)


GLG022_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་གླུ་བླངས། ཧཱུཾ། བསྟབ་བོ་གསོལ་ཞིག་ཧེ་རུ་ཀཿ། །གང་ལ་བྱ་བའི་དངོས་པོ་འདི། །ཕྲ་མེན་གཤེད་མ་ཐམས་ཅད་ཀྱིས། །དབང་དང་རིག་སྔགས་བྱིན་བརླབས་ཏེ། །རིག་སྔགས་ཀྱིས་ནི་རྨོངས་མཛད་ནས། །དྲག་པོ་ལས་ཀྱི་སྒྲུབ་བྱེད་ཅིང་། །འདི་ལ་སོགས་པ་རྣམས་པ་ཡང་། །དེ་དག་ལོངས་སྤྱོད་རྐྱེན་དུ་འབུལ། །ཤ་དང་རྐང་ཁྲག་འདོད་པ་རྣམས། །རིག་སྔགས་ཀྱིས་ནི་བྱིན་བརླབས་ནས། །འཚོ་བ་ཕྲོགས་ནས་ཅི་བདེ་བར། ཁྱོད་ཀྱིས་དེ་ལ་ལོངས་སྤྱོད་ཅིག །བྷནྡྷ་བཅུད་ཡངས་ཟབ་པ་ན། ཁོར་ཡུག་གཏོགས་པའི་དངོས་པོ་འདི། །བདུད་རྩིའི་རང་བཞིན་ཡིན་པའི་ཕྱིར། །འཇིགས་བྱེད་བཀའ་བཟློག་དགྱེས་ཤིང་རོལ། །རྡོ་རྗེ་གསུམ་འབར་སྐུ་གསུང་ཐུགས། །སྲིད་གསུམ་འཇོམས་མཛད་ཏྲི་ཤུ་ལ། །དུག་གསུམ་རྩད་ནས་གཅོད་པའི་ཕྱིར། ཁམས་གསུམ་ཅིག་ཅར་བསྒྲལ་བར་བྱ། །འཇིགས་བྱེད་དྲག་ཤུལ་ཆེན་པོ་ཡིས། ཁམས་གསུམ་ཅིག་ཅར་བསྒྲལ་ནས་ཀྱང་། །ཟ་བྱེད་ཆེན་པོའི་ཞལ་དུ་ནི། །འགྲོ་ཀུན་ཡུད་ཙམ་ཞིག་ལ་འདྲེན། །འགྲོ་དང་མི་འགྲོའི་སྣོད་བཅུད་འདི། །འཇིགས་བྱེད་ཁྱེད་ལྔས་ཀུན་ཟ་ན། །དངོས་པོར་གྱུར་པའི་བགེགས་འདུ་ཀུན། །ངས་བསྟབ་ཁྱོད་ཀྱིས་ཡུད་ལ་བཞེས། །ཨོཾ་མཧཱ་ཤྲཱི་ཧེ་རུ་ཀ་ཧ་ཧ་ཧ་ཧ། རུ་ལུ་རུ་ལུ། ཧཱུཾ་བྷྱོ་ཧཱུཾ་བྷྱོ། ཁཱ་ཧི་ཁཱ་ཧི། ཞེས་ཞལ་དུ་བསྟབ་བོ། །དྲུག་པ་ཆག་ཆག་རྟོགས་པར་སླ་བར་ས་ཆོག་གི་ཁྲོད་དུ་བྱུང་བ་མི་འཐད་པ་མ་ཡིན་ཀྱང་དབང་གཞུང་སོགས་རྙིང་མ་སྤྱི་དང་མཐུན་པར་བྱས། གདབ་པ་ནི། ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ་དང་པུཎྜ་རཱི་ཀའི་ལེའུ་གསུམ་པོ་ནས་བཤད་པ་དང་དོན་གཅིག་པས་འཇུག་པ་བདེ་ཕྱིར་རྟོགས་པར་སླ་བ་ལས། དེར་སྟེགས་བུ་གྲུ་བཞི་དབང་གཞུང་ལས། སྟེགས་དུ་ལ་བ་(༢༢ན)


GLG022_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ལྔ། སྨན་སྤོས། བདུད་རྩི་ལྔ་འབྱུག་པ་དང་སོ་མཆན་དུ་སྟེགས་བུ་རྩིགས་དཀྱིལ་འཁོར་བྱིན་དང་ལྡན་པའི་ཕྱིར་ཆག་ཆག་གདབ་ཅེས་བྱུང་། པ་བརྩིག་པའམ་མ་གྲུབ་ན་བདུད་རྩི་ལྔའི་སྐྱང་ནུལ་བྱ་ཞིང་སུམྦྷ་བརྗོད་པའམ་སྤྲོ་ན། ཆོས་དབྱིངས་དག་པའི་བདུད་རྩི་མི་བསྐྱོད་པས། །རྒྱལ་བའི་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པའི་ཕྱིར། བཀའ་གསང་རྨད་དུ་བྱུང་བའི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་ཆེན་པོར་ཆག་ཆག་འདེབས། །ཨོཾ་མཧཱ་མཱུ་ཏྲཾ་མཎྜ་ལ་ཧཱུཾ། དེ་བཞིན་དུ་འདོན་པ་བསྒྱུར་ཏེ། མེ་ལོང་དག་པའི་བདུད་རྩི་རྣམ་སྣང་འདིས། །རྒྱལ་བའི་སྐུ་ཡི༝། །བཀའ་གསང་སོགས་འགྲེ། ཨོཾ་མཧཱ་བི་ཏྲ་མཎྜ་ལ་ཨོཾ། མཉམ་ཉིད་དག་པའི་བདུད་རྩི་རཀྟ་འདིས། །རྒྱལ་བའི་ཡོན་ཏན་སོགས། ཨོཾ་མ་ཧཱ་རུ་དྷི་ར་མཎྜ་ལ་སྭཱ། ཀུན་རྟོག་དག་པའི་བདུད་རྩི་བྱང་སེམས་འདིས། །རྒྱལ་བའི་གསུང་གི་སོགས། ཨོཾ་མཧཱ་ཤུཀླ་མཎྜ་ལ་ཨཾ། བྱ་གྲུབ་དག་པའི་བདུད་རྩི་ཤ་ཆེན་འདིས། །རྒྱལ་བའི་འཕྲིན་ལས་སོགས། ཨོཾ་མཧཱ་མཾ་ས་མཎྜ་ལ་ཧཱ། ཞེས་བརྗོད་དེ་བདུད་རྩི་ལྔའི་སྐྱང་ནུལ་བྱ་ཞེས་འབྱུང་བས་སོ། །བདུན་པ་ཐིག་འདེབས་ལ་ལས་ཐིག་དང་ཡེ་ཐིག་གཉིས་ལས་དབང་གཞུང་དུ་ལྷ་རྣམས་ཀྱི་གནས་སུ་རེག་པའི་ཐིག་གདབ་ཅིང་། ཞེས་པ་ཙམ་ལས་འདིར་མི་གསལ་ཡང་སློབ་མ་སྟ་གོན་གྱི་འོག་ཏུ་ཡེ་ཐིག་བཤད་ཅིང་དེར་གསལ། དང་པོ་ལས་ཐིག་སོ་མཆན་དུ་ལས་བྱ་བ་གོ་བདེ་བ་བྱ་བའི་ཕྱིར་ཐིག་གདབ། ཅེས་བྱུང་། ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ། པུཎྜ་རཱི་ཀའི་ལེའུ་གཉིས་པ། སྙིང་རྗེ་རོལ་པའི་ལེའུ་དང་པོ་རྣམས་ནས་ཕྱི་ནང་གི་ཐིག་འདེབས་ཚུལ་གསུངས་ཤིང་ཟླ་གམ་རྣམས་རྩིབས་ཀྱི་ནང་དུ་འབྲི་བར་བཤད་ཚོད་འདུག་ཅིང་དེང་སང་མི་མཛད་པ་མང་། གདབ་པ་ནི། ནང་ཐིག་མ་གཏོགས་རྟོགས་སླ་ལས། སྦོམས་སུ་སྒོའི་ཉི་ཤུ་ཆ་དཀྱུས་དཀྱིལ་འཁོར་ལས་གཉིས་སྦོམ་དང་རིང་ཐུང་དབང་གཞུང་དང་མཐུན། འགྱུར་(༢༢བ)


GLG022_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་རིང་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་ཐིག་སྐུད་ཀྱིས་ཐིག་གདབ་སྟེ་དཀྱིལ་འཁོར་ཇི་ཙམ་བྱེད་པ་དེའི་ཕྱེད་མ་བས་ཅུང་ཟད་རིང་བའི་སྐུད་པས་ལྷོ་བྱང་ནས་དབུས་སུ་ཉ་བྲིས་ལ་ཁ་མཇུག་ཏུ་ཐིག་སྐུད་ཐེན་པས་ཤར་ནུབ་ཀྱི་ཚངས་ཐིག་འབྱུང་། དེའི་དབུས་ནས་ཇི་ཙམ་རིགས་པའི་ཟླུམ་པོ་བསྐོར་ཏེ་ཟླུམ་པོའི་ཐིག་དང་ཚངས་ཐིག་འཛོམ་པ་ནས་སྔར་གྱི་ཟླུམ་པོའི་ཕྱེད་ཀྱི་ཚད་ཀྱི་ཟླུམ་པོ་བསྐོར། དེ་གཉིས་ཀྱི་དཀྱིལ་དྲང་པོར་བཏབ་པས་ཚངས་ཐིག་གཉིས་པ་འབྱུང་། དེ་བཞིན་དུ་ལྷོ་བྱང་གི་ཟླུམ་པོ་ཚངས་ཐིག་གཉིས་པ་དང་འཛོམ་པའི་ས་ནས་ཟླུམ་པོ་སྔར་བཞིན་བསྐོར་བས་མཚམས་བཞིར་ཉ་བཞི་འབྱུང་། དེའི་ཁ་ནས་ཐིག་སྐུད་ཐེན་པས་ཟུར་ཐིག་བཞི་འབྱུང་། དེ་ནས་དཀྱིལ་འཁོར་ཇི་ཙམ་བྱེད་པའི་ཟུར་གྱི་མཚན་མ་ཟུར་ཐིག་སྟེང་དུ་བྱ། གཞན་ནས་འབྱུང་བའི་ཆ་ཆེན་བཅུ་དྲུག་དང་ཆ་ཆུང་གི་ཆ་དབྱེ་བ་རྣམས་བྱས་ལ། ལྟེ་བ་ནས་ཕྱི་རོལ་ཏུ་ཆ་ཆེན་གཅིག་དང་ཆ་ཆེན་གསུམ་ཕྱིན་ཏེ་ཟླུམ་པོར་བསྐོར། དེའི་ཕྱིར་ཆ་ཆེན་རེ་རེ་ཡོད་པ་ལན་གཉིས་སུ་བསྐོར། ཟླུམ་ཐིག་ཕྱི་མའི་ཕྱེད་ཆ་ནས་ཐིག་བརྒྱད་པདྨའི་གཅུས་ཐིག་བཞིན་གདབ། ཕྱོགས་མཚམས་ཀྱི་ལྟེ་བ་ནས་གཙོ་བོའི་གནས་ལ་མ་རེག་ཙམ་གྱི་ཟླུམ་ཐིག་རེ་བསྐོར། གཙོ་བོའི་སྒོ་ཟླུམ་ཐིག་གི་ཤར་ནས་ཆ་ཆུང་གཉིས་ནང་དུ་ཕྱིན་ཏེ་བཅད་པས་གྲུབ། དེ་རྗེས་གཅུས་ཐིག་གི་བཅད་ཁ་ནས་སྒོ་དང་སྒོ་ཁྱུད་སྒོ་ལོགས་མཉམ་པ་བྲི། ཕྱི་རོལ་ཏུ་སྣ་ཚོགས་རྡོ་རྗེ་འདེད་པ་ལྟར་ན་པདྨ་དང་། མི་འདོད་པ་ལྟར་ན་ཟུར་ཐིག་གི་རྩེ་ནས་ཟླུམ་ཐིག་གཅིག་དང་། དེ་ནས་ཆ་ཆེན་གཅིག་དོར་བར་དམ་ཅན་གྱི་གནས་དང་ཡང་ཆ་ཆེན་གཅིག་དོར་བར་དུར་ཁྲོད་དང་། ཡང་ཆ་ཕྲན་གཉིས་ཀྱིས་རྡོར་ར་དང་། ཆ་ཆེན་གཅིག་གིས་མེ་རིའི་ཟླུམ་བསྐོར་བྱའོ། །གཉིས་(༢༣ན)


GLG022_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡེ་ཤེས་ཀྱི་ཐིག་གདབ་པ་ལ། གནམ་ཐིག་དང་ས་ཐིག་གཉིས་ལས། དང་པོ་གནམ་ཐིག་གདབ་པ་ནི། ཁྲག་འཐུང་གལ་པོ་ལས། རས་བལ་པདྨའི་རྒྱུས་པ་དང་། ཤི་བའི་སྐྲ་ཡི་སྐུད་པའམ། བྷ་སུ་ཏ་ཡི་ཐིག་སྐུད་བྱ་ཞེས་བྱུང་བའི་སྐུད་པའི་རྒྱུ་དང་འཁེལ་མཁན། ཁྲོ་བོ་པུཎྜ་རཱི་ཀ་ལས། གཟུང་མ་མཚན་དང་ལྡན་པ་གཅིག །ལས་ཀྱི་རྡོ་རྗེ་མོར་དབང་བསྐུར། །ཐིག་སྐུད་འཁེལ་དུ་གཞུག་པའོ། །ཞེས་དང་། གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ལས། ཤེས་རབ་མཚན་དང་ལྡན་པས་བཀལ་བ་ཡི། །ཐིག་སྐུད་བྱང་ཆུབ་སེམས་དང་ལྡན་པས་གདབ། །ཅེས་པ་ལྟར་རས་བལ་གྱི་ཐིག་སྐུད་སྣ་ལྔ་སོ་སོར་འཁེལ་དུ་བཅུག་སྟེ་འདུ་བྱས་པ་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་བཀོད། ཚོན་གྱི་ཆོ་ག་འོག་ཏུ་བྱུང་ཡང་འཇུག་པ་བདེ་ཕྱིར་ཏིང་ཕོར་ལྔར་ཚོན་ལ་རིགས་ལྔའི་ས་བོན་བྲིས་པ་དང་ཐིག་སྐུད་ལྔ་ཕྱོགས་མཚུངས་སུ་བཞག་ལ་མཆོད་པ་བཤམས། སུམྦྷས་དབང་གཞུང་དུ། རིགས་ཀྱི་ཡི་གེས་ལྷར་བསྐྱེད་ཅིང་དགུག་གཞུག་མཆོད་བསྟོད་བྱ་ཚུལ་ཕྱོགས་མཚུངས་ཤིང་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་ཚོན་བྱིན་བརླབ་བཤད། བསངས། སྭ་བྷཱ་ཝས་ཐིག་ཚོན་སྦྱངས། སྟོང་པའི་ངང་ལས་དབུས་དང་ཕྱོགས་བཞིར་པཾ་པདྨ་མཎྜལ། ཨ་ཙནྡྲ་མཎྜ་ལ། མ་སཱུཪྻ་མཎྜ་ལ། མཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ ཨིནྡ་ཛཿཡ་མ་ཛཿ ཝ་རུ་ཎ་ཛཿ ཀུ་བཻ་ར་ཛཿ ཞེས་པདྨ་དང་ཟླ་ཉིའི་གདན་གྱི་དབུས་སུ་དབང་ཕྱུག་ཡབ་ཡུམ་དང་ཕྱོགས་བཞིར་རང་རང་གི་ཕྱོགས་སྐྱོང་རྣམས་བཀུག་སྟེ་གནས་པར་བསམ། ལས་བྱང་ནས་བྱུང་བའི་ཧཱུཾ་ཏིཥྛ་རཏྣ་སཱུཪྻ་ཨོཾ་ཞེས་པ་ནས་བཟུང་སྟེ། སྥ་ར་ཎ་ཕཊ་བྱང་སེམས་དཀར་དམར་འདྲེས་ཞེས་པའི་བར་དཀྱུས་ལྟར་ལ། སྲས་ཀྱི་ས་བོན་ཧཱུཾ་ཨོཾ་སྭཱ་ཨཾ་ཧཱ། ལྔར་གྱུར་ཡུམ་གྱི་མཁའ་ནས་གདན་སྟེང་དུ། བབས་པ་ཞུ་སྟེ་ཐིག་ཚོན་(༢༣བ)


GLG022_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲེས་པས། དབུས་སུ་བཛྲ་ཧེ་རུ་ཀཿསྔོན་པོ། ཤར་དུ་བུདྡྷ་ཧེ་རུ་ཀཿདཀར་པོ། ལྷོ་རུ་རཏྣ་ཧེ་རུ་ཀཿསེར་པོ། ནུབ་ཏུ་པདྨ་ཧེ་རུ་ཀཿདམར་པོ། བྱང་དུ་ཀརྨ་ཧེ་རུ་ཀཿལྗང་གུ །ཞལ་གཅིག་ཕྱག་གཉིས་གཡས་པ་རྡོ་རྗེ་དང་། འཁོར་ལོ་རིན་ཅེན་པདྨ་རྒྱ་གྲམ་བསྣམས། གཡོན་པ་རང་རྟགས་ཡུ་བ་བྱས་པ་ཡི། །དྲིལ་བུ་བཟུང་ནས་ཡུམ་དང་མཉམ་པར་སྦྱོར། །དུར་ཁྲོད་ཆས་ཅན་ཞབས་གཡོན་བརྐྱངས་ཏེ་བཞུགས། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་བསམ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སེམས་དཔའ་ས་མཱ་ཛཿས་སྤྱན་དྲངས་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་བསམ། ཨོཾ་བཛྲ་ཨ་ཧ་ར་སོགས་ཀྱིས་མཆོད། ལྷ་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པས་སྲད་བུ་དང་ཚོན་གྱི་རྣམ་པར་བསམ། རུ་ལུ་འབྲུ་བརྒྱད་ཀྱི་རྗེས་སུ་སུ་ཏྲཾ་མ་ཏིཀྲ་མ་ཧཱུཾ། ཞེས་པ་བརྒྱ་རྩ་བཟླས་པ་སྲད་བུ་དང་ཙི་ཏྲ་མ་ཏི་བཛྲ་ས་མ་ཡ་ཧཱུཾ་ཨཱཿ ཞེས་བརྒྱ་རྩ་བརྒྱད་ཀྱིས་ཚོན་བརླབ་ཐིག་ཚོན་ཨོཾ་ཨཱཿཧཱུཾ་གིས་མཚན་པའི་འོད་ཀྱིས་སྐུ་གསུང་ཐུགས་ཀྱི་ལྷ་ཐམས་ཅད་སྤྱན་དྲངས། ཡིག་འབྲུ་ལ་ཐིམ། འོད་དུ་ཞུ་བས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ་ཚོན་རྣམས་རིན་པོ་ཆེའི་རང་བཞིན་དུ་བསམས་ལ་ཨོཾ་ཨཱཿཧཱུཾ་མང་དུ་བཟླ། དེ་ནས་བདག་གི་ཐུགས་ཀ་ནས་རྟ་མཆོག་རོལ་པ་སྤྲུལ་པར་བསམས་ཤིང་། ཀརྨ་བཛྲ་ཧཱ་ཞེས་པ་དང་ཨོཾ་དཱིབྟ་པཥྚ་ཏིཥྛ་ཨཾ་ཀུ་ཤ་དབང་གཞུང་ནས་བཤད། ཛྫཿཛྫཿཛྫཿཛྫཿཛྫཿཛྫཿཞེས་བརྗོད་དེ་ཐིག་སྐུད་རྣམས་ཤར་ནས་ནུབ་ཏུ་རྩ་བར། དཀྱིལ་འཁོར་ནུབ་ཕྱོགས་དེ་བཞིན་བཞེད། །ཅེས་པར་སོ་མཆན་དུ་སློབ་དཔོན་གྱིས་དགོངས་པ་ནུབ་ནས་མཛད་པར་ངོས་བཟུང་། རིམ་བཞིན་བརྐྱངས་ལ་ཐབས་ཀྱི་གསང་གནས་སུ་དྲངས་ཏེ་ཨོཾ་ཨཱཿཧཱུཾ་ཛྫཿཛྫཿཛྫཿཛྫཿ དཔོན་སློབ་གཉིས་ཀྱིས་གཅིག་ཏུ་བསྒྲིལ་ཞིང་། འཇིག་རྟེན་ཁམས་ནི་མ་ལུས་པའི། །སེམས་ཅན་རྣམས་ཀྱི་དོན་བྱའི་ཕྱིར། །(༢༤ན)


GLG022_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་མ་ལུས་ཀུན། །བྱང་ཆུབ་སེམས་ནི་གཅིག་ཏུ་བསམ། །ཨ་ནྱོ་ནྱ་ཨ་ནུ་གཱ་ཏཱཿསརྦྦ་དྷརྨྨཱཿསྥ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦྦ་དྷརྨྨཱ་ཨ་དྱནྟ་ཨ་ནུ་པྲ་བིཥྚཿསརྦྦ་དྷརྨྨཱ་ཞེས་བརྗོད། བདུད་རྩི་ལྔའི་ཆུས་བྱུགས་ཤིང་ཨོཾ་ཨཱཿཧཱུཾ་བཟླས་ལ། རྡོ་རྗེ་དྲིལ་བུ་ཐོགས་ཏེ། སློབ་དཔོན་ནུབ། སློབ་མ་ཤར་དུ་འདུག་པས། ཁྲག་འཐུང་གལ་པོ་ལས། ཧཱུཾ། བཀྲ་ཤིས་མཚན་ལྡན་གཟུང་མ་ཡུམ། །ཞལ་ནས་ཨུཏྤལ་ངད་ལྡང་ཞིང་། །སྐད་ཀྱང་ངང་པ་གཞོན་ནུ་འདྲ། །སྙན་པར་སྨྲ་ཞིང་ཚུལ་དང་ལྡན། །བཀྲ་ཤིས་མཚན་ལྡན་ཡིད་དུ་འོང་། །མཉེན་ལྕུག་འཁྲིལ་ལྡེམ་དབྱེར་མི་ཕྱེད། །རྡོ་རྗེ་ལས་ཀྱི་དངོས་གྲུབ་མ། །གཉིས་མེད་སྦྱོར་བའི་བྱིན་རླབས་ཀྱི། །གསང་བའི་དཀྱིལ་འཁོར་ཐིག་འདེབས་ཀྱི། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བའི་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །ཡེ་ཤེས་གཞལ་ཡས་ཕོ་བྲང་ལྷུན་གྱིས་གྲུབ། །ཨོཾ་གུ་ཧྱ་ཨ་གྲ་ཛྙཱ་ན་མཎྜ་ལ་ཧཱུཾ། དབང་གཞུང་ལས། སྟོབས་ཆེན་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་ལེ་སྒྲ་ལྡན་པས། །ནམ་མཁར་དཀྱིལ་འཁོར་ལེགས་གྲུབ་ཅིང་། །འགྲོ་བའི་དོན་ལ་བསྐུལ་བར་བྱ། །ཨོཾ་བོ་དྷི་ཙིཏྟ་སརྦ་སཏྭ་ཧཱུཾ། ཞེས་ཚངས་ཐིག་དང་པོ་ནམ་མཁར་འོང་ནས་སྟེང་དུ་གདབ་ལ་སངས་རྒྱས་ཐམས་ཅད་བྱོན་ནས་ཐིག་ལ་ཐིམ་པར་བསམ་མོ། །གཉིས་པ་ས་ཐིག་གདབ་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཐབས་དང་ཤེས་རབ་ལྡན་པའི་བྱིན་རླབས་ལས། །གསང་བ་མཆོག་གི་དཀྱིལ་འཁོར་ཆེན་པོ་འདིར། །གསང་བ་བྱང་ཆུབ་སེམས་ཀྱི་ཐིག་བཏབ་པས། །དུར་ཁྲོད་བརྡལ་བའི་གཞལ་ཡས་ལྷུན་གྱིས་གྲུབ། །ཨོཾ་བཛྲ་སྔགས་འདིས་ས་ཐིག་གདབ་ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་དང་པོ་ནས་བཤད། སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་ཤར་ནུབ་ཀྱི་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་སློབ་དཔོན་ལྷོ། སློབ་མ་བྱང་(༢༤བ)


GLG022_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པས་ཚངས་ཐིག་གཉིས་པ་གདབ། སློབ་དཔོན་མེ། སློབ་མ་དབང་ལྡན་དུ་གནས་པས་ཤར་ཕྱོགས་གདབ། སློབ་དཔོན་ནུབ་བྱང་། སློབ་མ་སྲིན་པོར་གནས་པས་ནུབ་ཕྱོགས་གདབ། སློབ་དཔོན་དེ་ཉིད། སློབ་མ་དབང་ལྡན་དུ་གནས་པས་བྱང་ཕྱོགས་གདབ། སློབ་དཔོན་མེ། སློབ་མ་བདེན་བྲལ་དུ་གནས་པས་ལྷོ་ཕྱོགས་གདབ། སློབ་དཔོན་དེ་ཉིད། སློབ་མ་ལུང་དུ་གནས་པས་ཟུར་ཐིག་དང་པོ། སློབ་དཔོན་བདེན་བྲལ། སློབ་མ་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་གདབ། འབྲོས་འདེད་ཀྱི་ཚུལ་གྱི། དེ་ནས་དཔོན་སློབ་གཉིས་ནུབ་དང་ཤར་དུ་གནས་པས་ཐིག་སྐུད་བསྡུ། དབང་གཞུང་གི་དགོངས་དོན་བསྡུས་པ་ཡེ་ཐིག་ལ་མཆོད་བསྟོད་བསྡུས་པ་ཞིག་བྱས་ཏེ་གཤེགས་སུ་གསོལ། རང་ལྷར་གསལ་བའི་མིག་གཉིས་ཉི་ཟླར་བསམ། ཧི་ཞེས་ལྟ་སྟངས་དང་བཅས་རྡོ་རྗེ་སློང་བའི་ཕྱག་རྒྱ་དང་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཤིང་སྒོ་དབྱེ། དེ་ནས་ཕྱོགས་མཚམས་ཐམས་ཅད་ནས་མཉམ་པ་ཉིད་དུ་དམིགས་ནས་ཚིག་འདིས་དག་པར་བྱའོ། །ཨོཾ་ཐམས་ཅད་རྣམ་འཕྲུལ་རང་བཞིན་མཆོག །དངོས་མེད་ཞི་བའི་འོད་ལྡན་གསལ། །རྡོ་རྗེ་འཛིན་པ་གཏེར་ཆེན་འཛིན། །དཀྱིལ་འཁོར་དག་པར་བྱིན་གྱིས་རློབས། །མཉམ་པའི་སྔགས་བློ་རྣམ་གསལ་བས། །ཉེས་པའི་ཟུག་རྔུ་དག་པར་བྱ། །ཞེས་བརྗོད་ཅིང་ཐམས་ཅད་ལྷའི་རང་བཞིན་དུ་ལྟའོ། །བརྒྱད་པ་ལྷ་སྟ་གོན་ལ་ལྷ་བསྐྱེད། མཆོད་བསྟོད། སྙན་གསན་དང་གསུམ་ལས། དང་པོ་ལྷ་བསྐྱེད་པ་ནི། ཏིང་འཛིན་རྣམ་གསུམ་སྔ་འགྱུར་ཕལ་ཆེར་ལས་བྱང་གི་སྔོན་འགྲོ་རྣམས་ཀྱང་མཛད་པ་ཤས་ཆེ་ཞིང་དབང་གཞུང་དུའང་སྦྱོང་བ་དང་སྲུང་བ་བྱིན་གྱིས་བརླབ་པ་ཞེས་བྱུང་བ་ལྟར་བྱས་ཀྱང་མི་ལེགས་པ་མ་ཡིན་མོད་འདིར་རྟོགས་པར་སླ་བ་དང་ཕྱོགས་མཚུངས་པར་བྱས། བསྒོམ་པ་ནས་ཕྱི་རོལ་ཁ་དོག་སྣ་ལྔའི་མེ་དཔུང་འབར་ཞེས་པ་ཡན་ལས་དབང་གཞུང་དུ་གཞིའི་ཏིང་ངེ་འཛིན་རང་རྟེན་གྱི་ཏིང་ངེ་འཛིན་དང་བརྟེན་པའི་ཏིང་ངེ་འཛིན་གྱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསལ་བར་བྱ། ཞེས་ཀྱང་། བྱང་ལྟར་བསྐྱེད། དེ་ནས་རང་(༢༥ན)


GLG022_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྔགས་ལན་བདུན་རེ་བརྗོད་ཅིང་གཙོ་བོར་གྲུ་བཞི་དང་གཞན་དབང་གཞུང་དུའང་འདི་བཞིན་བྱུང་། རྣམས་ལ་ཟླུམ་པོར་དིའི་ཐིག་ལེ་བྱ། པཾ་པདྨ་མཎྜལ་ཞེས་མེ་ཏོག་གི་ཚོམ་བུ་སྒོམ་མཆོད་ལྷ་སོ་སོའི་མདུན་དུ་མར་མེ་གཡས་སུ་ཞལ་ཟས། གཡོན་དུ་སྤོས་བཀོད་པའི་ནང་གི་ཤར་མཆོད་ཡབ། ནུབ་མཆོད་ཡུམ། ནུབ་ཕྱི་མ་གཽ་རཱི་མ། འདོད་སྣམ་གྱི་ཐད་ནས་གཡས་སྐོར་དུ་ཕྱི་མཆོད། སྨན་རཀ་གཏོར་གསུམ་སོགས་བཤམ། སྒོས་མཆོད་ངོར་རྫོང་གི་ལུགས་ལྟར་ཞིབ་ཏུ་བྲིས་མོད། དབང་གཞུང་དུའང་མཆོད་པའི་ཚོགས་དགྲམ་ཞེས་བཤད། དགོད། ཨ་ཙནྡྲ་མཎྜལ། མ་སཱུཪྻ་མཎྜལ། མཧཱ་དེ་ཝ་ཛཿ ཨུ་མ་དེ་ཝཱི་ཛཿ མ་ཏྲཾ་ཛཿ ཞེས་རང་རང་གི་གདན་བསྐྱེད། ཧཱུཾ། དཔལ་ཆེན་ཡང་དག་བཛྲ་ཧེ་རུ་ཀཿཞེས་པ་ནས། འཕྲོ་འདུ་བ་ཐག་གཟིངས་པ་ལྟ་བུར་གསལ་གྱི་བར་ལ་ཡུམ་གྱི་སྔགས་དོར། ཤར་དུ་གཽ་རཱི་སྔོན་མོ་ཕྱག་གཡས་ཀྱི་ཞེས་སོགས་ལྷ་མོ་བརྒྱད་ཀྱི་སྔགས་རྣམས་དོར་བའི་ཚིགས་བཅད་དཀྱུས་བཞིན་དང་སྙན་གསན་དབབ་པ་ནས་ཕྱག་འཚལ་བའི་བར་བྱ། གཉིས་པ་མཆོད་བསྟོད་བྱ་བ་ནི། ལས་བྱང་གི་མཆོད་རྫས་བྱིན་རླབས་བྱས་རྗེས་ཕྱི་མཆོད་ནས་བསྟོད་པའི་བར་བརྗོད། གསུམ་པ་སྙན་གསན་དབབ་པ་ནི། དབང་གཞུང་ལས། དེ་ནས་པུས་མོ་བཙུགས་ཏེ་གཡས་སྤོས་སྣོད་ཐོགས་ལ་གཡོན་པས་དྲིལ་བུ་འཁྲོལ་ཞིང་ཚིག་འདི་བརྗོད་དོ། །ཧཱུཾ། ཐུགས་རྗེ་ཆེན་པོ་བཅོམ་ལྡན་འདས། །མ་ལུས་སེམས་ཅན་དོན་མཛད་པའི། །རྒྱལ་བའི་དཀྱིལ་འཁོར་སྲས་དང་བཅས། །སྟོབས་མཆོག་རྒྱལ་ཆེན་རྣམས་ལ་བསྟོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཡང་དག་བསྒྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་ནི། །མགོན་གྱུར་ལས་རྣམས་གྲུབ་པའི་ཕྱིར། །རྡོ་རྗེ་གསང་བ་བདག་གིས་བྲི། །བརྩེ་བས་སློབ་མ་རྣམས་ཕྱིར་དང་། །བདག་ཉིད་རྣམས་ལ་མཆོད་པའི་ཕྱིར། །བཅོམ་ལྡན་ཁྱོད་ལ་བདག་གུས་ཏེ། །དགྱེས་མཛད་འོས་པར་གྱུར་པ་ལས། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །བྱ་བ་ཆེན་པོའི་འཁོར་ལོའི་ཕྱིར། །འབྲས་གནས་བྱང་ཆུབ་སེམས་ཚོགས་དང་། །གསང་སྔགས་(༢༥བ)


GLG022_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ལྷ་ཉིད་དང་། །འབྱུང་ཚོགས་འཇིག་རྟེན་སྐྱོང་བ་དང་། །རྫོགས་སངས་རྒྱས་ཀྱི་རྗེས་དགའ་བ། །བསྟན་ལ་དགའ་བའི་འགྲོ་བ་དག །ཡང་དག་རྡོ་རྗེའི་སྤྱན་ལྡན་པ། །རིགས་རྣམས་འདུལ་བའི་དཀྱིལ་འཁོར་གཙོ། །དོན་གྲུབ་གསང་བ་བདག་གིས་བརྩམ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །གནང་བར་མཛད་དུ་གསོལ་ལགས་སོ། །ཞེས་ལན་གསུམ་གསོལ་བ་བཏབ་ཨ་ཧ་ར་སོགས་ཀྱིས་སླར་ཡང་མཆོད་ཅིང་བསྟོད་པའི་ཐོག་མཐའི་ཤོ་ལོ་ཀ་གཉིས་ཀྱིས་བསྟོད་དོ། །དབང་གཞུང་དུ་མཆོད་རྫས། རྣལ་འབྱོར་པའི་རྒྱན་ཆས། སྦྱིན་སྲེག །རྡོ་རྗེ་སེམས་དཔའི་སྦྱོར་བས་ལུས་ངག་ཡིད་གསུམ་གྱི་མཐུ་བསྐྱེད་པར་གསུངས་པ་ནི་བཀའ་བརྒྱད་ལ་ལྷ་སྟ་གོན་གྱི་སྐབས་དཀྱིལ་འཁོར་རྒྱན་དགོད་ཀྱི་མདའ་སོགས་ཉལ་སྟབས་ཀྱི་བཤམས། ལས་གཞུང་བསྲངས་ཏེ་བསྙེན་པ་བྱེད་པར་གསུངས་པ་དང་དགོངས་པ་གཅིག་ཅིང་རྙིང་ལུགས་ཚོར་ཕྱག་ལེན་དར་ནའང་འདིར་བདེ་ཁྱད་དུས་ཕུར་ལྷ་ཁྲ་དང་ཕྱོགས་མཐུན་དུ་བཞག །ཚོགས་གསོག་པར་བཤད་པ་སྔར་གོང་དུ་བསགས་པས་གོ་ཆོད། ཚོགས་མཆོད་དང་བཀང་བཤགས་ནི་དངོས་གཞིའི་སྐབས་སུ་འབྱུང་བས་སོ། །དགུ་པ་བུམ་པ་བསྒྲུབ་པ་ནི། དབང་གཞུང་དུ། བུམ་པ་མགྲིན་རིང་ལྟོ་བ་ཟླུམ། ཞེས་སོགས་བུམ་པ། ཁ་རྒྱན། གཟུངས་ཐག །བུམ་རྫས། སྒྲུབ་ལུགས་སོགས་ཀྱི་སྡོམས་མདོ་ཙམ་བྱུང་བ་དང་རྟོགས་སླ་དགོངས་པ་མཐུན་པ་བརྗོད་བདེར་བཀོད་པ་ནི། འབྱོར་ན་རིན་པོ་ཆེའམ་མ་འབྱོར་ན་རྒྱུས་ལ་སོགས་པ་ལ་བྱས་པའི་བུམ་པ་བཅུ་ཁ་དོག་དཀར་པོར་བསྒྱུར། རས་ཚོན་ལྔས་མགུལ་བཅིངས། ཤིང་འོ་མ་ཅན་ལོ་འབྲས་དང་བཅས་པས་ཁ་བརྒྱན། ནང་དུ་སྨན་ལྔ། འབྲུ་ལྔ། དྲི་ལྔ། རིན་ཅེན་ལྔ། སྙིང་པོ་ལྔ། བདུད་རྩི་དང་ཆུ་སྲོག་ཆགས་མེད་པས་བཀང་། དེ་ནས་པདྨ་འདབ་བརྒྱད་བྲིས་པར་མེ་ཏོག་གི་ཚོམ་བུ་བཀོད་པའི་དབུས་དང་འདབ་མར་འགོད་ཅིང་ལས་བུམ་ལོགས་སུ་བཞག་གོ །སུམྦྷས་བསངས། སྭ་བྷཱ་ཝས་(༢༦ན)


GLG022_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་དཀར་པོ་ལས་བྱུང་བའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་ཀྱི་བུམ་པའི་ལྟེ་བ་དང་ཕྱོགས་མཚམས་བརྒྱད་དུ་པཾ་པདྨ་མཎྜ་ལ་ནས། མ་ཏཾ་ཛཿའི་བར། ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་དུ་མ་སཱུཪྻ་མཎྜ་ལ། མ་ཏཾ་ཛཿ ལས་བུམ་དུ་པཾ་པདྨ་མཎྜ་ལ། མ་སཱུཪྻ་མཎྜ་ལ། ཞེས་གདན་རྣམས་བསྐྱེད། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། ནང་དང་ཕྱིའི་ཕྱོགས་མཚམས་ཀྱི་གདན་ལ་གཾ་ཙཾ་པྲཾ་བཾ་པཾ་གྷཾ་སྨཾ་ཙཾ་དང་ལས་བུམ་གྱི་ནང་དུ་ཧཱ་རྣམས་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཧཱུཾ་དཔལ་ཆེན་ཡང་དག་བཛྲ་ཧེ་རུ་ཀཿནས། སེམས་དཔའ་གསུམ་བརྩེགས་ཀྱི་བར་དང་ལྷ་མོ་བརྒྱད་བསྐྱེད་པ་སོགས་ལས་བྱང་བཞིན་ལ་སོ་སོའི་སྔགས་རྣམས་དོར། ལས་དབང་གཞུང་ལས་བདུད་རྩིར་བྱིནགྱིས་བརླབས་པའི་ཆུ་འཐོར་ཞིང་རྟ་མཆོག་གི་སྔགས་ཀྱིས་བསྲུང་ཞེས་ཁུངས་དང་འབྲེལ། བུམ་ནང་དུ་ཧཱ་ལས་བདག་ཆེན་སྔགས་འཆང་པས། ས་ཕུར་ནས་འཁྱིལ་བ་གཡར་པོ་མཛད་འདུག་ཀྱང་འདི་གའི་སྒོས་ལྷ་རྟ་མཆོག་རོལ་པ་ཡོད་པས་དོག་འཚང་མི་མཛད་པ་ཞུ། རྟ་མཆོག་ལྗང་ཞེས་པ་ནས། སྣ་ཚོགས་རྡོ་རྗེ་ཐོད་པ་ཐོགས་པས་འཁྲིལ་ཞེས་པའི་མཇུག་ཏུ། ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །སྙན་གསན་དབབ་པ་ནས་བཟུང་ཕྱག་འཚལ་བའི་བར་དང་ཨརྒྷཾ་མེ་ཏོག་ཅེས་སོགས་ཞི་སྒྲུབ་ལྟར་ལ་སྔགས་བཛྲ་ས་ཏྭའི་ཚབ་ཤྲཱི་ཧེ་རུ་ཀར་བསྒྱུར། བསྟོད་པ་ཐོག་མཐའི་ཤློ་ཀ་གཉིས་ཀྱིས་བསྟོད། གཟུངས་ཐག་ནས་བཟུང་སྟེ་གཙོ་བོའི་སྔགས་བརྒྱ་སྟོང་སོགས་ཇི་ལྟར་རིགས་པ་དག་དེ་ལས་རིམ་གྱིས་ཕྲི་བའི་འཁོར་གྱི་སྔགས་དང་ལས་ཐམས་ཅད་བཛྲི་ཧ་སོགས་དང་སུམྦྷ་བཟླ་ཞིང་མཐར་རུ་ལུ་དང་ཧཱུཾ་བརྗོད་པས་རྣམ་རྒྱལ་(༢༦བ)


GLG022_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ཐམས་ཅད་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཡོངས་སུ་གང་བར་བསམ། ལས་བུམ་ལ་དམིགས་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྣམས་མཐར་མ་ཕྱིན་གྱི་བར་བགེགས་བཟློག་པའི་འཕྲིན་ལས་མཛད་དུ་གསོལ། ཅེས་འཕྲིན་ལས་གཞོལ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་རས་ཡུག་གི་སྟེང་དུ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་སྟེང་དུ་གཙོ་བུམ་ཤར་དང་གཞན་རྣམས་རང་རང་གི་ཕྱོགས་སུ་བཞག །ལས་བུམ་བྱང་ཤར་དུ་དགོད་དོ། །བཅུ་པ་སློབ་འདི་ནས་སློབ་མ་སྟ་གོན་མ་རྫོགས་ཀྱི་བར་ཁུངས་སྨོས་པ་དང་འཚམས་སྦྱོར་མ་གཏོགས་དབང་གཞུང་བཞིན་ནོ། །མ་སྟ་གོན་ལ་སྤྲོ་བ་སྐྱེད། སྡོམ་གཟུང་། བྱིན་བརླབ། སོ་ཤིང་། དྲི་ཆུ། ཀུ་ཤ །སྲུང་སྐུད། ཆོས་བཤད། གཏོར་མ། མཆོད་བསྟོད། རྨི་ལམ་སྟེ་བཅུ་གཅིག་ལས། དང་པོ་སྤྲོ་བ་བསྐྱེད་པ་ནི། བགེགས་གཏོར་བསྔོ་ཞིང་ཐུན་གྱིས་བྲབ། སརྫ་རཱ་ཛའི་སྤོས་ཀྱིས་བདུག །སློབ་མ་རྣམས་ཁྲུས་བྱས། ཕྱག་བཙལ། རྩ་བར། སྲོག་ལུས་མན་ཆད་རྫས་ཀྱི་རྣམ། །བླ་མ་མཉེས་པར་བྱ་ཕྱིར་དབུལ། །ཞེས་པའི་སོ་མཆན་དུ། དགོངས་འདུས་ཀྱི་ལུང་དྲངས་པར། སྐྱོ་དུབ་མེད་པའི་དད་པ་དང་། གྱོང་སེམས་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་རྒྱུ་མེད་པའི་དྲང་བརྟན་དང་། ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་དབུལ། །ཞེས་པ་ལྟར། སྔོན་དུ་མཎྜལ་འབུལ་དགོས་པས་དྲི་བཟང་གི་ཆུ་དང་མེ་ཏོག་བཀྱེ་བསྡུ་སོགས་ཕྱག་ལེན་ལྟར་བྱས་རྗེས། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ། གཞི་དབང་ཆེན་དག་པ་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ་ཧཱུཾ་རིའི་རྒྱལ་པོ་རི་(༢༧ན)


GLG022_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཞབས་དྲུང་དུ། སློབ་མ་སྟ་གོན་གྱི་ཆོས་ཟབ་མོ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་མདུན་དུ་འདུག་ལ། བུ་ཁྱོད་ཚུལ་ལྡན་སྣོད་ཡིན་པས། །ཐེག་ཆེན་གསང་བའི་གཞུང་བཞིན་ཉོན། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་སངས་རྒྱས་ཚོགས་འདས་རྣམས་དང་། །དེ་བཞིན་གང་དག་མ་བྱོན་དང་། །དེ་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གནས་བཞུགས་ལ། །དེ་ཀུན་གསང་སྔགས་ཟབ་མོ་ཡི། །ཆོ་ག་ཟབ་མོ་འདི་རྟོགས་ནས། །སྐྱེས་མཆོག་རང་གི་གནས་ཉིད་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །བཅོམ་ལྡན་ཆེ་གེའི་དཀྱིལ་འཁོར་གྱིས། །བདུད་ཚོགས་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་མཐའ་དག་རྣམ་བཅོམ་པས། །དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཕྱིར། །བུ་ཁྱོད་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། གཉིས་པ་སྡོམ་པ་གཟུང་བ་ལ་སྐྱབས་སུ་འགྲོ་ཞིང་དམ་བཅའ་བ། སྡིག་བཤགས། ཡི་རང་། སེམས་བསྐྱེད། སྡོམ་གཟུང་དངོས་དང་ལྔ་ལས། དང་པོ་སྐྱབས་སུ་འགྲོ་ཞིང་དམ་བཅའ་བ་ནི། སློབ་མས་སྦྱོར་དང་དངོས་གཞི་ཡི། །དང་པོ་ཡན་ལག་རྣམས་བཀོད་དེ། །ཞེས་པ་ལྟར། དབང་པོ་དུལ་ཞིང་(༢༧བ)


GLG022_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་མ་ཡེངས་པས་པུས་མོ་བཙུགས། ཐལ་མོ་སྦྱར། མགོ་བོ་འདུད་དེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་སྐྱབས་སུ་འགྲོ་བར་བགྱི། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། །འཁོར་ལོ་བཞུགས་པའི་བདག་ཉིད་རྣམས། །ཀུན་ལ་སྐྱབས་སུ་འགྲོ་བར་བགྱི། །དཔའ་བོ་ཕོ་མོ་འཁོར་བཅས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་བགྱི། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཀྱིལ་འཁོར་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དེ་ཡི་ཚངས་སྤྱོད་གཉིས་མེད་པར། །བདག་གི་སྡོམ་པ་མ་ལུས་གཟུང་། །ཞེས་ལན་གསུམ་གྱིས་སྡོམ་པ་གཟུང་བར་ཁས་བླངས། གཉིས་པ་སྡིག་པ་བཤགས་པ་ནི། དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་ཅོག་གསུམ་པོ་གཟུང་བར་བྱ། །བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་སྩལ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་པའི་རྗེས་ཟློས་བྱེད་དུ་གཞུག །གསུམ་པ་རྗེས་སུ་ཡི་རང་བ་ནི། རྒྱལ་བ་སྲས་བཅས་ཚོགས་རྣམས་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དད་པས་རབ་ཏུ་ཡི་རང་ངོ་། །ཞེས་བརྗོད་དུ་གཞུག་གོ །བཞི་པ་སེམས་བསྐྱེད་པ་ནི། དགེ་བའི་ཚོགས་མང་སྤེལ་བའི་ཕྱིར། །བྱང་ཆུབ་གཉིས་མེད་དོན་བསྐྱེད་ནས། །འགྲོ་རྣམས་དེ་རིང་དོན་དུ་གཉེར། །སངས་རྒྱས་གྱུར་ནས་བདག་གིས་ནི། །འགྲོ་རྣམས་སྲིད་པའི་གནས་ལས་འདོན། །ཞེས་ཁས་ལེན་དུ་གཞུག །ལྔ་པ་སྡོམ་པ་གཟུང་བ་ནི། སེམས་(༢༨ན)


GLG022_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་སྐོར་བྱེད་ཅིང་། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གུས་པས་སྐྱབས་སུ་མཆི། །སངསརྒྱས་རྣམ་འབྱུང་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །ཐུབ་མཆོག་བྱང་ཆུབ་རྒྱ་ཆེན་པོ། །འགྲོ་བ་རྒྱ་ཆེན་དོན་ལ་དམིགས། །མགོན་རྣམས་བདག་ལ་དགོངས་སུ་གསོལ། །མ་ལུས་ཕྱོགས་བཞུགས་དཀྱིལ་འཁོར་རྣམས། །དུས་འདི་ཉིད་ནས་སངས་རྒྱས་ལ། །བླ་མེད་རྒྱ་ཆེན་དང་བར་གཟིགས། །ཇི་ལྟར་དུས་གསུམ་བདེ་གཤེགས་རྣམས། །བྱང་ཆུབ་མཆོག་ཏུ་ངེས་མཛད་ནས། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་ཅོག་གསུམ། །དེང་ནས་བརྩམས་ཏེ་བཟུང་ནས་ནི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཅེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བྱ། །ལས་ཀྱི་རིགས་མཆོག་ཆེན་པོ་ཡི། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་མཆོག་(༢༨བ)


GLG022_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་ཅིང་། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་གྲོལ་བ་རྣམས་གྲོལ་བར་བྱ། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །ཐམས་ཅད་མྱ་ངན་འདས་ལ་འགོད། །དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་སངས་རྒྱས་མྱུར་འགྲུབ་ནས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་གནས་པར་བགྱི། །ཞེས་རིག་པ་འཛིན་པའི་སྡོམ་པ་ལེན་དུ་གཞུག །གསུམ་པ་བྱིན་གྱིས་བརླབ་པ་ནི། གནས་གསུམ་མཚན་མ་ཡི་གེར་བཅས། །རྡོ་རྗེ་སྔགས་བཅས་དྲི་ཡིས་བྱུགས། །ཞེས་པའི་དོན་བཞིན། སློབ་མ་རྣམས། སུམྦྷས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་ཟླ་ཉི་ལྷ་ཆེན་ཡབ་ཡུམ་གྱི་སྟེང་དུ་ཧཱུཾ་ལས་སློབ་མ་རྣམས་བཛྲ་ཧེ་རུ་ཀཿནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔུའུ་ཆུང་། གཡོན་གསུམ་དྲིལ་བུ་དུང་དམར་རྒྱུ་ཞགས་འཛིན་པ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་གསལ་གདབ། སློབ་དཔོན་རྡོར་དྲིལ་འཛིན་པའི་ལག་པ་གཡས་ཀྱིས་སློབ་མའི་གནས་གསུམ་དུ་དྲི་ཆུས་རེག་ཅིང་འབྲུ་གསུམ་བརྗོད་པའི་རྐྱེན་གྱིས་སློབ་མའི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཞེས་པ་ནས། གཡོན་བརྐྱང་གིས་བཞུགས་པའི་བར་ལས་བྱང་བཞིན། དེ་ལྟར་གྱུར་པ་མཆོད་པའི་ཡུལ་དུ་བཟང་བས་དབུ་ལ་མེ་ཏོག །ཤངས་ལ་བདུག་སྤོས། སྤྱན་ལམ་དུ་མར་མེ། ཐུགས་ཀར་དྲིའི་བྱུག་པ་རྣམས་སོ་སོའི་སྔགས་ཀྱིས་དབུལ། བདག་པོ་སྔགས་འཆང་པས་མ་ཏྲཾ་གི་སྐབས་ལུས་དང་ཡན་ལག་ལ་བཀོད་པའི་ལྷ་ཐོར་བུ་འགོད་ས་ནོར་བ་ཞིག་(༢༩ན)


GLG022_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བླངས་འདུག་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་རྐང་ལག་ལ་ལྷ་འགོད་པ་གསར་རྙིང་ཕལ་ཆེར་ལ་མ་གྲགས་པའི་གསེར་གར་བླུག་ལས་གྲུབ་པའི་དངུལ་སྐུ་མཐོང་བ་དོན་ལྡན་ཡིན་པ་འདུག་ཅིང་། གནས་གསུམ་མཚན་མ་ཡི་གེར་བཅས། །ཞེས་པ་ལས་བདག་པོ་ཀུན་རིན་པའི་མཁྱེན་རབ་དེ་འདྲ་ཧཱུཾ་ཀཱ་རའི་ཐུགས་ལ་མ་ཤར་བར་སྣང་། བཞི་པ་སོ་ཤིང་སྦྱིན་པ་ནི། ཨུ་དུམྦཱ་ར་ལ་སོགས་ཤིང་། །དྲང་པོ་གས་མེད་འབུ་རྗེས་བྲལ། །སོར་ཚད་བཅུ་གཉིས་དྲི་ཡིས་བྱུགས། །རྩེ་མོར་མེ་ཏོག་བཅས་པ་ལ། །ཞེས་པ་ལྟར་སློབ་དཔོན་གྱིས་རིག་སྔགས་མང་དུ་བཟླས་ཏེ་མཚན་ཉིད་དང་ལྡན་པའི་སོ་ཤིང་དོར་བའི་གཞི་ཡང་། ས་གཞི་བ་ཡི་ཀོ་བའི་ཚད། །རྣམ་ལྔ་མཎྜལ་བྱས་པ་རུ།། ཞེས་གཤིན་རྗེའི་ཕྱོགས་སུ་མཎྜལ་ལ་བ་བྱུང་ལྔ་ཀོ་བའི་སྲབ་འཐུག་ཙམ་བྱུགས་ནས། པདྨ་འདབ་བརྒྱད་བྲིས་པར་སློབ་མ་བཞག་པ་ལ་སྦྱིན། ཤར་ཕྱོགས་ཁ་བལྟས་མི་སྨྲ་བར། །བཅའ་ཞིང་ལྕེ་ཡི་སྐྱོན་བསལ་ནས། །ཞེས་པའི་དོན་ལྟར་ཁ་ཤར་དུ་བསྟན་ལ་རྩ་བ་མ་འཆོས་པར་དོར་དུ་བཅུག་པས་མཚན་ལྟས་ཀྱང་། རྩེ་མོ་བདག་ལ་བསྟན་པ་དང་། །རྩེ་མོ་གྱེན་ལ་ཕྱོགས་གྱུར་ན། །མཆོག་གི་དངོས་གྲུབ་མཚན་མ་ཡིན། །མཚམས་དང་བྱང་དུ་ཁ་བལྟས་ན། འཇིག་རྟེན་པ་ཡི་ལས་འགྲུབ་འགྱུར། །རྩེ་མོ་ཐུར་དུ་བསྟན་པས་ནི། །ས་འོག་དངོས་གྲུབ་ངེས་པར་འགྲུབ། །ཕྱོགས་བཞི་རྩེ་མོ་བྱེ་བྲག་གིས། །ལས་བཞིའི་མཚན་མ་ཤེས་པ་ར་བྱ། །ཞེས་པའི་དོན་བཤད། ལྔ་པ་དྲི་ཆུ་བླུད་པ་ནི། དྲི་ཆབ་བྱིན་བརླབས་སྔགས་ལྡན་པའི། །འཐོར་འཐུང་ཁྱོར་ཆུས་ཁ་བཤལ་བྱ། །ཞེས་པ་ལྟར་སློབ་མའི་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བྱེད་པའི་ཆུ། (༢༩བ)


GLG022_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱཿཔཱ་པཾ་ནཱི་ཙ་སྱ། སཾ་ཤོ་དྷཱ་ཡ་སརྦ་པི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། ཞེས་བླུད་པས་དྲི་མ་རྣམས་དག་པར་བསམ། དྲུག་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤ་སྔས་དང་སྟན་དུ་སྦྱིན་ཞེས་པ་ལྟར་ཀུ་ཤ་རྩ་བ་དང་རྩེ་མོ་མ་ཉམས་པ་ཆེ་ཆུང་གཉིས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ་སློབ་མ་རྣམས་ཀྱིས་རྨི་ལམ་མི་འཁྲུགས་པར་བྱ་བའི་ཕྱིར་ཆུང་བ་སྔས་དང་ཆེ་བ་སྟན་དུ་སྦྱིན། བདུན་པ་སྲུང་སྐུད་ནི། སྲུང་སྐུད་མདུད་པ་གསུམ་ལྡན་པ། །ཀུ་ཤ་གསུམ་འགྱུར་སྦོམ་ཕྲའི་ཚད། །དཔུང་པར་བསྲུང་བའི་དོན་དུ་སྦྱིན། །ཞེས་པ་ལྟར་སྐུད་པ་ཁ་དོག་སྣ་ལྔ་པ་བསྒྲིལ་བ་ལུས་ཚད་དང་མཉམ་པ་ལ་རྡོ་རྗེའི་མདུད་པ་ལྔ་དབང་གཞུང་དུ་མདུད་པ་གསུམ་བྱུང་ཡང་སྔགས་རྟོགས་སླའི་དགོངས་པ་དང་མཐུན། བྱས་པར་ཧཱུཾ་ཨོཾ་སྭཱ་ཨ་ཧཱ་ལྔ་བཀོད། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རིགས་ལྔ་སྤྱན་དྲངས་ཡིག་འབྲུ་ལ་བསྟིམ། དེ་ཞུ་བ་སྐུད་པར་ཐིམ་པས་རིགས་ལྔའི་ངོ་བོར་བསམས་ལ། ས་བོན་ལྔ་བཟླས་པས་བྱིནགྱིས་བརླབ། ཧཱུཾ་ཨ། ཨོཾ་ཨ་ཧྲཱིཿཨ་ཏྲཾ་ཨ་ཧཱ་ཨཿ ཨོཾ་སརྦ་ཏུདྡྷེ་ཀུ་རུ་ཀུ་རུ་སྭཱཧཱ་དང་ཨོཾ་ཨཱཿཧཱུཾ་བཟླས་པས་བྱིན་གྱིས་བརླབས་ལ་སྐྱེས་པའི་གཡས་དང་བུད་མེད་ཀྱི་གཡོན་དུ་འཆིང་ཞིང་སུམྦྷ་བཟླས་པས་བགེགས་རྣམས་བསྲུང་བར་བསམ། བརྒྱད་པ་ཆོས་བཤད་པ་ནི། ཀུན་མཁྱེན་འཇིག་རྟེན་ཁམས་འབྱུང་བ། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་ཚུལ་ཟབ་མོ་འདི། །དེ་བས་ཀྱང་ནི་རྙེད་པར་དཀའ། །གང་གིས་སེམས་ཅན་དཔག་མེད་དོན། །མྱ་ངན་མི་འདའ་བྱེད་ནུས་པའི། །བསྐལ་པ་བྱེ་བ་གྲངས་མེད་དུ། །གང་གིས་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་བས་ནི། །དེ་(༣༠ན)


GLG022_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཟད་པར་འགྱུར། །སྔགས་སྤྱོད་ཚུལ་ལ་གནས་པ་ཡི། །མཉམ་པར་གྱུར་པ་གཞན་གང་ཡོད། །ཚེ་འདི་ཉིད་ལ་སྔགས་བཟླས་པས། །བླ་མེད་གནས་སུ་འགྲོ་འགྱུར་ཏེ། །སྡུག་བསྔལ་ཀུན་འབྱུང་ཉམ་ཐག་པའི། །ངན་འགྲོའི་སྡུག་བསྔལ་སྤོང་བར་འགྱུར། །དེས་ན་སྤྱོད་མཆོག་ཚུལ་འདི་ལ། །བློ་གྲོས་ཤིན་ཏུ་བརྟན་པས་ན། །དེ་རིང་ཁྱོད་ནི་རྙེད་པ་མཆོག །བདག་ཉིད་ཆེན་པོ་ཐོབ་པར་འགྱུར། །གང་གིས་རྒྱལ་བ་ཐམས་ཅད་ནི། །སྲས་བཅས་རྣམས་ཀྱི་བསྟན་པ་འདི། །བློ་མཆོག་ལྡན་པས་ཡོངས་གཟུང་སྟེ། །གནས་ཤིང་བདག་ཉིད་ཆེན་པོ་ལ། །ཐེག་ཆེན་གསང་བའི་གནས་དག་ཏུ། །དེ་རིང་འགྲོ་བར་འགྱུར་བ་ཡིན། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཐེག་ཆེན་སྣང་བ་ཆེར་འབྱུང་བས། ཁྱོད་ནི་འགྲོ་བར་གྱུར་པས་ནི། །དེ་བཞིན་གཤེགས་པ་འབྱུང་བར་འགྱུར། །ཞེས་པའི་དོན་བཤད་དོ། །དགུ་པ་གཏོར་མ་གཏོང་བ་ནི། སྟ་གོན་གནས་མཆོག་འདི་ཉིད་དུ། །མཆོད་འབུལ་གཏོར་མ་བཏང་བྱས་ལ། །ཞེས་པའི་དོན་བཞིན་རྟོགས་སླ་ལས། ཕྱོགས་སྐྱོང་བཅུའི་གཙོ་བོ་ལ་དཀར་གཏོར། འཁོར་རྣམས་ལ་དམར་གཏོར་འབུལ་བར་འདོད་ལ། ཚུལ་ནི་ཐོག་མར་ཕྱི་རོལ་གྱི་བྱང་ཤར་དུ་སོང་ནས། དྲིའི་མཎྜལ་གྱི་སྟེང་དུ་ཚོམ་བུ་བཀོད་མཆོད་པ་དང་གཏོར་མ་བཤམས་ཏེ། མཆོད་གཏོར་གོང་ལྟར་བྱིན་གྱིས་བརླབས་ལ། །ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་སྤྱན་དྲངས་པར་བསམས་ཤིང་། བྱང་ཤར་འབྱུང་པོའི་བདག་པོ་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །རབ་ཏུ་དགེས་པའི་ཡིད་ཀྱིས་བཞེས་ནས་ཀྱང་། །རང་གི་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་(༣༠བ)


GLG022_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་འདུན་དང་། །ནད་མི་དམག་དང་དཔུང་བཅས་ལྷན་ཅིག་ཏུ། །འཕྲེང་བ་མེ་ཏོག་དྲི་དང་བྱུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཞེས་ཤིང་ལེགས་པར་སྣོམས་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཨཱི་ཤ་ནཱ་ཡ་ས་པ་རི་ཝཱ་ར་ས་མཱ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལ་ཡ་སྟྭཾ་གྱིས་གདན་ཕུལ་ནས་ཨརྒྷཾ་ལ་སོགས་པས་མཆོད་པའི་རྗེས་སུ་ལངས་ཏེ་ལག་པ་པདྨའི་ཐལ་མོ་སྦྱར་བས་གཏོར་མ་གཟུང་ལ་ས་པ་རི་ཝཱ་རའི་རྗེས་སུ། ན་མཿསརྦ་ནས་བ་ལིཾ་ཏེ་སྭཱཧཱའི་བར་ལན་གསུམ་གྱིས་གཏོར་མ་ཕུལ་ལ། དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་ཐམས་ཅད་ཞི་བ་དང་། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཞེས་པས་ཕུལ། ས་པ་རི་ཝཱ་རའི་རྗེས་སུ་གཙྪ་བཏགས་ལ་གཤེགས་སུ་གསོལ། །དེ་བཞིན་དུ་ཤར་ཕྱོགས་སུ་སོང་ལ། གཞན་སྔར་དང་འདྲ་བ་ལས། སྤྱན་འདྲེན་ལ། ཤར་ཕྱོགས་དབང་པོའི་ལྷ་ཚོགས་འཁོར་དང་བཅས། །ཞེས་དང་། ཨཱི་ཤ་ནའི་གནས་སུ། ཨིནྡྲཱ་ཡ་བཅུག་པ་དང་བསྟོད་པའི་སྐབས་སུ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ། ཞེས་དང་། ཤར་ཕྱོགས་ཞེས་ཁ་སྤོས་ལ། ཤར་ལྷོར། ཤར་ལྷོ་དྲང་སྲོང་ལྷ་ཚོགས། ཨིནྡྲའི་གནས་སུ་ཨགྣ་ཡེ་བཅུག་པ་དང་བསྟོད་པའི་སྐབས་སུ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་ཞེས་དང་། ཤར་ལྷོ་ཞེས་འདོན་པ་སྤོ། ལྷོར། ལྷོ་ཕྱོགས་གཤིན་རྗེའི་ལྷ་ཚོགས་འཁོར་དང་བཅས། །ཨགྣ་ཡེའི་གནས་སུ་ཡ་མཱ་ཡ་བཅུག་པ་དང་(༣༡ན)


GLG022_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པའི་སྐབས་སུ། གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ། ལྷོ་ཕྱོགས། ལྷོ་ནུབ་ཏུ། ལྷོ་ནུབ་སྲིན་པོའི་ལྷ་ཚོགས། ཞེས་དང་། ཡ་མའི་གནས་སུ་ནི་རི་ཏ་ཡེ་བཅུག་པ་དང་བསྟོད་པའི་སྐབས་སུ། བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ། ལྷོ་ནུབ་སྲིན་པོའི། ནུབ་ཏུ། ནུབ་ཕྱོགས་ཆུ་བདག་ལྷ་ཚོགས། ཞེས་དང་། བ་རུ་ཎཱ་ཡ། ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ། ནུབ་ཕྱོགས། རླུང་དུ། ནུབ་བྱང་རླུང་བདག་ལྷ་ཚོགས། བཱ་ཡ་བཻ། རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ། ནུབ་བྱང་། བྱང་དུ། བྱང་ཕྱོགས་ནོར་བདག་ལྷ་ཚོགས། ཀུ་བཻ་རཱ་ཡ། གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། །ནོར་སྐྱོང་རྒྱལ་པོ། བྱང་ཕྱོགས། ཡང་ཤར་དུ། སྟེང་ཕྱོགས་ཚངས་པའི་ལྷ་ཚོགས། ཨཱུརྡྷཾ་བྲཧྨ་ཎེ། སཱུཪྻ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ། ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །དེ་ནས་ནུབ་ཏུ། འོག་ཕྱོགས་ས་བདག་ལྷ་ཚོགས། ཨདྡྷོ་བྲྀ་ཐི་པི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ འོག་གི་ཀླུ་དེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །ཞེས་སོགས་འདོན་པ་བསྒྱུར་ལ་བྱ། བསྡུ་ན་གཏོར་མ་གཅིག་ལ་ཆ་གསུམ་གྱི་ཕྱོགས་སྐྱོང་གི་གཏོར་མ་ལྟར་བཏང་ཡང་རུང་ངོ་། །བཅུ་པ་མཆོད་བསྟོད་བྱ་བ་ནི། སློབ་དཔོན་ནང་དུ་མཉམ་གཞག་པས། །དཀྱིལ་འཁོར་མཆོད་ཅིང་བསྟོད་པར་བྱ། །ཞེས་པ་ལྟར། ནང་དུ་སོང་ལ་དཀྱིལ་འཁོར་ལ་ལན་གསུམ་བསྐོར། ཕྱི་ནང་གི་མཆོད་པས་མཆོད་ཅིང་བསྟོད་དོ། །བཅུ་གཅིག་པ་རྨི་ལམ་བརྟག་པ་ནི། ཀུ་ཤའི་སྔས་སྟན་ལེགས་པ་ལ། །མི་སྨྲ་དགེ་དེའི་(༣༡བ)


GLG022_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཅས་ཀྱིས། །སེང་གེའི་ཉལ་སྟབས་ལེགས་བྱས་ཏེ། །རྨི་ལྟས་མཚན་མ་བརྟག་པར་བྱ། །ཞེས་པའི་དོན་ལྟར་རྟོགས་སླ་ལས་སློབ་མ་རྣམས་ཀུ་ཤའི་གདན་ལ་མི་སྨྲ་བར་སེང་གེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་ལ་མོས་པ་རྩེ་གཅིག་པར་ཉོལ་ལ་རྨི་ལམ་གང་མཐོང་བ་ནངས་པར་ང་ལ་སྨྲོས་ཤིག་ཅེས་བསྒོས་ལ་རྨི་ལམ་བརྟག་ཏུ་གཞུག་གོ །དེ་ལས། རང་གི་སེམས་ལ་དབང་ཐོབ་དང་། །སྣ་ཚོགས་སྤྲུལ་པ་ལྟ་བུ་དང་། །འགྲོ་གང་དབང་དུ་འདུས་པ་དང་། །རྫུ་འཕྲུལ་དག་གིས་འགྲོ་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ནམ་མཁའ་དག་ལ་བྱ་བཞིན་འཕུར། །སེམས་ཅན་མང་པོ་བསྒྲལ་བ་དང་། །གཡུལ་ངོ་དག་ལས་རབ་རྒྱལ་བ། །ཞེས་སོགས་ལྟས་བཟང་ན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་ཅིང་ངན་པའི་ལྟས་བྱུང་ན་སྦྱིན་སྲེག་སོགས་བྱ་བས། དེ་མཐར་མཚན་མ་བཟང་མཐོང་ནས། །ཡི་རང་དངོས་གྲུབ་རབ་འབྲིང་བསྟན། །ངན་པའི་ལྟས་དག་སྦྱིན་སྲེག་བྱ། །གཏོར་མ་སྔགས་དང་ཕྱག་རྒྱས་བཟློག །ཅེས་བྱུང་བ་ལྟར་གྱི་ལུང་སྟོནད་ཏོ། །མཇུག་ཆོག་རྒྱས་བསྡུས་ཅི་རིགས་པ་བྱས་ཏེ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་ཨོཾ་བཛྲ་རྟོགས་སླར་དཀྱིལ་འཁོར་སྒྲུབསྐབས་སྟ་གོན་གྱི་ལྷ་བསྲེ་བའི་གསལ་ཁ་མ་བྱུང་ཞེས་གདམ་ངར་མཛད་ཀྱང་ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་གསུམ་པ་དང་བཀའ་བརྒྱད་སོགས་མང་པོར་བསྐོས་གདབ་ཅེས་བསྲེ་བར་བཤད་པས་བཞེད་པ་ཕྱི་མ་ལྟར་བྱས་སོ། །ཨུཏྟིཥྛ་ཞེས་སྟ་གོན་གྱི་ལྷ་ནམ་མཁར་བྱོན་པར་བསམ། སྲིད་པ་གསུམ་ན་མགྲན་ཟླ་དང་བྲལ་བ་ལྟ་བུའི་ཆོས་ཀྱི་རྫས་རྟོགས་སླར་སོ་ཤིང་དོར་བའི་སྔགས་སོགས་རྡོ་རྗེ་ལས་རིམ་དུ་མི་གསལ་བ་རྣམས་ཐུགས་བཅད་མ་ནུས་པ་བདག་པོ་སྔགས་འཆང་པས་གསར་མ་ཡོངས་གྲགས་ཐེ་ཚོམ་མེད་(༣༢ན)


GLG022_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྣན་པ་ཆོས་ལ་དབང་ཟ་བའི་རྣམ་ཐར་དུ་དོགས་ཤིང་གསུང་བཤད་དུ་རྒྱུན་བཤད་ནུབ་གསུང་བ་ཐུགས་བདེན་ཤས་ཆེ་ཡང་ཆོ་གའི་ལག་ལེན་དང་དབང་བསྐུར་ནུབ་གསུང་བ་བདེ་འདུས་དང་གསང་རྫོགས་ཀྱིས་ཐོག་དྲངས་པའི་སྒྲུབ་ཆེན་སྟོད་སྨད་ཀུན་ཏུ་དར་བ་ཆོས་ཀྱི་རྒྱལ་པོ་འཕགས་པའི་དུས་ཀྱི་གཉྫི་ར་བོད་ཡུལ་དུ་ཆེ་བར་གྲགས་པ་དེ་ཤོད་དུ་འབེབས་པ། མགོན་པོའི་གཟུངས་བཞུགས་ཀྱི་མུ་ཏིག་འདོན་པ་ཐམས་ཅད་མཁྱེན་པ་བུ་སྟོན་དང་དཔལ་ལྡན་བླ་མ་དམ་པ་ཞལ་བརྒྱས་ཀྱིས་བཞེངས་པའི་རྡོར་དབྱིངས་བློས་བསླང་འཇིག་པ་སོགས་ཐུགས་བྲེལ་འགང་ཆེས་བས་མ་གསན་པ་འདྲ་ལ་རྒྱུད་སྡེའི་དབྱེ་བའི་སྐབས། ཨ་ནུ་ཡོ་ག་ལ་ཏནྟྲ་སྡེ་བཅོ་བརྒྱད་གསུང་བ་རྙིང་མ་བཀའ་གཏེར་གང་ལའང་མ་གྲགས། རྩ་བའི་རྒྱུད་ལྔ་འདྲེན་སྐབས་ཟླ་གསང་ཐིག་ལེ་སྐུ་དང་སངས་རྒྱས་མཉམ་སྦྱོར་གསུང་དུ་མཛད་པ་གོ་ལོག་ཅིང་ཡོན་ཏན་ལ་ཡང་དཔལ་མཆོག་གི་ཚབ་བདུད་རྩི་མཆོག་གིས་མཛད་འདུག་པ་གཙོ་ཆེ་ཆུང་མ་དགོངས་པ་འདྲ་སྟེ་གསང་སྔགས་རྙིང་མ་ལ་ཡོ་ག་རྣམ་པ་གསུམ་དུ་གྲགས་པའི་གསུམ་པ་མཧཱ་ཡོ་ག་ལ་རྩ་བར་གྱུར་པ་སྒྱུ་འཕྲུལ། བཤད་པ་དང་ཆ་མཐུན་པ་ཏནྟྲ་སྡེ་བཅོ་བརྒྱད། བྱེ་བྲག་པ་སྒྲུབ་པ་བཀའ་བརྒྱད་ཅེས་གསུམ་དུ་ངོས་འཛིན་ཅིང་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་རྩ་བ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔར། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། གསང་བ་འདུས་པ། དཔལ་མཆོག་དང་པོ། ཀརྨ་མཱ་ལེ་སྟེ་ལྔར་རིམ་གྱིས་ངོས་འཛིན་པས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ཚད་ཐུབ་ཀྱི་བཤེས་གཉེན་ཆེན་པོ་འགོས་ལོ་ཡེ་བཟང་རྩེ་པས་དེབ་སྔོན་དུ། ཏནྟྲ་སྡེ་ཆེན་པོ་བཅོ་བརྒྱད་ཅེས་(༣༢བ)


GLG022_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཐོག་མ་གསུམ་ནི། དཔལ་གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ལ་ཐུགས་གསུང་སྐུའི་རྒྱུད་ཅེས་བྱས་ནས། ཞེས་གསུངས་པས་ཀྱང་རྟོགས་པར་ནུས་ཤིང་སྒྲུབ་པའི་ལག་ལེན་སྟོན་པའི་རྒྱུད་ལྔའི་སྐབས་སུ་ཡོན་ཏན་གྱི་རྒྱུད་བདུད་རྩི་རོལ་པའམ་བདུད་རྩི་མཆོག་ཏུ་གྲགས་པར་ངོས་འཛིན་ཅིང་སྤྱོད་པའི་ཡན་ལག་གི་རྒྱུད་ལྔའི་སྐུ་ལ་གླང་པོ་ཆེ་རབ་འབོགས་ཀྱིས་མཚོན་པ་རྣམས་རིམ་བཞིན་བཤད། རྗེ་སྒྲོལ་མ་བའི་གསུང་རྒྱུན་གྱི་ཁོག་འབུབ་ཏུ་རྣམ་སྣང་སྒྱུ་དྲ། ཐབས་ཀྱི་ཞགས་པ། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པ་སྟེ་སྤྱི་རྒྱུད་གསུམ་དུ་བཤད་ཅིང་སྔ་མ་གཉིས་མ་ཚང་བ་ཁ་སྐོང་བའི་རྒྱུད་དུའང་ངོས་འཛིན་པས་ཀོང་ཡུལ་དུ་མ་ཕྱིན་པའི་ཀོང་བཤད་ཀྱི་དཔེས་ས་ལོ་འཇམ་དཔལ་རྡོ་རྗེ་ཡན་གྱི་ཞབས་ལ་ཐག་པ་ཅུང་ཟད་བཏགས་ཀྱང་གདུང་བརྒྱུད་དུ་སོང་གཤིས་བུ་བརྒྱ་སྐྱེས་པའི་རབས་ཆད་ལ་ཐབས་ཅི་ཡོད། དེ་ལས་རྒྱ་ནག་རི་བོ་རྩེ་ལྔར་མགོན་པོ་འཇམ་དཔལ་དབྱངས་བཞུགས་པ་ལ་བསྙོན་ཟློས་མི་མཛད་པར་གསོལ་བ་འདེབས་སོ། །རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ་སྒྲུབ་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་བསྒྲུབ་པ་ལ་འདྲི་བ། བྱིན་བརླབ། ཏིང་འཛིན་དང་གསུམ་གྱི། དང་པོ་དཀྱིལ་འཁོར་འདྲི་བ་ལ་ཚོན་བཀྱེ། མཚན་མ་དགོད་པ། རྫས་དགོད། བསྲེ་བསྣན། ཆས་འབུལ། མངའ་གསོལ་བ་སྟེ་དྲུག་ལས། དང་པོ་སོ་མཆན་ལས། དམིགས་པ་གསལ་བའི་ཕྱིར་ན། ཚོན་བཀྱེ། ཞེས་བྱུང་། ཚོན་བཀྱེ་བ་ནི། ཁྲག་འཐུང་གལ་པོ་ལས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྫས། །སྐུ་ཤ་རཱ་ག་གསེར་དང་ནི། །པདྨ་རཱ་ག་མརྒད་ཏ། །ཨིནྡྲ་ནཱི་ལ་ཚོན་དུ་སྦྱར། །མི་ཡི་དབང་པོ་ནས་སམ་འབྲས། །(༣༣བ)


GLG022_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྲའོ་རམ་བུ་ནས་དམར་དང་། །ལྗང་བུ་སྲན་མ་ལ་སོགས་པ། །འབྲིང་ངམ་ཞི་བའི་ཚོན་དུ་བཤད། །དུར་ཁྲོད་ཐལ་ཆེན་ལྡོང་རོས་དང་། །དེ་ཡི་སོ་ཕག་དཱུརྦ་དང་། །སོལ་བས་བྲི་བ་ཁྲོ་བ་ཡི། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །རྡོ་ཐལ་ས་སེར་བ་བླ་ལྡོང་། །རྒྱ་སྐྱེགས་དམར་པོ་བྱ་བ་དང་། །རམས་ལས་བྱས་དང་འབྲུ་བསྲེགས་པ། །ཐ་མའི་རྡུལ་ཚོན་དག་ཏུ་བཤད། །ཅེས་དང་། དབང་གཞུང་དུ་རིན་པོ་ཆེ་སྣ་ལྔའི་ཚོན་རྩེ་གང་ཡང་རུང་བ་དག་སྣོད་ལྔའི་ནང་དུ་བླུག་སྟེ་ཞེས་བྱུང་བ་ལྟར་ཚོན་རྩི་མངོན་པར་འདུ་བྱས་ལ་བྱིན་བརླབ་ནི། འཇུག་པ་བདེ་བའི་དབང་དུ་བྱས་ཏེ་སྔར་ཐིག་དང་ལྷན་ཅིག་ཏུ་ཟིན་ཅིང་སོ་སོར་སྤྲོད་ན་ཚོན་བརླབ་པ་འདིར་བྱ། བུམ་པ་དང་མཆོད་རྫས་རྣམས་གཞན་དུ་བསལ། སློབ་དཔོན་གྱིས་ལག་པ་གཡོན་པས་བྱང་ཤར་ནས་བརྩམས་ཏེ་གཡས་བསྐོར་གྱི་མཛུབ་གང་གི་བར་དུ་རྩིག་པ་དྲངས་ཏེ། དེ་ཉིད་ལས། འདི་ནི་ཆོས་དབྱིངས་རྣམ་དག་པར། །སེམས་ཅན་རྣམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་རྒྱལ་པོ་ཆེ་གེ་མོའི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛོད། །ཅེས་བརྗོད་ཅིང་རྩིག་པའི་གོ་རིམ་ནི། ནང་ནས་རིམ་བཞིན་དཀར་མཐིང་དམར་སེར་ལྗང་གུ་བྱ་བར་དབང་གཞུང་ལས་བྱུང་། རྟོགས་སླར་ནག་དཀར་དམར་སེར་ལྗང་གུ་དང་གཞན་དང་བསྟུན་ན་ནག་ལྗང་དམར་སེར་དཀར་པོའམ་ནག་དཀར་སེར་དམར་ལྗང་གུ་སོགས་གདམ་ངར་གསུངས་ཤིང་གཙོ་བོའི་སྐུ་མདོག་དང་བསྟུན་ནག་པོ་བྱས་ན་འཐད་དམ་སྙམ། སྟེང་ནས་ཐོད་པས་ཁ་བཅད་རྩིག་པ་སྦྲེལ་རན་པ་ན་ཐོད་པ་ཁ་ཕྱེ་ནས་ཚོན་བཀྲ་བརྟག་(༣༣བ)


GLG022_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་གཞུང་ལས། དེ་ཡང་ཐིག་ནི་ཕྱི་ནས་གདབ་ཅིང་ཚོན་ནི་ནང་ནས་བཀྱེ་སྟེ་དང་པོ་རྡོ་རྗེ་རྒྱལ་ཐེབས་ཀྱིས་འབྲི་ཞིང་ཕྱི་ནས་ཅི་དགའ་ཤེས་པས་བྲི་སྟེ་མཐོ་ཞིང་དྲང་བར་བྱའོ། །གང་ཞིག་རེ་ཁཱ་དམའ་བ་དང་ཡོ་བ་དང་ཆད་པ་དང་འཁྲུལ་པ་དག་གིས་ནི་མི་འགྲུབ་བོ། །ཞེས་བྱུང་ཞིང་རྟོགས་སླར་དམའ་ན་དངོས་གྲུབ་མེད་ཅིང་ཡོ་ན་བགེགས་ཞུགས་ལ། ཆད་ན་སློབ་དཔོན་དང་སློབ་མ་འཆི་བས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་ཤ་ཏྲཱུཾ་ཧཱུཾ་ཕཊ། ཅེས་མཚན་མ་ངན་པ་ལ་ཕུར་བུ་གདབ་པར་གསུངས་སོ། །ཚོན་བཀྱེ་ཚུལ་ནི། ཟླ་གམ་དགུ་དམར་སྐྱ། ལྷ་སྣམ་ཕྱོགས་མདོག །པད་རའི་ཕྱི་རོལ་ཏུ་དབང་པུཎྜ་རཱི་ཀ་ལས། དེ་ཡི་ཕྱི་རིམ་དམར་ནག་ལས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དགོད། །ཅེས་བྱུང་། ཕྱུག་གམ་དམ་ཅན་གྱི་གནས་སྣམ་བུ་དམར་ནག །གཞན་སྤྱི་དང་འདྲ། རྒྱས་པར་སྤྲོ་ན། དཀྱིལ་འཁོར་གྱི་རྒྱན་སོགས་ལས་བྱང་ནས་བྱུང་བ་ལྟར་དུར་ཁྲོད་ཀྱི་རྫས་དང་མཐུན་དབང་གཞུང་དུ་དུར་ཁྲོད་ཆེན་པོ་བརྒྱད་འབོད་དེ་ཞེས་པ་ནས། ཞིང་སྐྱོང་ལ་སོགས་པའི་གཟུགས་འབྲི་བར་བྱའོ་ཞེས་པའི་བར་དུར་ཁྲོད་བརྒྱད་ཀྱི་རྣམ་གཞག་ཀྱང་བཤད། པ་འདྲིའོ། །རྩ་བར། ཁམས་གསུམ་ཁྲག་ཏུ་དམིགས་ནས་ཀྱང་། །ཞེས་པའི་སོ་མཆན་དུ་ཁྲག་གིས་ཆགས་པ་མཚོན་པས་ཐུགས་རྗེ་ཆེན་པོ་དང་། དུར་ཁྲོད་ཀུན་ཏུ་ཁྱབ་པར་བསམ། ཞེས་པ་ལ་རོ་མང་པོ་ཡོད་པར་དུར་ཁྲོད་ཟེར་བ་བཞིན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྟག་ཆད་ཀྱི་མཐར་ཤི་བས་གཏི་མུག་གི་རོ་ཞེས་བྱུང་བ་དུར་ཁྲོད་ལ་གྲངས་ངེས་ཀྱིས་དབྱེ་བར་མངོན། །གཉིས་པ་མཚན་མ་དགོད་པ་ནི། ཕུར་ཆ་མ་འབྱོར་ན། དབུས་སུ་པདྨ་དང་ཟླ་ཉི་ལྷ་ཆེན་ཡབ་ཡུམ་གྱི་སྟེང་དུ་རྡོ་རྗེ་དྲིལ་བུ། ཟླ་གམ་བརྒྱད་ལ་ཉི་མ་དང་ཞིང་རྐྱང་གི་གདན་ལ་(༣༤ན)


GLG022_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་ཕྱག་མཚན་གཡས་པ་འདྲི་ཞིང་སོ་སོར་མེད་པ་ལ་ངོ་ཐོག་འགོད། གསུམ་པ་རྫས་དགོད་པ་ལ་རྟེན་རྫས། རྒྱན་མཆོད་ཚེ་རྫས། དབང་རྫས་དང་བཞིའི། དང་པོ་རྟེན་རྫས་ལ་ཕུར་པ། མར་མེ། ཐོད་སྐུ། བུམ་པ་དང་བཞི་ལས། དང་པོ་ཕུར་པ་དགོད་པ་ནི། དབང་གཞུང་དུ་དེའི་གནས་རྣམས་སུ་སྟེང་གི་མཚན་མ་གང་རུང་གཞག་གོ ། ཞེས་བྱུང་། རྩ་བར་སྣང་བའི་འོད་དང་བཅས་པ་དགྲམ། ཞེས་པར་སོ་མཆན་དུ་ཐུགས་མཁྱེན་པའི་ཡེ་ཤེས་དགུ་མ་འགགས་པར་ཤར་བའི་རྟགས་སུ་མར་མེ་དགུ་དགོད་ཅིང་གོང་མ་རྣམས་མེ་བཀྲ་བརྟག་གསུང་། སྒྲུབ་སྡེ་བརྒྱད་མཐའ་དག་ལ་རྒྱས་པར་བྱེད་ན་ཕུར་ཆ་འགོད་སྲོལ་ཡོད་པས་གོང་གི་མཚན་མ་དགོད་པའི་ཚབ་ལ་ཕུར་རྩ་བར་དམིགས་ཀྱི་རྟེན་ཡང་མངོན་པར་འདྲི་ཞེས་པའི་སོ་མཆན་དུ་གསེར་དངུལ་ལ་ལུགས་སུ་བླུགས་པའི་ལྷའི་གཟུགས་བརྙན་དང་ཤིང་འབུར་དོད་དམ་དར་རས་ལ་རི་མོར་བྲི་གསུངས་པའང་དབྱིབས་མཚུངས། པ་དགུ་པོ་སྦྱངས། མཐུ་བསྐྱེད། རང་སྔགས་ཀྱིས་ལྷར་གསལ། ལས་བྱང་ལྟར་ཡེ་ཤེས་པ་དགུག་གཞུག་དང་དབང་བསྐུར་བྱ། དེ་ནས་ཁྲག་འཐུང་གལ་པོ་ལས། ཧཱུཾ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །ཐུགས་མཆོག་བཛྲ་ཧེ་རུ་ཀཿ། །བཛྲ་ཀྲོ་དྷཱི་ཤྭ་རཱི་གཉིས། །རང་བཞིན་དཀྱིལ་འཁོར་ཆེན་པོ་ནས། །དུར་ཁྲོད་ཆེན་པོའི་གནས་མཆོག་དང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་འདིར། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཡབ་ཡུམ་གྱི་སྔགས་མཐར་བཛྲ་ས་མ་ཡ་ཏིཥྛནྟུ། ཞེས་གཙོ་ཕུར་དགོད། ཧཱུཾ། ཕྱོགས་མཚམས་རང་བྱུང་གྲུབ་པའི་ལྷ། །མ་མོ་ཆེན་མོ་མེ་འབར་མ། །རྡོ་རྗེ་ཐུགས་ཀྱི་ཁྲོ་བོ་བརྒྱད། །དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་། །དུག་གསུམ་བསྒྲལ་བའི་དཀྱིལ་འཁོར་(༣༤བ)


GLG022_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །མཆོག་ཕྲན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཞིང་བརྟན་པར་བཞུགས་སུ་གསོལ། །ལྷ་མོ་སོ་སོའི་སྔགས་གཤམ་དུ་བཛྲ་ས་མ་ཡ་ཏིཥྛནྟུ་ཞེས་ཕྱོགས་མཚམས་བརྒྱད་དུ་དགོད་དོ། །གཉིས་པ་མར་མེ་དགུ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ་ནས་གསལ་བར་བསྟན། དགོད་པ་ནི། དབང་གཞུང་ལས། ཧཱུཾ་ཞུན་ཆེན་མར་མེ་གསལ་བ་ནི། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་དོན། །སྐྱེ་བ་མེད་པའི་ཆོས་དབྱིངས་ནས། །མ་རིག་མུན་པ་སེལ་བྱེད་པ། །ཡེ་ཤེས་གསལ་བྱེད་དོན་དུ་དགོད། །དཀྱིལ་འཁོར་རྒྱན་དུ་བཞུགས་སུ་གསོལ། །ཨོཾ་ཛྙཱ་ན་དཱི་པ་བཛྲ་ས་མ་ཡ་ཏིཥྛནྟུ། གསུམ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པ་ནས་གསལ་བར་བསྟན། པ་ཐོད་སྐུ་དགོད་པ་ནི། དེ་ཉིད་ལས། བྷནྡྷ་མཚན་ལྡན་དུམ་བུ་གཅིག་པ་ལ་སྐུའམ་སྔགས་ས་བོན་གང་རུང་བྲིས་པ་ཐོགས་ཏེ། ཧཱུཾ། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གཙོ། །ཡེ་ཤེས་མཚན་ལྡན་ཀ་པཱ་ལ། །དཔལ་ཆེན་ཡབ་ཡུམ་རྫས་སུ་དགོད། །ཨོཾ་བཛྲ་ཀ་པཱ་ལ་ཨ་བོ་དྷི་ཙིཏྟ་ཧཱུཾ་བཛྲ་ས་མ་ཡ་ཏིཥྛནྟུ། བཞི་པ་བུམ་པ་དགོད་པ་ནི། ལས་ཀྱི་རྡོ་རྗེས་སྣ་དྲངས་ཏེ་བུམ་པ་ཐོགས་པ་རྣམས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཏེ། ཧཱུཾ། ལྟོ་ལྡིར་མགྲིན་རིང་ཁ་གཡེལ་མཆུ་འཕྱང་བ། །སྣ་ཚོགས་བཅུད་གཏམས་ལྗོན་པའི་ཁ་རྒྱན་ཅན། །གོས་ཟུངས་ཀྱིས་དཀྲིས་སྲོག་བདུན་དང་ལྡན་པ། །རྣམ་པར་རྒྱལ་བའི་བུམ་བཟང་བཞུགས་སུ་གསོལ། །ཨོཾ་བཛྲ་ཀ་ལཱ་ཤ་ས་མ་ཡ་ཏིཥྛནྟུ། གཉིས་པ་རྒྱན་མཆོད་དབང་བཞུང་དུ་རྒྱན་དང་མཆོད་པ་གཏོར་མ་སོགས་བརླབས་ཏེ་འཇོག་པར་བཤད་ཅིང་དཀྱིལ་འཁོར་གྱི་སྟེང་དུ་གཡང་གཞིའི་བླ་བྲེ་དང་ཟུར་བཞིར་རྒྱལ་མཚན་རྒྱུ་མའི་ལྡ་ལྡི་དང་དྲ་ཕྱེད། ཕྱོགས་བཞིར་ཡོལ་བ། དེའི་ཕྱི་རོལ་ཏུ་རོ་རས་ཀྱིས་ཡོལ་བ་(༣༥ན)


GLG022_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་བསྐོར་རོ་ཞེས་དང་། པུཎྜ་རཱི་ཀའི་ལེའུ་དྲུག་པ་ནས་མདོ་ཙམ་བསྟན་ཞིང་རྩ་བར་རྫས་ཀྱིས་མཛེས་པར་འཁོར་བར་བཞག །ཅེས་པའི་སོ་མཆན་དུ་མཆོད་རྫས་བརྒྱད་དགོད་ཅེས་བྱུང་། ཚེ་རྫས་དགོད་པ་ནི། ཁྲག་འཐུང་གལ་པོ་ལས། ཧཱུཾ། ཞིང་བཅུ་རུ་དྲའི་ཚོགས་རྣམས་བསྒྲལ་བྱས་ནས། །ཤ་ཆེན་ལང་ལིང་རྐང་གི་དུམ་བུ་དང་། །ཞིང་གི་རས་རོས་དུར་ཁྲོད་རྫས་ཆེན་རྣམས། །དཔལ་གྱི་གསང་བའི་དཀྱིལ་འཁོར་བསྐོར་བར་བྱ། །སྲིད་པ་གསུམ་གྱི་གདུག་པ་ཀུན་བསྒྲལ་ཏེ། །ཤེས་རབ་ཟབ་མོ་ཡུམ་གྱི་མཁའ་དབྱིངས་སུ། །མཐའ་དང་དབུས་མེད་དཀྱིལ་འཁོར་རང་བཞིན་ཏེ། །ཕྱི་ནང་མེད་པར་ལྷུན་གྱིས་གྲུབ་པའི་རྫས། །ཡིད་བཞིན་ལོངས་སྤྱོད་འདོད་དགུ་འབྱུང་བའི་རྒྱུ། །ཡེ་ཤེས་ཆེན་པོ་བཞི་དང་ལྡན་པའི་རྟགས། །ཕྲག་དོག་མ་སྤངས་ཞིང་གི་གཡང་གཞི་འདི། །དཀྱིལ་འཁོར་ཆེན་པོའི་བླ་བྲེར་དགྲམ་པར་བྱ། །མཆོག་ཕུར་བཞི་དང་ལྕགས་ཕུར་བཞི། །ཕྱོགས་བཞི་མཚམས་བཞིར་གཟུག་པ་དང་། །མཐའ་མ་རྩངས་ཀྱི་སྲིན་མོ་འགྲོས། །བ་སུ་ཏ་ཡི་ཞགས་པས་བསྐོར། །དཔལ་བཤོས་ཟླ་གམ་རཀྟ་ཡི། །ཐིག་ལེ་དགུ་པ་འབུལ་བ་དང་། །རྨད་དུ་བྱུང་བའི་གཏོར་མ་དང་། །དམར་གྱི་ཨརྒྷཾ་ཆེན་པོ་དང་། །འཆི་མེད་བདུད་རྩིའི་བུམ་པ་དང་། །མཆོད་པ་རྣམ་པ་ལྔ་པོ་དང་། །ཟབ་མོ་མཆོག་གི་ཚེ་གཟན་དང་། །མདའ་དང་དར་སྣ་རྒྱལ་མཚན་གྱིས། །གསང་བའི་དཀྱིལ་འཁོར་མཐའ་མ་བསྐོར། །མཛེས་རྒྱན་མཆོད་པའི་རྟེན་བཞུགས་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ་ཞེས་དགོད་ཅིང་སྔགས་རྙིང་མའི་ཕྱག་ལེན་ལ་སྒོམ་ཁྲིའམ་ལྡིང་ཁྲི་ལ་བུམ་ཐོད་མར་མེ་ཚེ་རྫས་སོགས་འགོད་ནའང་འདིར་ས་ཕུར་ལྷ་ཁྲ་ལྟར་དེ་རིགས་ཀྱི་སྤྲོས་པ་དོར་བའི་


GLG022_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱས་ན་སྣམ་བུ་རྣམས་དང་ཕྱོགས་མཚམས་སུ་གཞན་རྣམས་ཀྱང་འགོད་པར་རིགས་སམ་སྙམ། གསུམ་པ་དབང་རྫས་དགོད་པ་ནི། དབང་ཆོག་ལས་ཇི་ལྟར་བྱུང་བ་རྣམས་གོ་རིམ་མ་འཆོལ་བར་བསྒྲིག་གོ །བཞི་པ་བསྲེ་བསྣན་བྱ་བ་ནི། ཁྲག་འཐུང་གལ་པོ་ལས། དམ་ཚིག་བསྲེ་བསྣན་མ་བྱས་ན། །གསར་རྙིང་མཆེད་རྣམས་གང་ལ་འདྲེས། །ཞེས་དང་། དབང་གཞུང་ལས། གང་དག་དམ་ཚིག་མ་འདྲེས་པ་རྣམས་ནི་བསྲེ་བསྣན་བྱ་ཞིང་ཞེས་བྱུང་བའི་བསྲེ་བསྣན་ནི། ཁྲག་འཐུང་གལ་པོར། དཀྱིལ་འཁོར་བྲི་བའི་སྔ་རོལ་ཏུ། །བསྲེ་བསྣན་ཆོ་ག་རབ་ཏུ་བྱ། །མ་འདྲེས་པ་རྣམས་ཡོལ་བས་གཅོད། །ཅེས་དཀྱིལ་འཁོར་འདྲི་བའི་སྔ་རོལ་ཏུ་བྱེད་པར་བཤད་པ་དང་དབང་གཞུང་དུ་ལྷ་སྟ་གོན་གྱི་མཇུག་ཏུ་བཤད་པ་སོགས་རྣམ་གྲངས་མང་ཡང་རྒྱུད་ཀྱི་དགོངས་པའི་གཙོ་བོ། འདྲེས་བསྣན་པ་ལ་མཚམས་དང་བཤགས། །ལྷ་གཤེར་མིང་གཤེར་བརྗེད་ན་དབྲོག །སྨན་བསྡུས་བྱིན་བརླབ་དཀྱིལ་འཁོར་བསྐྱེད། །ཅེས་སྨན་སྒྲུབ་ཀྱི་གོང་དུ་བྱ་བར་བཤད་པ་དང་བཀའ་བརྒྱད་ལ་དཀྱིལ་འཁོར་བཞེངས་ཟིན་ནས་སྨན་སྒྲུབ་ཀྱི་གོང་དུ་བྱེད་པ་ཤས་ཆེ་བས་སྐབས་འདིར་བྱ་བ་འཐད་པར་མངོན་ཞིང་བྱེད་པར་སྤྲོ་ན་བཀའ་གཏེར་གྱི་གཞུང་གཞན་ནས་བླངས་པས་ཁྱབ་ལ། འདིར་ས་ཕུར་གྱི་ཕྱག་ལེན་དང་ཕྱོགས་མཚུངས་སུ་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་རོ། །ལྔ་པ་ཆས་འབུལ་བྱ་བ་ནི། དབང་གཞུང་ལས། དཔལ་ཆེན་ཧེ་རུ་ཀའི་ང་རྒྱལ་གྱིས་གླང་པོ་ཆེའི་སྟོད་གཡོགས་ཞེས་སོགས་ཁྲོ་བོའི་ཆས་གཞུག་མདོ་ཙམ་བསྟན་ཅིང་བྱེད་པར་སྤྲོ་ན་གཞན་ནས་བླངས་པས་ཁྱབ་ཅིང་འདིར་མ་སྤྲོས་སོ། །དྲུག་པ་རྒྱལ་ཐེབས་(༣༦ན)


GLG022_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རྩ་མཆན་ནས་ཀྱང་བསྟན། གསོལ་ནི། དབང་གཞུང་ལས། རྡོ་རྗེ་རྒྱལ་པོ་དེར། རྒྱལ་ཐེབས་དང་། ལས་ཀྱི་ཕྱག་རྒྱ་དང་། བརྡ་སྦྱོར་དང་། རྡུལ་ཕྱགས་ལ་སོགས་པ་སོ་སོར་ཕྱེ་སྟེ། སོ་སོར་གདན་བཤམས་ཤིང་བཀོད་པར་བྱའོ། །ཞེས་རྡོ་རྗེ་རྒྱལ་པོ་ནས་རྡུལ་ཕྱགས་ཀྱི་བར་མངའ་གསོལ་བ་བཀའ་གཏེར་ཕལ་ཆེར་དགོངས་པ་མཐུན་པས་སྤྲོ་ན་གཞན་ནས་ཁ་འགེང་དུ་རུང་ནའང་བསྲེ་བསྣན་དང་དབྱིབས་མཚུངས་པས་བཏང་སྙོམས་སུ་བཞག་གོ །གཉིས་པ་བྱིན་གྱིས་བརླབ་པ་ལ། ལྷག་ཆད་བསྐང་བ་དང་གསེལ་གདབ་གཉིས་ལས། དང་པོ་ལྷག་ཆད་ཁ་དབང་གཞུང་དུ་རྣལ་འབྱོར་ཕོ་མོ་རྣམས་རྒྱན་དང་བཅས་རྡོར་དྲིལ་ཐོགས་ཏེ་སྟང་སྟབས་བཅའ་ཞིང་བསྐོར་བར་བྱ་ཞེས་བཤད། བསྐང་བ་ནི། རོལ་མོའི་སྒྲ་དང་བཅས་པས་སློབ་དཔོན་གྱིས་སྣ་དྲངས་དཔོན་སློབ་རྣམས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། ཡིག་བརྒྱ་བརྗོད་ཅིང་ནོངས་པའི་ཚོགས་བཟོད་པར་གསོལ། གཉིས་པ་གསོལ་བ་གདབ་པ་ནི། རྟོགས་སླ་ལས། སློབ་དཔོན་ཤར་དུ་འདུག་ནས། ཧཱུཾ། ཆོས་དབྱིངས་དག་པའི་ངོ་བོ་ལས། །སྐུ་གསུམ་རྣམ་པར་བྱུང་ནས་ནི། །སེམས་ཅན་རྣམས་ཀྱི་དོན་བྱའི་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །དུས་གསུམ་བདེ་བར་གཤེགས་པ་རྣམས། །ངོ་བོ་ཉིད་ཀྱིས་མེད་ཀྱང་ནི། །བདག་གིས་སློབ་མ་དབང་བསྐུར་ཕྱིར། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རློབས། །ཞེས་བརྗོད། གསུམ་པ་ཏིང་ངེ་འཛིན་བསྒོམ་པ་ནི། ཁྲག་འཐུང་གལ་པོ་ལས། མཆོད་རྫས་བྱིན་གྱིས་བརླབས་པ་དང་། །ལུས་ངག་སྒྲིབ་པ་བཤགས་བྱས་ནས། །བདག་(༣༦བ)


GLG022_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡི་དམ་ཞི་ཁྲོ་བསྒོམ། །བཟའ་བ་ཚོགས་ཀྱི་འཁོར་ལོ་བསྐོར། །བཟླས་བརྗོད་བསྙེན་པའི་འཕྲོ་འདུ་བྱ། །ལྷག་མ་བསྐྱང་ཞིང་དཀྱིལ་འཁོར་བསྡུ། །སྒྲུབ་ཆེན་དབང་བསྐུར་སིདྡྷི་ལེན། །ཡི་དམ་ནུབ་གཅིག་ཆོ་ག་རྫོགས། །ཞེས་དང་། དབང་གཞུང་ལས། གཞན་དབང་གཞུང་ཆེན་པོའི་ཏིང་ངེ་འཛིན་ལས་བྲུཾ་གྱི་འཕྲོ་འདུས། གནས་བྱིན་གྱིས་བརླབ་པ་དང་། རྣལ་འབྱོར་པ་ཐམས་ཅད་རང་རང་གི་ལྷར་བསྒོམ་པ་དང་། སྒྲུབ་རྫས་ཐམས་ཅད་ཡི་གེ་གསུམ་གྱིས་བསྲེགས་ཤིང་སྦྱངས་ནས་བྱིན་གྱིས་བརླབ་པ་དང་ལྷ་མོ་ཀྲོ་དྷཱི་ཤྭ་རིས་བྱིན་གྱིས་བརླབ་པའི་དྲི་ཆབ་ཀྱིས་དག་པར་བྱ་བ་དང་བདུད་རྩི་སྦྱང་བ་དང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་རྫོགས་པར་བྱས་ནས་སྒྲུབ་པའི་དཀྱིལ་འཁོར་གྱི་སོ་སོའི་གནས་སུ་དགྲམ་པར་བྱའོ། །ཞེས་དང་། རྩ་བར། མི་དམིགས་ཆོས་ལ་བློ་བརྟན་ཅིང་། །ཡེ་ཤེས་ཅན་གྱི་བྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབ། །ཞེས་པར་སོ་མཆན་དུ། དབང་སྒྱུར་ཆེན་པོའི་ས་མཱ་དྷིས་གནས་ཁང་། མུ་དྲ་ཆེན་པོའི་ས་མཱ་དྷིས་འདུས་པ་ཕོ་མོ། རྣལ་འབྱོར་པའི་ས་མཱ་དྷིས་དཀྱིལ་འཁོར། འབྱུང་བ་བཅུད་ལེན་གྱི་ས་མཱ་དྷིས་ཛ་གད། ཡིད་བཞིན་ནོར་བུའི་ས་མཱ་དྷིས་རྫས་དང་ཡོ་བྱད། དབྱིངས་དང་ཡེ་ཤེས་ཀྱི་ས་མཱ་དྷིས་མར་མེ་བདུད་རྩི་བུམ་པའི་ས་མཱ་དྷིས་སྨན། ཁྱད་པར་རྨད་བྱུང་གི་ས་མཱ་དྷིས་གཏོར་མ། ཐུགས་རྗེ་ཆགས་པའི་ས་མཱ་དྷིས་རཀྟ། གྲོལ་བ་གནམ་ཀྱི་ས་མཱ་དྷིས་རྒྱུ་དང་ཡུམ་བྱིན་གྱིས་བརླབ། ཅེས་བྱུང་བ་ལྟར། འཕྲིན་ལས་གྱེར་བ། གཏོར་མ་གཏོང་བ། ལྷག་ཆད་ཁ་བསྐང་བ་དང་གསུམ་ལས། དང་པོ་འཕྲིན་ལས་གྱེར་བ་ནི། དགོངས་(༣༧ན)


GLG022_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དུས་སུ་དཀྱིལ་འཁོར་གྱི་འགྲམ་དུ་ཆག་ཆག་གདབ། སློབ་དཔོན་ཁྲུས་བྱས་ལུས་ལ་དྲི་ཞིམ་པོས་བྱུགས་རྒྱན་གྱིས་བརྒྱན་ཏེ་ཤར་ཕྱོགས་སུ་སྟན་རྩ་བར་སློབ་དཔོན་ཇི་བཞིན་སྟན་བདེར་གནས་ཞེས་པར་སོ་མཆན་དུ་གདན་གསུམ་གྱི་དགོས་པ་སྟན་བདེ་ན་ལུས་བདེ། ལུས་བདེ་ན་སེམས། སེམས་བདེ་ན་ཏིང་ངེ་འཛིན་གསལ་ཞེས་བྱུང་། བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་ནས་ཚོགས་མཐའ་མའི་བར་དཀྱུས་ལྟར་གཏོང་བ་ལས་ཁྱད་པར་ཏིང་འཛིན་རྣམ་གསུམ་ནས་བཟུང་རྡུལ་ཚོན་ལ་དམིགས་པ་ཆེད་དུ་གཏད་དེ་བསྒྲུབ་པ་ཡིན། སྒོམ་ལུགས་ཀྱང་ཏནྟྲ་ཧེ་རུ་ཀ་ལས། མ་ཧཱ་ཡོ་གའི་དཀྱིལ་འཁོར་ནི། །བསམ་མི་ཁྱབ་སྟེ་སྐུ་གསུང་ཐུགས། །ཨ་ནུ་ཡོ་གའི་དཀྱིལ་འཁོར་ནི། །བསམ་གྱིས་མི་ཁྱབ་གཉིས་སུ་མེད། །ཨ་ཏི་ཡོ་གའི་དཀྱིལ་འཁོར་ནི། །རང་སེམས་གདོད་ནས་རྣམ་པར་དག །བུ་གཅིག་མ་རྩོལ་བདེ་བར་གནས། །བསྐྱེད་དང་མངོན་རྫོགས་རྫོགས་ཆེན་ལ། །རྣམ་པར་རྟོག་པ་མི་བྱེད་ཀྱང་། །ཞེས་ཡོ་ག་གསུམ་གྱི་སྒོམ་པའི་གནད་སོ་ཟུར་གནུབས་སོགས་སྔར་གྱི་སྔགས་རྒན་རལ་པ་ཅན་རྣམས་ལ་གྲགས་པས་གསར་མའི་རྒྱས་འགེབས་ཀྱིས་མི་ཆོག་ག །སྔ་འགྱུར་སྤྱིར་གྲགས་པ་ལྟར་ཁྲོ་བོ་པུཎྜ་རཱི་ཀར། འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དགུ་ཀློང་འབར་བའི་བསྐོས་ལ་སྤྱོན། །ཞེས་སོགས་བསྐོས་ཀྱི་རྣམ་གཞག་གསུངས་པ་ཕལ་ཆེར་བསྲེ་བསྣན་གྱི་སྔོན་དུ་ཡོད་པ་ཤས་ཆེ་ཡང་དོན་སྟ་གོན་གྱི་ལྷ་འབེབས་པ་ཡིན་པས་འཇུག་བདེའི་དབང་དུ་བྱས་ཏེ་ཉིན་དང་པོའི་ཡེ་ཤེས་པ་དང་ལྷན་ཅིག་བསྟིམ་མོ། །སྔ་འགྱུར་གྱི་སྒྲུབ་ཆེན་མཚན་ཉིད་པར་འདི་ནས་བཟུང་། དུས་བཞིའམ་གསུམ་ཅི་རིགས་པར་འཕྲིན་ལས་གྱེར་ཞིང་འཛབ་ཀྱི་སྔགས་རྒྱུན་བཅས་ནས་བསྙེན་སྒྲུབ། སྒྲུབ་ཆེན། ལས་སྦྱོར་སོགས་(༣༧བ)


GLG022_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་ཁ་བསྒྱུར་ཏེ་མཛད་པ་ནི་ཧེ་རུ་ཀཿ འདུས་རྒྱུད་ཧཱུཾ་ཀ་རའི་ཟླ་གམ་གཅིག་པའི་སྒྲུབ་པར་ཡང་བསྙེན་སྒྲུབ་ཀྱི་རྣམ་གཞག་རྒྱས་པར་གསུངས། ཀྱི་ཕྱི་མ་ལས། དམ་ཚིག་དབང་དང་ལྡན་པ་བཅས། །རྫས་དང་ཆོ་ག་ཚང་བ་ཡིས། །བག་ཆགས་དག་ཅིང་སྣོད་རུང་བ། །འདི་ནི་བསྙེན་པའི་ཆོ་གར་བཤད། །མཆོད་དང་བཤགས་དང་བཟླས་བསྐུལ་བས། །རྩེ་གཅིག་བསྒོམ་དང་ལྷ་ཉེ་བ། །འདི་ནི་ཉེ་བའི་བསྙེན་པ་སྟེ། བར་ཆད་མེད་པར་རབ་དང་བས། །ཉིན་མཚན་མེད་པར་རབ་བསྒྲུབ་པར། །བྱིན་རླབས་རྟགས་དང་ཆོ་འཕྲུལ་འབྱུང་། །འདི་ནི་བསྒྲུབ་པ་ཞེས་བཤད་དོ། །ཆུ་དང་མེ་ལོང་དངས་གསལ་ལ། །གཟུགས་བརྙན་སྣ་ཚོགས་སྣང་བ་ལྟར། །རྣལ་འབྱོར་རང་རྒྱུད་དག་པ་ལས། །དངོས་གྲུབ་སྣ་ཚོགས་རང་ལ་འཆར། །རྟགས་དང་མཚན་མ་གང་བྱུང་བ། །བར་གཅོད་ཐབས་ཀྱིས་བསལ་བྱས་ཏེ། །ཐབས་དང་ཤེས་རབ་ལྡན་པ་ཡིས། །དངོས་གྲུབ་ཡུམ་གྱི་མཁའ་ལ་བླང་། །འདི་ནི་སྒྲུབ་པ་ཆེན་པོར་བཤད། །ཅེས་སོགས་རྒྱས་པར་གསུངས་མོད། དེང་སང་ས་ཕུར་ལྟར་ན་སློབ་དཔོན་གྱིས་བཟླས་བརྗོད་ཇི་ལྟར་རིགས་པ་བགྱིས་པས་ཁྱབ་བོ། །སྒྲུབ་ཆེན་གྱི་དུས་འཛབ་འབུལ་གལ་ཆེ་བས། ཁྲག་འཐུང་གལ་པོ་ལས། ཧཱུཾ་ཀུན་བཟང་མཁའ་དབྱིངས་ཡངས་པའི་གཞལ་ཡས་སུ། །འབྱུང་བ་ཡུམ་རྣམས་འདུས་པའི་དཀྱིལ་འཁོར་གྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པའི་མཆོག་བཀོད་ནས། །རཀྟའི་རྦ་ཀློང་འཁྱིལ་ཅིང་འཁྲུག་པའི་དབུས། །ཀེང་རུས་གསར་རྙིང་བརྩེགས་པའི་རི་རབ་སྟེང་། །རྡོ་རྗེ་བྲག་ཆེན་གཏམས་པའི་ས་གཞི་ལ། །བྷན་དྷ་གསར་རྙིང་བརྩེགས་པའི་གཞལ་ཡས་ཁང་། །ཡོན་ཏན་རྒྱ་ཆེར་གྲུ་བཞི་ལྷམ་པའི་དབྱིབས། །གནམ་ལྕགས་ཨུར་མོའི་གཟེར་ཆེན་ཏ་ལ་ལ། །ཀ་བ་མཆོག་བརྒྱད་ལྡན་པའི་རེའུ་འཆང་དགུ། རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་བཅས། །(༣༨ན)


GLG022_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པའི་མེ་ལྟར་འབར་བའི་འོད་ཟེར་འཕྲོ། །ཆགས་བྱས་ཟླ་གམ་པདྨ་དབང་གི་ཚུལ། །རིན་ཅེན་འཁོར་ལོ་རྩིབས་བརྒྱད་རྒྱས་པའི་དབུས། །པདྨ་འདབ་བརྒྱད་དབུས་ཀྱི་དཀྱིལ་འཁོར་དུ། །དྲེགས་པ་ཁྱོ་ཤུག་བསྣོལ་བའི་ཞིང་རྐྱང་བཏིང་། །རབ་གསལ་ཉི་ཟླ་འབར་བའི་གནས་བཤམས་ལ། །བསོད་ནམས་མཐུས་གྲུབ་ཏིང་འཛིན་སྟོབས་ཀྱིས་བསྐྱེད། །ཡེ་ཤེས་རང་སྣང་དཀྱིལ་འཁོར་དམ་པ་ལས། །བདག་གིས་རྣམ་སྤྲུལ་ཉིད་ཀྱི་མཐུས་བཞེངས་ཤིག །དངས་པའི་མཚོ་དང་གསལ་བའི་ནམ་མཁའ་བཞིན། །མཚན་མ་གཏན་སྤངས་རྣམ་དག་ཐུགས་མངའ་བ། །ཡེ་ཤེས་ཆོས་ཀྱི་དབྱིངས་ལས་མི་གཡོ་ཡང་། །སྨོན་ལམ་དབང་དང་འཕྲལ་གྱི་དུས་མཁྱེན་པས། །མཚོ་ལས་རླབས་དང་མཁའ་ལས་ཉི་ཟླ་བཞིན། །ལུས་དང་ཕྱག་ཞབས་སྟོང་ཁམས་རྡུལ་སྙེད་ཀྱི། །འཇིགས་བྱེད་ཁྲོ་རྒྱལ་འབར་བའི་སྐུར་སྟོན་པ། ཁྲོ་ཞི་ལ་སོགས་ཚུལ་དང་རྔམ་བརྗིད་བཅས། །ཐོད་སྦྲུལ་གཡང་གཞི་ལ་སོགས་རྒྱན་ཆས་ལྡན། །རྡོ་རྗེ་དུང་ཆེན་ཁ་ཊྭཱཾ་ལ་སོགས་བསྣམས། །རབ་འཇིགས་དུར་ཁྲོད་བསྐལ་པའི་མེ་དཀྱིལ་ནས། །སྔོན་མོ་ལ་སོགས་ཚོགས་ཀྱི་དཀྱིལ་འཁོར་མཛེས། །བཀའ་ཉན་མངག་གཞུག་ཕོ་ཉ་གཡོག་འཁོར་བཅས། །དུས་ངན་ཐ་མ་འདུལ་བའི་རྒྱུད་སྦྱོང་བའི། །དཔལ་ཆེན་དཔའ་བོ་ཡབ་ཡུམ་འཁོར་བཅས་ལ། །སྔགས་ཚིག་འབྲུ་བརྒྱད་ལེགས་པའི་མཆོད་པ་དབུལ། །བདག་ལ་དགོངས་བཞེས་བྱིན་རླབས་དངོས་གྲུབ་སྩོལ། །ཞེས་བརྗོད། གཉིས་པ་གཏོར་མ་བཏང་བ་ནི། མཆོད་གཏོར་བཤམ་པ་དང་བྱིན་རླབས་གོང་གི་ཕྱོགས་སྐྱོང་སྐབས་ལྟར་བྱས་ལ། ཤར་ཕྱོགས་(༣༨བ)


GLG022_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་མན་གོང་གི་སྟ་གོན་གྱི་དུས་བཤད་པའི་བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད་ཀྱི་བར་བྱས་ལ། ཨ་ཧ་ར་ནས་ཤཔྟའི་བར་གྱིས་མཆོད། བདག་ཅག་ལ་བགེགས་མེད་པར་མཛོད་ཅིག །ཅེས་གཏོར་མ་དོར་རོལ་མོ་ཡང་བྱའོ། །གསུམ་པ་བཟོད་པར་གསོལ་བ་ནི། སོ་མཆན་དུ་རུས་གར་གྱིས་འབྲོས་སྐོར་ཞེས་པ་བཞིན་གོང་ལྟར་རོ། །དབང་བསྐུར་བ་ལ་འཇུག་པ་བདེ་བར་དགོས་པའི་སྐབས་ལས་བྱང་གནས་ཁང་རྙིང་པར་སྟ་གོན་མན་ཆད་ལ་བརྟེན་པའི་ཆོ་ག་ལས་ལྷ་བཏང་བའི་གཤིན་པོས་ནད་པར་ས་སློང་མི་དགོས་ཀྱང་བདག་པོ་སྔགས་འཆང་པས་བྲིས་འདུག་པ་བགེགས་སྐྲོད་དང་ནོར་བ་འདྲ། སྲུང་འཁོར་སྔོན་དུ་བགེགས་གཏོར་བཏང་བས་ཐུས་སོ། །གྱེར་རྗེས། ས་ལྷ། བགེགས་སྐྲོད། ཕུར་གདབ། སྲུང་འཁོར་བསྒོམ་པ། མགྲོན་རིགས་རྣམས་ལ་གཏོར་མ་གཏོང་བ། རྒྱལ་ཆེན། ལྷ་སྟ་གོན། བུམ་པ་སྟ་གོན། སློབ་མ་སྟ་གོན་རྣམས་ཀྱི་མཇུག་ཏུ་ལྷ་སྟ་གོན་གྱི་ཚོམ་བུ་བསྡུས་པའི་ཤུལ་དུ། ཁྲག་འཐུང་གལ་པོ་ལས། བུ་མོ་མཁས་པས་ལེགས་བཀལ་བའི། །ཐགས་བཟང་ཕྲ་རས་དྲི་ཤུན་གོས། །དུར་ཁྲོད་མགལ་པས་བརྒྱངས་ནས་ནི། །ཚོན་རྩི་སྤྱིན་མེད་བཟང་པོ་ཡིས། །ཐོད་པ་ལྔ་ཡི་ཀོང་བུའི་ནང་། །དཔའ་བོ་འབྲུ་ལྔ་ཡེ་ཤེས་ཀྱི། །དམ་ཚིག་ལྡན་ཞིང་དབང་ཐོབ་(༣༩ན)


GLG022_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལྷ་བཟོ་མཁས་པས་བྲིས་པའི་སྐུ། །ལྷ་དགུའི་དཀྱིལ་འཁོར་བཟང་པོ་ནི། །སྒྲུབ་པ་པོ་རྣམས་བསྒོམ་པ་ཡང་། །ཏིང་འཛིན་གསལ་ཕྱིར་དམིགས་རྟེན་དགྲམ། །ཞེས་པ་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་སྔ་འགྱུར་ལུགས་ཀྱི་སྒྲུབ་ཚུལ་རྡུལ་ཚོན་བསྡུས་པ་བྱེད་ན་འདིའི་སྟེང་དུ་ཐིག་ཚོན་གྱི་ཆོ་ག་བསྣན་པས་འགྲུབ་བོ། །རྒྱས་པ་ལ་འདི་ཙམ་ཞིག་དགོས་པར་བདག་པོ་སྔགས་འཆང་བའི་དེར་གསར་མའི་པར་བཀབ་དྲགས་པར་མངོན་ཞིང་བསྡུས་པ་ལ་ས་ལྷ་དང་ལྷ་སྟ་གོན་གཉིས་ཀྱང་མི་མཛད་པས་སོ་སོའི་ལུགས་སྲོལ་མ་འཕྱུགས་པར་ཁོང་དུ་ཆུད་པ་གནད་དུ་ཆེའོ། །ཁྲོ་བོ་པུཎྜ་རཱི་ཀའི་ལེའུ་དྲུག་པར་སྨན་ཁྲོལ་བུ་དང་བདུན་པར་ཕྱེ་མའི་བསྒྲུབ་ཚུལ་གསུངས་ཤིང་ལེའུ་བདུན་པ་ནས་བརྡ་སྒོ་སོ་མཆན་དུ་བརྡ་སྒོ་བརྡ་ཕྱག །ཅེས་བྱུང་བ་འདིར་མ་ཟད་ལས་བྱང་གི་བརྡ་སྒོ་བརྡ་ཕྱག་ཀྱང་བསྟན་ནོ། །སོགས་མན་ངག་ལས་བདུན་ཕལ་ཆེར་དང་ཉུལ་ལེ་སྐྲོད་རྩ་བར་བར་ཆད་བྱེད་པའི་བགེགས་ཆེན་ཡང་ཞེས་པར་སོ་མཆན་དུ་ཉུལ་ལེ་མ་དྲུག་དང་འབྱུང་པོ་ཕལ་པ་ཞེས་བྱུང་། པ། དངོས་གྲུབ་ལེན་པ་རྣམས་གསུངས་པ་དབང་གཞུང་ལས། མཆོད་ཅིང་བསྟོད་ནས་མཚན་ལྟས་བྱུང་བའི་དུས་སུ་དངོས་གྲུབ་གང་ཡིན་པའི་སྒོ་ནས་བླངས་ཏེ་དབང་བསྐུར་བར་བྱ་ཞེས་པ་ལས། ཧ་ཅང་གི་མི་གསལ་ཡང་གསང་སྔགས་སྔ་འགྱུར་གྱི་སྒྲུབ་ཆེན་མཚན་ཉིད་དང་ལྡན་པ་བྱེད་ན་རྒྱུད་དང་གཞུང་གཞན་དག་ནས་ཁ་འགེང་བ་ཡིན་ནོ། །གཉིས་པ་དབང་བསྐུར་བ་ལ་བདག་འཇུག་དང་སློབ་མ་རྗེས་འཛིན་གཉིས་ལས། དང་པོ་བདག་ཉིད་འཇུག་པ་ནི། སོ་མཆན་དུ་གུ་རུས་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་བྱ་ཞིང་ལྷ་ལ་གསོལ་བ་གདབ་པར་བཤད། ཁྲག་འཐུང་གལ་པོ་ལས། ཤར་ནས་རྡོ་རྗེ་ཤུགས་ཀྱིས་འདེགས། །དང་པོ་རྣལ་འབྱོར་དབང་ཕྱུག་འཇུག །(༣༩བ)


GLG022_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ལྟར་རང་གཙོ་བོ་དང་ཐ་མི་དད་པའི་ངང་ནས་གཙོ་བོ་ལས་གཉིས་པར་བྱེ་སྟེ་དཀྱིལ་འཁོར་གྱི་གཙོ་བོ་བླ་མར་མོས་པ་ལ་དབང་བཞི་རྫོགས་པར་བླངས་ནས་དམ་ཚིག་རྣམས་གསོ། རྡོར་དྲིལ་སྤོས་དང་བཅས་འགེངས་ལ། དེ་ཉིད་ལས། རང་བྱུང་ཡེ་ཤེས་ལྷ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག །ཕྱི་མའི་དུས་ལས་མི་བཞེངས་པར། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཞེས་གནང་བ་ཞུ། གཉིས་རྩ་བར་རྡོ་རྗེའི་ཚུལ་དུ་དབང་དག་སྦྱིན་ཞེས་པར་སོ་མཆན་དུ། དབང་གི་ནུས་པ་འཇིག་བྲལ་མེད་པར་བཤད་པ་ལྟར་གྱི་དབང་བསྐུར་བ་ལ། པ་སློབ་མ་རྗེས་སུ་འཛིན་པ་ནི། དེ་ནས་དབང་བསྐུར་བའི་ཕྱིར་གང་གི་དཀྱིལ་འཁོར་དུ་འཇུག་པ་ཙམ་ལས་མ་བྱས་པ་དག་ལ་ནི་སྔ་མའི་དུས་སུ་བར་མཚམས་སུ་བཞག་ནས་རིག་པའི་དབང་ནས་བསྐུར་བ་དང་དེ་བཞིན་དུ་གང་ཐོབ་པ་ནས་བརྩམས་ཏེ་རྫོགས་པའི་བར་དུ་སྤྱད་པར་བྱའོ། །དེ་དག་གི་རིམ་པ་ནི་འདི་ལྟར་ཡིན་ཏེ་དང་པོ་གོང་རོལ་ཏུ་འཇུག་པའི་ཆོ་ག་ལ་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས་ཆོ་ག་རྫོགས་པས་སློབ་མ་ཡོངས་སུ་སྦྱངས་པ། བར་ཁང་གི་སྒོ་མཚམས་སུ་མཎྜལ་བཤམས་ལ་བཞག་སྟེ་བྱང་གི་སྒོ་དྲུང་ན་གནས་པའི་བུམ་པ་བསངས་ནས་རིགས་ཀྱི་ལྷ་ལ་མཆོད་ཅིང་གསོལ་བ་བཏབ་ནས་ཤིས་པར་བྱའོ། །ཞེས་བྱུང་བ་ལྟར་ཡོལ་བའི་ཕྱི་འཇུག་དང་ནང་འཇུག་གཉིས་ཀྱི། དང་པོ་ཕྱི་ནས་འཇུག་པ་ལ་གདོང་གཡོགས། དྲི་བ་དང་དྲི་ལན། གསོལ་གདབ། གནང་བ་ཞུ་བ་དང་བཞི་ལས། དང་པོ་གདོང་གཡོགས་འཆིང་བ་ནི། འདི་ནས་བཟུང་ཕྱི་འཇུག་རྣམས་འཚམས་སྦྱོར་མ་གཏོགས་དབང་གཞུང་། རང་གཙོ་བོ་ལ་བསྟིམས་ནས་གཙོ་བོ་དང་ཐ་མི་དད་དུ་མོས་ཏེ། སྔར་དབང་བསྐུར་མ་ཐོབ་པ་ཡིན་ན། དཀྱིལ་འཁོར་ཡོལ་(༤༠ན)


GLG022_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཅད། སློབ་མ་རྣམས་ལ་ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། ཕྱག་བྱས་གྲལ་ལ་འཁོད། བགེགས་གཏོར་གཏོང་། དབང་གཞུང་དུ་རས་དམར་པོའམ་དཀར་པོ་ཞེས་བཤད་ཅིང་རྟོགས་སླར་དར་དམར་པོའམ་རིགས་དང་བསྟུན་ན་ནག་པོ་སློབ་མའི་མིག་ལ་དགབ་གསུང་བ་དཀར་ནག་གི་མཚམས་ལ་དགོངས་པ་ཅུང་ཟད་མི་མཐུན་ཀྱང་དར་དམར་པོ་ལས་སྔགས་ཀྱིས་བསངས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ཏེ་ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་གདོང་འཆིང་། དེའི་ཞར་བྱུང་དུ་རྟོགས་སླར་དྲི་ཞིམ་པོའི་མེ་ཏོག་གཏོད་པར་གསུངས་ཤིང་དབང་གཞུང་དུ་རིན་པོ་ཆེའི་འཕྲེང་བ་ཐོགས་ཏེ་ཞེས་བྱུང་བ་རྙིང་མའི་ཕྱག་ལེན་ལ་དར་སྣ་ལྔ་གཏུབས་པའི་མེ་ཏོག་དང་གསར་མ་བ་རྣམས་ཙམ་པ་ཀའི་མེ་ཏོག་གཏོད་པ་གང་ལྟར་ཀྱང་གོང་གི་སྔགས་ཀྱིས་མེ་ཏོག་གི་འཕྲེང་བ་སྦྱིན། གཉིས་པ་དྲི་བ་དང་དྲི་ལན་བྱ་བ་ནི། ཐེག་པ་ཆེན་པོའི་རིགས་སད་པའི་སློབ་མ་ལ། ཀྱེ་ཁྱོད་ཅི་ལ་དགའ་བས་འདིར་འཇུག་པ་ཡིན། ཞེས་དྲི། སློབ་མས། བདག་སྐལ་བ་བཟང་པོ་ལ་དགའ་བས་འདིར་འཇུག་པའོ་ཞེས་ལན་གདབ། ཡང་དེས་ཁྱོད་ལ་ཅི་དགོས་ཞེས་དྲི། རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་པའི་ཕྱིར་རོ། །ཞེས་ལན་འདེབས། གསུམ་པ་གསོལ་ཁྲག་འཐུང་གལ་པོའི་བརྟག་པ་དྲུག་པར་ཡང་བཤད་ཅིང་རྩ་བར་དངོས་གྲུབ་འདོད་པས་གསོལ་བ་གདབ་ཅེས་བྱུང་། བ་གདབ་པ་ནི། སྟ་གོན་གྱི་མཎྜལ་ལྟར་ལ་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་སོགས་ཀྱིས་མཎྜལ་ཕུལ་ལ། བདེ་གཤེགས་སྲས་བཅས་དམ་ཚིག་པས། །ཡོན་དབུལ་ཐུགས་རྗེས་བདག་ལ་དགོངས། །སངས་རྒྱས་སྐུ་གསུམ་རང་བཞིན་མཆོག །སློབ་དཔོན་མགོན་ལ་བདག་(༤༠བ)


GLG022_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཆི། །སྐལ་བཟང་ལྷ་མོ་ཚོགས་བཅས་པའི། །དཀྱིལ་འཁོར་ཚོགས་ལ་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །བཞི་པ་གནང་བ་ཞུ་བ་ནི། སློབ་དཔོན་གྱིས་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་ཏེ་ཞྭ་ཕུད་རྡོར་དྲིལ་བཟུང་ནས། རྒྱལ་བ་ཀུན་གྱི་གནས་བཞུགས་པའི། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་བ། །སྙིང་པོའི་གོ་ཁྲབ་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་བརྗོད། གཉིས་པ་ནང་དུ་འཇུག་པ་ལ་ཕྱག་བྱ་བ། རྣལ་འབྱོར་དུ་སེམས་བསྐྱེད་པ། སྐྱབས་སུ་འགྲོ་ཞིང་དམ་བཅའ་བ། སྡིག་བཤགས། ཡི་རང་། སེམས་བསྐྱེད། གསང་བར་གདམས་པ། ཡེ་ཤེས་དབབ་པ། དཀྱིལ་འཁོར་བསྟན་པ་སྟེ་དགུ་ལས། དང་པོ་ཕྱག་བྱ་བ་ནི། སུམྦྷ་དང་དཔའ་བོ་འབྲུ་ལྔ་བརྗོད་ཅིང་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཡོལ་བ་བསལ་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་བསམས་ཤིང་ཤར་སྒོ་ནས། རྟོགས་སླ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བདེ་གཤེགས་རྒྱལ་བ་འཁོར་བཅས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་ལན་གསུམ་བྱེད་དུ་གཞུག་གོ །གཉིས་པ་རྣལ་འབྱོར་དུ་སེམས་བསྐྱེད་པ་ནི། སློབ་མའི་སྙིང་གར་སྨོན་འཇུག་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་གསལ་བར་བསམ་དུ་བཅུག་ལ། དབང་གཞུང་ལས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི་ཧཱུཾ་ཞེས་བརྗོད་དུ་གཞུག །སྐྱབས་འགྲོ། སྡིག་བཤགས། ཡི་རང་། སེམས་བསྐྱེད་བཞི་སྟ་གོན་གྱི་སྐབས་ལྟར་(༤༡ན)


GLG022_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དྲུག་པ་གསང་བར་གདམས་པ་ནི། དེ་ཉིད་ལས། མེ་ཏོག་དང་བཅས་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་བདེ་གཤེགས་ཀུན་གྱིས་ཁྱོད་ཉིད་དེ། །དེ་རིང་བྱིན་གྱིས་བརླབས་པས་ན། །དེ་བཞིན་གཤེགས་པའི་གསང་ཆེན་འདི། །དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །དད་པ་མེད་པའི་མི་རྣམས་ལ། །ནམ་ཡང་སྨྲ་བར་བྱ་བ་མིན། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་ཞར་བྱུང་དུ་སེམས་བསྐྱེད་བརྟན་པར་བྱ། བདུན་པ་ཡེ་ཤེས་དབབ་པ་ལ་དམ་བཞག །སྡོམ་བཟུང་གསོལ་གདབ། ཡེ་ཤེས་དབབ་པ་དངོས་དང་བཞིའི། དང་པོ་དམ་ལ་བཞག་པ་ལ་ཕན་ཡོན། ཉེས་དམིགས། གཉི་ག །བཀའ་གཉན་པ་དང་བཞི་ལས། དང་པོ་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། རྟོགས་སླ་ལས་མགོ་བོར་རྡོ་རྗེ་བཞག་ལ། རིགས་ཀྱི་བུ་མཆོག་ཚུར་ཉོན་ཅིག །དེང་ཁྱོད་བདེ་གཤེགས་འཁོར་བཅས་ཀྱི། །ནང་དུའང་ཁྱོད་ཀྱིས་ཞུགས་པ་ཡིན། །སློབ་དཔོན་ལུང་བསྟན་ངས་ཀྱང་ནི། །བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀའི། །ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ། །རྣལ་འབྱོར་བུ་མཆོག་ཁྱོད་ཀྱི་ཀྱང་། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། ཁྱོད་ཀྱི་དཀྱིལ་འཁོར་མ་མཐོང་བའི། །མདུན་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲ་བར་གྱུར་ན་ནི། །དམ་ཚིག་ཉམས་ཏེ་དམྱལ་བར་འགྲོ། །ཞེས་བརྗོད། གཉིས་པ་ཡེ་ཤེས་དབབ་པ་མ་བསམས་པའི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་ཁར་བཞག་ལ། ས་བཅད་ཕྱི་མ་གསུམ་དང་(༤༡བ)


GLG022_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབབ་པའི་གསོལ་འདེབས་དབང་གཞུང་ལས། ཨོཾ། རྡོ་རྗེ་སེམས་དཔའ་ཁྱོད་ཉིད་ཀྱི། །སྙིང་ལ་ཡང་དག་ཞུགས་མཛད་དེ། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཨོཾ་ས་མ་ཡ་ཨུཏྟ་ག་ཐཱ། ཞེས་བརྗོད། གསུམ་པ་དམ་ཚིག་བསྲུངས་བ་དང་མ་བསྲུངས་པའི་ཕན་ཡོན་ཉེས་དམིགས་གཉི་གའི་སྒོ་ནས་དམ་ལ་བཞག་པ་ནི། ཐོད་པའི་སྣོད་དུ་བདུད་རྩི་ལྔ་སྦྱར་བའི་ཆུ་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུཾ། བཛྲ་ཨུ་ད་ག་ཧྲཱིཿཋཱ། ཞེས་བརྗོད། བཞི་པ་སློབ་དཔོན་བཀའ་གཉན་པའི་སྒོས་ནས་དམ་ལ་བཞག་པ་ནི། མགོ་བོར་རྡོ་རྗེ་བཞག་ལ། དེ་རིང་ཕྱིན་ཆད་ཁྱོད་ཉིད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །གང་ཞིག་བསྒོ་བའི་ལས་རྣམས་བྱོས། །ང་ལ་བརྙས་པར་མ་བྱེད་ཅིག །གལ་ཏེ་ཅུང་ཞིག་བརྙས་བྱས་ན། །དུས་མིན་འཆི་ཞིང་དམྱལ་བར་ལྟུང་། །ཞེས་བརྗོད། གཉིས་པ་སྡོམ་པ་བཟུང་བ་ལ་དམ་བསྒྲགས་པ་དང་དངོས་གཉིས་ལས། དང་པོ་དམ་བསྒྲགས་པ་ནི། རྟོགས་སླ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་ཅོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་གྱིས། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤེས་རབ་དྲིལ་བུ་ཞེས་ཀྱང་གྲགས། །སློབ་དཔོན་ཁྱོད་ཀྱིས་གཟུང་བར་གྱིས། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ལ་བརྙས་པར་མ་བྱེད་ཅིག །འདི་ནི་རྡོ་རྗེའི་རིགས་དག་པའི། །རྡོ་རྗེ་དམ་ཚིག་(༤༢ན)


GLG022_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་གྲགས། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཅེན་རིགས་ཀྱི་དམ་ཚིག་གོ །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་གྱིས། །ཞེས་བརྗོད། གཉིས་པ་སྡོམ་པ་གཟུང་བ་དངོས་ནི། སྟ་གོན་བཞིན་བྱ། དབང་གཞུང་དུ་ཚོགས་གསོག་ཟུར་པ་ཞིག་དཀྱུས་འདིར་བྱུང་ཡང་སྟ་གོན་གྱི་སྐབས་ལས་དགོས་དོན་ལྷག་པོ་མི་འདུག་པས་མ་བྲིས། གསུམ་པ་ཡེ་ཤེས་དབབ་པའི་གསོལ་འདེབས་ནི། མཎྜལ་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཐུགས་རྗེས་སོགས་ཀྱིས་མཎྜལ་ཕུལ་ཏེ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས། །སྐུ་དང་གསུང་འཕྲུལ་ལས་མཛད་པ། །ཕྱག་རྒྱའི་ཆོ་ག་གང་དག་གིས། །དེ་རིང་བདག་ལ་དབབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། ལས་སྔགས་ཀྱིས་བསངས། སློབ་མ་རྣམས་སྟ་གོན་གྱི་གནས་གསུམ་བྱིན་རླབས་ཀྱི་སྐབས་ལྟར་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པའི་སྤྱི་བོར་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཧཿ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་(༤༢བ)


GLG022_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཧཱུཾ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྣོ་ཞིང་འབར་བ་ལ་ཨཱཿ། རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ་ལ་ཛྷཻཿ། དྲག་ཅིང་བཟོད་དཀའ་བའི་གཟུགས་ཅན་རླུང་གིས་བསྐྱོད་པ་རྐང་མཐིལ་ནས་ཞུགས། ལྟེ་བའི་མེ་དང་འདྲེས་ནས་འབར་བས་སྙིང་གའི་ས་བསྲེགས། སྤྱི་བོའི་ཆུ་ཁོལ་བ་ལས་བདུད་རྩིའི་ཚོགས་བབས་པས་ཚིམ་པར་གྱུར་ཅིང་རྐང་འོག་གི་རླུང་གིས་འདེགས་བཞིན་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ལས་གནོད་སྦྱིན་མ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། རང་བཞིན་གྱི་གནས་ནས་ཡང་དག་སྦྱོར་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་ཀྱང་། དེ་འདྲ་བ་ཚད་མེད་པ་འཕྲོས་པས་སློབ་མའི་སྙིང་གར་པད་ཉིའི་སྟེང་དུ་ཧཱུཾ་ལ་ཐིམ་པར་བསམས་པའི་འོད་ཀྱིས་ནང་གང་བས་སྡིག་སྒྲིབ་ཐམས་ཅད་སྦྱངས། དཀྱིལ་འཁོར་གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཞུགས་པར་བསམ། རོལ་མོ་དབྱངས་དང་བཅས་པས་ལས་བྱང་གི་བྱིན་འབེབས་གྱེར། སུམྦྷ་བརྗོད་ཅིང་བགེགས་བསྐྲད། ཨོཾ་ཛྙཱ་ན་ཨ་བེ་ཤ་ཡ། སྟམྦྷ་ཡ། སྟམྦྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཨཱཿཧཿཛྷཻཿ ཞེས་བརྒྱ་རྩ་བཟླས། སརྫ་རཱ་ཛ་དང་བདུད་རྩི་ལྔ་ལ་སོགས་པའི་སྤོས་ཀྱིས་བདུག་ཅིང་རོལ་ཆེན་ཟད་མཐར་འབེབས། དབང་གཞུང་ལས། ནམ་ཞིག་ཡེ་ཤེས་བབས་པའི་ཚེ་ནི་སྐུ་གསུང་ཐུགས་ཀྱི་རྟགས་སྟོན་པར་འགྱུར་རོ་ཞེས་པ་ལྟར། སྐུ་ཕེབས་ན་འཕར་གཡོ། གསུང་(༤༣བ)


GLG022_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ན་སྨྲ་རྒོད། ཐུགས་ཕེབས་ན་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་ཉམས་ལ་དཔགས་ཏེ་ངོ་སྤྲད་དོ། །ཡང་ཕུར་གྱི་གཞུང་གཉིས་ན་མི་གསལ་ཡང་རྙིང་མ་སྤྱི་ལུགས་ལྟར་ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བོ། །ཡེ་ཤེས་དབབ་པའི་དམིགས་པ་དབང་གཞུང་གི་དགོངས་དོན་ལྟར་ལ། སུམ་མདོར་འབྱུང་བ་འགོད་པ་མི་གསལ་ཞིང་མགྲིན་པར་སྣང་བ་དམིགས་པ་མ་བདེ་བས་གསང་སྔགས་སྤྱི་གཞུང་ལྟར་བཀོད་ལ། བདག་པོ་སྔགས་འཆང་པའི་དེར་སྤྱི་བོར་རླུང་གི་དཀྱིལ་འཁོར་འདུག་པ་འདི་དང་མཉམ་སྦྱོར་རིགས་བསྡུས་སོགས་ཡི་གེ་གཞན་དུའང་མ་བྱུང་བས་འདིའི་ཕྱོགས་སུ་མི་གཏོགས་པའི་དཔེ་འདྲ་གཟིགས་པ་དང་ཆང་གིས་ཐུགས་བད་པ་ཐུག་པ་ནི་མིན་ལས་ཆེའོ། །དགུ་པ་དཀྱིལ་འཁོར་བསྟན་པ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི། དང་པོ་སྔོན་འགྲོ་ལ་བདེན་བརྗོད། གནང་བ་འདྲི་བ། མེ་ཏོག་དོར་བ། མེ་ཏོག་འཕྲེང་བ། མིག་དབྱེ་བ་དང་ལྔ་ལས། དང་པོ་བདེན་པ་བརྗོད་པ་ནི། སློབ་དཔོན་འགྲེངས་ལ་ཞྭ་ཕུད་རྡོར་དྲིལ་བཟུང་དཀྱིལ་འཁོར་ལ་འདུད་པ་དང་བཅས་ཏེ། དབང་གཞུང་ལས། མགོན་མཆོག་གསང་བའི་དཀྱིལ་འཁོར་འདིར། །སློབ་མ་མཆོག་འདི་གཞུག་པར་བགྱི། །རིགས་ཀྱི་ལྷ་ཡི་བྱེ་བྲག་དང་། །བསོད་ནམས་གང་ཡིན་དེ་བཞིན་ཤོག །དེ་བཞིན་དངོས་གྲུབ་མཚན་མ་དག །སྙིང་པོའི་གནས་འདིར་ལེགས་པར་སྟོན། །ཞེས་བརྗོད། གཉིས་པ་སྣང་བ་འདྲི་བ་ནི། ཁྱེད་ཀྱི་མིག་ལ་ཇི་ལྟར་སྣང་། །ཞེས་དྲིས་པས། དཀར་སེར་དམར་ནག་ཏུ་མཐོང་ན་འཕྲིན་ལས་བཞི་དང་ལྗང་གུའམ་


GLG022_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་བོ་སྣང་ན་ལས་སྣ་ཚོགས་འགྲུབ་ཅེས་ལུང་སྟོན་ནོ། །གསུམ་པ་མེ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་བཤད་ཅིང་བརྟག་པ་བཅུ་བཞི་པར་དུར་ཁྲོད་རྫས་ཀྱི་མེ་ཏོག་དོར་བ་ཡང་གསལ། ཏོག་དོར་བ་ནི། སྔར་བྱིན་པའི་མེ་ཏོག་གི་འཕྲེང་བ་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་རང་གི་རིགས་ཀྱི་ལྷ་ལ་ཕུལ་བར་མོས་ཤིག་ཅེས་བསྒོ་ལ། ཟླ་འདི་ནས་དཀྱིལ་འཁོར་བལྟ་བར་བསྐུལ་བའི་བར་མཚམས་སྦྱོར་མ་གཏོགས་དབང་གཞུང་། གམ་དགུ་ཟླ་གམ་གཅིག་པ་ཞེས་པ་འདོན་པ་བསྒྱུར་བ་ཡིན། པའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཡེ་ཤེས་མཁྱེན་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿ། ཞེས་ཟློ་ཞིང་དཀྱིལ་འཁོར་ལ་མེ་ཏོག་དོར་དུ་གཞུག །དེ་ནས་གང་ལ་ཕོག་པའི་ལྷ་ནི་འདིའོ་ཞེས་སློབ་དཔོན་གྱིས་ངོས་གཟུང་སྟེ་ལུང་བསྟན་ཚུལ། ལྷ་གང་ལ་བབས་པ་དེ་ཡི་དམ་དུ་བླང་བར་བྱའོ། །དེ་ཡང་གཙོ་བོ་ལ་ཕོག་ན་ནི། མཆོག་གི་དངོས་གྲུབ་འགྲུབ་ཅིང་བར་མཚམས་དག་གིས་ནི་འབྲིང་པོའི་ལས་འགྲུབ་ན། ར་བ་ལས་འདས་པ་དག་ནི་སླར་བསྐྱར་ཏེ་ལན་གསུམ་དོར་ཞིང་གང་ཞིག་དཀྱིལ་འཁོར་ལ་མ་བབས་པ་དག་ནི་ཆུས་ཤིས་པར་བྱས་ཏེ་སླར་གཏང་བར་བྱའོ། །ཞེས་བྱུང་ངོ་། བཞི་པ་མེ་ཏོག་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་གསལ། འཕྲེང་བའི་དབང་ནི། མེ་ཏོག་གི་འཕྲེང་བ་དེ་ཉིད་སློབ་དཔོན་གྱིས་གཙོ་བོའི་དབུ་ནས་བླངས་ཏེ། མེ་ཏོག་རིན་ཅེན་འཕྲེང་བ་འདི། །གང་ལ་བབས་ལ་རིགས་ཀྱི་ལྷ། ཁྲག་འཐུང་ཡབ་ཡུམ་ཁྱོད་ཀྱི་ལྷ། །རྟག་ཏུ་མི་འབྲལ་བསྒོམ་པར་བྱ། །ཀྱེ་རྡོ་རྗེ་སེམས་དཔའ་ཆེན་པོའི་འཕྲེང་བ་འདི་དང་མ་བྲལ་བར་གྱིས་ཤིག །ཨོཾ་རཏྣ་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཞེས་མགོ་ལ་འཆིང་ངོ་། །ལྔ་པ་མིག་དབྱེ་བ་ནི། ཁྲག་འཐུང་(༤༤ན)


GLG022_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གལ་པོའི་བརྟག་པ་བདུན་པར་བཤད། ཡི་གེ་ཨོཾ་ལས་སྐྱེས་པའི་གསེར་གྱི་ཐུར་མས་མཚན་མའི་དྲི་མ་བསལ་ཞེས་དབང་གཞུང་ལས་བྱུང་ཡང་འཇུག་པ་བདེ་བ་རྡོ་རྗེས་མིག་དབྱེ་བའི་སྟང་ཀ་དང་བཅས། ཨོཾ་རྡོ་རྗེ་སེམ་དཔའ་ཁྱོད་ཉིད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །སྒྲིབ་གཡོགས་ལིང་ཏོག་ཀུན་བསལ་ནས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། ཅེས་བརྗོད་ལ་གདོང་གཡོགས་བཀྲོལ། ཁྱོད་ཀྱི་མི་ཤེས་པའི་རབ་རིབ་དག་པས་ཡེ་ཤེས་ཀྱི་མིག་ཐོབ་སྟེ་ཐར་པ་ཆེན་པོའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་བསམ། ཞེས་བསྒོའོ། །གཉིས་པ་དཀྱིལ་འཁོར་བསྟན་པ་དངོས་ནི། བུ་ཁྱོད་དཀྱིལ་འཁོར་ལེགས་པར་ལྟོས། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མེ་ཏོག་གང་ལ་བབས་པ་ནི། །དེ་ཉིད་ཁྱོད་ཀྱི་རིགས་ཀྱི་ལྷ། །ཞེས་ལྟ་བར་བསྐུལ་ནས། རྟོགས་སླ་ལས། དཀྱིལ་འཁོར་ལྟར་བཅུག་སྟེ་ཁྱོད་ཀྱིས་མཐོང་ཞིང་ཞུགས་པའི་དཀྱིལ་འཁོར་འདི་ནི། འདི་ལྟ་བུ་མཐོང་བར་ཡིད་ལ་གྱིས་ཤིག །ཅེས་བསྐོས་ལ། སྲུང་འཁོར་ནས་གདན་གྱི་བར་དུ་གཞལ་ཡས་ཁང་དང་གཙོ་བོ་ནས་དུར་ཁྲོད་ཀྱི་བར་དུ་ལྷ་རྣམས་ཇི་ལྟར་བྲིས་ཤིང་རང་གིས་བསྒོམས་པ་དང་མཐུན་པར་གསལ་བར་བཤད་དོ། །དབང་གཞུང་ལས། སློབ་མས། བདག་གི་གཞུང་དུ་བཟའ་བཏུང་ལ་སོགས་པས་ལྷ་དང་སློབ་དཔོན་མཉེས་པར་མཛད། སྐལ་ཅེས་པ་དཀྱིལ་འཁོར་མཐོང་བའི་དགའ་སྟོན་ཡིན་ནའང་དིང་སང་བོད་དུ་དར་སོ་ཆུང་། བ་ཇི་ལྟར་ལགས་པ་བསྟན་དུ་གསོལ། ཞེས་པའི་ལན་དུ། བུ་ཁྱོད་དད་པས་རབ་གུས་བསྐྱེད། །དཀྱིལ་འཁོར་བཟང་པོ་ལེགས་པར་ལྟོས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །ཡང་(༤༤བ)


GLG022_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དག་གྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་རིགས་མཆོག་འཛིན། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་རྣམས་ཐམས་ཅད་མངོན་དུ་གྱུར། །དམ་ཚིག་ཏིང་འཛིན་རྗེས་ཆགས་དང་། །གསང་སྔགས་སྙིང་པོ་འཛིན་པར་གྱིས། །ཞེས་བརྗོད། རྟོགས་སླ་ལས། དེ་ལྟར་འཇུག་པ་རྣམ་པ་གཉིས་ཀྱི་སྒོ་ནས་ཁྱོད་ཀྱི་དཀྱིལ་འཁོར་དུ་ཞུགས་པས་རྒྱུད་ལ་ལམ་ལྔ་ལས་ཚོགས་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་བརྗོད། གཉིས་པ་དབང་བསྐུར་བ་དངོས་ལ། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་དང་བཞི་ལས། དང་པོ་བུམ་པའི་དབང་ལ་སྔོན་འགྲོ། དངོས་གཞི། དབང་དོན་བཤད་པ་དང་གསུམ་ལས། དང་པོ་སྔོན་དུ་འགྲོ་བ་ནི། མཎྜལ་ཡེ་ཤེས་དབབ་པ་ལྟར་ལ་བུམ་པའི་དབང་བསྐུར་ཞེས་ཁ་བསྒྱུར། གསོལ་གདབ་ནི། དབང་གཞུང་ལས། རྒྱལ་བ་ཀུན་གྱི་གསང་བའི་ལམ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །མཁའ་འགྲོ་མ་ཡི་འཁོར་ལོ་མཆོག །ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །དེ་རིང་དབང་བསྐུར་གནང་བ་ཡི། །དུས་ལ་བབ་པར་མཁྱེན་པ་ལེགས། །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་རིམ་པ་བདག་ལ་སྩོལ། །རིག་པ་ཆེན་པོའི་ལས་བསྒྲུབས་ནས། །དངོས་པོ་མཆོག་རྣམས་ཤིས་པ་དང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་རྡོ་རྗེ་སློབ་དཔོན་གཟུང་། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ཉིད་ལས། དེ་ནས་ཤར་ཕྱོགས་ཀྱི་སྒོ་དྲུང་དུ་ཁྲུ་དོ་ཙམ་གྱིས་ཆོད་པར་དབང་སྟེགས་དཀྱིལ་འཁོར་གྱི་ལྟེ་བ་དང་(༤༥ན)


GLG022_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་བརྩིགས་ཏེ་པདྨ་འདབ་བརྒྱད་སྒོ་དང་བཅས་པ་བྲིས་ཤིང་སེང་དབང་སྟེགས་བརྩིག་པ་དང་སེང་ཁྲི་རྟོགས་སླར་མི་གསལ། གེའི་ཁྲི་ལ་པདྨས་མཚན་པའི་གདན་བཤམས་པར་སློབ་མ་བཞག་སྟེ། རྟོགས་སླ་ལས། སྟེང་དུ་གདུགས་དཀར་པོ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེང་། མདུན་དུ་མཆོད་པ་སྣ་ཚོགས་པས་གང་བར་བསམ། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དབང་སྟེགས་ཀྱི་སྟེང་དུ་སློབ་མ་ཧཱུཾ་ལས་དཔལ་དབང་གཞུང་དུ་རིགས་ཀྱི་ལྷ་དང་རྟོགས་སླར་མེ་ཏོག་ཕོག་པའི་ལྷ་ཞེས་བྱུང་། ཡང་དག་ཞལ་གསུམ་ཕྱག་དྲུག་པ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་དང་མཉམ་པར་སྦྱོར་བའི་གནས་གསུམ་ཨོཾ་ཨཱཿཧཱུཾ་གི་ཡི་གེས་མཚན་པར་བསམ། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་བར་དུ་གཅོད་པའི་བགེགས་རྣམས་བསྐྲད་པར་བསམ། འབྲུ་བརྒྱད་དང་ཧཱུཾ་བཞིའི་སྔགས་བརྗོད་དེ་ཡུངས་ཀར་གྱིས་བྲབ་དབང་གཞུང་དུ་ཡུངས་ཀར་གྱི་སྦྱིན་སྲེག་བྱ་ཞེས་བཤད། བོ། །གཉིས་པ་འདི་ནས་བཟུང་མིང་དབང་གི་བར་ཁུངས་སྨོས་པའི་སྒོས་ཆོས་དང་། གསལ་བྱེད་ཀྱི་མཚམས་སྦྱོར་ཅུང་ཟད་མ་གཏོགས་དེ་ཕྱིན་འཇུག་པ་བདེ་ཆེད་དུ་རྟོགས་པར་སླ་བ་སོར་བཞག་བཀོད་དོ། །དབང་དངོས་ལ་སློབ་མ་དང་སློབ་དཔོན་གཉིས་ལས། དང་པོ་ཐུན་མོང་བ་སློབ་མའི་དབང་ལ་རིགས་ལྔ། མནའ་བསྒག་ཅིང་སྡོམ་པ་སྦྱིན་པ། བདག་པོའི་དབང་དང་གསུམ་ལས། དང་པོ་རིགས་ལྔའི་དབང་ནི། འདིར་དཀྱིལ་ཆོག་ཏུ་སློབ་མ་ལྷར་བསྐྱེད་པའི་གསལ་ཁ་མ་བྱུང་བས་མ་བསྐྱེད་ཀྱང་ཆོག་པར་གསལ་ཞིང་གཞན་(༤༥བ)


GLG022_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐྱེད་པ་མང་དུ་སྣང་བས་བསྐྱེད་ཀྱང་མི་འགལ་ལམ་སྙམ་ཞེས་རྟོགས་སླར་གསུངས་པ་འདིར་ཡང་རིགས་འགྲེ་བས། དེ་ཡང་ཐོག་མར་བུམ་པ་གཞན་གྱི་ཆུ་རྣམས་རྣམ་རྒྱལ་དུ་བསྡུས་ལ། ལས་སྔགས་ཀྱི་བསངས། སྭ་བྷཱ་ཝས་སྦྱངས། སློབ་མ་དང་དབང་རྫས་བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་བསམ། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་རྡོར་དྲིལ་འཛིན་པར་བསྐྱེད། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་པར་བསམ། ཨ་ཧ་ར་སོགས་ཀྱིས་མཆོད། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེའི་ཐུགས་ནི་བླ་ན་མེད། །སྐྱེ་མེད་སྤྲོས་བྲལ་ངོ་བོ་ཉིད། །མི་བསྐྱོད་པ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དེ་དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་ཆུར་གྱུར་པར་བསམ། དེ་ནས་བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས་དབང་བསྐུར་གྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་དང་དཀྱིལ་འཁོར་གྱི་ལྷ་ལ་དབང་བསྐུར་བར་སློབ་མས་གསོལ་བ་བཏབ་པས། གཙོ་བོས་གཙོ་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། མི་བསྐྱོད་པའི་རང་བཞིན་ཆུའི་དབང་བསྐུར་བར་བསམས་ཤིང་། བུམ་པ་སློབ་མའི་མགོ་བོར་བཞག་ལ། དབང་གཞུང་ལས། ཏིལ་གྱི་གང་བུ་བཞིན་གང་བའི་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་ཞེས་དང་བཅུ་གསུམ་པར་ཆོས་དབྱིངས་ཡུམ་གྱི་བུམ་པ་ན་ཞེས་སོགས་སྣང་། རྒྱལ་བས་བུམ་པ་བཟུང་ནས་ནི། །འདི་ཉིད་ལ་ནི་(༤༦ན)


GLG022_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །བག་ཆགས་མ་ལུས་དག་གྱུར་ཅིག །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་བུམ་ཆུ་གཏོར། སྤྱན་དྲངས་པའི་ཡེ་ཤེས་ཀྱི་དབང་ལྷ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པ་མཛད་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་ཡོངས་སུ་བཀང་བས་དབང་བསྐུར་བར་མོས་ཏེ། དབང་གཞུང་ལས། ཨོཾ། ལྷ་ཡི་ཆུ་ནི་རྣམ་དག་པས། །རྡོ་རྗེ་གསང་གསུམ་གནས་ལས་བྱུང་། །རིག་པའི་ལྷ་མོ་ཚོགས་ལྡན་པའི། །རང་བཞིན་གཅིག་ཏུ་གྱུར་པ་ཡིན། །ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་བརྗོད་པས་དབང་བསྐུར་བའི་ཆུ་རྒྱུན་གྱིས་སློབ་མའི་ལུས་ཐམས་ཅད་གང་། སྡིག་སྒྲིབ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། པུཥྤེ་ནས་ཤཔྡའི་བར་གྱིས་མཆོད་ནས། དེ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་མེ་བསྐྱོད་ཧེ་རུ་ཀའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཆུའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོ། དེ་ནས་བྲིས་པ་དང་བརྐོས་པ་ལ་སོགས་པའི་དབུ་རྒྱན་སྭཱ་ལས་བྱུང་བའི་རིན་པོ་ཆེ་སྭཱས་མཚན་པ་ལས། རིན་འབྱུང་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་བསྐྱེད། གཞན་སྔ་མ་དང་འདྲ་བ་ལས་བསྟོད་པའི་སྐབས་སུ། ལྟ་བ་ངན་པ་འཇོམས་མཛད་པའི། །རིན་ཅེན་རྒྱལ་པོ་ཡོན་ཏན་གཙོ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཅེན་འབྱུང་ལ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་རིན་པོ་ཆེའི་དབུ་རྒྱན་དུ་གྱུར་པ་དང་། དབང་གཞུང་ལས། ཨོཾ། སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། བརྟག་པ་བཅུ་པར་སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་ཞེས་དང་། བཅུ་གསུམ་པར་སངས་རྒྱས་ཀུན་གྱི་རིན་ཅེན་ཆེ་(༤༦བ)


GLG022_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་སྣང་། རིན་ཅེན་ལས་བྱུང་དབུ་རྒྱན་ཆེ། །ཐོར་ཚུགས་ཅོད་པན་གྱིས་བརྒྱན་པའི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་དབང་གཞུང་ན་མི་གཅིག་པ་ཞིག་འདུག་ཀྱང་རྒྱུད་དང་འདི་མཐུན། རཏྣ་མུ་ཀཱུ་ཊ་ཨ་བྷི་ཥིཉྩ་སྭཱ། ཞེས་བརྗོད་ཅིང་མགོ་ལ་བསྐོན། དེ་ནས་ཐོད་སྐམ་ལྔའི་རྩ་ཆིངས། དབང་གཞུང་ལས། ཨོཾ། སངས་རྒྱས་མ་རྒྱུད་ཀྱི་སྐབས་སུ་ཐོད་སྐམ་ལྔའི་རྩ་ཆིངས་མཛད་པ་གསར་མ་ཕྱོགས་ལ་མང་བ་དང་མཐུན་གྱི་ཐོད་སྐམ་ལ་རྩ་ཕྲན་གྱིས་སྤྲས་པའི་དགུ་རྒྱན་མཚན་ཉིད་པ་ནི་མ་ཡིན་ནོ། །ཀུན་གྱི་ཡེ་ཤེས་རྟགས། །ཐོད་པའི་འཕྲེང་བའི་དབུ་རྒྱན་ནི། །རྡོ་རྗེ་སེམས་དཔའ་དག་མངོན་བསྐྱེད། །རིགས་ཀྱི་ཡེ་ཤེས་མཚན་མའི་རྟགས། །ཧཱུཾ་བཛྲ་ཀ་པཱ་ལ་ཨ་བྷི་ཥིཉྩ་མི་ཞེས་དབུ་རྒྱན་གྱིས་རྩ་བ་ནས་འཆིང་ངོ་། །ཏིལ་གི་གང་བུ་ནས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་པས་དབང་བསྐུར་བའི་ཆུ་རྒྱུན་མན་སྦྱར་ནས་ཁྱད་པར། རིན་འབྱུང་གིས་དབུ་བརྒྱན་ཞེས་འདོན་པ་བསྒྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྡོ་རྗེ་ཉི་མའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཅོད་པན་གྱི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་འདོན་པ་ཁ་སྤོ། དེ་བཞིན་འོག་མ་རྣམས་ལའང་བསྒྲེས་ཏེ་ཤེས་པར་བྱའོ། །ཡང་ཨཱཿལས་པདྨ་ཨཱཿས་མཚན་པ་ལས། སྣང་མཐའ་པད་དྲིལ་འཛིན་པར་བསྐྱེད། རྡོ་རྗེ་གསུང་གི་དཔག་མེད་པའི། །དེ་བཞིན་གཤེགས་པའི་གསུང་མཆོག་པ། །རྡོ་རྗེ་གསུང་དེ་ཀུན་འབྱུང་བ། །རྡོ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་རྡོ་རྗེར་གྱུར་པ་དང་། དེ་ཉིད་ལས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། བརྟག་པ་བཅུ་གཉིས་པར། རྡོ་རྗེ་དྲིལ་བུ་རིག་པ་འཛིན། །ཞེས་སོགས་དབང་ཕྱི་མ་གསུམ་ཐུན་མོང་དུ་བསྟན་(༤༧ན)


GLG022_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་པར། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་ཞེས་སོགས་བཤད། རྡོ་རྗེ་གསང་བ་ཆེན་པོ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་བཟུང་བར་བགྱི། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་ལག་གཡས་སུ་གཏད་པ་ལན་གསུམ་གསོར་ཞིང་སྙིང་གར་འཛིན་དུ་བཅུག་ལ། དེ་ཉིད་ལས། ཨོཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་ཅིང་དོན་བསམ། སྣང་མཐས་དབུ་བརྒྱན། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་པདྨ་གར་གྱི་དབང་ཕྱུག་གི་ངོ་བོ་མཚོན་པར་བྱེད་པ་རྡོ་རྗེའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོ། ཧཱ་ལས་བྱུང་བའི་རལ་གྲི་ཧྭས་མཚན་པ་ལས་དོན་གྲུབ་རལ་གྲི་དང་དྲིལ་བུ་འཛིན་པར་བསྐྱེད། རྡོ་རྗེ་ལས་རབ་ཀུན་གྱི་མཆོག །སེམས་ཅན་ཀུན་གྱི་དོན་གྲུབ་དཔལ། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་གཙོ་བོ་ཕྱག་འཚལ་བསྟོད། །ཅེས་དང་། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བས་དྲིལ་བུར་གྱུར་པ་དང་། དབང་གཞུང་ལས། འདི་ནི་བརྟག་པ་བཅུ་པར་འདི་ནི་ཤེས་རབ་དྲིལ་བུའི་དབང་ཞེས་སོགས་བྱུང་། རྣལ་འབྱོར་མ་ཚོགས་ཀྱི། །ཤེས་རབ་དབྱངས་ཀྱིརྗེས་འགྲོར་བཤད། ཁྱོད་ཀྱིས་བརྟག་ཏུ་བཅང་བར་གྱིས། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཨོཾ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ་ཞེས་དྲིལ་བུ་གཡོན་དུ་གཏད་དེ་དཀྲོལ་ནས་དཀུ་གཡོན་པར་རྟེན་དུ་གཞུག །དེ་ཉིད་ལས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ཅན་རྣམས། །དམ་པའི་སྲིད་པ་བྱེད་པར་(༤༧བ)


GLG022_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་བརྗོད། དོན་གྲུབ་ཀྱིས་དབུ་རྒྱན། བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་རྟ་མཆོག་རོལ་པའི་ངོ་བོ་མཚོན་པར་བྱེད་པ་དྲིལ་བུའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོ། ཡང་། ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་འཁོར་ལོ་དང་དྲིལ་བུ་འཛིན་པར་བསྐྱེད། རྡོ་རྗེའི་སྐུ་ནི་དགའ་ཆེན་པོ། །ཐམས་ཅད་ཞི་བའི་མཆོག་ཉིད་གསལ། །རང་གི་ངང་གི་འོད་གསལ་མཆོག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང་། དེ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་དུ་གྱུར་པ་དང་། དབང་གཞུང་ལས། ཨོཾ། གང་ཕྱིར་ཆོས་བརྟག་པ་བཅུ་པར་རྣམ་པར་སྣང་མཛད་སྟོན་པ་ཡི་ཞེས་སོགས་བྱུང་། རྣམས་རྣམ་དག་པར། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །དབང་པོའི་སྤྱོད་ལམ་གང་དང་གང་། །བདེ་མཆོག་སྒྱུ་མའི་དཀྱིལ་འཁོར་ཉིད། །ཨོཾ་དཔལ་ཆེ་གེ་མོ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཞེས་བརྗོད། རྣམ་སྣང་གིས་དབུ་བརྒྱན། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དཔལ་རྣམ་སྣང་གི་ངོ་བོ་མཚོན་པར་བྱེད་པ་སོ་མཆན་དུ་སྒྲུབ་པ་ནར་མའི་དབང་དང་དབང་ཉིད་གཙོ་བོར་བྱས་པའི་དབང་བསྐུར་ཏེ་མིག་གི་དབང་ཡི་དམ་སྙིང་པོའི་དབང་གྲལ་གྱི་གསང་མཚན་གྱི་དབང་བསྐུར་དང་ལྔའོ། །ཞེས་རིག་པའི་དབང་བསྟན་ནོ། །མིང་གི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བརྗོད། དབང་གཞུང་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །ཡང་དག་སྒྲུབ་པ་གཅིག་པུ་ཉིད། །མཁའ་འགྲོ་སྒྱུ་མའི་ཚོགས་ཀྱིས་ཀྱང་། །རྒྱལ་མི་ཐེབས་ཤིང་མི་རྨོངས་ཏེ། །དེ་ལ་གནོད་པར་མི་འགྱུར་རོ། །ཞེས་རིག་པའི་དབང་ལྔའི་ཕན་ཡོན་བརྗོད། གཉིས་པ་མནའ་བསྒག་ཅིང་སྡོམ་པ་སྦྱིན་པ་ནི། (༤༨ན)


GLG022_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱི་མགྲིན་གཅིག་གིས་གསུངས་པར་མོས་ཏེ། དབང་གཞུང་ལས། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི། །སྡོམ་པ་ཉམས་པར་ཁྱེད་བྱེད་ན། །ཇི་སྙེད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའི་རྡོ་རྗེ་འཛིན། །ལྷ་རྣམས་དང་ནི་མི་དག་དང་། །དེ་བཞིན་རྣལ་འབྱོར་སྒྲུབ་པ་པོ། །དེ་དག་ལ་ནི་སྙིང་རིང་ནས། །སྙིང་ལས་ཁྲག་ཆེན་འཐུང་བ་ཞིག །སེམས་ཅན་ཁམས་ནི་མ་ལུས་དོན། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །མི་འགོག་ཆོས་ཉིད་སྦྱོར་བ་ཡིས། །རྟག་པ་ཉིད་དུ་བསྒྲུབ་པར་བྱ། །རང་གི་ངོ་བོ་ཡོངས་སྤོངས་ཤིང་། །དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ། །ཅི་བདེ་བར་ནི་བདེ་བར་སྤྱོད། །འདི་ནི་ཕྱི་དུས་སངས་རྒྱས་ཡིན། །རྣལ་འབྱོར་ལོངས་སྤྱོད་ཐམས་ཅད་པ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྡིག་མེད་སྟོབས་ཀྱིས་ཁྱེད་མ་འཇིགས། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་བརྗོད་ཅིང་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམ་གསུམ་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་རྡོ་རྗེ་སློབ་དཔོན་གཙོ་བོ་ཉིད་ཅེས་སོགས་གསལ་བར་གསུངས། རྒྱས་པར་བསྟན་ནོ། །གསུམ་པ་འདི་ནང་གི་དབང་རྣམས་ཁྲག་འཐུང་གལ་པོའི་བརྟག་པ་བདུན་པར་བཤད་ཅིང་བསྐུར་ཚིག་རྣམས་དབང་གཞུང་། བདག་པོའི་དབང་ནི། པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་སློབ་མ་དང་ཐོད་སྐུ་ཡང་དག་ཏུ་བུམ་དབང་གི་སྔོན་འགྲོའི་སྐབས་བཞིན་བསྐྱེད་ནས། ཡེ་ཤེས་པ་བསྟིམ་པའི་བར་བྱ། ཐོད་སྐུ་ནི། སངས་རྒྱས་ཀུན་གྱི་སྐུ་ཡི་དབང་། །ཕྱག་མཚན་རྡོ་རྗེ་ཀ་པཱ་ལ། །སྐུ་ཡི་དངོས་གྲུབ་ཐོབ་བྱེད་པ། ཁྲག་འཐུང་ཡབ་ཡུམ་དབང་བསྐུར་རོ། །ཨོཾ་ཀ་པཱ་ལ་


GLG022_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་ཧེ་རུ་ཀ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཨོཾ། ཞེས་ཀ་པཱ་ལ་སྤྱི་བོར་བཞག་སྟེ་ཧེ་རུ་ཀཿཡབ་ཡུམ་བསྟིམ། སྐུ་སྣང་ལ་རང་བཞིན་མེད་པར་ཆུ་ཟླ་ལྟ་བུའོ། །སྐུ་ཡི་དངོས་གྲུབ་ཐོབ་སྟེ་སྐུའི་དབང་ངོ་། །དྲིལ་བུ་ནི། སངས་རྒྱས་ཀུན་གྱི་གསུང་གི་དབང་། །ཤེས་རབ་གསུང་གི་སྒྲ་སྒྲོགས་པ། །མཁའ་འགྲོ་སྒྱུ་མའི་སྙིང་པོ་འདི། །གྲག་སྟོང་གསུང་གི་དངོས་གྲུབ་ཐོབ། །ཝཱཀ་སིདྡྷི་ཨ་བྷི་ཥིནྩ་ཨཱཿ། རུ་ལུ་བརྗོད། དྲིལ་བུ་གཏད་དེ། གསུང་གྲག་སྟོང་སྐྱེ་བ་མེད་པར་ཤེས་པར་བྱའོ། །གསུང་གི་དངོས་གྲུབ་ཐོབ་སྟེ་གསུང་གི་དབང་ངོ་། །རྡོ་རྗེ་ནི། སངསརྒྱས་ཀུན་གྱི་ཐུགས་ཀྱི་དབང་། །གཉིས་མེད་ཡེ་ཤེས་སྐྱེད་པ་པོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཙིཏྟ་སིདྡྷི་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་གཏད་དེ་སེམས་མ་སྐྱེས་རྟོག་པ་དང་བྲལ་བས་བརྗོད་དུ་མེད་པ་ནམ་མཁའི་དཀྱིལ་ལྟར་བཞག་པའོ། །ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་སྐྱེ་བ་མེད་པའི་དོན་རྟོགས་ཐུགས་ཀྱི་དབང་ངོ་། །ཐབས་དང་ཤེས་རབ་གཉིས་མེད་པའི། །དམ་ཚིག་རྡོ་རྗེ་དྲིལ་བུ་འདི། །ཡོན་ཏན་འཕྲིན་ལས་སྒྲུབ་པའི་ཕྱིར། །འཕྲིན་ལས་རྫོགས་བྱེད་དབང་བསྐུར་རོ། །ཨོཾ་བཛྲ་གྷཎྜེ་ཨ་བྷི་ཥྀཉྩ་མཾ། ཞེས་རྡོ་རྗེ་དྲིལ་བུ་ཟུང་འཇུག་ཏུ་གཏད་ནས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སྟེ་ཡོན་ཏན་འཕྲིན་ལས་ཀྱི་དབང་ངོ་། །ཕྱག་མཚན་ནི། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ཡི་ཌཱ་མ་རུ། །དཔའ་བོ་ཆེན་པོས་བླང་བར་བགྱི། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། ཁ་ཊྭཱཾ་ཆོས་ཉིད་སྟོང་པ་ལས་སྒྲ་གྲག་སྟོང་ཤེས་པ་ཕྱག་མཚན་གྱི་དབང་ངོ་། །(༤༩ན)


GLG022_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཕྱག་མཚན་གཉིས་ལག་ཏུ་གཏད་དོ། །མར་མེ་དགུ་ནི། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་ཆེ། །སེམས་ཅན་མ་རིག་མུན་པ་སེལ། །སེམས་ཉིད་འོད་གསལ་ཆོས་ཀྱི་དབྱིངས། །གསལ་བྱེད་མར་མེས་དབང་བསྐུར་རོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། ཞེས་མར་མེའི་དབང་བསྐུར་བས། དབང་དེ་དག་ཐམས་ཅད་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པ་སྟེ་མ་རིག་མུན་པ་སེལ་བར་བྱེད་པ་མར་མེའི་དབང་ངོ་། །རྟོགས་སླ་ལས་དེ་ལྟར་དབང་རྣམ་པ་དྲུག་གིས་ཀུན་གཞིའི་དྲི་མ་སེལ་ཞིང་མ་རིག་པ་ཉོན་མོངས་པའི་དྲི་མ་དྲུག་དག་ནས། རིག་པ་རིགས་དྲུག་གི་དབང་མཆོག་ཐོབ་པ་ཡིན་ནོ། །ཞེས་བརྗོད་དོ། །དབང་འདི་རྣམས་ཟླ་གམ་གཅིག་པའི་གཞུང་ན་ཡོད་ཀྱང་སྐབས་འདིར་ལེན་དགོས་པ་སྔོན་གྱི་སྔགས་འཆང་རྣམས་ཀྱིས་མཆན་བུ་གསལ་བར་མཛད་པའི་རྗེས་སུ་འབྲངས་ཀྱིས་རང་བཟོས་བཅུག་པ་ནི་མིན་ནོ། །ཆོས་རྗེ་ཐམས་ཅད་མཁྱེན་པ་ལྟ་བུའི་རྩོད་མེད་ཀྱི་མཁས་པ་ཆེན་པོ་དེས་ཀྱང་རྡོ་རྗེ་ལས་རིམ་སོར་བཞག་ལས་གསར་མའི་རྒྱས་འགེབས་མ་མཛད་ནའང་བདག་པོ་སྔགས་འཆང་པས་རྒྱུད་དང་རྒྱ་གཞུང་ལ་གཟིགས་པ་མ་ཆུག་པའི་ཀྱེ་རྡོར་སོགས་གསར་མའི་དཀྱིལ་ཆོག་གཞན་གྱི་པར་བཤུས་བཀབ་བྲིས་ཤིང་། འདི་ཁའི་སྒོས་ཆོས་ཀྱི་བརྡ་ཆད་ཅི་ཡང་མེད་པ་འདི་འདྲ་ཡང་དག་གི་མུ་གེ་ཆེན་པོ་ཞིག་བྱུང་བར་མངོན། ཁྲག་འཐུང་གལ་པོའི་བརྟག་པ་བཅུ་བཞི་པར། བདེ་བར་གཤེགས་པའི་སྒྲུབ་རྫས་དྲི་ཆེན་འདི་ཞེས་པས་མཚོན་པའི་བདུད་རྩི་ལྔ། སྨན། སྒྲོལ་དབང་། ཡུངས་ཀར། བྱུག་རྫས་(༤༩བ)


GLG022_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། མཆོད་རྫས། མཆོད་ཡོན། ཚེ་དབང་སོགས་དང་པུཎྜ་རཱི་ཀའི་ལེའུ་གསུམ་པར་དབང་གོང་མཚུངས་ཕྲན་བུ་དང་ལྷ་དབང་། གསང་བ་མེ་དཔུང་ཐུགས་ཀྱི་ལེའུ་བཅུ་བདུན་པར་གདུགས། རྒྱལ་མཚན། བཟའ་བཏུང་། སྙིང་པོ་ལྔའི་དབང་སོགས་སྔགས་རྙིང་མ་བཀའ་གཏེར་སྤྱི་དང་མཐུན་པའི་དབང་སོ་ཟུར་གནུབས་གསུམ་གྱིས་མཚོན་པར་གྲགས་ཆེ་ཞིང་འཁོན་རིགས་གོང་མ་རྣམས་ཀྱི་དུས་རྒྱས་པར་ཡོད་མེད་ཆ་མ་འཚལ་ཡང་དབང་གཞུང་དུ་མི་གསལ་བས་མ་སྤྲོས་མོད། ཡང་དག་གསར་མ་རུ་བསྡུ་མཁན་རྣམས་ཀྱིས་གསན་ན་ཁྲོན་པའི་སྦལ་ཆུང་བཞིན་ཐུགས་འགས་པར་གྱུར་པའི་ཉེན་མཆིས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་སློབ་དཔོན་གྱི་དབང་ལ་གསོལ་གདབ། དམ་ཚིག །རྗེས་གནང་དང་གསུམ་ལས། དང་པོ་གསོལ་བ་འདི་དང་དམ་ཚིག་གསུམ་སྦྱིན་པའི་བསྐུར་ཚིག་དབང་གཞུང་མཚམས་སྦྱོར་རྟོགས་སླ། གདབ་པ་ནི། མཎྜལ་གོང་བཞིན་ལ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་འདོན་པ་བསྒྱུར། མགོན་ཁྱོད་ཐུགས་རྗེའི་བཀའ་དྲིན་གྱིས། །སློབ་དཔོན་དབང་བསྐུར་བདག་ལ་སྩོལ། །བདག་གཞན་དོན་དུ་བྱ་བ་རྣམས། །འགྲུབ་བྱེད་དབང་བསྐུར་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དམ་ཚིག་གསུམ་དམ་ཚིག་གསུམ་སྦྱིན་པའི་ཚིག་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་ཕྱོགས་འགྲོ་བཤད། སྦྱིན་པ་ནི། སློབ་མ་ཧཱུཾ་ལས་དཔལ་ཡང་དག་སྦྱོར་བ་ཡུམ་དང་བཅས་པའི་སྐུར་བསམ། ཧཱུཾ་དང་ཨ་ལས་རྡོར་དྲིལ་རྡོར་སེམས་ཡབ་ཡུམ་ཞུ་བའི་རྡོར་དྲིལ་དུ་བསྐྱེད་དེ། སློབ་མའི་ལག་པ་གཡས་གཡོན་དུ་གཏད་ལ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཆེ། །ཟུངས་(༥༠ན)


GLG022_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཡང་དག་གཟུང་བར་བགྱི། །དེ་རིང་རྡོ་རྗེ་སློབ་དཔོན་ཆེ། །སློབ་མའི་ཚོགས་རྣམས་བསྡུ་བར་མཛོད། །འདི་ཉིད་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། །རྟག་ཏུ་ཁྱོད་ཀྱིས་ཀྱང་བཟུང་སྟེ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་མ་ཧཱ་བཛྲ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ས་མཱ་ཡ་ཏིཥྛ། དེ་ལྟར་རྡོ་རྗེ་གཏད་པ་ནི། སེམས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་ནི་ཐུགས་ཀྱི་དམ་ཚིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་མཆོག་ཏུ་རྒྱལ་བ་བཞེད། །ཨོཾ་བཛྲ་གྷཎྜེ་ཨཿ། ཨེ་ཥ་སྟྭཾ་དྷ་ར་ཡ་མི། ཧི་ཧི་ཧི་ཧི་ཧོ། དྲིལ་བུ་གཏད་པ་ནི། ངག་ཤེས་རབ་སྟོང་པ་ཉིད་ཀྱི་སྒྲ་སྒྲོག་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་དམ་ཚིག་ཏུ་བྱིན་གྱིས་བརླབ་པ་གསུང་གི་དམ་ཚིག །ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱ་ཞེས་བྱར་བརྗོད། །ལུས་ཀུན་བརྟན་བྱེད་གང་ཞིག་ནི། །ཕྱག་རྒྱར་རབ་ཏུ་གྲགས་པ་ཡིན། །ཨོཾ་མ་ཧཱ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ས་མ་ཡ་ཧཱུཾ། རང་ལྷ་སྐུར་གསལ་བ་ཕྱག་རྒྱ་ཆེན་པོའི་དམ་ཚིག་སྟེ་དམ་ཚིག་གསུམ་ཐོབ། ཡུམ་ཀྲོ་དྷཱི་ཤྭ་རཱི་མ་གཏད་པ་དང་མཉམ་པར་སྦྱར་བ་ལས་བདེ་བའི་ཡེ་ཤེས་མྱོང་བས་དོན་གྱི་བུམ་པའི་དབང་ཐོབ་པར་མོས་པ་གྱིས་ཤིག །ཅེས་བསྒོས་ལ། རྟོགས་སླ་ལས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྲཱི་བྷ་བ་(༥༠བ)


GLG022_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིས་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པ་ལ་ལྷ་ཐམས་ཅད་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་མོས་ཤིག །ཅེས་བསྒོ་ཞིང་། སུ་པྲ་ཏིཥྛ་བཛྲ་ཞེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་རྒྱ་ཆེར་བསྒྲོག་གོ ། གསུམ་པ་རྗེས་སུ་གནང་བ་ལ་ལས་བསྒྲུབ། མིག་སྨན། དྲིལ་བུ། མེ་ལོང་། མདའ་འཕེན། སྤྱིའི་ཆོས། བྱེ་བྲག་གི་ཆོས། ལུང་བསྟན། དབུགས་དབྱུང་། དམ་ཚིག །རྟེན་བརྟེན་པའི་རྣམ་དག་དང་བཅུ་གཅིག་ལས་མཐའ་རྟེན་གྱི་ས་བཅད་བཅུ་གཅིག་པོ་མཚམས་སྦྱོར་དང་ས་བཅད་རྗེས་མ་མ་གཏོགས་དབང་གཞུང་སོར་བཞག །དང་པོ་ལས་བསྒྲུབ་པའི་རྗེས་གནང་ནི། བདག་གཞན་དོན་བསྒྲུབ་ལས་ཀྱི་ཚོགས། །ཐུན་མོང་འབྲིང་པོ་མཆོག་གྱུར་པའི། །ཞི་རྒྱས་དབང་དྲག་དགུག་པ་དང་། །སྡང་གནོད་རེངས་པའི་ལས་ཀུན་དང་། །དབྱེ་རྨོངས་བསྐྲད་པའི་ཆོ་ག་རྣམས། །ཐོགས་པ་མེད་པར་སྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །ཐོགས་མེད་མི་འབྱིང་སྐས་འཛེག་དང་། །གསེར་འགྱུར་རིལ་བུ་ཉི་ཟླ་བཟུང་། །ཆར་དབབ་ལ་སོགས་ལས་ཀྱི་ཚོགས། །རྣམ་ཤེས་བསྒྲུབ་དང་ཡེ་ཤེས་བསྒྲུབ། །ཕྱག་རྒྱ་ཆེན་པོའི་དོན་བསྒྲུབ་དག །ཐམས་ཅད་བསྒྲུབ་ཅིང་འགྲོ་བ་ཡི། །དོན་ཉིད་ཡང་དག་སྦྱོར་བར་གྱིས། །རྒྱལ་བ་ཀུན་གྱི་གནས་འཇུག་ཅིང་། །སྐུ་གསུང་ཐུགས་མཆོག་ཡོན་ཏན་རྒྱན། །འཕྲིན་ལས་བདག་གཞན་གནས་སྦྱོར་བའི། །མཁའ་འགྲོ་སྒྱུ་མའི་དངོས་གྲུབ་སྒྲུབས། །(༥༡ན)


GLG022_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད། གཉིས་པ་མིག་སྨན་ནི། གསེར་དངུལ་སོགས་ཀྱི་ཀོང་བུར་སྦྲང་རྩི་དང་མིག་སྨན་སྦྱར་བ། གསེར་དྲུག་ནམ་ལས་བྱས་པའི་ཐུར་མའམ་མེད་ན་རྡོ་རྗེས་བླངས་ཏེ་རུ་ལུ་བཟླ་ཞིང་། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མིག་ནད་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ཀྱང་མི་ཤེས་པའི། །ལིང་ཏོག་རྒྱལ་བས་སེལ་བར་མཛོད། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པྲ་ཊ་ལཾ་ཧྲི་སྲཾ། ཞེས་བརྗོད་ལ་མིག་ལ་འབྱུག་པའི་ཚུལ་བྱའོ། །མིག་ཕྱེ་ནས་གང་ལ་བལྟ་ན། ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་སྤྱོད་ཅིག་པའི་ཆེད་དུ་མེ་ལོང་བསྟན་ཏེ། ཆོས་རྣམས་མེ་ལོང་དང་པོ་ཟེར། གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་འཛིན་རྣམ་བྲལ་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་བྱུང་། །རང་བཞིན་མེད་ཅིང་བདག་མེད་པ། །ཆོས་རྣམས་དེ་བཞིན་ཤེས་བྱས་ནས། །སེམས་ཅན་དོན་ནི་ཡང་དག་བྱོས། །དེ་ནས་སངས་རྒྱས་སྲས་སུ་སྐྱེ། །ཞེས་བརྗོད། །གསུམ་པ་དྲིལ་བུ་ནི། དོན་དམ་པ་ཡི་དམ་གྱི་ལྷར་གནས་པའི་མཚན་ཉིད་སྟོན་པ་དྲིལ་བུའི་སྒྲས་བསྟན་པའི་ཕྱིར། དྲིལ་བུ་དཀྲོལ་དུ་གཞུག་སྟེ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཆོས་རྣམས་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་བ་ལ་རྗེས་སུ་སྤྱོད་པར་སྣང་བའོ། །བཞི་པ་མེ་ལོང་བསྟན་པ་ནི། སྔར་བྱིན་ཕབ་པའི་མྱོང་བ་དེ་དང་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་བཞུགས་པ་(༥༡བ)


GLG022_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་ཕྱིར་མེ་ལོང་བསྟན་ཏེ། ཨོཾ། རྡོ་རྗེ་སེམས་དཔའ་མེ་ལོང་གཉིས་པ་ཟེར། མེ་ལོང་བཞིན། །དག་ཅིང་གསལ་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའ་རང་བཞིན་གཙོ། །ཞེས་བརྗོད། ལྔ་པ་མདའ་འཕེན་པ་ནི། རང་དོན་ཡིད་བྱེད་ཀྱི་སེམས་དང་བྲལ་བ་ཞིག་དགོས་ཞེས་བསྟན་པའི་ཕྱིར་ལྷ་མོ་མདའ་འཛིན་མས་བྱིན་གྱིས་བརླབས་པའི་མདའ་གཞུ། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྗེས་སུ་ཆགས་པ་བྱོས་ཤིག །ཅེས་སྦྱིན་ནས་བདུད་བཞི་དང་ཉན་རང་ཡིད་བྱེད་ལ་དམིགས་ཏེ་ཕྱོགས་བཞི་དང་སྟེང་འོག་ཏུ་འཕེན་ཚུལ་བྱེད་དུ་གཞུག་གོ །དྲུག་པ་སྤྱིའི་ཆོས་བཤད་པ་ནི། ཆོས་ཀྱི་འཁོར་ལོ་སྐོར་ཞིག་པའི་བརྡར་བྱིན་གྱིས་བརླབས་པའི་འཁོར་ལོའི་སྟན་ལ་བཞག་ཅིང་། དུང་གི་སྒྲས་གདུལ་བྱ་བསྡུས་ཏེ་ཆོས་འདི་ཤོད་ཅིག་པའི་བརྡར་ལག་པ་གཡས་སུ་གླེགས་བམ་དང་གཡོན་དུ་དུང་བྱིན་ཏེ། ཨོཾ། ཕ་རོལ་ཕྱིན་དྲུག་ལས་རྣམས་ཀྱིས། །སེམས་ཅན་དོན་ཀུན་མཉམ་སྦྱོར་ཞིང་། །འཁོར་བའི་རྒྱུན་གཅོད་མྱ་ངན་འདས། །ཆོས་ཀྱི་འཁོར་ལོ་ཆེན་པོ་སྐོར། །ཐེ་ཚོམ་རྟོག་ཚོགས་གཅོད་མཛད་པའི། །ཆོས་ཀྱི་དུང་ནི་སྒྲ་བསྒྲགས་པས། །གསང་སྔགས་སྙིང་པོ་གསང་ཆེན་དོན། །སྣོད་ལྡན་ཀུན་ལ་རབ་ཏུ་ཤོད། དེས་ནི་རྒྱལ་བ་ཐམས་ཅད་ལ། །ཕན་འདོགས་དྲིན་ལན་མཛད་པ་ཡིན། །མཁའ་འགྲོ་སྒྱུ་མའི་དཀྱིལ་འཁོར་གྱིས། ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད། བདུན་པ་བྱེ་བྲག་གི་ཆོས་བཤད་པ་ནི། སློབ་མ་རྣམས་རིགས་ལྔ་སོ་སོར་བསྒོམ་དུ་གཞུག་ལ། རིགས་(༥༢ན)


GLG022_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཕྱག་མཚན་རིམ་བཞིན་གཏད་དེ། མདོར་ན་འཇིག་རྟེན་ཁམས་རྣམས་སུ། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །ཇི་ལྟར་འདུལ་བ་སྣ་ཚོགས་སུ། །རྡོ་རྗེའི་འཁོར་ལོ་སྐོར་དུ་གསོལ། །དེ་བཞིན་དུ། རྡོ་རྗེའི་གནས་སུ་ཆོས་ཀྱི། རིན་ཅེན། པདྨ། རལ་གྲི་བཅུག་ཅིང་དབང་གཞུང་ན་རིགས་ལྔའི་ཕྱག་མཚན་ཟེར་བ་ཙམ་ལས་ཁ་མི་གསལ་ཞིང་རྟོགས་སླར་འདི་བཞིན་བྱུང་ཡང་རྙིང་ལུགས་ལ་སྣ་ཚོགས་རྡོ་རྗེ་འབྱུང་བ་ཤས་ཆེ། བརྗོད། བརྒྱད་པ་ལུང་བསྟན་པ་ལ་སློབ་དཔོན། སངས་རྒྱས་རྣམས། སླར་གསང་བར་གདམས་ཏེ་ལུང་བསྟན་པ་དང་གསུམ་ལས། དང་པོ་སློབ་དཔོན་གྱིས་ལུང་བསྟན་པ་ནི། སློབ་དཔོན་གྱིས་སྣམ་སྦྱར་གྱོན་ལག་པ་གཡོན་པས་ཆོས་གོས་གྱི་གྲྭ་སེང་གེའི་རྣ་བ་ལྟར་བྱས་ལ་བཟུང་ཞིང་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་སློབ་མའི་མགོ་བོར་བཞག་ལ། འདི་ལྟར་ང་ཡིས་ཁྱོད་ལུང་བསྟན། །རྡོ་རྗེ་དཔལ་ལྡན་གསང་བའི་བདག །དངོས་པོ་མཆོག་ཏུ་བསྒྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་གནས་ལས་གྲོལ། །ཀྱེ་ཆེ་གེ་མོ་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭ། ཞེས་བརྗོད། གཉིས་པ་སངས་རྒྱས་རྣམས་ཀྱིས་ལུང་སྟན་པ་ནི། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་ཕྱོགས་བཅུ་ནས་གསུང་དབྱངས་མཐུན་པའི་སྒྲ་སྐད་ཀྱིས་ལུང་སྟོན་པར་མཛད་དེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱི་སྲིད་པ་མཐའ་མ་ནི་འདི་ཡིན་ཏེ་གསང་བ་བླ་ན་མེད་པའི་ཐེག་པ་ལ་ཞུགས་པས་ཕྱག་རྒྱ་ཆེན་པོ་དང་སྔགས་ཀྱི་མཐུས་རིགས་ཀྱི་དཀྱིལ་འཁོར་དུ་གནས་པར་འགྱུར་རོ། །ཞེས་གསུངས་པར་བསམ་མོ། །གསུམ་པ་སླར་ཡང་སློབ་དཔོན་གྱིས་གསང་བར་གདམས་ཏེ་ལུང་སྟོན་པ་ནི། (༥༢བ)


GLG022_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་ཆགས་པ་དང་མི་འབྲལ་བར་བྱ་སྟེ་དེ་དག་ནི་ལས་ལ་སྦྱར་བར་བྱའོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། ཁྱོད་ཀྱིས་ནམ་ཡང་བྱ་བ་མིན། །མ་ཧཱ་ས་མ་ཡ་ཧཱུཾ་ཕཊ། དེ་རིང་དཀྱིལ་འཁོར་སློབ་དཔོན་དང་། །སྔགས་སོགས་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུང་། །སེམས་ཅན་ཀུན་ལ་རྗེས་བརྩེ་བ། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །རྩེ་གཅིག་ནན་ཏན་བསྐྱེད་ནས་ནི། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད། དགུ་པ་དབུགས་དབྱུང་ལ་ཕན་ཡོན་དང་གཟེངས་བསྟོད་པ་གཉིས་ལས། དང་པོ་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བརྗོད་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་ཤིང་མཐོང་བ་སོགས་པ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། ཁྱེད་རྣམས་རབ་ཏུ་དགེ་བར་གནས། ཁམས་གསུམ་པ་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་དབང་བསྐུར་ཞིང་། །བདུད་རྣམས་ཀུན་ལས་རྣམ་པར་རྒྱལ། །ཕོ་བྲང་མཆོག་ཏུ་ཞུགས་པ་ཡིན། །དབང་བསྐུར་རྗེས་ཐོགས་དབུགས་ཕྱུང་བས། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་བློ་གྲོས་དམ་ཚིག་ལྡན། །བརྟན་གཡོ་མཐའ་ཡས་རྣམ་པར་གྲོལ། །ལམ་མཆོག་འཇུག་སྟོབས་དབུགས་ཕྱུང་སྟེ། །ངལ་བའི་གནས་ངན་ཀུན་སྤངས་སོ། །ཞེས་བརྗོད། གཉིས་པ་དེ་དོན་སྤྱད་པས་ཕན་ཡོན་གྱི་གཟེངས་བསྟོད་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་(༥༣ན)


GLG022_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མོད་ཅིང་། །མཚུངས་མེད་ཐུབ་པར་མི་འགྱུར་ཏེ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །འདི་ཡི་ཁྱེད་རྣམས་དུས་འདི་རུ། །སངས་རྒྱས་ཐོབ་པར་ཐེ་ཚོམ་མེད། །ཅེས་བརྗོད། བཅུ་པ་དེ་དག་གི་དམ་ཚིག་བཤད་པ་ནི། རྡོ་རྗེ་བླ་མ་མི་སྤང་ཞིང་། །བྱང་ཆུབ་སེམས་ནི་ཡོངས་མི་སྤོང་། །རྡོ་རྗེ་ཞེས་བྱ་ཕྱག་རྒྱ་ཆེ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་དག་མི་སྨད་ཅིང་། །མ་གུས་སྤང་ཞིང་དོར་མི་བྱ། །མི་ཤེས་སྣོད་མིན་རྨོངས་པ་ལ། །ནམ་ཡང་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྤང་སྟེ། །སློབ་དཔོན་དག་ལ་གུས་པར་གྱིས། །ཞེས་བརྗོད། བཅུ་གཅིག་པ་རྣམ་དག་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་གཉིས་ལས། དང་པོ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། ཞུགས་པའི་དཀྱིལ་འཁོར་འདི་རྣམས་བསྒོམས་པས་རབ་ཏུ་ཅི་ཞིག་མངོན་དུ་གྱུར་ཅེ་ན། དབང་གཞུང་གི་དེ་ཧ་ཅང་མངས་པས་དོན་ལ་ཁྱད་མེད་ཕྱིན། ཧེ་རུ་ཀ་ཐུགས་ཀྱི་གལ་པོ་ལས། གཞལ་ཡས་ཁང་ཆེན་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་པ། །སྒོ་བཞི་དྲན་པ་ཉེར་གཞག་བཞི། །རྣམ་ཐར་བརྒྱད་དང་རྟ་བབས་སོ། །རིན་ཆེན་སྒོ་སྟེ་ཐུགས་རྗེའི་ངང་། །ཡང་དག་སྤོང་བཞི་ཏོ་ར་ཎ། །དྲན་པ་ཉེར་གཞག་སྒོ་འཁྱུད་དང་། །རྫུ་འཕྲུལ་རྐང་བཞི་སྒོ་ཁྱམས་དང་། །འཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཁ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་(༥༣ན)


GLG022_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཇོམས་མུ་ཏིག་འཕྲེང་། །དྲིལ་བུ་བ་དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་འཕྲེང་སྐུ་གསུམ་ཐོབ་པའི་རྟགས། །གཞལ་ཡས་ཁང་མཆོག་དམ་པའོ། །ཞེས་བརྗོད། གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། །དེ་ལྟ་ནའང་ནང་གི་ལྷ་རྣམས་ནི་སྤང་བྱ་དང་ལམ་གྱི་ཆོས་གང་རྣམ་པར་དག་པའི་འབྲས་བུ་ཡིན་སྙམ་ན་ཧེ་རུ་ཀ་ཐུགས་ཀྱི་གལ་པོ་ལས། བཅུ་ལྡན་ཡེ་ཤེས་དཔལ་ལ་དགའ་གཉིས་ལྡན་ཟག་མེད་ཡུམ་གྱི་སྐུ། །ཀུན་རྒྱུད་དུ། རྣམ་ཤས་བརྒྱད་དག་མཁའ་འགྲོ་བརྒྱད། ཅེས་བྱུང་བ་འདི་དཀྲོལ་བ་ཡིན་ནོ། །གཞི་རྣམ་དག་གཽ་རཱི་མ། །ཡིད་ཤེས་རྣམ་དག་ཙཽ་རཱི་མ། །ཉོན་ཡིད་རྣམ་དག་པྲ་མོ་ཧཱ། །ལུས་ཤེས་རྣམ་དག་བཻཏྟ་ལཱི། །མིག་ཤེས་རྣམ་དག་པུཀྐ་སཱི། །རྣ་བའི་རྣམ་ཤེས་གྷསྨ་རཱི། །སྣ་ཤེས་རྣམ་དག་སྨ་ཤ་ནཱི། །ལྕེ་ཤེས་རྣམ་དག་ཙཎྜ་ལཱི། །ཡེ་ཤེས་བརྒྱད་ཀྱི་ངོ་བོར་རྫོགས། །སྣོད་བཅུད་འདི་མན་རྒྱུད་ཚིག །ལྷ་དང་གཞལ་ཡས་ཁང་། །ཕུང་པོ་ལྔ་ལ་སོགས་པའི་ཆོས། །དེ་ནི་སྤང་བར་བྱ་བ་མིན། །ཐེག་པ་གསུམ་ནི་སྤང་བ་མིན། །ཀ་ཏི་ལི་བཞིན་ཡོངས་སུ་གཟུང་། །ཞེས་པ་ལྟར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །རྟོགས་སླ་ལས་དེ་ལྟ་ན་ཁྱོད་དཀྱིལ་འཁོར་བྲི་བསྒྲུབ་དབང་བསྐུར་འཕྲིན་ལས་ཐམས་ཅད་བསྒྲུབ་པ་ལ་སོགས་པ་སློབ་དཔོན་གྱི་བྱ་བ་ཐམས་ཅད་ལ་དབང་བས་སློབ་དཔོན་གྱི་དབང་ཐོབ་བོ། །ཞེས་བསྒོའོ། །གསུམ་པ་དབང་དོན་བཤད་པ་ནི། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ་པས་བསྐྱེད་པའི་རིམ་པ་བསྒོམ་(༥༤ན)


GLG022_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དབང་ཞིང་ལམ་ལྔ་ལས་སྦྱོར་ལམ་གྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ཀྱི་དྲི་མ་དག་སྟེ། སྤྲུལ་སྐུ་འགྲུབ་དབང་གཞུང་དུ་ཡོན་འབུལ་བར་བཤད་པ་ནི་དབང་ཕྱི་མ་རྣམས་མི་བསྐུར་བའི་དབང་དུ་བྱས་པར་མངོན། པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །གཉིས་པ་གསང་དབང་བསྐུར་བ་ལ་དབང་གཞུང་ལས། ད་ནི་ཉེ་བའི་བསྙེན་པའི་གནས་སུ་སྔོན་དུ་དབང་རྫོགས་པར་མ་བྱས་པ་དང་གང་ཞིག་རྫོགས་པ་དག་གིས་བསྟན་པར་འདོད་ན། དབེན་པའི་གནས་སུ་དྲིས་ལེགས་པར་བྱུགས་པའི་མཎྜལ་ལ་མེ་ཏོག་སྣ་ཚོགས་བཀྲམ་ཞིང་བདེ་བའི་སྟན་བརྩེགས་པ་ལ་བླ་མ་བཞུགས་ནས་ཤེས་རབ་རྩ་བར་གཡོན་ཕྱོགས་གནས་ནས་ཚུལ་བཞིན་དུ་ཞེས་པར་སོ་མཆན་དུ་ཡུམ་ཁྲུས་བྱས་སྤོས་ཆུ་ལ་སོགས་པའི་དྲི་ངད་བསྐྱེད། ཞི་ཁྲོ་གང་བྱེད་ཀྱི་རྒྱན་འདོགས་ཞེས་བཤད། མ་མཚན་དང་ལྡན་པ་དག་ཕུལ་ཏེ། མཆོད་པ་དང་སྨོན་ལམ་ལ་སོགས་པའི་ལོངས་སྤྱོད་ཀྱིས་དགྱེས་པར་བྱས་ནས། རས་ཀྱི་ཡོལ་བ་ལ་སོགས་པས་བར་ཆོད་པའི་རྒྱབ་ནས་གསོལ་བ་གདབ་པར་བྱའོ། །ཞེས་བྱུང་བ་ལྟར་གསོལ་གདབ་དང་དབང་བསྐུར་བ་གཉིས་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་གོང་བཞིན་ལ་གསང་བའི་དབང་བསྐུར་ཞུ་བའི་ཞེས་འདོན་པ་བསྒྱུར། དེ་ཉིད་ལས། དཔལ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར་བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། ཞེས་སོགས་བྱུང་། ལྡན་མགོན་པོ་བདེ་བ་ཆེ། །བདེ་བ་ཆེན་པོའི་གནས་ལ་བཞུགས། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མའི་བདེ་མཆོག་མཛད། །བྱང་ཆུབ་སེམས་དཔའ་ཚེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམ་(༥༤བ)


GLG022_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡི། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་སོགས་འགྲོ་ཀུན་གྱི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་རྟོག་པའི་རབ་རིབ་སེལ། །གང་གི་བྱང་ཆུབ་བླ་ན་མེད། །དེ་རིང་བདག་གིས་ཐོབ་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་གྱིས་དེ་ཉིད་ལས། བུ་ཁྱོད་ཇི་ལྟར་འདོད་པ་བཞིན། །རྒྱལ་བ་ཀུན་གྱི་བདེ་ཆེན་སྦྱིན། །ཏིང་འཛིན་སྦྱོར་སྔགས་གསལ་བ་ནི། །རང་གི་གནས་སུ་ལེགས་པར་བསྟོད། །ཅེས་ཁས་བླང་ངོ་། །གཉིས་པ་དབང་བསྐུར་བ་ལ་སྔོན་འགྲོ་དངོས་གཞི། ང་རྒྱལ་དབང་དོན་དང་བཞི་ལས། དང་པོ་སྔོན་དུ་འགྲོ་བ་ནི། རྟོགས་སླ་ལས། སློབ་མའི་ཤེས་རབ་མ་ལང་ཚོ་དར་ལ་བབ་ཅིང་རྒྱན་གྱིས་བརྒྱན་པ་བླ་མ་ལ་ཕུལ་བར་མོས་ལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །དོན་ཆེན་ཟབ་མོས་ཉོན་མོངས་འཇོམས། །དེ་རིང་བདག་ལ་དབབ་པར་མཛོད། །ཅེས་པས་གསོལ་བ་གདབ། གདོང་འཆིང་། འབྲུ་གསུམ་བརྗོད། བདུད་རྩི་གཏོར་བས་བསྲུང་ངོ་། །གཉིས་པ་དངོས་གཞི་ནི། དབང་གཞུང་ལས། དམ་ཚིག་གི་ལྷ་མོ་སྦྱངས་ནས་སྔགས་དང་བཅས་པའི་ཡུངས་ཀར་གྱིས་བགེགས་བསྐྲད་ཅིང་སྦྱོར་བ་དང་རྗེས་སུ་སྦྱོར་བས་ཡབ་ཡུམ་གཉིས་ཀྱི་སྐུ་བསྐྱེད་པར་བྱའོ། །ཡང་དབང་བསྐུར་བ་དང་བྱིན་གྱིས་བརླབ་པ་དག་རྫོགས་པར་བྱས་ནས་རོལ་མོའི་སྒྲས་བསྐུལ་ཞིང་སྤྲོ་བ་བསྐྱེད་དེ་རིགས་ཀྱི་ང་རྒྱལ་མ་ཉམས་པའི་སྒོ་ནས་གཉིས་(༥༥ན)


GLG022_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་སྦྱོར་བས་བྱང་ཆུབ་ཀྱི་སེམས་སློབ་མའི་ལྕེ་ལ་གཞག་པར་བྱའོ། །རྟོགས་ལ་ལས། སློབ་དཔོན་དཔལ་ཡང་དག་ཏུ་གསལ་བའི་རྩ་བར་པདྨ་རིན་ཅེན་ལྡན་བྱས་ནས་ཞེས་བྱུང་། གསང་གནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ནོར་བུར་ཨོཾ་རྩེ་མོར་ཕཊ་དང་བཅས་པ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། ཡུམ་གྱི་མཁར་བབས་པ་མཐེབ་སྲིན་ཀྱིས་བཟུང་ནས་སློབ་མའི་ལྕེ་ལ་བཞག་པར་བསམས་ཤིང་དབང་གཞུང་ལས། ཇི་ལྟར་རྒྱལ་བརྟག་པ་བཅུ་པར་ཇི་ལྟར་རྒྱལ་བ་སྲས་བཅས་ཀྱིས་ཞེས་སོགས་བྱུང་། བ་བདེ་གཤེགས་ཀྱིས། །རང་གི་སྲས་ཚོགས་དབང་བསྐུར་ཞིང་། །བྱང་ཆུབ་སེམས་བདེ་དག་པའི་ཆུས། །རྣམ་རྟོག་དྲི་མ་དག་པར་བྱ། །ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བརྗོད་ཅིང་བླུད་དོ། །གསུམ་པ་ང་རྒྱལ་གཟུང་བ་ནི། སློབ་མས་ཀྱང་། ཨ་ཧོ་མ་སོ་མཆན་དུ། ལྕེ་རྩེ་ནས་ལྕེ་རྩ་ལ་བསྐུར་བར་བྱ་དང་བྱེའུ། མཁའ་ནས་ལྕེས་ལེན་པ་བ་དང་བེའུ། སྲིན་ལག་གིས་སྟེར་བ་བུང་བ་དང་མེ་ཏོག །སྣོད་དུ་ཀ་ར་ལྟ་བུ་དང་སྦྱར་ནས་སྦྱིན་པ་དུང་དང་ཉ་ཕྱིས་ཀྱི་ཚུལ་དུ་དབང་བསྐུར་བར་གསུངས། ཧཱ་སུ་ཁ། རྟོགས་སླ་ལས། ད་ནི་སངས་རྒྱས་ཀུན་དང་མཉམ། །བདག་ནི་བསོད་ནམས་སྐལ་བ་ཆེ། །ཡོན་ཏན་ཀུན་གྱིས་བདག་བརྒྱན་ཏེ། །ཡང་དག་སྦྱོར་བའི་བདག་ཉིད་དོ། །ཞེས་བརྗོད་ལ་བཏང་། དེས་ལུས་གང་བས་(༥༥བ)


GLG022_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཉེས་པ་དག་ནས་གསུང་རྡོ་རྗེར་གྱུར་པར་བསམ་ཞིང་མིག་དར་འགྲོལ། བཞི་པ་དབང་དོན་བཤད་པ་ནི། དེ་ཉིད་ལས། ཡུམ་གྱི་བྷ་ག་ནས་གསང་བའི་དབང་ཐོབ་པས་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་ཞིང་ལམ་ལྔ་ལས་མཐོང་བའི་ལམ་ས་དང་པོའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། ངེས་ངག་གི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ཡོན་དབུལ་བར་བཤད་པ་ནི་ཕྱི་མ་གཉིས་མི་བསྐུར་བ་ལ་དགོངས། རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དབང་གཞུང་ལས། རྫོགས་པའི་རིམ་པ་ཐོབ་པར་འདོད་པས་རྡོ་རྗེ་བླ་མ་མཆོག་ཏུ་གྱུར་པ་ལ་གསོལ་བ་གདབ་པར་བྱ་སྟེ། མཎྜལ་དང་མཆོད་པའི་ཚོགས་ཀྱིས་རྡོ་རྗེ་བླ་མ་དང་ཕྱག་རྒྱ་མཚན་ལྡན་མཉེས་པར་བྱས་ནས་ཞེས་བྱུང་བ་ལྟར། གསོལ་གདབ། སྔོན་འགྲོ། དངོས་གཞི། དབང་དོན་དང་བཞི་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་གོང་ལྟར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་ཞུ་བའི་ཞེས་འདོན་པ་བསྒྱུར། དབང་གཞུང་ལས། ཀྱེ་ཀྱེ་མགོན་བརྟག་པ་བཅུ་པར་མགོན་པོ་སྤྲུལ་རུ་དྲ་ཁྱོད་ཅེས་སོགས་བྱུང་། པོ་བདེ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང་། ཕྱག་རྒྱ་མི་ཕྱེད་རབ་བསྒྲུབ་པ། །མངོན་སུམ་ཉམས་མྱོང་བསྐྱེད་པའི་ཕྱིར། །བདག་ཉིད་ཆེན་པོ་ཇི་ལྟ་བར། །གཙོ་བོས་བདག་ལ་བཀའ་དྲིན་མཛོད། །རྟོག་པའི་དྲི་མས་བསྒྲིབས་པ་རྣམས། །བྱང་ཆུབ་ཆུ་ཡིས་དག་པར་མཛོད། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། གཉིས་པ་དབང་གི་སྔོན་འགྲོ་ནི། བླ་མས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་བསྐྱེད་པ། (༥༦ན)


GLG022_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ལ་གཏད་པར་དཔོན་སློབ་གཉིས་ཀས་བསམས་ཤིང་། དེ་ཉིད་ལས། དགའ་བའི་གནས་བརྟག་པ་བཅུ་པར། དགའ་བདེའི་གནས་སྟེར་ལྷ་མོ་ནི། ཞེས་སོགས་བྱུང་། ཆེན་ལྷ་མོ་འདི། །ལེགས་པར་ཟུངས་ཤིག་བློ་གྲོས་ཅན། །དགའ་བདེའི་མཆོད་པ་རབ་ཏུ་གྱིས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །འགྲོ་བ་ཐམས་ཅད་འདི་ལས་བྱུང་། །དེ་བས་ཁྱོད་ཀྱིས་འདི་ཉིད་དང་། །ནམ་ཡང་འབྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད། དེ་ནས་རིག་མ་དེ་གྲོགས་ལ་དགའ་བའི་འཛུམ་གྱིས་བལྟས་ཏེ། དེ་ཉིད་ལས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་པུར་མྱང་བ་དང་། །བུད་མེད་རྣམས་ལ་རྟག་གུས་དང་། །བྷ་གར་འོ་བྱེད་མི་རྟོག་པར། །སྨྲོས་ཤིག་གྲོགས་པོ་བདེ་བ་ཅན། །ཞེས་དྲིས་པའི་ལན་དུ། སློབ་མས། ཁུ་ཁྲག་ལ་སོགས་ཟ་བ་དང་། །བུད་མེད་རྣམས་ལ་རྟག་གུས་ཤིང་། །བྷ་གའི་པདྨར་འོ་བགྱིད་དོ། །ཞེས་བརྗོད། དེ་ནས་རིག་མ་དེ་ལུས་གཅེར་བུར་ཕྱུང་མེ་ཏོག་གི་འཕྲེང་བ་མགོ་ལ་བཅིངས། བྷ་ག་ཕྱག་གིས་བསྟན་ནས། དེ་ཉིད་ལས། རྨད་བྱུང་གསང་བའི་པདྨ་འདི། །ཐམས་ཅད་བདེ་བར་ཡང་དག་ལྡན། །རྟག་ཏུ་འདི་བཞིན་འདི་སྤྱོད་ན། །དེ་ཉིད་བདེ་ཆེན་འབྲལ་མི་འགྱུར། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཐམས་ཅད་རྣམ་པར་གྲོལ། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དངོས་པོ་ཀུན་གྱི་རང་བྱུང་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་(༥༦བ)


GLG022_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་རབ་ཏུ་རྒྱས། །བྷ་གའི་མཁའ་དབྱིངས་ནམ་མཁའི་དབྱིངས། །འབྱུང་བ་བཞི་པོ་རྒྱན་བཞིན་བཀོད། །ལྟེ་བའི་ཟེའུ་འབྲུ་གེ་སར་ཟླུམ། །པདྨ་འདབ་མ་རྣམ་པར་མཛེས། །དེ་ཡི་དབུས་སུ་གནས་པ་ནི། །དེ་ཉིད་བདུད་རྩི་བདེ་ཆེན་གཟུགས། །བྷཉྫ་མོཀྵ་ཧོཿ། ཞེས་བརྗོད། རྟོགས་སླ་ལས། དེ་ནས་རིག་མའི་ལག་པ་གཡོན་སློབ་མའི་ལག་པ་གཡས་པར་གཏད་པར་སྒོམས་ཤིག །ཅེས་བསྒོ་ལ། ཤེས་རབ་དམ་པ་འདི་ཡིས་ནི། ཁྱོད་ཀྱི་ཡེ་ཤེས་སྐྱེད་བྱེད་པ། །འདི་དང་ཁྱོད་གཉིས་རྟག་ཏུ་ཡང་། །དད་པས་རྟག་ཏུ་འགྲོགས་པར་གྱིས། །འདི་ལ་རྟག་ཏུ་རོལ་མོ་གྱིས། །ཞེས་བརྗོད། དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་བརྗོད་དེ། བསྒོམ་ལམ་ས་བཅུའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་པ་ཡིན་ནོ། །ཞེས་བསྒོའོ། །གསུམ་པ་དངོས་གཞི་ནི། དབང་གཞུང་ལས། དེ་ནས་གནས་དབེན་པར་རྒྱན་བཟང་པོ་བྲེས་ཤིག་དྲི་ཞིམ་པོའི་ཆུ་གཏོར། སྟན་བདེ་བ་ལ་གནས་ཏེ་ཁང་པའམ་ཡོལ་བ་ལ་སོགས་པ་གང་ཡང་རུང་བས་བསྒྲིབས་ལ། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་ཏིང་ངེ་འཛིན་དང་སྦྱོར་བ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་དེ་དག་རིམ་པ་བཞིན་དུ་བསྒོམ་པར་བྱའོ། །ཞེས་བྱུང་བ་ལྟར། མིག་དར་འཆིང་ཞིང་བསྲུང་རྟོགས་སླ་ལས། སློབ་མ་དཔལ་ཡང་དག་སྦྱོར་བར་གསལ་བའི་གསང་གནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ནོར་བུར་ཨོཾ། ཕྱག་རྒྱ་ཀྲོ་དྷཱི་ཤྭ་རཱི་མར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ། ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་(༥༧ན)


GLG022_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ་གཡས་ལ་ཨོཾ་དཀར་པོ། རྩ་གཡོན་ལ་ཨཱཿདམར་པོ། དབུས་སུ་ཧཱུཾ་མཐིང་ཁ། རྩེ་མོར་ཕཊ་ཡིག་སེར་པོ་དམིགས། ཡབ་ཡུམ་ལ་འཁྱུད་པ་དང་ཙུམྤ་དང་། གསང་གནས་སྦྱར་བས་འདོད་ཆགས་ཆེན་པོའི་མེས་དྲོད་སྐྱེས་ཏེ་དངས་མ་རྣམས་བཞུ། གསང་གནས་མཉམ་པར་སྦྱར་བས་ཁམས་དངས་མ་ཐམས་ཅད་སྤྱི་བོ་ནས་རིམ་བཞིན་འཁོར་ལོ་བཞིར་བརྒྱུད་དེ་རྡོ་རྗེའི་རྩ་བར་ཕྱིན་པས་དགའ་བ། དབུས་སུ་ཕྱིན་པས་མཆོག་དགའ་རྩ་གསུམ་འདོམས་པའི་དབུས་སུ་བྱོན་པས་ཁྱད་དགའ། ནོར་བུའི་རྩེ་མོར་བྱོན་ཏེ་སྟེང་འོག་གི་རླུང་ཁ་སྦྱར་བས་མི་གཡོ་བར་གྱུར་ནས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ལྷན་སྐྱེས་དེ་ཆེར་འཕེལ་བས་བྱང་སེམས་རྒྱས་ཏེ་ལྟེ་སྙིང་མགྲིན་སྤྱིར་ཕྱིན་ཏེ་བརྟན་པས། མས་བརྟན་གྱི་དགའ་བ་བཞི་སྐྱེས་པར་བསམས་ཤིང་ངོས་འཛིན་དུ་གཞུག །དབང་གཞུང་ལས། དེ་ནས་འདོད་པའི་གཙུག་རྩ་བར། བདེ་མཆོག་སྒྱུ་མའི་བརྔས་མཚོན་ཏེ་ཞེས་པར་སོ་མཆན་དུ་ངག་གི་བརྡ་དང་ལུས་ཀྱི་བརྡ་ལ་སོགས་པ་ཞེས་བྱུང་། ལག་དང་མཐུན་པའི་བདེ་བའི་ཡེ་ཤེས་བསྐྱེད་ཅིང་ཤིས་པ་དང་མི་ཤིས་པའི་མཚན་མ་དག་ཡི་གེ་ལྔ་བཅུའི་གནས་གང་ལ་བབས་པའི་སྒོ་ནས་བརྟག་སྟེ། མ་ནིང་གི་ཡི་གེ་དག་ལ་བབ་པ་ནི་བསྐྱར་རྩ་བར། དུལ་བའི་སེམས་སུ་བཞག་ནས་ཀྱང་། །ཞེས་པས་སོ་མཆན་དུ་ཡུན་དུ་ཉོན་མོངས་པའི་དབང་དུ་མ་སོང་བར་ཤིན་ཏུའང་སྤྱོད་ལམ་དགེ་སློང་གསར་པའམ་བག་མ་གསར་པ་ལྟར། ཞེས་བྱུང་། བར་བྱའོ། །དེ་ལྟར་བདེ་བ་ཆེན་པོའི་དོན་བྱང་ཆུབ་ཀྱི་སེམས་བབས་ནས། ཚིགས་སུ་བཅད་པ་འདིས་བཏུང་(༥༧བ)


GLG022_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཞེས་བྱུང་བ་ལྟར། རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་མཆོག །རང་གི་རང་བཞིན་དེ་ཉིད་དོ། །ཞེས་བརྗོད། རྟོགས་སླ་ལས། གདོང་གཡོགས་བཀྲོལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །ཞེས་ངོ་སྤྲད་དོ། །བཞི་པ་དབང་དོན་བཤད་པ་ནི། དེ་ཉིད་ལས། དེ་ལྟར་ཕྱག་རྒྱ་གཏད་དེ་བདེ་སྟོང་གི་ཡེ་ཤེས་སྐྱེས་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་དཀྱིལ་འཁོར་འཁོར་ལོ་སྒོམ་པ་ལ་དབང་། ལམ་ལྔ་ལས་རྒྱུའི་ཐེག་པའི་མཐར་ཕྱིན་ལམ་ཀུན་ཏུ་འོད་ཀྱི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས། དེས་ཡིད་ཀྱི་དྲི་མ་དག་སྟེ་ཆོས་སྐུ་འགྲུབ་ཡོན་དབུལ་བར་བཤད་པ་ནི་བཞི་པ་མི་བསྐུར་བའི་དབང་དུ་གཏང་། པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །བཞི་པ་ཚིག་གི་དབང་བསྐུར་ལ། དབང་གཞུང་ལས། དབང་བཞི་པ་དག་བླ་མ་དམ་པའི་གདམས་ངག་ལས་བྱུང་བའི་དོན་བཞིན་དུ་ཕྱག་རྒྱ་རྣམ་པ་གསུམ་གང་ཡང་རུང་བ་ལ་བརྟེན་ཏེ་རང་གིས་ཉམས་སུ་མྱོང་བས་མེ་ལོང་གི་དཀྱིལ་འཁོར་བཞིན་དུ་གནས་པ་ལ་ཡུན་རིང་དུ་གསལ་བར་བརྟག་གོ །དེས་ཟག་པ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོའི་སྐུ་སྐྱེ་བར་འགྱུར་རོ། །ཞེས་བྱུང་བའི་དོན་བཞིན། གསོལ་གདབ། སྔོན་འགྲོ། དངོས་གཞི། དབང་དོན་དང་བཞི་ལས། དང་པོ་གསོལ་བ་གདབ་པ་ནི། མཎྜལ་གོང་ལྟར་ལ་ཚིག་དབང་རིན་པོ་ཆེ་ཞུ་བའི་(༥༨ན)


GLG022_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོན་པ་བསྒྱུར། རྟོགས་སླ་ལས། ཁྱད་ཞབས་པདྨོའི་བཀའ་དྲིན་བརྟག་པ་བཅུ་པར་བྱུང་བ་དང་ཚིག་འདྲ། གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཅེན་བཞི་པ་ཡང་། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སྔར་བཞིན་གདོང་འཆིང་ཞིང་བསྲུང་། གཉིས་པ་སྔོན་དུ་འགྲོ་བ་ནི། དབང་གཞུང་ལས། རྣལ་ཁྲག་འཐུང་གལ་པོའི་བརྟག་པ་བཅུ་པར། ཞེས་པ་ལུས་ངག་གི་ཡིད་དང་ནི་ཞེས་སོགས་རྒྱས་བཤད་སྣང་། འབྱོར་བདེ་བ་ཐམས་ཅད་ཀྱི། །དབང་བསྐུར་བདེ་ཆེན་ལས་བྱུང་བ། །རིན་ཅེན་ཚོགས་རྣམས་ཐམས་ཅད་ཀྱིས། །རབ་ཏུ་མྱོས་པར་དབང་བསྐུར་འགྱུར། །འདི་མན་རྟོགས་སླ་ལས། ཇི་ལྟར་སྣང་བ་ཐམས་ཅད་ཀུན། །སྐད་ཅིག་གཅིག་ལ་དམིགས་མེད་པ། །བརྗོད་པའི་ཐ་སྙད་ཀུན་དང་བྲལ། །རང་བྱུང་ཡེ་ཤེས་ཞེས་བརྗོད་དོ། །ཞེས་པའི་རང་བྱུང་གི་ཡེ་ཤེས་གསལ་ལ་མི་རྟོག་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཏིང་ངེ་འཛིན་བཞི་པ་སྟེ་དེ་ལ་ཡུན་རིང་དུ་གོམས་པས་བརྟན་པའི་ནང་རྟགས་ལུས་འགུལ་བསྐྱོད། ངག་དབུགས་འགྱུ་བ་སེམས་ལ་བདེ་སྡུག་གང་གིས་ཀྱང་ཉོན་མི་མོངས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ལས་མི་འགྱུར་བ་དང་། ཕྱི་རྟགས་སྣང་བ་ཐམས་ཅད་སྒྱུ་མ་ལྟར་ཤེས་ཤིང་མཚན་འཛིན་དང་བྲལ་བ་འབྱུང་བས། དེ་ལ་འབད་དེ་གོམས་པར་གྱིས་ཤིག །ཅེས་བརྗོད། གསུམ་པ་དངོས་གཞི་ནི། སློབ་མ་ལུས་(༥༨བ)


GLG022_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྔར་གྱི་བདེ་སྟོང་གི་ཡེ་ཤེས་དྲན་དུ་བཅུག་ལ། དེའི་ངང་ལ་མཉམ་པར་འཇོག་ཏུ་གཞུག་གོ །དེ་ལས་མི་རྟོག་པའི་ཡེ་ཤེས་སྐྱེས་པས་ན་ཁྱོད་ཀྱིས་བཞི་པའི་ཡེ་ཤེས་ཉམས་སུ་མྱོང་བས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་བ་ཡིན་ནོ། །ཞེས་བརྗོད་ལ། གདོང་གཡོགས་དགྲོལ་ལོ། །བཞི་པ་དབང་དོན་བཤད་པ་ནི། ཁྱོད་ཀྱིས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་ལམ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་ཞིང་ལམ་ལྔ་ལས། འབྲས་བུའི་ཐེག་པའི་མཐར་ཕྱིན་ལམ་བཅུ་གསུམ་རྡོ་རྗེ་འཛིན་པའི་ཐེག་པའི་རྟོགས་པ་སྐྱེ་བའི་མཐུ་དང་ལྡན་པར་བྱས་ལ། དེས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག་སྟེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིག་གོ །ཞེས་བརྗོད་དོ། །རྩ་བའི་གསུམ་པ་རྗེས་ཀྱི་ཆོ་ག་ལ་དམ་ཚིག །དངོས་གྲུབ། སྦྱིན་སྲེག །གཏེར་སྤ། ལྷག་མ། སྒོ་དབྱེ། དཔང་གཟུ། བསྟན་སྐྱོང་། ཆད་མཐོ། ཟོར། བྲོ། ཚེ་འགུགས། མཆོད་གཏོར། རྒྱལ་མཐོ། སྒོ་བྱང་། མར་མེ། གཏང་རག་དང་བཟོད་གསོལ། དཀྱིལ་འཁོར་བསྡུ་བ། རྡུལ་ཚོན་སྐྱེལ་བ། ཕུར་ཤུལ་བཀྲུ་བ། ལུས་བསྲུང་། བཟོད་གསོལ། གཏང་རག །སྨོན་ལམ། བཀྲ་ཤིས་ཏེ་ཉེར་ལྔའི་དང་པོ་དམ་ཚིག་ལ་ཁྱད་པར་དང་སྤྱི་གཉིས་ལས་དང་པོ་ཁྱད་པར་གྱི་དམ་ཚིག་ནི། དབང་གཞུང་ལས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་(༥༩ན)


GLG022_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་བླང་བར་བྱ། །འདོད་པས་ལོག་པར་གཡེམ་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་འགྱུར། །རྡོ་རྗེ་བླ་མ་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་མི་གཏད་ཞིང་། །དྲན་པ་གསལ་བས་བཟུང་བྱས་ནས། །ལྷག་པའི་ལྷ་བཞིན་རིན་ཅེན་ཏོག །ཅེས་བརྗོད་དོ། །གཉིས་པ་སྤྱིའི་དམ་ཚིག་བསྒྲག་པ་ནི། རྟོགས་སླ་ལས། འགའ་ཞིག་ཏུ་གསང་བ་སྤྱི་རྒྱུད་དུ་འབྱུང་བའི་སྤྱིའི་དམ་ཚིག་ཉེར་བརྒྱད། ཁྱད་པར་བསྲུབ་བྱའི་དམ་ཚིག་ཉི་ཤུ། གནས་བྱ་ལྷག་པའི་དམ་ཚིག་ཉི་ཤུ་རྩ་གཉིས་བཤད། ཡང་རྩ་བའི་དམ་ཚིག་གསུམ། ཡན་ལག་གི་དམ་ཚིག་བཅོ་ལྔ། ཞེས་བཤད་པ་ལ་རྐང་གྲངས་མི་སྣང་ཡང་རྣམ་སྣང་ལ་གསུམ། མི་བསྐྱེད་པ་ལ་བཞི། རིན་འབྱུང་ལ་བཞི། སྣང་མཐའ་ལ་གསུམ། དོན་གྲུབ་ལ་གཅིག་དང་བཅོ་ལྔ། བསླབ་པ་རྣམ་པ་གསུམ་ལ་འདོད་པ་ཡིན་ནམ་སྙམ། གཙོ་བོ་ནི་གསར་རྙིང་ཐམས་ཅད་དུ་འབྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཡིན་པས་ཁྱོད་ཀྱིས་ཟབ་མོའི་དཀྱིལ་འཁོར་དུ་ཞུགས་དབང་བསྐུར་བ་ཐོབ་པས་རིག་པ་འཛིན་པའི་སློབ་དཔོན་དུ་གྱུར་པའི་ཕྱིར་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་དགོས་ལ། དེ་དག་གང་ཞེ་ན། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུང་། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་(༥༩བ)


GLG022_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེ་རྟོག་པ་དེ་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ལ། །སེམས་ཀུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །སྔགས་པས་དེ་དག་སྤངས་ན་ནི། །དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར། །གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །དེ་བས་ང་རྒྱལ་ཀུན་བཅོམ་སྟེ། །བདག་ཉིད་མ་འཁྲུལ་ཤེས་པར་བྱ། །མཉམ་པར་བཞག་པའི་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་པར་བྱ། །གསུམ་པ་སྐྱབས་འགྲོར་ནས་བརྩམས་ཏེ། །བྱང་ཆུབ་སེམས་སོགས་སྡོམ་པ་ནི། །གལ་ཏེ་བདག་(༦༠ན)


GLG022_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་འདོད་ན། །སྔགས་པས་འབད་དེ་གཟུང་བར་བྱ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང་། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །གསང་བའི་ཆོས་ནི་སྟོན་པ་དང་། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང་། །ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་འདས་པ་དང་། །སྦྱོར་བ་ངེས་པར་མ་བྱས་པར། །སྐལ་མིན་གསང་བ་སྟོན་པ་དང་། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང་། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་རྣམས། ཁ་ན་མ་ཐོ་བཅས་གྱུར་ཏེ། །སྔགས་པ་དེ་ཡི་དམ་ཚིག་ཟད། །ཟད་པས་འགྲུབ་པར་མི་འགྱུར་ཞིང་། །བདུད་དང་སྡུག་བསྔལ་མང་དུ་འཕེལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །ཉིན་རེ་བཞིན་ཡང་བཟླས་པར་བྱ། །གལ་ཏེ་ཉམས་གྱུར་རྣལ་འབྱོར་པ། ཁ་ན་མ་ཐོ་སྦོམ་པོར་འགྱུར། །ཞེས་གསུངས་པ་རྣམས་སོ། །ཞེས་བརྗོད་ལ་དམ་ཚིག་བསྲུང་བའི་སེམས་ཀྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིས། །ཞེས་ལན་གསུམ་གྱིས་ཁས་ལེན་དུ་གཞུག་གོ །སྒྲུབ་ཆེན་ཚད་ལྡན་གྱི་ལུགས་སུ་བྱེད་ན་ཡོན་དབུལ་བ་འོག་ཏུ་འབྱུང་ཡང་ས་ཕུར་དང་བསྟུན་འཇུག་བདེར་བྱ་བ་ཞར་བྱུང་དུ་མཎྜལ་གོང་བཞིན་ལ་དབང་བསྐུར་ཟབ་མོ་ཐོབ་པའི་བཀའ་དྲིན་བཏང་རག་གི་ཞེས་(༦༠བ)


GLG022_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་བསྒྱུར། དེ་ཉིད་ལས། སློབ་མས་བླ་མའི་ཞབས་ལ་ཕྱག་བྱས་ལ། གསེར་དངུལ་བྱུ་རུ་རིན་པོ་ཆེ། །གླང་ཆེན་མ་ཧེ་ནོར་བུར་བཅས། །ཡིད་ལ་གཅེས་པ་རྣམས་ཀྱང་དབུལ། །ཞེས་པ་ལྟར་ཡོན་དང་ལུས་ཀྱང་ཕུལ་ལ། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱོད་ལ་བདག་ནི་འབུལ་ལགས་ན། ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་བརྗོད། སློ་དཔོན་གྱིས་ཀྱང་། །སློབ་མ་དམ་པ་དམ་ཚིག་ཆེ། ཁྱོད་ཀྱིས་འབྱོར་ཚོགས་ཤིན་ཏུ་བཟང་། །དད་མོས་ཆེ་བས་དངོས་གྲུབ་ཐོབ། །དད་མོས་མེད་པས་མི་འགྲུབ་བོ། །ཞེས་བསྒོའོ། །གཉིས་པ་དངོས་གྲུབ་ལེན་པ་ནི། རྩ་བར། ཞག་གྲངས་དུས་ནི་བརྟག་པའམ། །མཚན་མ་བཟང་པོ་བྱུང་བ་ན། །ཞེས་པར་སོ་མཆན་དུ་རྣལ་འབྱོར་པ་ཐ་མ་ལས་དང་པོ་པས་རབ་སྐུ་མངོན་དུ་མཐོང་བའམ་མངོན་དུ་གཤེགས་པ། འབྲིང་སྒྲ་གྲག་པ། ཐ་མ་སྐུ་གཟུགས་འགུལ་བའོ། །ཞེས་འབྱུང་བའི་དུས་དང་བསྟུན། ཁྲག་འཐུང་གལ་པོའི་བརྟག་པ་བཅུ་དྲུག་པ་ལས། ཁྱད་པར་ཆེན་པོ་བསྒྲུབ་པ་རྒྱལ་བའི་བཀའ། །རྒྱུ་གཉིས་རྐྱེན་གསུམ་སྦྱར་བའི་བདུད་རྩི་འདི། །སྣང་སྲིད་སྣང་བ་ཆེན་པོར་ཤར་བའི་རྫས། །རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཆོད་པ་འབུལ། །སྣང་སྲིད་རཀྟའི་རྒྱ་མཚོ་དབང་གི་རྫས། །རོ་མཆོག་བརྒྱ་ལྡན་བདུད་རྩི་ཆེན་པོར་གནས། །ཞེས་བྱུང་བ་ལྟར་དངོས་གྲུབ་ལེན་ཚུལ་རྒྱས་པར་འདོད་ན་བཀའ་བརྒྱད་སོགས་གཞན་དུ་ཤེས་པར་བྱའོ། །གསུམ་(༦༡ན)


GLG022_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦྱིན་སྲེག་བྱ་བ་དབང་གཞུང་ལས། འཕྲིན་ལས་གཞན་བརྩམས་པའམ་ཡང་ན་སྦྱིན་སྲེག་གི་ཤིས་པ་བྱ་བར་བཤད། ནི། གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་སོགས་ནས་རྒྱས་པར་གསུངས་ཤིང་མདོར་བསྡུ་ན་རྟོགས་པར་སླ་བའི་སྦྱིན་སྲེག་ཉིད་ཁ་བསྒྱུར་རོ། །བཞི་པ་གཏེར་སྦ་བྱ་བ་ནི། པུཎྜ་རཱི་ཀའི་ལེའུ་བཞི་པ་དང་གསང་བ་ཐུགས་ཀྱི་མེ་དཔུང་གི་དགུ་པར་གྱེར་ཚིག་གསལ་བར་བྱུང་ཞིང་ལག་ལེན་བཀའ་གཏེར་མང་པོར་བཤད་པས་དེ་དག་ལས་ཤེས་པར་བྱའོ། །ས་བཅད་ལྔ་པ་ནས་བཅུ་གཉིས་པའི་བར་ལས་བྱང་ལྟར་བྱ་ཞིང་། ཁྲག་འཐུང་རོལ་པའི་གཏོར་བཟློག་བྱ་བར་སྤྲོ་ན་རྒྱུད་གཞུང་མན་ངག་གཞན་ལས་ཤེས་པར་བྱ། །བཅུ་གསུམ་དབང་གཞུང་ལས། མགྲོན་གྱི་ཚོགས་རྣམས་ལ་གཏོར་མ་སྦྱིན་ཞིང་དཀྱིལ་འཁོར་བསྡུ་ཞེས་བཤད། པ་མཆོད་གཏོར་འབུལ་བ་ནི། ཕྱི་རོལ་བའི་དུས་ཀྱི་ཕྱོགས་སྐྱོང་ལ་མཆོད་གཏོར་འབུལ་ཚུལ་ལེན། །བཅུ་བཞི་པ་རྒྱལ་མཐོ་འགྲོལ་བ་ནི། མཆོད་གཏོར་བརླབས་ལ། གཙང་ཞིང་གཙང་མར་སྦྱར་སྐྱེས་པའི་ཞེས་པ་ནས་བཟུང་རྫུ་འཕྲུལ་ཆེ་ལ་སྟོབས་པོ་ཆེར་ཞེས་པའི་བར་སྟ་གོན་གྱི་སྐབས་ལྟར་ལ་སྒྲུབ་པའི་བར་ཆད་བསྲུངས་པ་ཡི། སྔར་བཅོལ་ལེགས་པའི་གཏང་རག་ཏུ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ་ཞེས་པ་ནས། དངོས་གྲུབ་མ་ལུས་སྩལ་དུ་གསོལ་གྱི་བར་བརྗོད། མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། ཨོཾ་བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་བསམས་ཤིང་ཙཀ་ལི་ཡོད་ན་བརྟན་བཞུགས་བྱ། དེ་(༦༡བ)


GLG022_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྒྱལ་ཆེན་གཞན་ལའང་སྦྱོར། བཅོ་ལྔ་པ་སྒོ་བྱང་འགྲོལ་བ་ནི། མཆོད་གཏོར་བརླབས་ལ། ཨོཾ་བཛྲ་ཀརྨ་ཡ་མ་ནས་བཟུང་། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན་ཞེས་པ་ཡན་དཀྱུས་ལྟར་ལ། བདག་གི་སྒྲུབ་པ་མ་ཐོན་པར། །བསྲུངས་པའི་འཕྲིན་ལས་མཛད་པ་ལ། །གཏང་རག་མཆོད་པས་མཉེས་པར་མཛོད། །ཅེས་བརྗོད། ནོངས་པ་གསོལ་བ་སོགས་གོང་བཞིན་བྱ། མཆོད་གཏོར་འབུལ་བ་ནས། འཕྲིན་ལས་ཐོག་སེར་བགེགས་ལ་འབེབས་ཡན་གོང་ལྟར་ལ། དངོས་གྲུབ་བར་ཆད་བསྲུངས་པ་ཡི། །གཏང་རག་ཕུལ་བས་དགྱེས་བསྐྱེད་ནས། །སླར་ཡང་འཕྲིན་ལས་མཛད་དུ་གསོལ། །ཅེས་བརྗོད། ནོངས་པ་གསོལ་བ་སོགས་གོང་དང་འདྲའོ། །བཅུ་དྲུག་པ་མར་མེའི་སྨོན་ལམ་ནི། དབང་གཞུང་དུ། དེ་ནས་དཀྱིལ་འཁོར་གྱི་མཐའ་ལ་བསྐོར་ཞིང་འདི་དང་ཕྱི་མར་མི་འབྲལ་བའི་སྨོན་ལམ་གདབ་ཅེས་པ་དང་བཀའ་གཏེར་གྱི་གཞུང་ཕལ་ཆེར་དུ་མར་མེའི་སྨོན་ལམ་མཛད་པ་མང་བས། སློབ་དཔོན་རྣམས་ཀྱིས་མར་མེ་ཐོགས་ལ་དཀྱིལ་འཁོར་གྱི་མཐའ་བསྐོར་ཏེ། ཁྲོ་བོ་པུཎྜ་རཱི་ཀ་ལས། ཧཱུཾ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། འཕྲུལ་ཞལ་ཡིད་བཞིན་བྷནྡྷའི་རྫས་མཆོག་དང་། །མ་རིག་མུན་སེལ་མེ་མར་དགུ་པ་དང་། །ཟླ་གམ་དགུ་པ་གསང་བའི་གནས་འདི་རུ། །ངན་སོང་འཁོར་བ་རྣམས་ཀྱང་བསྒྲལ་ལགས་ལ། །དུས་གསུམ་རྒྱལ་བ་རྣམས་ཀྱང་མཆོད་ལགས་ལ། །དཔལ་ཆེན་ཧེ་རུ་ཀ་ཡང་བསྒྲུབ་ལགས་ལ། །མ་སྲིང་རྒྱ་མཚོ་རྣམས་ཀྱང་བསྒྲུབ་ལགས་ལ། །དངོས་གྲུབ་དབྱིངས་མཆོག་(༦༢ན)


GLG022_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བླངས་ལགས་ལ། །མི་གནས་ཡེ་ཤེས་ཐུགས་ཀྱང་བསྒྲུབ་ལགས་ཀྱིས། །དང་པོ་གནས་དང་ཆོས་ཀྱི་དབྱིངས་སུ་གཤེགས། །མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ནས། །འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག །འདི་ལྟ་བུ་ཡི་མན་ངག་ལུང་སྟོན་པའི། །བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང་། །སྲོག་གི་ལུ་གུ་རྒྱུད་ཀྱིས་འབྲེལ་བ་རྣམས། །འོག་མིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ཏུ། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །གསང་བ་ཆེན་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ས་ཕུར་ལྷ་ཁྲ་དང་ཕྱོག་མཐུན་པར་མ་བྱས་ཀྱང་འགལ་བ་མེད་དམ་སྙམ། །བཅུ་བདུན་པ་གཏང་རག་དང་བཟོད་གསོལ་ནི། ལས་བྱང་གི་གཏང་རག་མཆོད་པ་དང་བསྟོད་པ་ཅི་རིགས་བྱ་ཞིང་ཡིག་བརྒྱའི་མཐར་མ་འབྱོར་བ་སོགས་ལེན། །བཅོ་བརྒྱད་པ་དཀྱིལ་འཁོར་བསྡུ་བ་ནི། པུཎྜ་རཱི་ཀའི་ལེའུ་གསུམ་པར། ད་ནི་དཀྱིལ་འཁོར་མཐའ་ནས་བསྡུ་ཞེས་སོགས་དང་། གསང་བ་མེ་དཔུང་ཐུགས་ཀྱི་རྒྱུད་ནས་ཀྱང་གསུངས་པའི་དོན་ཁྱེད་ཀྱི་སེམས་ཅན་སོགས་ནས་བཟུང་བཛྲ་མུཿའི་བར་ལས་བྱང་ལྟར་བརྗོད་པས་དཀྱིལ་འཁོར་གྱི་ཡེ་ཤེས་པ་གཤེགས་པར་བསམས་ཤིང་ཛཿཧཱུཾ་བཾ་ཧོཿ ས་དམ་ཚིག་པ་རང་ལ་ཐིམ་པར་བསམ། དཀྱིལ་འཁོར་ལ་ཕུར་ཆ་མེད་ན་


GLG022_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་ལུགས་འདི་བཞིན་དང་ཡོད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་སོགས་བརྗོད་ནས་ཡེ་ཤེས་པ་རྣམས་ཕུར་པ་ལ་བརྟན་བཞུགས་མ་བྱས་ན་ཕུར་པའི་རབ་གནས་ཀྱང་འཇིག་པར་དོགས་ཤིང་རྟོགས་སླར་ཕུར་ཆ་དང་ལྷ་མཚན་གདམ་ངར་གསུངས་པ་གཤེགས་གསོལ་འདི་ལྷ་མཚན་ལ་དགོངས་པ་འདྲའོ། །སརྦ་ས་མ་ཡ་སོགས་ཀྱིས་གཏོར་མགྲོན་གྱི་དམ་ཅན་རྣམས་གཤེགས་པར་བསམ། རང་གཙོ་བོའི་ང་རྒྱལ་གྱིས་ལྷའི་མཚན་མ་དང་གདན་རྣམས་བསྡུ། དེ་ནས་ཚངས་ཐིག་ནས་བརྩམས་ཏེ་ལྟེ་བའི་བར་གྱི་རྡུལ་ཚོན་བསུབ་ཅིང་ཨ་ཀཱ་རོ་བཟླས་པས་དཀྱིལ་འཁོར་བསྡུའོ། །བཅུ་དགུ་པ་དབང་གཞུང་ལས། དངོས་གྲུབ་ཀྱི་རྫས་སུ་འཇོག་གམ། ཆུ་བོར་འདོར་བ་གདམ་ངར་བཤད། རྡུལ་ཚོན་སྐྱེལ་བ་ནི། རྟོགས་སླ་ལས། རྡུལ་ཚོན་བུམ་པ་ལ་སོགས་པར་བླུག་སྟེ་མཆོད་རྫས་དམན་མ་ལ་སོགས་པ་དང་ལྷན་ཅིག་ཏུ་རྒྱ་མཚོར་འབབ་པའི་ཆུ་བོར་དོར། བུམ་པ་ཆུས་བཀང་ལ་ནང་དུ་ཁྱེར་ཏེ་དཀྱིལ་འཁོར་གྱི་ཁང་པར་བཞག་གོ །ཉི་ཤུ་པ་ཕུར་ཤུལ་འཁྲུ་བ་དབང་གཞུང་ལས། ཁྲོ་བཅུ་ལ་མཆོད་ཅིང་བསྟོད་དེ། ཕུར་པ་བསྡུས་ལ་ཅོད་པན་བཀྲེལ་ཞིང་ཁྲུས་བྱ་བར་བཤད། ནི། དེ་ཉིད་ལས། སྔར་གྱི་བུམ་པའི་ཆུ་བདུད་རྩི་ལྔ་དང་བསྲེས་པས་དཀྱིལ་འཁོར་གྱི་ཁང་པར་ཆག་ཆག་གདབ། ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་སུམྦྷས་ཕུར་བུ་ཐམས་ཅད་བཏོན་ལ། ཨོཾ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནེ་སརྦ་ཨརྠ་གཱ་དྷ་ནི་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་བགེགས་ཀྱི་གཟུགས་བརྙན་ཡོད་ན་བཀྲུ། བུ་ག་ཡང་བཀང་ལ་མཉམ་པོར་བྱའོ། །ཉེར་(༦༣ན)


GLG022_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་ལུས་བསྲུང་བ་ནི་ལས་བྱང་བཞིན་བྱེད། ཉེར་གཉིས་པ་མཆེད་ལྕམ་ནང་གི་བཟོད་གསོལ་ནི་བྱེད་པར་སྤྲོ་ན་བཀའ་བརྒྱད་སོགས་གཞུང་གཞན་ནས་ལེན། ཉེར་གསུམ་པ་རྡོ་རྗེ་སློབ་དཔོན་ལ་གཏང་རག་འབུལ་ཞིང་བཟོད་པར་གསོལ་བ་ནི། ཁྲག་འཐུང་གལ་པོ་ལས། སྟོན་པ་རྡོ་རྗེ་སློབ་དཔོན་འདི། །བདག་ཅག་རྣམས་ཀྱི་ཕ་ལགས་སོ། །བདག་ཅག་རྣམས་ཀྱི་མ་ལགས་སོ། །བུ་དང་བུ་མོ་སྲིང་གཉེན་ལགས། །ལམ་སྟོར་རྣམས་ཀྱི་ལམ་མཁན་ལགས། །ལོང་བ་རྣམས་ཀྱི་དམིགས་བུ་ལགས། །ཆུ་བོ་སྒྲོལ་བའི་གྲུ་ཆེན་ལགས། །རིན་ཅེན་ལེན་པའི་རྫིངས་ཆེན་ལགས། །འདོད་པ་བསྒྲུབས་པའི་དེད་དཔོན་ལགས། །མ་ལུས་འགྲོ་བའི་ལམ་ཆེན་ལགས། །མུན་པ་སེལ་བའི་སྒྲོན་མེ་ལགས། །གསེར་འགྱུར་རྩི་ཡི་མཁན་པོ་ལགས། །དུག་སྒྱུར་མ་གི་ཏ་ཆེན་ལགས། །སྤྲུལ་པ་འབྱུང་བའི་སྒྱུ་མཁན་ལགས། །གཡུལ་ངོ་བཟློག་པའི་དཔའ་བོ་ལགས། །ནད་གཅོང་འབྱིན་པའི་སྨན་པ་ལགས། །འདོད་པ་སྟེར་བའི་ཡིད་བཞིན་ལགས། །ལྷ་ཡི་དཔག་བསམ་ཤིང་ཆེན་ལགས། །གནོད་སྦྱིན་བུམ་པ་བཟང་པོ་ལགས། །ནམ་མཁའ་ལྟ་བུར་འབྱུང་བ་ལགས། །རྒྱ་མཚོ་ལྟ་བུར་གནས་པ་ལགས། །རི་བོ་ལྟ་བུར་བརྟན་པ་ལགས། །ཉི་ཟླའི་སྐུ་དང་ལྡན་པ་ལགས། །འབྲུག་སྒྲ་ཆོས་དང་གསུང་སྒྲ་ལགས། །འགྱུར་མེད་རྡོ་རྗེའི་ཐུགས་ཅན་ལགས། །ཡོན་ཏན་ས་གཞི་མངའ་བ་ལགས། །འཕྲིན་ལས་གར་མཁན་གློག་འདྲ་ལགས། །ཟིལ་གནོན་སེང་གེ་འདྲ་བ་ལགས། །སྒྲོ་འདོགས་ཡོངས་(༦༣བ)


GLG022_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཅོད་པ་ལགས། །རང་བྱུང་ཡེ་ཤེས་སྟོན་པ་ལགས། །ལྷན་ཅིག་སྐྱེས་པའི་དགོངས་པ་ལགས། །ཆོས་རྣམས་དེ་ཉིད་སྟོན་པ་ལགས། ཁམས་གསུམ་གནས་ཀྱི་དབང་ཕྱུག་འདིས། །ལྷ་དང་བཅས་པའི་འཇིག་རྟེན་འདིར། །རྣལ་འབྱོར་དབང་ཕྱུག་ཆེན་པོ་འདི། །བདག་ཅག་རྣམས་ཀྱི་སྟོན་པའོ། །ཞེས་ཆེད་དུ་བརྗོད་ནས། གསང་རྫོགས་ལས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་གཡུང་དྲུང་ནི། །འགྱུར་བ་མེད་པར་མཆོག་ཏུ་བརྟན་པར་སྨོན། །མཆེད་ལྕམ་དུས་གསུམ་རྟག་ཏུ་འགྲོགས་པ་དང་། །ཕོ་བྲང་ཆེན་པོ་གཡུང་དྲུང་ཆུགས་པར་སྨོན། །བདུད་རྩི་རྣམ་ལྔ་རོ་མཆོག་རྒྱས་པ་དང་། །ཞེན་བྲལ་འདོད་ཡོན་ལྔ་ལ་ལོངས་སྤྱོད་སྨོན། །ཞལ་ཟས་བདུད་རྩིའི་རོ་ལྡན་གསེར་དངུལ་སྐྱོགས། །ཕྱག་ཏུ་བཞེས་ནས་དགྱེས་པ་སྐྱོང་བར་སྨོན། །ལྷ་ཡི་ན་བཟའ་པཉྩ་ལི་ཀ་འདི། །སྐུ་ལ་བཞེས་ནས་འཁོར་འདབ་རྒྱས་པར་སྨོན། །ཞེས་བརྗོད། དབང་གཟུང་ལས། ལྷ་དང་སློབ་དཔོན་ལ་ཅི་འབྱོར་པའི་ཡོན་གྱིས་མཆོད་ཅིང་རྗེས་སུ་ཡི་རང་དབུལ་བར་བྱའོ། །ཞེས་དང་། ཏནྟྲཧེ་རུ་ཀ་ལས། རྟ་དང་གླང་པོ་མ་ཧེ་དང་། །གསེར་དངུལ་ལ་སོགས་རིན་ཅེན་གཡུ། །བུ་དང་ཆུང་མ་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཞེས་དང་། རྒྱལ་བའི་སྐུ་ལ་བཀྲེས་སྐྱེམས་མི་མངའ་ཡང་། །དགའ་དང་གུས་པས་ཕུལ་བའི་བསོད་ནམས་ཀྱིས། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་རྫོགས་གྱུར་ནས། །རྡོར་སེམས་མཚན་སོགས་ས་ལ་ཕྱིན་པར་འགྱུར། །ཞེས་དང་། དགོངས་(༦༤ན)


GLG022_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ལས། རྗེས་སུ་རིག་པ་འཐད་པའི་ཡོན། །ནོར་གྱི་དབྱིག་དང་ཟས་ཀྱི་མཆོག །བརྩེ་མཆོག་འཆི་མེད་ཟས་མཆོག་རྣམས། །དབུལ་དང་གསོལ་བས་མཉེས་པར་བྱ། །ཞེས་པ་ལྟར། ཞལ་དུ་སྐྱེམས་དྲངས་སྐུ་ལ་ན་བཟའ་གསོལ། །སྒྲུབ་པ་དག་དབང་གི་ཡོན་རྒྱས་པར་དབུལ། །ཡེ་ཤེས་སྐུ་མཆོག་མ་བརྗོད་ནས་ནོངས་པ་ཐམས་ཅད་བླ་མ་ལ་བཤགས། །ས་བཅད་འདི་མི་སྤྲོ་ན་སྔར་མཎྜལ་སོགས་སོང་ཟིན་པ་དེས་ཆོག་གོ །ཉེར་བཞི་པ་བསྔོ་སྨོན་དང་ཉེར་ལྔ་པ་བཀྲ་ཤིས་དབང་གཞུང་ལས། གླུ་གར་དང་བཀྲ་ཤིས་བརྗོད་པར་བཤད། ནི་ལས་བྱང་ལྟར་བྱའོ། །མ་ནུབ་དབང་བཞིའི་ཆུ་བོའི་ས་བོན་རྣམས། །གྲོ་ལམ་སྐྱེད་རྫོགས་དྲོད་གཤེར་གྱིས་སྨིན་ནས། །ཟུང་འཇུག་སྐུ་བཞིའི་སྙེ་མ་གཡུར་ཟ་བ། །གསང་ཆེན་བླ་མེད་ཐེག་པའི་དགོངས་པ་ཡིན། །མཆོག་གི་དངོས་གྲུབ་སྙིགས་དུས་ཚེ་གཅིག་ལ། །སྟེར་བའི་ཡི་དམ་ཡང་དག་ཧེ་རུ་ཀའི། །རྒྱུད་དང་རྒྱ་གཞུང་འཕགས་ཡུལ་ཁ་སྤུ་ཅན། །ཚད་ལྡན་པཎ་གྲུབ་མང་ཞིག་གཤེགས་པའི་བཤུལ། །བྱེ་བྲག་བཀའ་བབས་ཧཱུཾ་ཆེན་ཀཱ་ར་དང་། །ལམ་འདིས་གྲུབ་བརྙེས་པདྨ་ཐོད་འཕྲེང་རྩལ། །རྗེས་འབྲངས་སོ་གཟུར་གནུབས་འཁོན་རིག་སྔགས་འཆང་། །བརྟུལ་ཞུགས་སྤྱོད་པའི་དབང་པོས་ལྗོངས་འདི་ཁེངས། ཁྱད་པར་འཇམ་པའི་རྡོ་རྗེ་ངུར་སྨྲིག་དང་། །དཀར་པོའི་གོས་ཀྱིས་གཅིག་ལས་དུ་མའི་གར། །ས་སྐྱའི་བླ་ཆེན་བརྒྱུད་པའི་ཐུགས་གསང་གི །དཔལ་བེར་གཡས་འཁྱིལ་ཟབ་བཞེས་འདི་ཀོ་མཚར། །འོན་ཏེ་གསར་མའི་དཀྱིལ་ཆོག་མཚམས་སྦྱོར་གྱི། །བཤད་(༦༤བ)


GLG022_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནག་འགྲོས་བྲིས་ལ་ཡང་དག་ཅེས། །ཉ་ཕྱིས་སྲད་བུར་བརྒྱུས་ནས་མུ་ཐི་ལའི། །འཕྲེང་བརྫུས་ཁ་པོའི་མགུལ་པར་བརྒྱན་མིན་ནམ། །མ་སྨྲས་མི་ཕོའི་རྫོང་དུ་གྲགས་པ་ལྟར། །སྦུབས་བཟང་འགྱིང་བག་འགྲོས་ཀྱི་མཐོན་པོའི་ཁྲིར། །ཀུན་དགའི་མཚན་ཅན་སྔགས་འཆང་ཆེ་བཞུགས་ན། །ས་སྐྱའི་བསྟན་ཞབས་འདྲེན་མིན་མཛེས་པ་ཙམ། །ཀོང་ཡུལ་མ་ཕྱིན་ཀོང་བཤད་མི་འབྱུང་བཞིན། །སྔ་འགྱུར་སྒྲུབ་འཕྲིན་སྨིན་གྲོལ་འཆད་པ་ལ། །བསླབས་སྦྱངས་གོམས་པའི་ཞལ་འདྲིས་ཐོགས་དགོས་ཀྱིས། །རྣ་ཐོས་དཔེ་ཤིག་བསྒྲུབས་པས་ག་ལ་རྟོགས། །མཁས་པའི་གྲལ་ཁྱུར་ཆུད་པའི་བློ་དམན་ཡང་། །རྡོ་རྗེ་སློབ་དཔོན་མང་བསྟེན་བཀའ་གཏེར་རྒྱུད། །གཞུང་དང་གདམས་པར་འདྲིས་པའི་གདེངས་ཙམ་གྱིས། །བཀོད་འདི་འཁྲུལ་མེད་ལམ་སྲོལ་ཡིན་ནམ་སྙམ། །དགེ་བས་ནམ་མཁའི་མཐའ་བཞིན་ཚད་བཟུང་དང་། །བྲལ་བའི་མ་རྒན་རྒྱུད་ལྔའི་འགྲོ་བ་རྣམས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར་བ་ཡི། །དཔལ་ཆེན་ཁྲག་འཐུང་གོ་འཕང་ཉེར་ཐོབ་ཤོག །སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་འདི་ནི་དབུས་འགྱུར་གསང་ཆེན་རྒྱུད་སྡེ་བཞིའི་ཆོས་གྲྭ་ཆེན་པོ་གོང་དཀར་རྡོ་རྗེ་གདན་དུ་འཛུགས་པའི་སྟ་གོན་གྱི་ཚེ་འདུས་པའི་ཚོགས་ཀྱིས་ཆོག་སྒྲིགས་ཤིག་དགོས་ཞེས་གསུང་གིས་བསྐུལ་བ་དང་དུ་བླངས་ནས་སློབ་དཔོན་ཆེན་པོ་ཧཱུཾ་ཀཱ་རའི་དབང་གཞུང་ཉིད་གཙོ་བོར་བཟུང་། དེས་མཛད་པའི་རྩ་བ་དང་སོ་(༦༥ན)


GLG022_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཆན། ཁྲག་འཐུང་གལ་པོ་སོགས་ཡང་དག་གི་རྒྱུད་རྣམས་ལ་ཞིབ་མོར་དཔྱད། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་ཕུར་པའི་དཀྱིལ་ཆོག་རྟོགས་པར་སླ་བ་དང་མཐུན་པ་རྣམས་འཇུག་པ་བདེ་བའི་ཕྱིར་དེ་ཁོ་ན་ཉིད་དུ་སྦྱར་ཞིང་རྐང་པ་སྐོང་བ་དང་ཚིག་སྣ་བསྲིང་བ་སོགས་ཅུང་ཟད་ལས་ཕལ་ཆེར་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་ཕྱིར་ཡིག་རྙིང་རྣམས་སོར་བཞག་སྟེ། ཆོས་ཀྱི་རྒྱལ་པོ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་སོགས་རྡོ་རྗེ་འཆང་དང་ཞལ་གཉིས་པའི་ཡོངས་འཛིན་དུ་མའི་བཀའ་དྲིན་ལས་གསང་ཆེན་རྙིང་མའི་ཆོས་ལ་བློ་མིག་ཡངས་པའི་ཟ་ཧོར་གྱི་སྔགས་བཙུན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་མཚོའི་སྡེས་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོ་གྲོ་བཞིན་ཅན་གྱི་ཕྱི་མའི་ཕྱོགས་ཀྱི་ཁྲག་འཐུང་རྣམ་པར་རོལ་པའི་ཚེས་ལ་རང་བྱུང་འཕགས་པའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་སོ། །སརྦ་མངྒ་ལཾ།། །།


previousསངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་དཔལ་ཡང་དག་ཟླ་གམ་དགུ་པའི་དཀྱིལ་འཁོར་གྱི་ཆོ་ག་ཧཱུཾ་མཛད་ཞལ་ལུང་།next