Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད།
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད།next

ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད།


GLG022_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད་བཞུགས་སོ། །


GLG022_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦ་ཛ་ཡ་ས་མ་ས་པདྨཱ་ཀ་རཱ་ཡ། ཚེ་ཡི་གཡུང་དྲུང་ལྕགས་སྲོག་རྩར་འཁྱིལ་འོད་དཔག་མེད་པ་ཆོས་ཀྱི་སྐུ། །འགྲོ་ལ་རྗེས་བརྩེའི་སྙིང་སྟོབས་མཆོག་མངའ་ཕྱག་ན་པད་དཀར་ལོངས་སྤྱོད་རྫོགས། །སིནྡྷུའི་དངས་མཚོར་པདྨ་ལས་འཁྲུངས་རྒྱ་གར་པཎ་ཆེན་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རྒྱལ་ཀུན་འདུས་པས་བྱང་ཆུབ་བར་དུ་བདག་རྗེས་བཟུང་། །བརྟུལ་ཞུགས་སྤྱོད་པའི་རྣམ་རོལ་གར་དགུའི་ཉམས། །དཔལ་ཆེན་ཁྲག་འཐུང་ལུས་ཀྱི་དཀྱིལ་འཁོར་དུ། །སྒྲུབ་སྡེ་བརྒྱད་རྫོགས་རྡོ་རྗེ་དྲག་པོ་རྩལ། །ཀུན་གོ་གཅིག་ཆོད་ཟླ་མེད་གཏན་གྱི་སྐྱབས། །གང་གི་འཕྲིན་ལས་ཚིག་ཉུང་དོན་གསལ་བ། །རྣམ་དཔྱོད་གཤེར་གྱིས་བསྐྱེད་པའི་ཟབ་གཏེར་དོན། །སྙིང་པོར་དྲིལ་བའི་ས་བོན་དར་དྲག་ལས། །འདོད་པའི་རེ་སྐོང་ཡོངས་འདུའི་ལྗོན་འདི་བསྐྲུན། །དེ་ལ་འདིར་ཐུགས་སྒྲུབ་དྲག་པོ་རྩལ་གྱི་འཕྲིན་ལས་འབྲིང་པོའི་དགོངས་དོན་ལ་གཞི་བྱས་ཏེ་ཉམས་ལེན་འཇུག་པ་བདེ་བའི་ཆེད་དུ་བཀོད་པར་སྔོན་འགྲོ་ལ། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་གཟེར་ནི། ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས(༢ན)


GLG022_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་སུ་མཆི། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ་བརྗོད། གཉིས་པ་ཚོགས་གསོག་པ་མཎྜལ་གྱི་གཟེར་ལ་གསུམ་ལས་དང་པོ་ཕྱིའི་མཎྜལ་ནི། ནོར་འཛིན་ལྷུན་པོ་རི་ཕྲན་ཉི་ཟླ་མཚོ། །གླིང་བཞི་གླིང་ཕྲན་མུ་ཁྱུད་ལྷ་དང་མིའི། །འདོད་ཡོན་དང་བཅས་དཀོན་ཅོག་གསུམ་ལ་འབུལ། །ཚོགས་རྫོགས་རང་བྱུང་ཡེ་ཤེས་མྱུར་རྟོགས་ཤོག །ནང་གི་ཡུལ་མཁར་ལོངས་སྤྱོད་བྱམས་པའི་མཛའ་གྲོགས་སོགས། །བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུན། །བླ་མར་འབུལ་གྱི་ཉོན་མོངས་འཛིན་པའི་ཡུལ། །དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལ། །གསང་བའི། བདག་(༢བ)


GLG022_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་ཤེས་དབང་པོ་ཚོགས་བརྒྱད་དང་། །སྒྱུ་ལུས་ཕྱི་ནང་དྲིན་ཅན་བླ་མ་ལ། །འབུལ་ལོ་ལམ་གྱི་འཁྲུལ་སྣང་ཀུན་དག་ནས། །རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལ། །གསུམ་པ་སྒྲིབ་སྦྱོང་བཤགས་པའི་གཟེར་ནི། སྤྱི་བོར་གདན་སྟེང་ཨ་ལས་རྡོར་སེམས་དཀར། །རྡོ་རྗེ་དྲིལ་འཛིན་སེམས་པའི་སྐྱིལ་ཀྲུང་མཛད། །ཐུགས་ཀའི་མདངས་ལྡན་ཨ་ལས་བདུད་རྩིའི་རྒྱུན། །བབས་པས་ཕྱི་ནང་ལུས་བཀྲུས་དག་པར་གྱུར། །ཡིག་བརྒྱ་གྲངས་སྐབས་སྦྱར་བརྗོད། །བཞི་པ་མི་རྟག་པ་བསྐུལ་འདེབས་ཀྱི་གཟེར་ནི། སྣོད་ཀྱི་འཇིག་རྟེན་མ་ལུས་མཐར་འཇིག་ཅིང་། །རིགས་དྲུག་བཅུད་ཀྱི་སེམས་ཅན་སྐྱེ་རྒ་དང་། །ན་འཆི་འཁོར་བའི་སྡུག་བསྔལ་ལེགས་བསམས་ནས། །མི་རྟག་སྣང་ཚུལ་ཐུན་དུ་བཅད་ནས་བསྒོམ། །ལྔ་པ་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་གཟེར་ནི། དུས་གསུམ་སངས་རྒྱས་རྣམས་ལས་རང་ཉིད་ལ། །སྨིན་གྲོལ་གདམས་པ་སྟོན་པའི་བླ་མ་ཉིད། །བཀའ་དྲིན་ཆེ་ཕྱིར་གསང་སྔགས་ལམ་གྱི་གནད། །ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་པར་བྱ། །སྤྱི་བོར་སུམ་རྩེགས་གདན་དང་དར་ཆེན་ཁྲི། །བརྩེགས་སྟེང་མཐིང་ནག་གུ་རུ་དྲག་པོ་རྩལ། །རྡོར་དྲིལ་འཛིན་ཞིང་དུར་ཁྲོད་ཆས་བརྒྱད་རྫོགས། །ཟབ་ཆེན་བེར་གསོལ་གར་དགུའི་ཉམས་ཀྱིས་བཞུགས། །དུས་གསུམ་རྒྱལ་བ་ཡི་དམ་བླ་མའི་ཚོགས། །འོད་ཞུ་མ་ཧཱ་གུ་རུའི་སྐུ་ལ་ཐིམ། །ཀུན་འདུས་བླ་མར་ཕྱག་འཚལ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་ཨཱཿཧཱུཾ། རྒྱལ་བ་དགོངས་བརྒྱུད་རིགས་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་རྩ་བའི་བླ་(༣ན)


GLG022_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཐུགས་དམ་དབྱིངས་ནས་བསྐུལ་ལོ་བྱིན་གྱིས་རློབས། །ཡི་དམ་མཁའ་འགྲོ་ཆོས་དང་དེའི་སྲུང་མ། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་བཅས་པ་ལ། །སྙིང་ནས༝། །ཐུགས་དམ༝། །དེ་ལྟར་དངོས་དང་བརྒྱུད་པའི་བླ་མ་ལ། །འགྱུར་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །རང་རིག་མ་བཅོས་བླ་མའི་ངོ་བོ་དུ། །ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། འདི་སྣང་སྒྱུ་མར་གོ་ཞིང་འཁོར་བ་ལ། །ངེས་པར་ཡིད་འབྱུང་རྒྱལ་བའི་གསུང་རབ་ཐོས། །ཀུན་གྱི་རྩ་བ་གཉིས་འཛིན་དུ་ཤེས་ཀྱང་། །ཉོན་མོངས་བག་ཆགས་དབང་དུ་ཤས་ཆེར་ཤོར། །ཆགས་ཞེན་འདོད་སྲེད་ལས་ངན་རྩད་བཅད་ནས། །གཉིས་འཛིན་སྒྲོག་ལས་གྲོལ་བར་བྱིན་གྱིས་རློབས། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ། མ་བཅོས་རང་ལ་གདོད་ནས་ལྷུན་གྲུབ་པའི། །རང་བྱུང་རིག་པ་གཉུག་མ་ལྷན་ཅིག་སྐྱེས། །མངོན་དུ་གྱུར་ནས་མར་གྱུར་འགྲོ་བ་རྣམས། །ཀུན་བཟང་ས་ལ་འགོད་པའི་མཐུ་ལྡན་ཤོག །ལྷའི་དཀྱིལ་འཁོར་སྒོམ་པ་ནི། བདག་ཉིད་ཀྱིས་ཧཱུཾ་ཧཱུཾ་ཞེས་བརྗོད་པས་སྐད་ཅིག་དྲན་རྫོགས་སུ་མ་ཧཱ་གུ་རུ་པདྨ་འབྱུང་གནས་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་བ། སྐུ་འཇིགས་པའི་ཆ་ལུགས་སུ་བསྟན་པ། གསུང་རྔམ་པའི་ང་རོ་སྒྲོག་པ། ཐུགས་དྲག་པོའི་ངར་དང་ལྡན་པ། འགྱིང་བག་དང་རོལ་པའི་སྟང་སྟབས་སུ་བཞུགས་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་འཕྱར་བ། གཡོན་པ་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། (༣བ)


GLG022_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

རུས་པའི་རྒྱན་དྲུག་དང་རིན་པོ་ཆེའི་དབུ་རྒྱན་དང་། སྦྲུལ་གྱི་གདུ་བུས་བརྒྱན་པ། ཁྲོ་གཏུམ་བརྗིད་པའི་གར་དགུ་དང་ལྡན་པ། སྤྱན་གསུམ་ཉི་ཟླ་འཁྱིལ་བ་ལྟར་གཟིགས་པ། ཚེམས་གངས་རི་གཏམས་པ་ལྟར་བཞད་པ། ཨག་ཚོམ་དུས་མཐའི་མེ་ལྟར་འབར་བ། ཞལ་ནས་ཧཱུཾ་གི་སྒྲ་འབྲུག་ལྟར་སྒྲོག་པ། ཟ་འོག་གི་བེར་སྨུག་པོ་དང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་སྐྲའི་ཐོར་ཚུགས་རུས་པས་བརྒྱན་པ། ཞབས་གཉིས་སྟང་སྟབས་སུ་བགྲད་དེ་ཉི་ཟླ་པདྨའི་སྟེང་དུ་རཀྴ་སྲིན་པོ་ཕོ་མོ་བརྫིས་པའི་གདན་ལ་བཞུགས་པ། བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན་འགྱིང་བག་ཏུ་བརྗིད་པ། ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གྱུར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བརྒྱ་ཙམ་བཟླས། རྒྱལ་ཆེན་གྱི་གཏོར་མ། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨོཾ་ལས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་སྡེ་གཞི་འཁོར་བཅས་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ། ཨཱོཾ་དྷྲྀ་ཏ་རཱཥྚ་བི་རུ་ཌྷྲ་ཀ་བི་རཱུ་པཀྵ་བཻ་ཤྲ་ཝ་ཎ་ས་པ་རི་ཝཱ་ར་ཨི་དཾ་བ་ལིནྟ་ཁ་ཁ་ཁྭ་ཧི་ཁྭ་ཧི་ལན་གསུམ་གྱིས་འབུལ། གོང་གི་སྔགས་གཤམ་དུ་ཨརྒྷཾ་སོགས་ཀྱིས་མཆོད། ཧཱུཾ། རི་རྒྱལ་ལྷུན་པོའི་ཕྱོགས་བཞི་ན། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །བཙུན་མོ་སྲས་བློན་འཁོར་བཅས་ཀྱིས། །(༤ན)


GLG022_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་གདོན་བཟློག་ཕྱི་མཚམས་སྲུངས། །ཧཱུཾ། རྒྱལ་པོ་ཆེན་པོ་སྡེ་བཞི་པ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །གསང་སྔགས་བསྟན་པ་བསྲུང་བའི་ཕྱིར། །བར་ཆད་འདུལ་བར་མཛད་དུ་གསོལ། །ཐུགས་སྒྲུབ་འཕྲིན་ལས་ཏིང་འཛིན་ནི། ཧཱུཾ། དང་པོ་རང་ཉིད་དབེན་པའི་གནས་སུ་འདུག །ཕྱི་ནང་སྣོད་བཅུད་སྣང་བ་ཐམས་ཅད་ཀུན། །རང་རིག་སེམས་ལས་བྱུང་བའི་ཆོ་འཕྲུལ་ཏེ། །སེམས་ཉིད་དངོས་པོ་གཟུང་འཛིན་བྲལ་བའི་ངང་། །དེ་ལྟར་རྟོགས་ན་བགེགས་རྣམས་རང་སར་གྲོལ། །ཧཱུཾ། དེ་ཉིད་ངང་ལས་སྐད་ཅིག་དྲན་རྫོགས་སུ། །འཇིགས་བྱེད་ཆེན་པོ་རྡོ་རྗེ་དྲག་པོ་རྩལ། །བསྐལ་པའི་མེ་འབར་རྡོ་རྗེའི་ཚ་ཚ་འཕྲོ། །འཇིག་རྟེན་ཐམས་ཅད་རྨད་ནས་ལྡེག་ཅིང་འཁྲུག །བདུད་དང་དམ་སྲི་བགགས་རིགས་རླག་པར་བྱེད། །བཤགས་པ་བྱ་བ་ནི། ཧཱུཾ། དུས་གསུམ་བདེ་གཤེགས་མཁའ་འགྲོ་དམ་ཅན་རྣམས། །ཏིང་འཛིན་རྩེ་གཅིག་དད་པས་སྤྱན་དྲངས་ནས། །བསྐལ་པ་དཔག་མེད་དུས་ནས་ད་ལྟའི་བར། །དུག་ལྔའི་དབང་གྱུར་ངན་སོང་གསུམ་གྱི་ལས། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། །བྱིན་དབབ་པ་ནི། ཧཱུཾ། བདག་ཉིད་སྡིག་སྒྲིབ་དག་པའི་ཕུང་པོ་ལ། ལྷ་རྣམས་དགྱེས་ཤིང་འོད་ཟེར་སྟོང་གསུམ་གང་། །བདག་ལ་ཐིམ་པས་ཡི་དམ་ལྷར་གྱུར་ཏེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡི། །མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཆེན་ཕོབ། །བདུད་རྩི་བྱིན་རླབས་ནི། ཧཱུཾ། བདག་ལས་འོད་འཕྲོས་བྷནྡྷ་གཞལ་ཡས་ཁང་། །གཡས་གཡོན་ཐབས་དང་ཤེས་རབ་ཕྱག་རྒྱ་ལས། །རིགས་ལྔ་ཡབ་ཡུམ་(༤བ)


GLG022_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཛད་བྱང་ཆུབ་སེམས། །བདུད་རྩི་མུ་ཏིག་དཀར་པོ་ཆར་ལྟར་བབས། །སྣོད་བཅུད་ཐམས་ཅད་བདུད་རྩིའི་རྒྱ་མཚོས་གང་། །ཧྲཱིཿམ། མཐེབ་སྲིན་སྦྱར་བ་རྟ་མགྲིན་ཡུམ་བཞིར་བཅས། །བདུད་རྩི་འཁྱིལ་ཞིང་དངོས་གྲུབ་སྟེར་མཛད་ལྷ། །བདག་ལ་རེག་པས་དམ་ཚིག་ཉམས་སྒྲིབ་དག །རྫས་ལ་གཏོར་བས་མ་དག་སྐྱོན་རྣམས་སྦྱངས། །བགེགས་ལ་ཕོག་པས་བདུད་དང་དམ་སྲི་བསྐྲད། །གཏོར་མ་བྱིན་རླབས་ནི། ཧཱུཾ། སྣོད་ཀྱི་འཇིག་རྟེན་དུར་ཁྲོད་ཁོག་པ་རུ། །སྙིང་ཁྲག་ཤ་རུས་ཆུ་སེར་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔ་དང་འདོད་ཡོན་དྲུག །བཅུད་ཀྱི་འཇིག་རྟེན་ལྷ་མོ་དྲུག་གིས་ཁེངས། །དམ་རྫས་གཏོར་མ་མཆོད་པར་བྱིན་གྱིས་བརླབས། །རཀྟ་བྱིན་རླབས་ནི། ཧཱུཾ། བྷནྡྷ་འབར་བ་རཀྟ་དམར་གྱི་སྣོད། ཁམས་གསུམ་འཁོར་བའི་རྒྱུ་ནི་འདོད་ཆགས་ཏེ། །རྣམ་ཤེས་ཚོགས་བརྒྱད་འདུས་པའི་རྩ་ཆེན་ཁྲག །རཀྟ་ཆོས་ཉིད་སྐྱེ་བ་མེད་པ་ལ། །གསང་བ་ཡུམ་གྱི་ཐིག་ལེ་བདེ་བའི་ངང་། །ཕྱི་མཆོད་བྱིན་རླབས་ནི། ཧཱུཾ། ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཆབ་ཕྱི་ཡི་མཆོད་པ་རྣམ་པ་ལྔ། །ཡིད་འོང་མཛེས་པའི་ལྷ་མོ་རྣམ་པ་ལྔས། །རྣམ་དག་གཙང་མར་སྦྱར་ཏེ་བསྣམས་ནས་ཀྱང་། །ཡི་དམ་ལྷ་དང་མཁའ་འགྲོ་མཆོད་པའི་རྫས། །དངོས་གཞི་ལ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། ཧཱུཾ། འདི་ལྟར་སེམས་ཀྱི་རྩལ་སྣང་མ་འགགས་པ། །སྣ་ཚོགས་སྣང་བ་འདི་ནི་ཡེ་ཤེས་ཏེ། །སྣང་བའི་དུས་ན་ངོ་བོ་སྟོང་པའི་ངང་། །ཆོས་ཀྱི་དབྱིངས་ཉིད་སྤྲོས་དང་བྲལ་བར་གནས། །དབྱེར་མེད་བྱང་ཆུབ་སེམས་ནི་བདེ་བ་ཆེ། །ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །(༥ན)


GLG022_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། དེ་ལྟར་མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས། །སྙིང་རྗེ་ཆེན་པོ་བྱམས་པའི་ཏིང་འཛིན་གྱིས། །རང་རིག་འོད་ཟེར་ཁ་དོག་ལྔ་དང་ལྡན། །གསལ་འཚེར་སྣང་བ་མ་འགགས་དངས་པ་ལ། །ངོ་བོ་བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ། །རྒྱུའི་ཏིང་འཛིན་ནི། ཧཱུཾ། དེ་ལས་འོད་ལྔ་འདུས་པའི་ཡི་གེ་ནི། །ཧཱུཾ་ཆེན་སྔོན་པོ་འབར་བ་ཉི་ཟླ་བཞིན། །སྣང་སྟོང་དབྱེར་མེད་ངང་དུ་གསལ་བར་ཤར། །སྐར་ཆེན་ཐང་ལ་བབས་པའི་ཚུལ་བཞིན་དུ། །འབྲས་བུ་རྒྱུ་ཡི་ཡི་གེ་ཧཱུཾ་དུ་ཤར། །འབྱུང་བ་རིམ་བརྩེགས་ནི། ཧཱུཾ། ཡི་གེ་ཧཱུཾ་ལས་ཧཱུཾ་ལྔ་འཕྲོས་པ་ལས། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། གངས་ལ་ཐིགས་པ་བབས་པ་བཞིན་དུ་ཆགས། །དེ་ལས་འོད་འཕྲོས་འབྱུང་བ་ཆེན་པོ་ལྔ། །འོག་གཞི་དབང་ཆེན་གཞལ་ཡས་གསལ་བར་བསྒོམ། །ཡེ་ཤེས་ལྔ་དང་ཡུམ་ལྔ་རྣམ་དག་ཀློང་། ཧཱུཾ། ནམ་མཁའ་མཐིང་ནག་གྲུ་གསུམ་གདལ་བ་ལ། །རླུང་ནག་རྡོ་རྗེ་རྒྱ་གྲམ་རབ་ཏུ་གཡོས། །མེ་དཔུང་བསྐལ་པ་དུས་མཐའི་མེ་ལྟར་འབར། །རཀྟའི་རྦ་རླབས་རྒྱ་མཚོའི་ཀློང་ལྟར་འཁྱིལ། །ཀེང་རུས་ཆེན་པོའི་རི་རབ་ལྷུན་སྡུག་བརྗིད། །ཧཱུཾ། རྒྱུ་ཡི་ཡི་གེ་ཉིད་ལས་འོད་འཕྲོས་པས། །སྣང་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀུན། །བདག་གི་གཟུགས་ཀྱི་ཕུང་པོ་གཞལ་ཡས་ཁང་། །ཙིཏྟའི་གའུ་རིན་ཅེན་ཕོ་བྲང་མཛེས། །རྩ་ཆེན་རྩ་ཕྲན་ཀ་གདུང་རྒྱན་དང་ལྡན། །བྷནྡྷའི་རྩིག་པ་ནང་ཁྲོལ་དྲ་བར་གནས། །རྣམ་ཤེས་ཚོགས་བརྒྱད་གཟེར་གྱིས་རབ་ཏུ་གཏམས། །གསལ་བྱེད་མིག་གཉིས་ཉི་ཟླའི་མཐོངས་ཁུང་ལ། །སྟེང་འོག་རྒྱུ་ལམ་བཞི་ལ་སྒོ་བཞི་གནས། །བྱང་ཆུབ་སེམས་ལས་ཀུན་འབྱུང་གཞལ་ཡས་ཁང་། །ཧཱུཾ། རྒྱུ་ཡི་(༥བ)


GLG022_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་འོད་འཕྲོས་འདུས་པ་ལས། །མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །སྲིན་པོ་རུ་དྲ་བརྫིས་པའི་གདན་སྟེང་དུ། །མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ། །རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ། །ཧཱུཾ། སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས། །ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན། །རིན་ཅེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས། །མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་སྤྲས། །དུར་ཁྲོད་ཆས་བརྒྱད་བརྗིད་པའི་གར་དགུ་ལྡན། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས། །བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་བཞུགས། །སྤྱི་བོ་ཚངས་པའི་བུ་གའི་རྩ་འདབ་སྟེང་། །མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྫོགས། །ཀླད་པ་དུང་ཁང་རྩ་ཡི་འཁོར་ལོ་ལ། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་རྫོགས། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ། །པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་རྫོགས། །སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ། །རྡོ་རྗེ་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་རྫོགས། །ལྟེ་བ་འཁོར་ལོ་འདུས་པའི་རྩ་འདབ་ལ། །བདུད་རྩི་ཡོན་ཏན་ལྷ་ཚོགས་ཐམས་ཅད་རྫོགས། །གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་འདབ་ལ། །ཆེ་མཆོག་མ་མོའི་ལྷ་ཚོགས་ཐམས་ཅད་རྫོགས། །རྩ་ཆེན་རྩ་ཕྲན་སྟོང་གི་འཁོར་ལོ་ལ། །མཁའ་འགྲོ་འབུམ་ཕྲག་མང་པོའི་ལྷ་ཚོགས་རྫོགས། །དབུ་ལ་རྒྱལ་བ་རིགས་ལྔས་དབང་བསྐུར་མཛད། །སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་ལ། །འཇིགས་བྱེད་ཁྲོ་(༦ན)


GLG022_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ལྷ་ཚོགས་ཐམས་ཅད་རྫོགས། །ཕྱག་གཡོན་གསེར་གྱི་དྲིལ་བུ་ཁྲོ་མོ་བཅུ། །ཞབས་གཉིས་བརྐྱང་བསྐུམ་རུ་དྲ་བརྫིས་པ་ལ། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས། །དེ་ནས་རོལ་མོའི་སྒྲ་དང་བཅས། །གདུང་བའི་དབྱངས་ཀྱིས་སྤྱན་དྲང་བ་ནི། ཧཱུཾ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཨྱོན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། ཁྱོད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཧཱུཾ། དྷ་ན་ཀོ་ཤའི་མཚོ་གླིང་དུ། །དྲག་པོའི་བརྟུལ་ཞུགས་མཛད་པའི་ཚེ། །སངས་རྒྱས་ཀུན་གྱིས་དབང་བསྐུར་མཛད། །མཁའ་འགྲོ་དམ་ཅན་དབང་དུ་བསྡུས། །རྡོ་རྗེ་ཕག་མོ་ཡུམ་དང་རོལ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ། །བདུད་དང་ལོག་འདྲེན་ཐམས་ཅད་བསྒྲལ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །རྡོ་རྗེ་སྲིན་མོའི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཕྱག་འཚལ་བ་ནི། ཧཱུཾ། །སྐྱེ་འགག་འགྱུར་མེད་འཕྲིན་ལས་ཐམས་ཅད་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་དྲུག་སྒྲོལ་བར་མཛད། །ཡིད་བཞིན་ནོར་བུའི་དངོས་གྲུབ་ཆར་ལྟར་འབེབས། །རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་གསུམ་བསྒྲལ་མཆོད་ནི། །རྩ་གསུམ་སྤྱན་སྔར་མཆོད་ཡོན་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་བཤམས། །དབང་ལྔ་ཚིལ་ཆེན་ཞུན་ཆེན་དྲི་ཆེན་ཆུ། །རྐང་གླིང་ཐོད་པའི་རྔ་སྒྲ་བརྗིད་བག་ལྡན། །དུག་གསུམ་(༦བ)


GLG022_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་དུག་ལྔ་ཡེ་ཤེས་ལྔ། །སྣང་སྲིད་ཕྱག་རྒྱ་བཞིར་མཆོད་ཡབ་ཡུམ་མཁའི། །བྱང་སེམས་དཀར་དམར་དགྲ་བགེགས་བསྒྲལ་བའི་ཤ །ཕྱི་ནང་གསང་བ་བསྒྲལ་བའི་མཆོད་པ་འབུལ། །སྨན་མཆོད་ནི། ཧཱུཾ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བ་བརྒྱད་དང་ཡན་ལག་སྟོང་། །བདུད་རྩི་སྨན་གྱི་མཆོད་པ་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་ཆོས་སྐྱོང་རྣམས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རཀྟ་ནི། ཧཱུཾ། བླ་མ་ཡི་དམ་མཁའ་འགྲོ་ལ། །རྒྱུད་དྲུག་བསྒྲལ་བའི་རཀྟ་འདི། །འདོད་ཆགས་རྩད་ནས་བཅད་པའི་ཕྱིར། །སྐྱེ་མེད་དོན་གྱི་མཆོད་པ་བཞེས། །གཏོར་མ་ནི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །རྟགས་བསྟོད་ནི། ཧཱུཾ། དུར་ཁྲོད་འཇིགས་དབུས་ཆགས་མེད་ཐབས་ཤེས་གདན། །དྲེགས་སྲིན་སྟེང་དུ་འཇིགས་བྱེད་དྲག་པོ་རྩལ། །མཐིང་ནག་སྤྱན་བགྲད་མཆེ་གཙིགས་དབུ་སྐྲ་འབར། །སྣ་ཚོགས་རྒྱན་སྤྲས་རྡོ་རྗེ་དྲིལ་བུ་འཛིན། །གར་དགུའི་ཉམས་ལྡན་བེར་སྨུག་ན་བཟའ་གསོལ། །རུས་པའི་རྒྱན་དྲུག་རྟགས་ཀྱིས་མཛེས་པར་བརྒྱན། །བདེ་གཤེགས་གསང་གསུམ་ཀུན་འདུས་མཁའ་འགྲོའི་གཙོ། །རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་བསྟོད། །སྐབས་འདིར་སུམ་བརྒྱ་ཉེར་གཅིག་གི་འཛབ་བཟླ། ཧཱུཾ། དག་པའི་ཞིང་དང་རྒྱ་གར་ཡུལ་རྣམས་ནས། །ཀུན་ཏུ་བཟང་པོ་རིགས་ལྔ་གསང་བའི་བདག །དབང་གི་མཁའ་འགྲོ་ཚངས་པའི་རྒྱལ་པོ་དང་། །བརྒྱ་བྱིན་(༧ན)


GLG022_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་རྒྱལ་འཇོག་པོ་རྒྱལ་པོ་ཛ། །ཤཱཀྱ་པྲ་བྷ་རིགས་འཛིན་པདྨ་འབྱུང་། །བི་མ་མི་ཏྲ་ཤཱི་ལ་མཉྫུ་རྣམས། །འགྲོ་དོན་སྐུར་བཞེངས་ཆོས་དབྱིངས་རང་སྒྲ་སྒྲོགས། །བདག་ཀྱང་རྗེས་འཇུག་ཁྱེད་ཀྱིས་བྱིན་གྱིས་རློབས། །ཧཱུཾ་ཧཱུཾ་ཧཱུཾ། དབུས་གཙང་རུ་བཞིའི་གནས་མཆོག་སོ་སོ་ནས། །མཁར་ཆེན་འཚོ་རྒྱལ་རྡོ་རྗེ་བདུད་འཇོམས་དང་། །གཏེར་སྟོན་ཡབ་སྲས་སྔགས་འཆང་རྡོ་རྗེ་དཔལ། །རྡོ་རྗེ་མགོན་དང་བྱམས་པ་བཤེས་གཉེན་རྗེ། །ངག་དབང་གྲགས་པ་སངས་རྒྱས་དཔལ་བཟང་ཞབས། །མེས་སྟོན་ནམ་མཁའ་ཡོལ་མོ་ཤཱཀྱ་བཟང་། །འགྲོ་དོན༝། །བདག་ཀྱང་༝། །ལེགས་ལྡན་རྡོ་རྗེ་ཆོས་རྒྱལ་དབང་པོའི་སྡེ། །ངག་གི་དབང་པོ་ཆོས་དབྱིངས་རང་གྲོལ་དཔལ། །བརྒྱད་པ་ཀུན་འདུས་བླ་མའི་ཚོགས་སྤྱི་དང་། །ཐུགས་མཆོག་འོད་འབར་སྤྲུལ་སྐུ་གཏེར་བདག་གླིང་། །གང་ཤར་རང་སར་གྲོལ་བའི་རིག་པ་འཛིན། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་རྣམས༝༝། །ཕྱོགས་མེད་དག་སྣང་འབྱམས་ཀླས་ཞིང་ཁམས་ནས། །མ་ཧཱ་གུ་རུ་གསང་སྔགས་མཐར་ཐུག་ཆོས། །བཀའ་སྐྱོང་གཙོ་མོ་ཨེ་ཀ་ཛཱ་ཊཱི་མ། །གནས་ཡུལ་དུར་ཁྲོད་མྱུལ་བའི་མཁའ་འགྲོའི་ཚོགས། །མཛོད་ལྔ་འདུས་པའི་ཆོས་སྐྱོང་གཏེར་བདག་དང་། །མཆེད་ལྕམ་རྡོ་རྗེའི་སྤུན་གྲོགས་བཅས་པ་རྣམས།༝༝། ལུས་ངག་ཡིད་གསུམ་བྱིན་རློབས་ཕྱི་དང་ནང་། །གསང་བའི་བར་ཆད་སོལ་ལ་བྱིན་གྱིས་རློབས། །མི་མཐུན་རྐྱེན་སོལ་ལམ་སྣ་ཆོས་ལ་དྲོངས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ་ཧཱུཾ་ཧཱུཾ། འོག་གི་དངོས་གྲུབ་ཀྱི་འཛབ་འདིར་བླངས་ཏེ་སུམ་ཙམ་བཟླ། གསོལ་འདེབས་འཛབ་དང་འབྲེལ་བ་ཡིན་ཞེས་(༧བ)


GLG022_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་སྐབས་འདིར་རྟེན་བསྐྱེད་ལེའུ་བདུན་བསམ་པ་ལྷུན་གྲུབ་མ་སོགས་ཟུར་དུ་བསལ་བ་ལྟར་འདོན། དོན་གྱི་བསྟོད་པ་ནི། ཧཱུཾ། སྐྱེ་འགག་མེད་པ་ཆོས་ཉིད་དབྱིངས་ཀྱི་ངང་། །འདུ་འབྲལ་མེད་པ་བདེ་ཆེན་ཕོ་བྲང་ནས། །རང་བྱུང་རང་ཤར་ཐུགས་རྗེ་ཆེན་པོའི་སྐུ། །བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །རང་རིག་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གསལ་འགྲིབ་མེད་པ་བདེ་བ་ཆེན་པོའི་སྐུ། །རང་རིག་རང་གདངས་མ་འགགས་གསལ་བ་ལ། །རྩོལ་སྒྲུབ་བྲལ་བས་བྱ་བྱེད་གོལ་ས་ཆོད། །མ་བཅོས་རང་ཤར་འཛིན་མེད་སྤྲོས་དང་བྲལ། །རིག་པ་རང་གསལ་ངང་ལ་ཕྱག་འཚལ་ལོ། །རིག་པའི་ཆོ་འཕྲུལ་ཅིར་ཡང་འཆར་བ་ལ། །རྒྱ་ཆད་ཕྱོགས་ལྷུང་མེད་པས་འཁྲུལ་པ་བྲལ། །ཅིར་སྣང་འཛིན་མེད་གྲོལ་བས་བདེ་བ་ཆེ། །གསལ་འཚེར་དངས་བ་སྐྱོན་བྲལ་རིག་པའི་གདངས། །ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །འབྱུང་བ་བཞི་ལ་བརྟེན་པའི་ཕུང་པོ་ལ། །བཅིངས་ཐུམས་རྡུགས་པ་མེད་པ་ཕྱོགས་བཅུར་འཆར། །གང་ཤར་རྟག་ཆད་བྲལ་བའི་ཟང་ཐལ་ལ། །འཁྲུལ་སྣང་ངར་གསོས་མི་གདབ་རང་སོར་བཞག །རང་བྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །རང་རིག་ཁ་དོག་དངོས་འཛིན་མ་གྲུབ་པ། །སྣང་སྟོང་ཕྱོགས་ལྷུང་ཡེ་ནས་བྲལ་བ་ལ། །མ་འགགས་གསལ་འཚེར་དངས་པ་ཆོས་ཉིད་དང་། །རང་རིག་ངོ་བོ་མ་བཅོས་ཐོད་འཕྲེང་རྩལ། །རང་རིག་བླ་མའི་མཆོག་ལ་ཕྱག་འཚལ་ལོ། །བཀའ་སྲུང་བརྒྱད་མཆོད་ནི། ཧཱུཾ། ཀུན་བཟང་ཐུགས་སྤྲུལ་སངས་རྒྱས་ཀུན་གྱི་ཡུམ། །ཞལ་གཅིག་ཕྱག་གཉིས་ཁ་ཊྭཱཾ་བྷནྡྷ་ཐོགས། །སྨུག་ནག་སྤྲིན་དཀར་འཇའ་ཡི་མཐའ་ཅན་གྱོན། (༨ན)


GLG022_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

།ཨེ་ཀ་ཛཱ་ཊཱི་རལ་གཅིག་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དབུས་མ་མོ་རོ་ཁ་མ། །ནམ་གྲུ་ཙ་མུནྟི་གསུམ་གཤེགས་སུ་གསོལ། །ཉི་མ་བྱང་ཕྱོགས་གནས་ནས་རེ་མ་ཏཱི། །མ་གཅིག་དཔལ་ལྡན་གནས་འདིར་གཤེགས་སུ་གསོལ། །དམར་ནག་པདྨ་ཁྲོས་པའི་དུར་ཁྲོད་ནས། །དབང་གི་མ་མོ་མཆེད་བདུན་གཤེགས་སུ་གསོལ། །རི་ལུང་ཐང་དམར་ཟངས་མཁར་དམར་པོ་ནས། །སྒྲོལ་གིང་ཆེན་པོ་བཙན་རྒོད༝། །སྟེང་ཕྱོགས་ནམ་མཁའ་འོད་ཀྱི་གཞལ་ཡས་ནས། །ལེགས་ལྡན་ཆེན་པོ་གནས་འདིར༝། །སྙིང་ཉེ་བཀའ་ཉན་གཏེར་བདག་གཤོག་རྒོད་རྩལ། །དམ་ཅན་རྡོ་རྗེ་ལེགས་པ༝། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྔོན་གྱི་དམ་ཚིག་དགོངས་ལ༝། ཁ་བ་ཅན་གྱི་ཡུལ་བདག་སྲུང་མ་ཆེ། །བསྟན་མ་བཅུ་གཉིས་འཁོར་བཅས༝། །བཀྲ་བཟང་རི་བོའི་གནས་ནས་ཉེ་བའི་དབང་། །རི་དེའི་ཕྱོགས་བཞིར་ལྷ་བདུད་བཙན་ཀླུ་ཡི། །དགེ་བསྙེན་ཁྲོམ་པ་སྐྱེས་བཞི་མཚམས་བཞི་ནས། །ཀླུ་སྲས་བུ་ལེ་དཀར་པོ་རྒྱལ་ཐང་དཀར། །ཀླུ་བཙན་སྤུན་གསུམ་རྣོ་མྱུར་ནག་པོ་སོགས། །གཏེར་སྲུང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་ཏྲག་རཀྴ་ཨེ་ཀ་ཛཱ་ཊཱི་མ་མ་རཀྨོ་ཏྲ་ཏྲ་ཏྲག །མ་ཧཱ་ཡཀྴ་ནག་མོ་པདྨ་ཌཱ་ཀི་ནཱི་ཡ་མ་ཤུ་ཏྲི་མ་ཧཱ་ཀཱ་ལ། བཛྲ་སཱ་དྷུ། བཛྲ་ཐང་ཀ་ར། མ་མ། ཁ་ཁ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ དེ་ནས་མཆོད་འབུལ་ནི། ཧཱུཾ། བཀའ་སྲུང་འཁོར་དང་བཅས་པའི་སྤྱན་ལམ་དུ། །རཀྟ་གསུར་ཆེན་དུད་པ་ཚིལ་ཆེན་སྒྲོན། །ཤ་རུས་ཞལ་ཟས་ཐོད་རྔ་རོལ་མོའི་སྒྲ། །དམ་(༨བ)


GLG022_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཏོར་མ་བདུད་རྩི་ཨ་མྲྀ་ཏ། །དྲི་ཟའི་རྒྱལ་པོ་བཤོས་དང་གཡའ་གངས་ཆུ། །སྤོས་དཀར་དུད་པ་རིན་ཅེན་རྣམ་པ་ལྔ། །དར་དང་ཟ་འོག་འབྲས་དཀར་གཙང་མ་དང་། །གསང་ལུག་ལ་སོགས་རང་རང་མཐུན་པའི་རྫས། །ཀླུ་རྣམས་དཀར་གསུམ་བདུད་རྩི་རིན་ཅེན་ལྔ། །ཀླུ་སྨན་ལ་སོགས་རང་རང་དགྱེས་པ་ཡི། །འདོད་པའི་ལོངས་སྤྱོད་ཚོགས་རྣམས་རབ་འབུལ་གྱི། །དགའ་བདེར་སྤྱོད་ལ་མཐུན་པའི་ལས་རྣམས་སྒྲུབས། །གོང་གི་སྔགས་གཤམ་དུ་ས་པ་རི་ཝཱ་རའི་མཇུག་ཏུ། མ་ཧཱ་པཉྩ་ཨ་མྲྀ་ཏ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བསྟོད་པ་ནི། བཀའ་སྲུང་སྡེ་བརྒྱད་མཆེད་ཟླ་བྲན་གཡོག་རྣམས། །རྒྱལ་བའི་བསྟན་དང་རྣལ་འབྱོར་མ་གཡེལ་སྲུངས། དགྲ་བོ་ལ། །བསད་བསྐྲད་རེངས་རྨོངས་རྫུ་འཕྲུལ་སྣ་ཚོགས་སྟོན། །བོད་ཁམས་རུ་བཞི་ནད་འཁྲུག་ཉེར་འཚེ་ལས། །སྐྱོབས་ལ་གནས་ཆེན་བྱིན་རླབས་ཟབ་གཏེར་སྲུངས། །མདོར་ན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །མཇུག་ལ་ཚོགས་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །ཚོགས་ཀྱི་གཉིས་འཛིན་རྣམ་རྟོག་ཀུན་སྦྱངས་ནས། །རིན་ཅེན་ཡངས་པའི་སྣོད་དུ་བདུད་རྩིའི་བཅུད། །འདོད་ཡོན་ལྔ་ཡི་མཆོད་པས་ཁྱབ་པར་གྱུར། །སྤྱན་འདྲེན་པ་ནི། ཧཱུཾ། རབ་འབྱམས་དག་པའི་རང་སྣང་གཞལ་ཡས་ནས། །མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཡི་འཁོར་ལོའི་ཚོགས། །འགྱིང་བག་གར་གྱི་རྣམ་འགྱུར་ཤིགས་སེ་ཤིག །འཇིགས་རུང་གསུང་གི་ང་རོ་ལྡིར་རི་རི། །ཐུགས་རྗེ་ནུས་(༩ན)


GLG022_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

མཐུའི་བྱིན་རླབས་ཐིབས་སེ་ཐིབ། །གནས་འདིར་བརྩེར་དགོངས་ཚོགས་ཀྱི་མཆོད་པ་ལ། །ཐོགས་མེད་རྫུ་འཕྲུལ་ལྡན་པས་གཤེགས་སུ་གསོལ། །འབུལ་བ་ནི། རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་རག་གཏོར་མ་ཤ་སྣ་དབང་པོ་ལྔ། །བཟའ་དང་བཅའ་བ་བཏུང་བའི་བྱེ་བྲག་སོགས། །སོ་སོར་དགྱེས་པའི་ཇི་སྙེད་མཆོད་པའི་ཚོགས། །བདུད་རྩིའི་རྒྱ་མཚོ་ཆེན་པོར་བྱིན་བརླབས་འདིས། །རྩ་བརྒྱུད་བླ་མ་ཐུགས་དམ་སྐོངས་གྱུར་ཅིག །བཀའ་བརྒྱད་ལྷ་ཚོགས༝། །ཆོས་སྲུང་གཏེར་བདག༝། །དེ་ནས་ཧོ། ཞལ་བསྡུས་པའི་སྐབས་སུ་བཞག་ཀྱང་ཆོག །ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང་། །ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། །སིདྡྷི་ཕ་ལ་ཨ་ལ་ལ་ཧོ། །ཚོགས་ལ་རོལ་རྗེས་ཧོ། །བདག་དང་རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་རྣམས་ཀྱིས་མ་ཧཱ་མཾ་ས་གསོལ་བས་རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོ་ལ་མངའ་བརྙེས་པར་གྱུར་ཅིག །ཛ་གད་དཔའ་བོ་གསོལ་བས་འགྲོ་བ་མང་པོ་དབང་དུ་འདུ་བར་གྱུར་ཅིག །ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་སྒྲུབ་པ་པོའི་མཐུ་དང་རྫུ་འཕྲུལ་དང་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཅིག །དེའི་དགེ་བའི་རྩ་བས་སྒྲིབ་པ་རྣམ་པ་གཉིས་བྱང་། ཚོགས་རྣམ་པ་གཉིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག །ཅེས་བརྗོད། ལྷག་མ་ནི། རང་ལྷར་གསལ་བའི་ཁ་ཆུས་བྲན་ལ་འདི་སྐད་དོ། །ཧཱུཾ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའི། །སྤྱན་སྔར་ཁས་བླངས་དམ་བཅས་ཤིང་། །བར་དུ་པདྨ་འབྱུང་གནས་ཀྱི། །སྤྱན་(༩བ)


GLG022_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཁས་བླངས་དམ་བཅས་པ། །ད་ལྟ་རིགས་འཛིན་བདག་ཅག་གི །བྲན་དང་ཕོ་ཉར་ཁས་བླངས་པའི། །སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་དང་། །གསང་སྔགས་ཐེག་པའི་བཀའ་སྲུང་རྣམས། །བཀའ་ཡི་ཕམ་ཕབས་འདི་བཞེས་ལ། །སྔོན་གྱི་དམ་ཚིག་དྲན་པར་གྱིས། །གསང་སྔགས་བསྟན་པ་རྒྱས་པར་སྤེལ། །བདུད་དང་དམ་སྲི་རྡུལ་དུ་རློག །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཆད་མཐོ་ནི། ཧཱུཾ། སྔོན་ཚེ་བསྡུས་པའི་སྐབས་སུ་བཞག་ཀྱང་ཆོག །བསྐལ་བ་དང་པོ་འོག་མིན་དུ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་པ་ཡིས། །སྣང་སྲིད་མ་ཚོགས་དམ་ལ་བཏགས་པའི་ཚེ། ཁྲོ་མོ་སིངྷ་སྒོ་མ་བཞི་སོགས་ཀྱིས། །སོ་སོའི་གཟུགས་བསྟན་བཀའ་ཡི་གཏོར་མ་ལེན། །བཅོལ་བའི་ལས་ཀུན་བསྒྲུབ་སོགས་ཁས་བླངས་པ། །དུས་འདིར་མ་གཡེལ་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲུག་འཕྲིན་ལས་ཐམས་ཅད་སྒྲུབས། །བསྐལ་པ་བར་མ་བལ་ཡུལ་ཡང་ཤོད་དུ། །པདྨཱ་ཀཱ་ར་ཤཱཀྱ་དེ་ཝ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས། །བདུན་ཅུ་རྩ་ལྔའི་མགོན་པོ་དམ་བཏགས་ཚེ། །སོ་སོའི་གཟུགས་བསྟན༝། །བཅོལ་བའི་ལས་ཀུན༝། །དུས་འདིར་མ་གཡེལ༝།།ཞི་རྒྱས་དབང་དྲག༝། །བསྐལ་པ་ཐ་མ་བསམ་ཡས་མཆིམས་ཕུ་རུ། །སློབ་དཔོན་ཆེན་པོ་རྗེ་འབངས་གྲོགས་དགུ་ཡིས། །བཀའ་བརྒྱད་ལྷ་ཡི་དཀྱིལ་འཁོར་ཞལ་ཕྱེ་ནས། །དྲེགས་པ་སྡེ་བརྒྱད་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བསྟན་བཀའ་ཡི་གཏོར་མ་ལེན། །བཅོལ་བའི་ལས་ཀུན་བསྒྲུབ་སོགས་ཁས་བླངས་པ། །དུས་འདིར་མ་གཡེལ་གཏོར་མ་འདི་བཞེས་ལ། །ཞི་རྒྱས་དབང་དྲག་འཕྲིན་ལས་(༡༠ན)


GLG022_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྒྲུབས། །དེ་ནས་བསྟན་མ་སྐྱོང་བ་ནི། ཧཱུཾ། ཨ་སུ་ར་ཡི་བྲག་ཕུག་ཏུ། །ཨྱོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བོད་ཡུལ་བསྟན་མ་བཅུ་གཉིས་དང་། པུང་ཐུལ་ལ་ཞིང་བཅུ་སྒྲོལ། ས་སྒྲུབ་པར་མཛོད། །དངོས་གྲུབ་བསྐུལ་བ་ནི། །ཕྱོགས་བཞིའི་དབུས་ནས་དངོས་གྲུབ་བསྐུལ་བའི་ལྷ། །རྡོ་རྗེ་རཏྣ་པདྨ་ཀརྨ་དང་། །བུདྷ་ཐོད་འཕྲེང་རྩལ་ལྔ་རང་རྟགས་ཀྱི། །སྐུ་མདོག་ཕྱག་མཚན་ན་བཟའ་རྒྱན་འཕྲེང་འཚེར། །མཆེད་ལྔའི་རྒྱུད་བསྐུལ་བདག་ཅག་རྒྱུ་སྦྱོར་གྱི། །ནད་གདོན་ཀུན་ཞི་ཚེ་དང་བསོད་ནམས་རྒྱས། །མཐུན་རྐྱེན་དབང་སྡུས་གནོད་བྱེད་དགྲ་བགེགས་སྒྲོལ། །ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཞུ། །ཨཱོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། ན་ན་ཁ་དྷེ་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། སརྦ་སིདྡྷི་དྷ་ནཾ་མེ་དྷི་ཧྲཱིཿ ཨཱ་ཡུཿསིདྡྷི་ས་མ་ཡ་སྡུས་སྡུས། ཞེས་ལན་གསུམ་བརྗོད། ལྷག་ཆད་ཁ་བཀང་། དཀྱིལ་འཁོར་བསྡུ་བ་ནི། སྣོད་བཅུད་མ་ལུས་ཡི་གེ་ཧཱུཾ་དུ་གྱུར། ཧཱུཾ་ཡང་འཇའ་ལྟར་དམིགས་མེད་སྟོང་པའི་ངང་། །རང་ཉིད་མཧཱ་གུ་རུ་དྲག་པོ་རྩལ། །འཇིགས་མེད་རྡོ་རྗེ་འབར་བའི་སྐུ་རུ་གྱུར། །སྨོན་ལམ་ནི། སངས་རྒྱས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ། །འཕྲིན་ལས་གཞུང་བཞིན་ཉམས་སུ་བླངས་པའི་མཐུས། །སྡེ་(༡༠བ)


GLG022_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་འཚུབ་ལྷོངས་མཐུ་བྱང་ནད་གདོན་རིམས། །གེག་སྲི་དགྲ་བགེགས་བར་ཆོད་ཞི་བར་ཤོག །བསྐལ་པར་འཚོ་བ་སྲོག་གི་རྒྱ་མདུད་ཐེབས། །དཔལ་འབྱོར་མངའ་ཐང་རྣམ་ཐོས་བུ་ལ་འགྲན། །ཆོས་དང་སྲིད་ཀྱི་ལེགས་ཚོགས་མ་ལུས་པ། །འབད་རྩོལ་མེད་པར་བླ་ནས་བླར་འཕེལ་ཤོག །སྐྱེ་བ་ཀུན་ཏུ་པདྨ་ཐོད་འཕྲེང་གིས། །རྗེས་བཟུང་རྔ་ཡབ་དཔལ་རིའི་ཕོ་བྲང་དུ། །ཐེག་མཆོག་ཆོས་ལ་སྤྱད་ནས་འགྲོ་བ་ཀུན། །འདྲེན་པའི་དེད་དཔོན་ཆེན་པོར་འགྱུར་བར་ཤོག །ཤིས་བརྗོད་ནི། ཤེས་བྱའི་དོན་ལ་མ་རྨོངས་པའི། །བླ་མ་དམ་པའི་བཀྲ་ཤིས་ཤོག །གང་ལ་བསམས་པ་དེ་འགྲུབ་པའི། །དོན་འགྲུབ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཀྱི་བྷ་ག་ནས། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཅི་རིགས་བྱའོ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །འབད་མེད་སྩོལ་བ་རིགས་འཛིན་བླ་མ་ཡི། །དཀྱིལ་འཁོར་གཅིག་ཏུ་ཞི་ཁྲོ་ཀུན་འདུས་པ། །ཡིད་བཞིན་དབང་གི་རྒྱལ་པོ་གཉིས་པ་བཞིན། །འཕྲིན་ལས་ཚིག་གི་སྤྲོས་པར་མ་འཆོལ་ཞིང་། །དོན་ཀུན་ཆད་པ་མེད་པར་ལེགས་ཚང་བ། །དངོས་གྲུབ་ཡོངས་འདུའི་གཏེར་མཛོད་ཡི་གེ་རུ། །བཀོད་ལ་མཁའ་འགྲོ་གཏེར་སྲུང་བཟོད་པར་གསོལ། །བསོད་ནམས་བྱས་འབྲས་ཐོག་མེད་ནས་བསགས་པའི། །རྣམ་དཀར་དགེ་ཚོགས་རྣམས་དང་ཆབས་ཅིག་ཏུ། །ནམ་མཁའི་མཐའ་བསྙེག་མ་རྒན་སེམས་ཅན་རྣམས། །རང་རིག་ཀུན་བཟང་རང་ངོ་འཕྲོད་རྒྱུར་བསྔོ། །ཞེས་ཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་སྔོན་འགྲོ་གཟེར་ལྔ་དང་བཅས་ཆ་ཚང་ལ་(༡༡ན)


GLG022_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱེར་བདེ་བ་དངོས་གྲུབ་ཡོངས་འདུའི་གཏེར་མཛོད་འདི་ནི་ལྷ་སྲས་ཀྱི་སྤྲུལ་པར་ལུང་གིས་ཟིན་པ་ས་སྐྱོང་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་སྤྲེལ་ཟླ་ནས་བཟུང་ཡར་ངོའི་ཚེས་བཅུ་བྱུང་ངོ་ཅོག་གི་མཆོད་པའི་ཉམས་ལེན་དུ་དགོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་ལྕགས་སྤྲེལ་ས་ག་ཟླ་བའི་དམར་ཆའི་གྲལ་ཚེས་དགེ་བར་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་ཐར་རྒྱས་པ་བློ་བཟང་དབང་པོའོ། །སརྦ་མངྒ་ལཾ། །


previousཐུགས་སྒྲུབ་དྲག་པོ་རྩལ་གྱི་ལས་བྱང་དངོས་གྲུབ་ཡོངས་འདུའི་གཏེར་མཛོད།next