Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ།
   
   
   
   
   
   
   
   


 
previousརིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ།next

རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ།


GLG022_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ་བཞུགས་སོ། །


GLG022_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་གསང་བ་རབ་འབྱམས་འཁོར་ལོའི་མགོན། །མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེའི་འོད་ཟེར་གྱིས། །གངས་ཅན་སྐྱེ་དགུའི་བསོད་ནམས་པདྨའི་ཚལ། །རབ་རྒྱས་ཕན་བདེའི་སྦྲང་རྩིར་སྤྱོད་གྱུར་ཅིག །ཟབ་གཏེར་བསྟན་པ་རྒྱས་མཛད་རྒོད་ལྡེམ་ཅན། །བདུད་སྡེའི་གཡུལ་ལས་རྒྱལ་བའི་མངའ་རིས་པ། །པདྨའི་རྣམ་སྤྲུལ་བཀྲ་ཤིས་སྟོབས་ཀྱི་རྒྱལ། །རིག་འཛིན་བརྒྱུད་པའི་ཚོགས་ཀུན་སྤྱི་བོར་བསྟེན། ཁྱད་པར་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །བཤེས་གཉེན་གར་གྱིས་རོལ་བ་རྡོ་རྗེ་འཛིན། །བཀའ་དྲིན་མཉམ་མེད་པདྨ་བཛྲ་ཞབས། །འབྲལ་མེད་སྙིང་གི་ཟེའུ་འབྲུར་རྟག་ཏུ་རོལ། །རིག་འཛིན་རྒྱལ་བ་མ་ལུས་འདུས་པའི་གདུང་། །ཚུལ་བཞིན་སྒྲུབ་པའི་རིམ་པ་ལྷ་བྲག་གཏེར། །མཐོང་བ་དོན་དང་ལྡན་པའི་ལས་བྱང་འདི། །སྐལ་བཟང་སྔགས་འཆང་ཚོགས་ཀྱི་དོན་དུ་བྲི། །དེ་ལ་འདིར་རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ཁྲིགས་ཆགས་སུ་བཀོད་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ནང་གཏོར་མ་ལ་བརྟེན་ཏེ་བླ་མ་མཆོད་པའི་འཕྲིན་ལས་བྱ་བ་ནིཿ གནས་དབེན་པར་མཎྜལ་པདྨ་བཅུ་དྲུག་དང་ལྡན་པ་སྒོ་རྒྱན་རྫོགས་པར་བྲིཿ གཏོར་སྣོད་ཡངས་ཤིང་གཙང་བའི་ནང་དུ་གཏོར་མ་རིན་(༢ན)


GLG022_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་འབར་བ་བཅའཿ དཀར་གསུམ་གྱིས་བརྒྱན། མངར་གསུམ་གྱི་བཅུད། འཛའ་གད་དཔའ་བ། རཀྟ། བླ་རེ། འཕན་གདུགསཿ རོལ་མོ་རྣམས་བསག་གོ ཿདང་པོ་སྐྱབས་འགྲོ་སེམས་བསྐྱེད་ནིཿ བདག་དང་ཁམས་གསུམ་སེམས་ཅན་ཀུནཿ ལོག་པའི་ལམ་ལས་བཟློག་ནས་ཀྱངཿ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོཿ ཉོན་མོངས་དབང་གྱུར་སྡུག་བསྔལ་ལསཿ ཐར་པར་བྱ་ཕྱིར་སེམས་བསྐྱེད་དོཿ བདག་གི་སྤྱི་བོ་ནམ་མཁའི་ཁམསཿ ཉི་ཟླ་པདྨའི་གདན་སྟེང་དུཿ བླ་མ་བཀྲག་དང་གཟི་མདངས་ལྡནཿ མཛེས་པའི་ན་བཟའ་སྐུ་ལ་གསོལཿ ཞལ་འཛུམ་མདངས་དང་ལྡན་པར་བསམཿ ཤར་ཕྱོགས་མདུན་གྱི་ནམ་མཁའ་ལཿ ཤཱཀྱ་སེང་གེ་ལ་སོགས་པའཿ ཡི་དམ་ལྷ་ཚོགས་ཐམས་ཅད་ཀུནཿ ཁ་དོག་ལྔར་གསལ་རྣམ་དག་བསམཿ ལྷོ་ཕྱོགས་བདེ་བར་གཤེགས་པའི་གསུངཿ གླེགས་བམ་ཡི་གེའི་རྣམ་པ་ལཿ དམ་ཆོས་མ་ལུས་འདུས་པར་བསམཿ ནུབ་ཕྱོགས་བྱང་ཆུབ་སེམས་དཔའི་ཚོགསཿ རིགས་གསུམ་མགོན་པོ་བྱམས་པ་དངཿ འགྲོ་དོན་མཛད་པ་ཐམས་ཅད་བསམཿ བྱང་ཕྱོགས་དམ་ཆོས་སྐྱོང་བ་ཡིཿ ཆོས་སྐྱོང་མཁའ་འགྲོ་དམ་ཅན་རྣམསཿ བཀའ་ཉན་ལས་བྱེད་ཕོ་ཉར་བསམཿ འོག་ཏུ་རིགས་དྲུག་སེམས་ཅན་རྣམསཿ སྙིང་རྗེའི་སེམས་ཀྱིས་ཀུན་བསྡུས་ནསཿ ལས་ལ་འགྱོད་པའི་སེམས་སྐྱེད་བསམཿ (༢བ)


GLG022_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། ཀྱེ་མཿ ཁམས་གསུམ་འཁོར་བར་འཁྱམས་པའི་སེམས་ཅན་ཀུནཿ བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིཿ མ་རིག་མུན་པས་བསྒྲིབས་པའི་ལས་ངན་སྦྱངསཿ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལཿ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལཿ བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་གཟིགསཿ ཡོན་ཏན་ཀུན་འབྱུང་དངོས་གྲུབ་མཆོག་གི་གནསཿ བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆཿ གང་ལ་གང་འདུལ་འགྲོ་དྲུག་དོན་མཛད་པའིཿ ཡི་དམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆཿ སངས་རྒྱས་གསུང་ལས་སྤྲུལ་པའི་ཡི་གེར་བྱོནཿ ཉོན་མོངས་འཇོམས་མཛད་ཆོས་ལ་སྐྱབས་སུ་མཆིཿ ཐུགས་རྗེ་ཆེན་པོས་འགྲོ་དོན་སྟོབས་ཆེན་མཛདཿ བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིཿ གདུལ་བྱའི་དོན་དུ་དྲག་པོའི་སྐུར་སྟོན་པཿ ཆོས་སྐྱོང་དམ་ཅན་རྣམས་ལ་སྐྱབས་སུ་མཆིཿ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཡིསཿ འགྲོ་བ་མ་ལུས་བྱང་ཆུབ་ཐོབ་པར་ཤོགཿ རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུཿ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོགཿ བདག་ནི་དུས་འདི་ནས་བཟུང་ཚེ་རབས་སུཿ འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོགཿ ཕྱིའི་མཎྜལ་ནི། ན་མོཿ དབང་ཆེན་གཞལ་ཡས་དབུས་ཀྱི་ལྟེ་བ་ལཿ རི་རྒྱལ་ལྷུན་པོ་བརྗིད་ཅིང་འགྱིང་བག་ལྡནཿ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་རྣམསཿ གཉེན་ལྕུག་སྲ་བརྟན་རིན་ཆེན་རྩིག་པར་བལྟམསཿ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ཕྱོགས་མཚམས་བསྐོརཿ ལྷ་དང་མི་ཡི་འདོད་ཡོན་རྒྱན་གྱིས་གངཿ ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལཿ ལྕགས་རི་མུ་ཁྱུད་མཐའ་ནས་ལེགས་པར་བསྐོརཿ ཕྱི་ལྟར་སྣོད་ཀྱི་འཇིག་རྟེན་སྣང་བ་འདིཿ བླ་མེད་དཀོན་མཆོག་གསུམ་ལ་གུས་པས་འབུལཿ བདག་གཞན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་(༣ན)


GLG022_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ནསཿ ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོགཿ ནང་གི་མཎྜལ་ནི། ན་མོཿ འཇིག་རྟེན་ལས་ཀྱིས་འདུས་པའི་བར་དོ་རུཿ བདག་ལུས་ཤིན་ཏུ་གཅེས་པར་བཟུང་བ་ཡིཿ ཡུལ་མཁར་ལོངས་སྤྱོད་འདོད་པའི་ར་བར་བཅསཿ བྱམས་པའི་ཕ་མ་འཛའ་བའི་གྲོགས་དང་ནིཿ བུ་དང་བུ་མོ་གཅེས་པའི་འཁོར་གྱིས་བསྐོརཿ ཟས་ནོར་གོས་དང་ལོངས་སྤྱོད་རྒྱན་དང་ལྡནཿ བཀྲག་མདངས་མཛེས་པའི་ཁ་དོག་རང་འོད་བཅསཿ འཛིན་པའི་སེམས་ཀྱིས་གཅེས་པར་བཟུང་བ་ཡིཿ བདག་གི་འཇིག་རྟེན་འདི་ཡི་གཅེས་པ་ཀུནཿ གུ་རུ་རཏྣ་སྤྲུལ་པའི་སྐུ་ལ་འབུལཿ བདག་གི་ཉོན་མོངས་འཛིན་པའི་ཡུལ་དག་ནསཿ དག་པ་ཡེ་ཤེས་རང་གནས་བསྟན་དུ་གསོལཿ གསང་བའི་མཎྜལ་ནི། ཧཱུྃ། བདག་ལུས་འབྱུང་བཞི་འདུས་པའི་ཕོ་བྲང་དུཿ སེམས་ཀྱི་རྟེན་གནས་ཙིཏྟ་འབར་བ་ལཿ དབང་པོ་སྒོ་ལྔའི་རྟེན་གྱིས་མཐའ་རྟེན་བྱསཿ རྣམ་ཤེས་ཚོགས་བརྒྱད་འཁོར་གྱིས་རབ་ཏུ་བརྒྱནཿ ཤ་ཁྲག་རུས་པ་ནང་ཁྲོལ་སྣ་ཚོགས་ལྡནཿ མིག་གཉིས་དངས་པའི་འོད་ཀྱིས་མུན་པ་བསེལཿ བདག་ལུས་ལོངས་སྤྱོད་རྒྱལ་པོའི་སྒྱུ་ལུས་འདཿ ངེས་པའི་དོན་སྟོན་བླ་མ་ཉིད་ལ་འབུལཿ བདག་གི་ལམ་གྱི་འཁྲུལ་སྣང་ཀུན་དག་ནསཿ རང་རིག་ཡེ་ཤེས་རྟོགས་པར་མཛད་དུ་གསོལཿ རང་གི་སྒྱུ་ལུས་བེམ་པོ་འདིཿ སྤྱི་གཙུག་པདྨ་ཉི་ཟླའི་སྟེངཿ ཨཱཿལས་རྡོ་རྗེ་སེམས་དཔའ་ཉིདཿ དུང་མདོག་ཞལ་གཅིག་ཕྱག་གཉིས་པཿ རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱནཿ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པ་དྲིལ་བུ་དཀུ་ལ་བརྟེནཿ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛདཿ དེ་ཡི་ཐུགས་ཀར་ཡི་གེ་ཨཿ ཨ་ལས་འོད་འཕྲོས་མདངས་དང་ལྡནཿ ཨ་ལས་བདུད་རྩིའི་ཆུ་རྒྱུན་བབསཿ བདག་གི་སྤྱི་གཙུག་རྐང་མཐིལ་བརཿ ཕྱི་ནང་(༣བ)


GLG022_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བཀྲུས་དག་པར་བསམཿ ཨཱོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། ཌི་དྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨ། རང་གི་ཡུལ་མཁར་ཁང་ཁྱིམ་དངཿ ས་རྡོ་རི་བྲག་འཇིག་རྟེན་ཁམསཿ བརྩིགས་དང་གནས་དང་འཇིག་པ་དངཿ དུས་ཀྱི་འཕོ་འགྱུར་ལེགས་པར་བསམཿ བར་དུ་རང་གི་དགྲ་དང་གཉེནཿ སྲོག་ཆགས་ཀུན་དང་རང་གི་ལུསཿ སྐྱེ་དང་གསོན་དང་འཆི་བ་བསམཿ ཐ་མ་འཁོར་བ་རིགས་དྲུག་གོཿ སྡུག་བསྔལ་རིམ་པ་བརྟག་ཅིང་བསམཿ ཐུན་དུ་བཅད་ལ་མི་རྟག་བསྒོམཿ མི་རྟག་མཐོང་ནས་ཆོས་ལ་འཇུགཿ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིཿ ཐུགས་རྗེས་འགྲོ་བའི་དོན་མཛད་ཀྱངཿ བདག་ནི་འཁོར་བའི་གནས་སུ་འཁྱམསཿ ད་ལྟ་ངེས་པའི་དོན་སྟོན་པའིཿ བླ་མ་དེ་ནི་སངས་རྒྱས་ཀྱིཿ སྤྲུལ་པ་ཡིན་ཏེ་བཀའ་དྲིན་ཆེཿ དཔེར་ན་ཡིད་བཞིན་ནོར་བུ་དེཿ འབྱུང་བ་ལྔ་ཡི་བཅུད་ཡིན་ཏེཿ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལཿ རྩོལ་བ་མེད་པར་གྲོགས་སུ་འབྱུངཿ རྒྱལ་པོ་དགུང་དུ་གཤེགས་པའི་ཚེཿ ས་རྡོ་གཞན་གྱིས་མི་ཐུབ་པརཿ འབྱུང་བ་ལྔ་ལ་ཟང་ཐལ་དུཿ གཤེགས་ཏེ་རྒྱ་མཚོ་ཆེན་པོའི་ནངཿ རིན་ཆེན་གསེར་གྱི་ས་གཞི་ལཿ ནོར་བུ་རིན་ཆེན་ཆགས་པར་འགྱུརཿ དེ་བཞིན་མན་ངག་ཟབ་མོའི་ཆོསཿ ངེས་དོན་སྟོན་པའི་བླ་མ་དེཿ སངས་རྒྱས་ཀུན་གྱི་སྤྲུལ་པ་ཡིནཿ བདག་ལ་སངས་རྒྱས་ཀུན་ལས་ལྷགཿ ལས་བྱུང་གང་ཟག་ཡོད་པའི་སརཿ རྩོལ་བ་མེད་པར་འབྱུང་བར་འགྱུརཿ དད་མེད་ལོག་ལྟ་སྡིག་སྤྱོད་གནསཿ དེར་ནི་བཞུགས་པར་མི་འགྱུར་ཏེཿ (༤ན)


GLG022_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་དུ་གཤེགས་པར་འགྱུར། གསང་སྔགས་ངེས་པའི་དོན་འདོད་ནིཿ བླ་མའི་རྣལ་འབྱོར་བསྒོམ་པར་བྱཿ བླ་མའི་རྣལ་འབྱོར་ནི། རང་ལུས་འཛིན་མེད་སྤྱི་བོ་ཡིཿ པདྨ་ཉི་ཟླའི་གདན་སྟེང་དུཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་ལས་སྤྲུལ་པའི་རིག་འཛིན་ནིཿ པདྨ་འབྱུང་གནས་རྒྱལ་བའི་སྐུཿ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་བཞུགསཿ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལཿ སྔགས་པའི་ཆ་ལུགས་མཐིང་ནག་གོསཿ རབ་བྱུང་ཆ་ལུགས་ཆོས་གོས་དམར། རྒྱལ་པོའི་ཆ་བྱད་ཟབ་བེར་གསོལཿ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པ་མཉམ་གཞག་ཀ་པཱ་ལཿ དབུ་ལ་པདྨའི་གཉེན་ཞུ་གསོལཿ སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱནཿ བཀྲག་དང་གཟི་མདངས་ལྡན་པ་ལཿ རྩ་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་དཔའ་བོ་དམ་ཅན་དངཿ ཆོས་སྐྱོང་བཀའ་སྲུང་གཏེར་བདག་ཚོགསཿ མ་ལུས་འཁོར་གྱིས་བསྐོར་བར་བསམཿ ཡེ་ཤེས་པ་སྤྱན་དྲང་བ་ནི། ཧཱུྃ། ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལཿ མཆོད་པ་འབུལ་བ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དངཿ ལྷ་བཤོས་དྲི་ཆབ་མཆོད་པར་བཤམསཿ བླ་བྲེ་རྒྱལ་མཚན་ན་བཟའ་དངཿ བ་དན་གདུགས་དང་རོལ་མོའི་ཚོགསཿ རིན་པོ་ཆེ་དང་མེ་ཏོག་དངཿ གཟུགས་སྒྲ་དྲི་རོ་རེག་བྱ་དངཿ ཆོས་དང་མདངས་ཆེན་བྱང་ཆུབ་སེམསཿ མཆོད་སྤྲིན་བསམ་གྱིས་མི་ཁྱབ་པཿ རྩ་བ་བརྒྱུད་པའི་བླ་མ་དངཿ ཡི་དམ་ཞི་ཁྲོའི་ལྷ་ཚོགས་དངཿ ཆོས་བདག་དཔའ་(༤བ)


GLG022_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མཁའ་འགྲོའི་ཚོགསཿ དམ་ཅན་ཆོས་སྐྱོང་རྣམས་ལ་འབུལཿ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཨཱོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལསཿ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤརཿ རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངངཿ ཆོས་སྐུ་ཀུན་དུ་བཟང་པོས་བྱིན་གྱིས་རློབསཿ ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་འོདཿ སྐུ་ལྔ་གསལ་འཚེར་བཀྲག་དང་གཟི་མདངས་ལྡནཿ ཡེ་ཤེས་རང་སྣང་ལྷུན་གྱིས་གྲུབ་པ་པོཿ ལོངས་སྐུ་རྒྱལ་བ་རིགས་ལྔས་བྱིན་གྱིས་རློབསཿ ཐུགས་རྗེ་རྒྱུན་ཆད་མེད་པས་ཐབས་ཀྱིས་བཞེངསཿ ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་གྱུར་པཿ སྲིད་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུཿ གསང་བདག་སྤྲུལ་པའི་སྐུ་ཡིས་བྱིན་གྱིས་རློབསཿ རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངངཿ དམིགས་གཏད་མེད་པར་ལྟ་བ་མཁའ་ལྟར་དགཿ སྐྱེ་འགག་མེད་པས་འཛིན་པ་རང་སར་གྲོལཿ དགའ་རབ་རྡོ་རྗེ་ལྟ་བས་བྱིན་གྱིས་རློབསཿ བློ་བྲལ་ཡངས་པས་ཏིང་འཛིན་འཕེལ་འགྲིབ་མེདཿ ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བཿ དམིགས་མེད་རང་རིག་ངོ་བོ་ཡེ་རེ་གནསཿ ཤྲཱི་སིང་ཧ་སྒོམ་པས་བྱིན་གྱིས་རློབསཿ འཛིན་ཆགས་མེད་པས་སྣང་སྲིད་ཐམས་ཅད་གྲོལཿ ཐོགས་ཐུག་མེད་པས་ཅི་ལ་ཡ་མི་ངཿ བླང་དོར་མེད་པས་རོལ་པ་ཆེན་པོའི་ངངཿ རྒྱལ་པོ་ཛ་ཡི་སྤྱོད་པས་བྱིན་གྱིས་རློབསཿ ཟག་མེད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ལཿ ཡེ་ཤེས་ལོངས་སྐུ་མཚན་དཔེས་རབ་བརྒྱན་ཅིངཿ འཁོར་འདས་གཉིས་མེད་རང་རིག་སེམས་ལ་རྫོགསཿ ཨིནྡྲ་བྷཱུ་ཏི་འབྲས་བུས་བྱིན་གྱིས་རློབསཿ མཉམ་ཉིད་དགོངས་པ་རྣམ་པར་དག་པ་ལཿ ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངངཿ ཡེ་ཤེས་རང་གསལ་འགག་པ་མེད་པར་གསལཿ པདྨ་འབྱུང་གནས་ཐུགས་(༥ན)


GLG022_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བྱིན་གྱིས་རློབསཿ འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེཿ མ་རིག་འཁྲུལ་པའི་རྩོལ་བ་བྲལ་ནས་སངསཿ གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོངཿ མཁས་པ་བི་མ་མི་ཏྲས་བྱིན་གྱིས་རློབསཿ ཐུགས་ཀྱི་རིག་འཛིན་རྡོ་རྗེ་སེམས་དཔའི་སྲསཿ ཉི་ཟླ་ལྟ་བུར་མ་རིག་མུན་པ་སེལ། སྟོང་ཉིད་སྙིང་རྗེས་འགྲོ་བའི་དོན་མཛད་པའིཿ སློབ་དཔོན་ཧཱུྃ་ཆེན་ཀ་རས་བྱིན྾༔ སྐུ་ཡི་རིག་འཛིན་རྣམ་སྣང་མཛད་ཀྱི་སྲསཿ རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེཿ དྲག་ཤུལ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའིཿ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བྱིནཿ གསུང་གི་རིག་འཛིན་སྣང་བ་མཐའ་ཡས་སྲསཿ ཀ་ལ་པིང་ཀ་ལྟ་བུར་སྒྲ་དབྱངས་སྙནཿ ཞི་བ་བྱམས་པས་འགྲོ་བའི་དོན་མཛད་པའིཿ སློབ་དཔོན་ནཱ་ག་རྫུ་ནས་བྱིན྾༔ འཕྲིན་ལས་རིག་འཛིན་རྡོ་རྗེ་གཞོན་ནུའི་སྲསཿ འཇའ་ཚོན་ལྟ་བུ་འཕྲིན་ལས་མ་འདྲེས་གསལཿ ལས་བཞི་ལྷུན་གྱིས་གྲུབ་པས་འགྲོ་དོན་མཛདཿ སློབ་དཔོན་པྲ་ཝ་ཧ་ཏིས་བྱིན྾༔ དབྱིངས་དང་རིག་པ་དབྱེར་མེད་བདེ་བའི་སྲསཿ ཐབས་ཀྱི་རང་བཞིན་རྩ་རླུང་རྣམ་པར་དགཿ ཤེས་རབ་རང་བཞིན་མཚན་མ་སྤྲོས་དང་བྲལཿ དྷ་ན་སང་ཀྲྀ་ཏ་ཡིས་བྱིན྾༔ འཆི་མེད་གྲུབ་པ་ཚེ་དཔག་མེད་ཀྱི་སྲསཿ ས་དང་ལམ་ལ་སྦྱངས་ནས་འབྲས་བུ་ཐོབཿ རང་བཞིན་ལྷུན་གྱིས་གྲུབ་པའི་དགོངས་པ་བརྙེསཿ ཚེ་དབང་རིག་འཛིན་ཆེན་པོས་བྱིན༝ ནུས་པ་ཐོགས་མེད་ཕྱག་ན་རྡོ་རྗེའི་སྲསཿ རྫུ་འཕྲུལ་སྟོབས་ལྡན་སྡེ་བརྒྱད་བྲན་དུ་འཁོལཿ ཀུན་ལ་དབང་སྒྱུར་འཁོར་འདས་སལ་ལེར་གཟིགསཿ རོམ་བུ་གྷུ་ཡ་ཙནྡྲས་བྱིན྾༔ དྲག་སྔགས་མངོན་གྱུར་སྟོབས་ལྡན་ནག་པོའི་སྲསཿ མཐུ་རྩལ་ཆེན་པོ་གནམ་ལྕགས་ཐོག་ལྟར་འབེབསཿ ཞིང་བཅུ་ཚར་གཅོད་སྒྲོལ་(༥བ)


GLG022_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཐབས་ལ་མཁསཿ སློབ་དཔོན་ཤནྟིང་གརྦྷས་བྱིན་གྱིས྾༔ པདྨ་འབྱུང་གནས་ཐུགས་རྗེས་བྱིན་བརླབས་པའཿ རྡོ་རྗེ་ཕག་མོ་ཡུམ་གྱི་སྲས་མཆོག་སྟེཿ རྡོ་རྗེ་བདུད་འཇོམས་སྐུ་ཡི་སྤྲུལ་པ་པོཿ སྤྲུལ་སྐུ་རིག་འཛིན་ཆེན་པོས྾༔ རྒྱལ་བས་ལུང་བསྟན་མཚན་དང་དཔེ་བྱད་ལྡནཿ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིསཿ ལས་ཅན་རྣམས་ལ་ཡེ་ཤེས་མངོན་སུམ་སྟོནཿ རིག་འཛིན་རྣམ་རྒྱལ་མགོན་པོས་བྱིན྾༔ གུ་རུས་ལུང་བསྟན་སྦས་པའི་ཚུལ་དུ་བྱོནཿ གསང་སྔགས་ཐབས་མཁས་མངོན་སུམ་ཡེ་ཤེས་སྟོནཿ ལས་ཅན་མ་ལུས་ཐར་པའི་ལམ་ལ་འདྲེནཿ དྲན་མཆོག་སངས་རྒྱས་དབོན་ཆེན་གྱིས྾༔ རྒྱལ་བའི་གདུང་འཛིན་སྙིགས་དུས་འགྲོ་བའི་དཔལཿ ལས་ཅན་རྣམས་ལ་གསང་སྔགས་སྙིང་པོའི་དོནཿ ཅིག་ཅར་སྟོན་མཛད་དྲིན་ཅན་སྤྲུལ་པའི་སྐུཿ མཚན་ལྡན་བྱམས་པ་བཤེས་གཉེན་གྱིས྾༔ དུས་གསུམ་སངས་རྒྱས་འཕྲིན་ལས་གཅིག་བསྡུས་ནསཿ འགྲོ་བའི་དོན་མཛད་མངོན་སུམ་དོན་སྟོན་ཅིངཿ ཁམས་གསུམ་སེམས་ཅན་ཐར་པའི་ལམ་ལ་འདྲེནཿ དྲིན་ཅན་སངས་རྒྱས་དཔལ་བཟང་གིས་བྱིན་གྱིས་རློབསཿ ཐུགས་རྗེའི་བདག་ཉིད་ཨུ་རྒྱན་པདྨ་ཡིཿ ཞལ་གཟིགས་མཆོག་དང་ཐུན་མོང་དངོས་གྲུབ་བརྙེསཿ འཕྲིན་ལས་དྲག་པོས་གདུལ་བྱ་སྨིན་གྲོལ་མཛདཿ སྔགས་འཆང་ཆོས་རྒྱལ་བསོད་ནམས་ཀྱི྾༔ ཐུགས་རྗེའི་བདག་ཉིད་ཨུ་རྒྱན་པདྨ་ཡིཿ བསྟན་ལ་རབ་ཞུགས་ཉམས་དང་རྟོགས་པའི་བདགཿ འཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པཿ རིག་འཛིན་སངས་རྒྱས་བསྟན་པས྾༔ ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདག྾༔ བཀའ་བབས་ལུང་བཞིན་སྦས་ཡུལ་གནས་སྒོ་ཕྱེ྾༔ ཆོས་བློན་པདྨ་གུང་བཙན་སྤྲུལ་པའི་སྐུཿ སྔགས་འཆང་ཤཱཀྱ་བཟང་པོས་བྱིན་གྱིས་རློབསཿ ལུང་ཐོབ་བཀའ་བབས་བླ་མའི་གསུང་བཞིན་དུཿ འགྲོ་མང་དོན་དུ་གནས་ཕྱིན་དཀའ་སྤྱད་མཛདཿ རྒྱལ་དབང་པདྨའི་གདུང་གསོབ་མངའ་རིས་རྗེཿ རིག་འཛིན་ལེགས་ལྡན་རྡོ་རྗེས་བྱིན་གྱིས་རློབསཿ སྒོ་གསུམ་གུས་པས་བླ་མ་(༦ན)


GLG022_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་མེད་བསྟེནཿ ཨུ་རྒྱན་ལུང་བསྟན་གསང་སྔགས་ཆོས་ཀྱི་བདགཿ བཀའ་བབས་ལུང་བསྟན་བླ་མའི་ཐུགས་སྲས་མཆོགཿ ཆོས་རྒྱལ་མངྒའི་མཚན་གྱིས྾༔ ལྗང་ལྷར་བྲག་གི་ཟབ་མོའི་གཏེར་ཁ་ལསཿ དྲག་སྔགས་གྲུབ་པའི་དབང་པོར་ལུང་བསྟན་ཅིངཿ རིག་འཛིན་གོང་མའི་གདུང་གསོབ་ངག་གི་དབངཿ ཆོས་རྒྱལ་བསྟན་པའི་རྒྱལ་མཚན་གྱིས྾༔ དཔལ་གྱི་མཆིམས་ཕུར་ངོ་མཚར་རྫུ་འཕྲུལ་གྱིསཿ གྲུབ་པའི་རྟགས་བསྟན་ཛྙཱ་ན་ཀུ་མཱ་རཿ བསམས་བཞིན་སྲིད་འདིར་སྤྲུལ་པའི་ཟློས་གར་མཁནཿ པདྨ་དབང་གི་གྲོང་ཁྱེར་གྱིས྾༔ བདུད་འཇོམས་རྡོ་རྗེ་ཆོས་རྒྱལ་དབང་པོའི་རྗེསཿ རྨི་ལམ་ཚུལ་དུ་ཟབ་གཏེར་གདམས་པའི་བཀའཿ ལེགས་གཏད་ཟ་ཧོར་སྔགས་སྨྱོན་དྲག་པོ་རྩལཿ རིག་འཛིན་གང་ཤར་རིང་གྲོལ་གྱིས་བྱིན་གྱིས་རློབསཿ སྐུ་གསུམ་བརྒྱུད་པའི་བླ་མ་དམ་པ་རྣམསཿ ཆོས་ཀྱི་དབྱིངས་ནས་བདག་ལ་བརྩེར་དགོངས་ནསཿ ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལཿ མི་མཐུན་རྐྱེན་དང་བར་ཆད་བསལ་དུ་གསོལཿ མཐུན་པའི་ལམ་སྣ་ཆོས་ལ་དྲང་དུ་གསོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ཕྱིའི་མཚམས་མཐོ་རྒྱལ་ཆེན་བཞི་རུ་བསྐྱེད་ལ་བཞགཿ དང་པོ་ཧཱུྃ་ཞེས་བརྗོད་པས་སྟོང་ཉིད་ཀྱི་ངང་ལ་ཐུན་གཅིག་བཞགཿ དེ་ནས་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས་རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུྃ་ཞེས་པས་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ལ་འདི་སྐད་དོ། ཧཱུྃ། བདག་ཉིད་ལྷ་ཡི་ཐུགས་ཀ་ནསཿ དཀར་སེར་དམར་ལྗང་ཧཱུྃ་ཆེན་བཞིཿ འཕྲོ་འདུས་འོད་དུ་ཞུ་བ་ལསཿ ཡེ་ཤེས་རྒྱལ་པོ་བཞི་རུ་གྱུརཿ ཨཱོཾ་ཛྙཱ་ན་རཱ་ཛ་ས་མ་ཡེ་སྭཱཧཱ། ཧཱུྃ་རི་རྒྱལ་ལྷུན་པོའི་ཤར་ཕྱོགས་ནཿ ཕོ་བྲང་ཆེན་པོ་སྤོས་ངད་ལྡནཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པཿ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུངཿ སྐུ་མདོག་(༦བ)


GLG022_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་པི་ཝང་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོརཿ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་ཤར་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རི་རྒྱལ་ལྷུན་པོའི་ལྷོ་ཕྱོགས་ནཿ ཕོ་བྲང་ཆེན་པོ་བཻ་ཌཱུཪྱཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོཿ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོཿ སྐུ་མདོག་སེར་པོ་རལ་གྲི་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་གྲུལ་བུམ་འབུམ་གྱི་བསྐོརཿ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་ལྷོ་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རི་རྒྱལ་ལྷུན་པོའི་ནུབ་ཕྱོགས་ནཿ ཕོ་བྲང་ཆེན་པོ་རྒྱ་མཚོའི་སྣཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པོཿ རྒྱལ་པོ་ཆེན་པོ་སྤྱན་མི་བཟངཿ སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར྾༔ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་ནུབ་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནཿ ཕོ་བྲང་ཆེན་པོ་ལྕང་ལོ་ཅནཿ ཟབ་ཅིང་རྒྱ་ཆེ་གཟི་འཕགས་པཿ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲསཿ སྐུ་མདོག་ལྗང་བུ་རྒྱལ་མཚན་འཛིནཿ བཙུན་མོ་སྲས་དང་བློན་པོར་བཅསཿ འཁོར་ནི་གནོད་སྦྱིན་འབུམ་གྱིས་བསྐོརཿ སྡེ་བོ་ཆེ་ལ་སྟོབས་པོ་ཆེཿ མཆོད་གཏོར་འདི་བཞེས་བྱང་ཕྱོགས་ཀྱིཿ གདོན་རྣམས་ཟློག་ཅིང་ཕྱི་མཚམས་སྲུངསཿ ཧཱུྃ། རྒྱལ་པོ་ཆེན་པོ་སྡེ་བཞི་པོཿ དོན་གྱིས་སངས་རྒྱས་ཡིན་མོད་ཀྱངཿ གསང་སྔགས་བསྟན་པ་བསྲུང་བའི་ཕྱིརཿ བར་ཆད་འདུལ་བར་མཛད་དུ་གསོལཿ ཨཱོཾ་དྷྲི་ཌྷ་རཥྚ་ཡེ་སྭཱཧཱཿ བེ་རུ་ཏ་ཀ་ཡེ་སྭཱཧཱཿ བེ་རུ་བྷཀྵ་ཡེ་སྭཱཧཱཿ བཻ་ཤྲ་མ་ཎ་ཡེ་སྭཱཧཱཿ ནང་གི་མཚམས་གཅད་པ་ནི། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ཀུནཿ སངས་རྒྱས་(༧ན)


GLG022_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་སྐུ་ཡིས་གངཿ རིག་འཛིན་བླ་མའི་རྣལ་འབྱོར་པསཿ སྔོན་ཚེ་དགྲ་བགེགས་བཏུལ་བ་བཞིནཿ ཕོ་ཉ་མང་པོ་བཀྲམ་ནས་ཀྱངཿ སྟེང་འོག་ཕྱོགས་མཚམས་མཚོན་ཆས་གངཿ བདུད་དང་དམ་སྲི་བསྒྲལ་བར་བྱཿ གསང་བའི་དཀྱིལ་འཁོར་གཉན་པོ་འདིརཿ བར་ཆད་བྱེད་པའི་འབྱུང་པོ་རྣམསཿ མ་འདུག་རང་རང་གནས་སུ་དེངསཿ ཅི་སྟེ་བཀའ་ལས་འདས་གྱུར་ནཿ ཐལ་བ་བཞིན་དུ་རླག་པར་བྱེད། ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷ་ཤྭ་ར་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་རཾ་ཧཱུྃ་ཕཊ། བཤགས་པ་བྱ་བ་ནི། ཧཱུྃ། གྲུབ་པའི་རིག་འཛིན་ཐམས་ཅད་དགོངས་སུ་གསོལཿ མ་རིག་འཁྲུལ་པའི་ལས་ཀྱི་དབང་གྱུར་བསཿ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དངཿ སྒྲུབ་པ་ཡུན་ཐུང་ཡི་དམ་ལྷ་མི་གསལཿ ལེ་ལོ་གཉིད་རྨུགས་གཡེང་བའི་ལས་ཀྱིས་མནརཿ རིག་འཛིན་གདུང་གསོབ་རྣམས་ཀྱི་བརྒྱུད་མ་ཟིནཿ བཀའ་ལས་འདས་པའི་སྤྱོད་པ་ཅི་བྱས་རྣམསཿ བླ་མ་སྐུ་གསུམ་བརྒྱུད་པའི་སྤྱན་སྔ་རུཿ ཤིན་ཏུ་གནོང་ཞིང་འགྱོད་པས་མཐོལ་ཞིང་བཤགསཿ བྱིན་དབབ་པ་ནི། ཧཱུྃ། ཡེ་ཤེས་གཞལ་ཡས་བསྐྱེད་པ་རྒྱ་ཆེ་ཡངསཿ སེང་གེ་གླང་ཆེན་ཁྲི་བཤམས་སྤངས་རེ་མཐོཿ ཉི་ཟླ་པདྨའི་གདན་བཤམས་བརྗིད་རེ་ཆེཿ ཡེ་ཤེས་ལྷ་མཆོག་སྒྲུབ་པ་འདུ་འབྲལ་མེདཿ མ་མོ་མཁའ་འགྲོ་མཆོད་པས་དམ་ལ་འདུཿ རྡོ་རྗེ་སློབ་དཔོན་བཀུར་བས་བྱིན་རླབས་ཆེཿ ཆོས་སྐྱོང་དམ་ཅན་བསྟེན་པས་མཐུ་རྩལ་ཆེཿ མ་གཡེལ་མ་གཡེལ་རིག་འཛིན་གྲུབ་པ་རྣམསཿ དཀྱིལ་འཁོར་གྲུབ་པའི་རྫས་ལ་བྱིན་གྱིས་རློབསཿ རྣལ་འབྱོར་བདག་ལ་དབང་དང་དངོས་གྲུབ་སྩོལཿ ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃཿ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ་བྷྲུཾ་བི་ཤ་བི་བུདྡྷི་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾཿ ཧཱུྃ་ཨཱོཾ་སྭཱ་ཨཾ་ཧཱཿ མུཾ་ལཾ་མཾ་སྱཾ་ཏཿ ས་མ་ཡ་ཧོཿ (༧བ)


GLG022_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་སྟྭཾཿ ཛཿཧཱུཾ་བཾ་ཧོཿ ཨཱོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཧ་ཧཱུྃ་ཧྲཱིཿཐཿ ཨཱོཾ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ཏེ་གྷུ་ཡ་ས་མ་ཡེ་སྭཱཧཱཿ རཀྟ་ས་མཏྣ་མན་དྷ་ཧཱུྃཿ ཧཱུྃ། འབྲུ་བཅུད་སྟོང་ལས་སྦྱར་བའི་ཛ་གད་དངཿ དམ་རྫས་རྨད་དུ་བྱུང་བའི་གཏོར་མ་དངཿ ཉོན་མོངས་རྒྱུད་དྲུག་བསྒྲལ་བའི་རཀྟ་དངཿ ཐབས་དང་ཤེས་རབ་སྦྱར་བའི་ཟླ་གམ་དངཿ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད་རྩི་དངཿ མ་རིག་མུན་པ་སེལ་བའི་སྒྲོན་མེ་དངཿ རིག་འཛིན་གྲུབ་པ་རྣམས་ཀྱི་ཚེ་མཆོག་དངཿ ཞལ་ཟས་སྣ་ཚོགས་སྦྱར་བའི་མཆོད་པ་རྣམསཿ བླ་མ་ཡི་དམ་མཁའ་འགྲོ་མཆོད་པ་དངཿ དམ་ཚིག་བསྐང་བའི་རྫས་སུ་བྱིན་གྱིས་བརླབསཿ ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཙ་ཨ་ཧོ་སུ་ཀ་ས་མ་ཡ་ཨ་ཧོཿ དེ་ནས་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། ཧཱུྃ། གཟུང་འཛིན་སྤྲོས་དང་བྲལ་བ་ལསཿ ཞེན་མེད་ཤེས་པ་རང་སོར་གནསཿ མ་བཅོས་རང་དངས་དེ་བཞིན་ཉིདཿ རང་ལུགས་བསྟན་ན་ཆོས་ཀྱི་སྐུཿ ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾཿ ཧཱུྃ། དེ་ལྟར་གནས་པའི་གསལ་གདངས་ནཿ རང་བཞིན་འོད་གསལ་ཡེ་ཤེས་ལྔཿ སོ་སོར་མ་འདྲེས་སལ་ལེ་མཐོངཿ རང་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ ཨ་དྷརྨ་དྷཱ་ཏུ་ཙཀྵུ་མཎྜ་ལ་ཨ། ཧཱུྃ། མ་རིག་འཁྲུལ་སྣང་འཁོར་བའི་རྒྱུཿ གཟུང་འཛིན་བལྟས་ལས་སྙིང་རེ་རྗེཿ འགྲོ་བ་རིགས་དྲུག་དྲང་བའི་ཕྱིརཿ ཐུགས་རྗེས་སྤྲུལ་པའི་སྐུ་རུ་བཞེངསཿ ཧཱུྃ་བོ་དྷི་ཙིཏྟ་བཛྲ་ཧཱུྃཿ ཧཱུྃ། འཇིག་རྟེན་ཡུལ་སྣང་འབྱུང་བ་ལྔཿ སྟེང་འོག་རིམ་པར་ཆགས་པ་ནིཿ ཨེ་ལས་ནམ་མཁའ་མཐའ་དབུས་མེདཿ ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོསཿ རཾ་ལས་བསྐལ་པའི་མེ་ཆེན་འབརཿ ལཾ་ལས་ཆུ་ཡི་རྒྱ་མཚོ་འཁྱིལཿ སུཾ་ལས་ས་འཁྲེགས་ས་གཞི་ཆགསཿ ལཾ་ལས་རིན་ཆེན་རི་རབ་བརྗིདཿ ཨེ་ཡཾ་རཾ་བཾ་སུཾ་ལཾ། ཧཱུྃ། འོག་གི་འབྱུང་བ་ལྔ་ཡི་སྟེངཿ བྷྲུཾ་ལས་ཡེ་ཤེས་གཞལ་(༨ན)


GLG022_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁངཿ རྣམ་དག་འོད་ལྔའི་ཕོ་བྲང་མཛེསཿ ལྷུན་གྲུབ་རིན་པོ་ཆེ་ཡི་དཀྱིལཿ བྷྲུཾ་བྷི་ཤ་བི་ཤུདྡྷི་རཏྣ་ཛྙཱ་ན་པདྨ་མཎྜལ་བྷྲུཾ། ཧཱུྃ། དབུས་ན་པདྨ་འདབ་མ་བཞིཿ ཕྱི་རིམ་པདྨ་འདབ་བརྒྱད་བསྐོརཿ ཀུ་བཞི་སྒོ་བཞི་རྩིག་པ་ལྔཿ འདོད་ཡོན་ཕ་གུ་དྲ་བ་དངཿ དྲ་ཕྱེད་མདའ་ཡབ་རྟ་བབས་དངཿ ཆོས་ཀྱི་འཁོར་ལོ་གདུགས་དང་ཏོགཿ རྡོ་རྗེ་ར་བ་མེ་རིས་བསྐོརཿ རིན་ཆེན་ཕོ་བྲང་གསལ་བར་བསྒོམཿ རཏྣ་མཎྜལ་བྷྲཱུཾཿ ལྷ་བསྐྱེད་པ་ནི། ཧཱུྃ། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལཿ པདྨ་ཉི་ཟླའི་གདན་སྟེང་དུཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་ཀྱི་སྤྲུལ་པའི་རིག་འཛིན་ནིཿ པདྨ་འབྱུང་གནས་རྒྱལ་བའི་སྐུཿ སྐུ་མདོག་དཀར་དམར་སྐྱིལ་ཀྲུང་མཛདཿ གཞོན་ནུ་ལོ་བརྒྱད་ལོན་པའི་ཚུལཿ སྔགས་པའི་ཆ་ལུགས་མཐིང་ནག་གོསཿ རབ་བྱུང་ཆ་བྱད་ཆོས་གོས་དམརཿ རྒྱལ་པོའི་ཆ་བྱད་ཟབ་བེར་གསོལཿ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིནཿ གཡོན་པ་མཉམ་གཞག་ཀ་པཱ་ལཿ དབུ་ལ་པདྨའི་གཉེན་ཞུ་གསོལཿ སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེསཿ བཀྲག་མདངས་གཟི་མདངས་ལྡན་པར་བསྐྱེདཿ རིག་འཛིན་པདྨ་འབྱུང་གནས་ཀྱིཿ སྤྱི་གཙུག་པདྨ་འདབ་བཞི་ཡིཿ དབུས་སུ་འོད་ལྔའི་ཐིག་ལེ་ལཿ འཇའ་ཚོན་སྣ་ལྔའི་གུར་ཁྱིམ་ཅནཿ དབུས་སུ་ཉི་ཟླའི་གདན་སྟེང་དུཿ མགོན་པོ་འོད་མི་འགྱུར་བའི་སྐུཿ མཐིང་ཁ་མཚན་དང་དཔེ་བྱད་ལྡནཿ སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅནཿ རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེསཿ ཀུན་བཟང་ཡུམ་དང་གཉིས་སུ་མེདཿ གཡས་སུ་སངས་རྒྱས་རྡོ་རྗེ་འཆངཿ མཐིང་ཁ་རྡོ་རྗེ་དྲིལ་བུ་བསྣམསཿ བདག་མེད་མ་དང་གཉིས་སུ་མེདཿ རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགསཿ གཡོན་ན་རྣམ་པར་སྣང་མཛད་མཐིངཿ འཁོར་ལོ་རྩིབས་བརྒྱད་དྲིལ་བུ་བསྣམསཿ དབྱིངས་(༨བ)


GLG022_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཡུམ་དང་གཉིས་སུ་མེདཿ ཤར་གྱི་ཐིག་ལེ་དཀར་པོའི་སྟེངཿ རྡོ་རྗེ་སེམས་དཔའ་སྐུ་མདོག་དཀརཿ རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམསཿ སངས་རྒྱས་སྤྱན་དང་གཉིས་སུ་མེདཿ ལྷོ་ཕྱོགས་ཐིག་ལེ་སེར་པོའི་སྟེངཿ རིན་ཆེན་འབྱུང་ལྡན་སྐུ་མདོག་སེརཿ རིན་ཆེན་འབར་བ་དྲིལ་བུ་བསྣམསཿ མཱ་མ་ཀི་དང་གཉིས་སུ་མེདཿ ནུབ་ཕྱོགས་ཐིག་ལེ་དམར་པོའི་སྟེངཿ སྣང་བ་མཐའ་ཡས་སྐུ་མདོག་དམརཿ པདྨ་འདབ་བརྒྱད་དྲིལ་བུ་བསྣམསཿ གོས་དཀར་ཡུམ་དང་གཉིས་སུ་མེདཿ བྱང་ཕྱོགས་ཐིག་ལེ་ལྗང་གུའི་སྟེངཿ དོན་ཡོད་གྲུབ་པ་སྐུ་མདོག་ལྗངཿ རྡོ་རྗེ་རྒྱ་གྲམ་དྲིལ་བུ་བསྣམསཿ སྒྲོལ་མ་ཡུམ་དང་གཉིས་སུ་མེདཿ ཐམས་ཅད་རིན་ཆེན་རྒྱན་དང་ལྡནཿ སྐྱིལ་ཀྲུང་ཉི་ཟླའི་གདན་ལ་བཞུགསཿ དེ་ཡི་ཕྱོགས་བཞིར་པདྨའི་སྟེངཿ ཉི་ཟླ་པདྨའི་གདན་སྟེང་དུཿ ཤར་དུ་དགའ་རབ་རྡོ་རྗེ་དཀརཿ རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣམསཿ སྤྲུལ་སྐུའི་ན་བཟའ་ཆོས་གོས་གསོལཿ རྒྱལ་བ་རིགས་ལྔས་དབུ་ལ་བརྒྱནཿ ཞབས་གཉིས་སྐྱིལ་ཀྲུང་མཛད་དེ་བཞུགསཿ ལྷོ་རུ་འཕགས་པ་འཇམ་དཔལ་ནིཿ དམར་སེར་རལ་གྲི་ཨུཏྤལ་བསྣམསཿ ནུབ་ཏུ་འཕགས་པ་སྤྱན་རས་གཟིགསཿ དཀར་པོ་པདྨའི་ཕྲེང་བ་བསྣམསཿ བྱང་དུ་ཕྱག་ན་རྡོ་རྗེ་ལྗངཿ རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམསཿ ཐམས་ཅད་རིན་ཆེན་རྒྱན་དང་ལྡནཿ མོས་ཤིང་དད་པས་བསྒོམ་པར་བྱཿ གཙོ་བོའི་ཤར་ཕྱོགས་པདྨའི་སྟེངཿ ཉི་མ་ཟླ་བའི་གདན་སྟེང་དུཿ སྤྲུལ་སྐུ་སྐལ་ལྡན་རྒྱལ་པོ་ཛཿ ཟབ་ཆེན་ལྗང་དམར་སྐུ་ལ་གསོལཿ ཕྱག་གཉིས་ཐུགས་ཀར་གླེགས་བམ་འཛིནཿ དབུ་ལ་དར་དང་རིན་ཆེན་བརྒྱནཿ སྐུ་མདོག་དཀར་པོ་སྐྱིལ་ཀྲུང་མཛདཿ བརྗིད་ལྡན་རྒྱལ་པོའི་སྐུ་རུ་བསྐྱེདཿ ལྷོ་ཕྱོགས་པདྨ་ཉི་ཟླའི་སྟེངཿ རྒྱལ་སྲས་(༩ན)


GLG022_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཨིནྡྲ་བྷཱུ་ཏི་ནཿ དཀར་པོ་ཟབ་བེར་སྦྲགས་མ་གསོལཿ དབུ་ལ་དར་ལྔའི་ཐོད་དང་ལྡནཿ ཕྱག་ན་བདུད་རྩིའི་བུམ་པ་བསྣམསཿ ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེདཿ ནུབ་ཕྱོགས་པདྨ་ཉི་ཟླའི་སྟེངཿ རིག་འཛིན་ཤྲཱི་སིང་ཧ་ནིཿ ཕྱག་གཉིས་མཉམ་གཞག་ཕྱག་རྒྱ་ཅནཿ དབུ་ལ་གཉེན་ཞུ་མཛེས་པས་བརྒྱནཿ སྐུ་ལ་དབང་གི་ཆོས་གོས་གསོལཿ ཐུགས་རྗེ་ཅན་གྱི་སྐུ་རུ་བསྐྱེདཿ བྱང་ཕྱོགས་པདྨ་ཉི་ཟླའི་སྟེངཿ མཁས་པ་བི་མ་མི་ཏྲ་ནཿ ཕྱག་གཉིས་མཉམ་གཞག་བུམ་པ་འཛིནཿ སྐུ་ལ་གཉེན་ཞུ་ཆོས་གོས་གསོལཿ ཨཱ་ཙཪྻ་ཡི་ཆ་བྱད་ཅནཿ ཞབས་གཉིས་སྐྱིལ་ཀྲུང་མཛད་པ་བསྐྱེདཿ དེ་ཡི་ཕྱི་རིམ་འདབ་བརྒྱད་ལཿ པདྨ་ཉི་ཟླའི་གདན་སྟེང་དུཿ སྤྲུལ་པའི་རིག་འཛིན་ཆེན་པོ་བརྒྱདཿ ཐམས་ཅད་སྐུ་མདོག་དཀར་པོ་ལཿ སྤྲུལ་སྐུའི་ཆ་བྱད་ཆོས་གོས་གསོལཿ དབུ་ལ་མཛེས་པའི་གཉེན་ཞུ་གསོལཿ ཞབས་གཉེན་སྐྱིལ་ཀྲུང་མཛད་པ་བསྐྱེདཿ ཤར་དུ་རིག་འཛིན་ཧཱུྃ་ཀ་རཿ རྡོ་རྗེ་སེམས་དཔའ་གསང་གོས་ནཿ དུང་མདོག་ཕྱག་རྒྱའི་ཕུ་དུང་ཅནཿ ཐུགས་ཀར་རྡོ་རྗེ་དྲིལ་བུ་བསྣམསཿ ལྷོ་རུ་འཇམ་དཔལ་བཤེས་གཉེན་ནིཿ གཤིན་རྗེ་གཤེད་པོ་གསང་བའི་གོསཿ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅནཿ བེ་ཅོན་ཕྱར་ནས་སྡིགས་མཛུབ་མཛདཿ ནུབ་ཏུ་ནཱ་གཱ་རྫུ་ན་ནིཿ པདྨ་དབང་གི་གསང་བའི་གོས། དམར་སྨུག་ཕྱག་རྒྱའི་ཕུ་དུང་ཅན། གསེག་ཤང་བདུད་རྩིའི་ལྷུང་བཟེད་བསྣམསཿ བྱང་དུ་པྲ་བ་ཧ་ཏི་ནཿ འཕྲིན་ལས་ཕུར་པའི་གསང་གོས་ནཿ ལྗང་ནག་ཕྱག་རྒྱའི་ཕུ་དུང་ཅནཿ རྡོ་རྗེ་རྒྱ་གྲམ་པོ་ཏི་བསྣམསཿ ཤར་ལྷོར་དྷ་ན་སཾ་ཀྲྀ་ཏཿ དབྱིངས་དང་རིག་པའི་གསང་གོས་ནཿ སྨུག་ནག་ཕྱག་རྒྱའི་ཕུ་དུང་ཅནཿ ཐོད་པའིརྔེའུ་ཆུང་བདུད་རྩི་བསྣམསཿ ལྷོ་ནུབ་རིག་འཛིན་རྡོ་རྗེ་ཆོསཿ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིནཿ དབུ་(༩བ)


GLG022_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲའི་ཐོར་ཚུགས་དར་གྱིས་བརྒྱནཿ སྐུ་ལ་རུས་པའི་རྒྱན་དྲུག་གསོལཿ རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་མཛདཿ ཡུམ་ཆེན་རྣལ་འབྱོར་སྐུ་ལ་འཁྲིལཿ ནུབ་བྱང་གྷུ་མ་ཙནྡྲ་ནིཿ འཇིག་རྟེན་དབང་སྡུད་གསང་བའི་ཡོསཿ ལྡིང་དམར་ཕྱག་རྒྱའི་ཕུ་དུང་ཅནཿ ཕྱག་ན་ལྕགས་ཀྱུ་ཞགས་པ་བསྣམསཿ བྱང་ཤར་ཤནྟིང་གརྦྷ་ནིཿ དྲག་པོ་སྒྲོལ་བའི་གསང་གོས་ནཿ མཐིང་ནག་ཕྱག་རྒྱའི་ཕུ་དུང་ཅནཿ ཕྱག་ན་ཐོག་དང་གྲི་གུག་བསྣམསཿ ཕྱི་རིམ་པདྨའི་གོང་རས་ལཿ ལྷུན་གྱིས་གྲུབ་པའི་རིག་འཛིན་དངཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་དངཿ ཚེ་ལ་དབང་བའི་རིག་འཛིན་དངཿ རྣམ་པར་སྨིན་པའི་རིག་འཛིན་སོགསཿ རིག་འཛིན་ཐམས་ཅད་བསྐྱེད་ཅིང་བསྒོམཿ དཀྱིལ་འཁོར་དེ་ཡི་བར་ཁྱམས་ལཿ དམ་ཚིག་དབང་གི་སློབ་དཔོན་དངཿ མན་ངག་ལུང་གི་སློབ་དཔོན་དངཿ ཤེས་རབ་རྒྱུད་ཀྱི་སློབ་དཔོན་དངཿ ཉམས་ཆགས་སྐོང་བའི་སློབ་དཔོན་དངཿ མཁའ་འགྲོ་རིགས་ལྔ་དཔའ་བོ་ལྔཿ རིགས་བཞི་གིང་བཞི་བསྐྱེད་པར་བྱཿ དཀྱིལ་འཁོར་དེ་ཡི་སྒོ་བཞི་རུཿ ཏ་ཀྲིང་བཞི་དང་སྒོ་མ་བཞིཿ ཕྱི་རུ་རྒྱལ་ཆེན་སྡེ་བཞི་བསྐྱེདཿ དེ་ནས་དབང་བསྐུར་བྱིན་རླབས་བྱཿ ཧཱུྃ། ཀུན་ཏུ་བཟང་པོའི་ཐུགས་ཀ་ནསཿ འོད་ལྔའི་གཟེར་ལས་ཡིག་འབྲུ་རྣམསཿ ཆར་བཞིན་བབས་པས་དབང་བསྐུར་རཿ ཆོས་སྐུའི་ས་བོན་ཡི་གེ་གསུམཿ ཨཱོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱིས་དབང་བསྐུར་རཿ ལོངས་སྤྱོད་རྫོགས་སྐུའི་ཡི་གེ་ལྔཿ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོཿ སྤྲུལ་སྐུའི་ཡི་གེ་ལྔ་བཅུ་ཡིསཿ སྣ་ཚོགས་དོན་བྱེད་དབང་བསྐུར་རོཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། (༡༠ན)


GLG022_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་ཨཽ། ཨཾ་ཨཿ ཨ་བྷི་ཥིཉྩ་ཨ། དེ་ནས་སྤྱན་དྲང་བ་ནི། སྙན་པའི་དབྱངས་དང་རོལ་མོ་ཐོགས་ལཿ ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལཿ ཀུན་གཞི་མ་བཅོས་ཡེ་སངས་རྒྱསཿ ཡེ་ཤེས་ལྔ་ཡི་འོད་དང་ལྡནཿ ཐོག་མའི་སངས་རྒྱས་འོད་མི་འགྱུརཿ རིགས་བདག་ཆེན་པོ་རྡོ་རྗེ་འཆངཿ རྒྱལ་བ་རིགས་ལྔ་ཡབ་ཡུམ་དངཿ ལྷུན་གྱིས་གྲུབ་པའི་རིག་འཛིན་རྣམསཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་དགའ་ལྡན་བརྩེགསཿ ཐུགས་རྗེའི་དབང་གིས་སྐུ་བཞེངས་པའཿ འཕགས་པ་འཇམ་དཔལ་སྤྱན་རས་གཟིགསཿ གསང་བའི་བདག་པོ་རྡོ་རྗེ་འཛིནཿ རིག་འཛིན་ཆེན་པོ་རྡོ་རྗེ་ཆོསཿ སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལཿ ལྷ་དང་ཀླུ་དང་གནོད་སྦྱིན་དངཿ མི་ཡི་རིག་འཛིན་འཁོར་དང་བཅསཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམསཿ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལཿ འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུཿ ཤཱཀྱ་ཐུབ་པའི་རྒྱལ་ཚབ་མཆོགཿ གསང་བའི་བདག་པོས་བྱིན་བརླབས་པའིཿ མཚན་མ་བདུན་ཐོབ་ལུང་བསྟན་མཐོངཿ གླེགས་བམ་པོ་ཏིའི་ཆར་པ་བབསཿ དེ་ཕྱིར་སྐལ་ལྡན་རྒྱལ་པོ་ཛཿ བསྟན་པ་མཐའ་རྒྱས་མངོན་སངས་རྒྱསཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། སྤྲུལ་སྐུ་རྒྱལ་པོ་དེ་ཡི་སྲསཿ འཇིག་རྟེན་ཁམས་ལ་མངའ་མཛད་པའིཿ མཁའ་འགྲོ་སྡེ་ལྔའི་དབང་བསྐུར་བསཿ རྒྱལ་བུ་ཨིནྡྲ་བྷཱུ་ཏི་ཞེས། བསྟན་པའི་མངའ་བདག་འགྲོ་བའི་མགོནཿ རིག་འཛིན་རྒྱལ་བའི་ཞིང་དུ་གཤེགསཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱི་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། (༡༠བ)


GLG022_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ བྷུ་ཏའི་ཕོ་བྲང་དགུ་རིམ་དུཿ ཆོས་རྣམས་ཀུན་གྱི་སྙིང་པོའི་དོནཿ མ་ལུས་ཐུགས་སུ་ཆུད་པ་ཡིཿ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུཿ ཤྲཱི་སིང་ཧ་ཞེས་སུ་གྲགསཿ སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབཿ གཤེགས་ནི་ཆོས་ཀྱི་དབྱིངས་སུ་གཤེགསཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ སིནྡྷུ་རྒྱ་མཚོའི་མཚོ་གླིང་དུཿ དཔལ་ཆེན་ཁྲག་འཐུང་ཐུགས་ཀྱི་སྲསཿ ཡབ་དང་ཡུམ་མེད་བརྡ་ཡིས་བྱོནཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཇིག་རྟེན་ཐམས་ཅད་འོད་ཀྱིས་བཀངཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེདཿ འཆི་མེད་ཚེ་ཡི་རིག་འཛིན་མཆོགཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ རྡོ་རྗེ་གདན་གྱི་ཕོ་བྲང་དུཿ ཕྱི་ནང་ཐེག་པ་མ་ལུས་པའིཿ ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུདཿ མཁས་པ་ཆེན་པོར་ཡོངས་སུ་གྱུརཿ བི་མ་མི་ཏྲ་ཞེས་སུ་གྲགསཿ འཆི་མེད་ཚེ་ཡི་རིག་འཛིན་ཐོབཿ སངས་རྒྱས་སྟོང་གི་འཕྲིན་ལས་མཛདཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལཿ བསིལ་བ་རུ་ཏྲའི་སྙིང་བབས། རང་བྱུང་མཆོད་རྟེན་བདེ་བྱེད་མ་མོ་ཀི་རིའི་གནས། ཚལ་གྱི་དུར་ཁྲོད་དུ། སློབ་དཔོན་ཆེན་པོ་ཧཱུྃ་ཀ་རསཿ ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསེབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་སིང་གའི་ཡུལཿ སྐུ་ལ་རྫོགས་པའི་དུར་ཁྲོད་རུ་ཏྲའི་འགྲོ་འོངས་ལ། རྒྱ་མཚོའི་གླིང་ལ་ཡོད། མཆོད་རྟེན་རི་བོ་ཏ་ལ་བྱོན། མཚོ་མོ་ཙིའུ་རི་གནས། དུཿ སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིསཿ གཤིན་རྗེ་གཤེད་པོའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་(༡༡ན)


GLG022_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་བལ་པོའི་ཡུལཿ ལྷུན་གྲུབ་བརྩེགས་པའི་རུ་ཏྲའི་ལག་གཡས་བབས། མཆོད་རྟེན་བྱ་རི་ཁ་ཤོར། མ་མོ་སུ་ཀ་སི་རྡས། དུར་ཁྲོད་དུཿ སློབ་དཔོན་ནཱ་གཱ་རྫུ་ན་ཡིསཿ པདྨ་དབང་གི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཟ་ཧོར་ཡུལཿ ལང་ཀ་བརྩེགས་ཀྱི་རུ་ཏྲའི་ནང་ཀྲོལ་བབས། མཆོད་རྟེན་བདེ་བྱེད་གཞོན་ནུ་བྱོན། མ་མོ་སྨ་ཤ་ནི་གནས། ཟ་ཧོར་དང་རྒྱ་མཚོའི་གླིང་ནས་བརྒྱུད་ནས་སྲིན་པོའི་ཡུལ་དང་འབྲེལ་ཡོད། དུར་ཁྲོད་དུཿ སློབ་དཔོན་པྲ་པ་ཧ་ཏི་ཡིསཿ འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ས་ལའི་ཡུལཿ གསང་ཆེན་རོལ་པའི་རུ་ཏྲའི་ལག་པ་གཡོན་པ་བབས། སྲིན་པོ་གྱད་ཀྱི་ཡུལ་ཡིན། མཆོད་རྟེན་གྷོ་མ་ས་དང་། མ་མོ་བེ་ཏ་ལི་གནས་སོ། །དུར་ཁྲོད་དུཿ སློབ་དཔོན་དྷ་ན་སཾ་ཀྲྀ་ཏསཿ སྲིད་པ་མ་མོའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ པདྨ་རུ་ཏྲའི་མཚན་མ་བབས། མཆོད་རྟེན་དྷརྨ་ཙཀྲ། མ་མོ་ཀསྨ་རི་གནས་སོ། །བརྩེགས་པའི་དུར་ཁྲོད་དུཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལཿ ཧེ་ཆེན་བརྡལ་བའི་འདིར་རུ་ཏྲའི་རྐང་གཡས་བབས། མཆོད་རྟེན་ཀ་ནི་ཀ །མ་མོ་ཕྲ་མོ་གནས་སོ། །དུར་ཁྲོད་དུཿ སློབ་དཔོན་གྷུ་ཡ་ཙནྟྲ་ཡིསཿ དྲེགས་པ་ཚར་གཅོད་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཡུལ་གྱི་(༡༡བ)


GLG022_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་ལི་ཡི་ཡུལཿ ལང་ཀ་བརྩེགས་པའི་འདིར་རུ་ཏྲའི་རྐང་གཡོན་བབས། མཆོད་རྟེན་གེའུ་དེ་ཤན་དང་། མ་མོ་ཙན་དྷ་ལི་གནས་སོ། །དུར་ཁྲོད་དུཿ སློབ་དཔོན་ཤནྟིང་གརྦྷ་ཡིསཿ བདུད་དཔུང་འདུལ་བའི་དངོས་གྲུབ་ཐོབཿ བདག་ཀྱང་ཁྱེད་ཀྱི་གདུང་གསོབ་ཀྱཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ ཧཱུྃ། ཀ་དག་ལྷུན་གྲུབ་དགོངས་པ་ཡིསཿ མཛད་པ་མཐར་ཕྱིན་དངོས་གྲུབ་ཐོབཿ ཚེ་ལ་དབང་བའི་རིག་འཛིན་རྣམསཿ བདག་ཀྱང་྾༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ རྒྱལ་བའི་བཀའ་བཞིན་སྒྲུབ་པ་ཡིཿ ས་དང་ལམ་ལ་རབ་གནས་པའིཿ རྣམ་པར་སྨིན་པའི་རིག་འཛིན་རྣམསཿ སྨོན་ལམ་དབང་གིས་གཤེགས་སུ་གསོལཿ ཨཱོཾ་ཨེ་ཧྱ་ཧི་བྷ་ག་ཝ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཱཿ ཛཿཧཱུཾ་བཾཿཧོཿ ས་མ་ཡ་ཧཱུྃ་ཧྲཱིཾ་ཧྲཱིཾ་ཛཿཛཿ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། རང་བཞིན་འོད་གསལ་ཆེན་པོའི་ཕོ་བྲང་འདིརཿ རྣམ་དག་པདྨ་འོད་ཀྱི་གདན་སྟེང་དུཿ རིག་འཛིན་རྣམ་བཞིའི་བླ་མ་བརྒྱུད་པ་རྣམསཿ བདག་ལ་དགྱེས་བཞིན་བརྟན་པར་བཞུགས་སུ་གསོལཿ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་བཛྲཿ དེ་ནས་ཕྱག་མཆོད་ནི། ཧཱུྃ། རང་བྱུང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནསཿ གཞི་ནས་རང་བྱུང་རིག་པའི་དོན་རྟོགས་པའིཿ རང་བཞིན་རྣམ་དག་བླ་མ་ཆོས་ཀྱི་སྐུཿ ཀུན་བཟང་རིགས་ལྔའི་ཚོགས་ལ་ཕྱག་འཚལ་ལོཿ རྒྱལ་བའི་ཐུགས་ལས་འགྲོ་དོན་མཛད་པའི་ཕྱིརཿ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱིཿ སྤྲུལ་པ་འཇིག་རྟེན་འདུལ་བའི་དོན་དུ་བསྟནཿ མཆོག་གི་སྒྲུབ་པ་ལྔ་ལ་ཕྱག་འཚལ་ལོཿ ཐུགས་རྗེའི་དབང་གིས་འཇིག་རྟེན་འདིར་བྱོན་ནསཿ གདུལ་བྱའི་སྟོབས་ཀྱིས་འཕྲིན་ལས་སོ་སོར་མཛདཿ རིག་འཛིན་རྒྱལ་བའི་ཞིང་དུ་གཤེགས་མཛད་པའིཿ རྣལ་འབྱོར་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོཿ སྒྲུབ་པའི་གནས་ཆེན་བཞུགས་གནས་སོ་སོ་ནསཿ (༡༢ན)


GLG022_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་པསཿ འབྲས་བུ་གྲུབ་པའི་ས་ལ་རབ་གནས་པའིཿ རིག་འཛིན་གྲུབ་པ་རྣམས་ལ་ཕྱག་འཚལ་ལོཿ ཨ་ཏི་བུ་ཧོ། པྲ་ཏི་ཛཿཧོཿ ན་མ་ཡ་ཏི། དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། ལྷུན་གྱིས་གྲུབ་པའི་རིག་འཛིན་ནིཿ སངས་རྒྱས་ཀུན་གྱི་ཐོག་མ་ཡིནཿ དེ་ལ་མཆོད་པ་འབུལ་བ་ནིཿ རིག་པ་རང་བྱུང་དངས་པ་ལཿ ཡེ་ཤེས་ལྔ་ཡི་བཀྲག་མདངས་འཚེརཿ འཛིན་མེད་མཆོད་པ་ཆེན་པོར་འབུལ། ཀུན་བཟང་མཆོད་སྤྲིན་སྣ་ཚོགས་ཀྱིསཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནཿ བཞུགས་པའི་སངས་རྒྱས་མཉེས་གྱུར་ཅིགཿ ཨཱོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿའི་ཤྭ་མུ་ཥེ་བྷྱཿ སརྦ་ཏད་ཁཾཿ ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཧཱུྃ། རང་བཞིན་དག་པའི་ཞིང་ཁམས་ནཿ བཞུགས་པའི་སངས་རྒྱས་བྱང་ཆུབ་སེམསཿ འགྲོ་དོན་མཛད་པ་ཐམས་ཅད་ལཿ ཟུང་འཇུག་བདེ་ཆེན་མཆོད་པ་འབུལཿ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ དེ་ནས་གཏོར་མ་འབུལ་བ་ནི། ཧཱུྃ། གདོད་ནས་དག་པའི་དམ་ཚིག་རྫསཿ ཡེ་ཤེས་ལྔ་ཡི་བདུད་རྩི་དངཿ འབྲུ་བཅུད་ཛ་གད་དཔའ་བོ་དངཿ བ་ལིཾ་ཏ་ཡི་གཏོར་མ་དངཿ དམར་དངས་སྐྱེད་བྱེད་རཀྟ་དངཿ དངོས་གྲུབ་ཞལ་ཟས་སྣ་ཚོགས་ཀྱིསཿ བླ་མ་རྣམས་ཀྱི་ཐུགས་དམ་བསྐངཿ ཡི་དམ་ལྷ་ཡི་ཐུགས་དམ་བསྐངཿ མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐངཿ དཔའ་བོ་རྣལ་འབྱོར་ཐམས་ཅད་ཀྱིཿ ཐུགས་དམ་གཏོར་མས་བསྐངས་གྱུར་ཅིགཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧིཿ མ་ཧཱ་སརྦ་པཱུ་ཛ་ཁཱ་ཧིཿ དེ་ནས་བདུད་རྩིའི་དངོས་གྲུབ་བླང་བ་ནི། ཧཱུྃ། གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིསཿ བདག་ལ་བྱིན་གྱིས་བརླབ་ཏུ་གསོལཿ རྐྱེན་དང་བར་གཅོད་ཕྱི་ལ་ཟློགཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ས་མ་ཡ་སིདྡྷི་ཧཱུྃ་ཧཱུྃཿ ཧཱུྃཿ སྐུ་གསུང་ཐུགས་རྫོགས་པདྨ་འབྱུང་གནས་ནིཿ རྒྱལ་བའི་(༡༢བ)


GLG022_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་གསོབ་འཁོར་བའི་གཡུལ་ངོ་ཟློགཿ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་མཛད་པའིཿ སྤྲུལ་སྐུ་འགྲོ་བ་འདྲེན་ལ་ཕྱག་འཚལ་ལོཿ རྒོད་ཀྱི་རྩེ་ལྡེམ་དབུ་ལ་བཙུགས་པ་ནིཿ སྒྲུབ་པ་མཐར་ཕྱིན་ཡེ་ཤེས་རྒྱས་པའི་རྟགསཿ དཔལ་ཆེན་ཤ་བའི་དབྱིབས་ཞུ་གསོལ་བ་ནིཿ ཐེག་ཆེན་ལྟ་བའི་དོན་དང་ལྡན་པའི་རྟགསཿ དབུ་སྐྲ་ཐོར་ཚུགས་རྒྱན་དུ་བཅིངས་པ་ནིཿ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྟགསཿ སྤྱན་གསུམ་དྲག་པོས་འགྲོ་ལ་གཟིགས་པ་ནིཿ ཐུགས་རྗེ་ཆེན་པོས་འགྲོ་བ་འདྲེན་པའི་རྟགསཿ འཛུམ་པའི་ཞལ་རས་མདངས་དང་ལྡན་པ་ནིཿ བྱམས་དང་སྙིང་རྗེས་འགྲོ་བ་འདྲེན་པའི་རྟགསཿ ཟ་འོག་བེར་ཆེན་སྐུ་ལ་གསོལ་བ་ནིཿ སྒྲུབ་པ་བཀའ་བརྒྱད་སྐུ་ལ་རྫོགས་པའི་རྟགསཿ ལེབ་བརྒན་དམར་པོའི་ཆོས་གོས་གསོལ་བ་ནིཿ ཚུལ་ཁྲིམས་རྣམ་དག་སྡོམ་དང་ལྡན་པའི་རྟགསཿ བརྗིད་པའི་བེར་ཆེན་སྐུ་ལ་གསོལ་བ་ནིཿ སྲིད་གསུམ་འགྲོ་བ་ཟིལ་གྱིས་གནོན་པའི་རྟགསཿ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས་པ་ནཿ ཡེ་ཤེས་ལྔ་ལྡན་ལོག་འདྲེན་འཇོམས་པའི་རྟགསཿ ཕྱག་གཡོན་བདུད་རྩིའི་ཐོད་པ་བསྣམས་པ་ནིཿ སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའི་རྟགསཿ ཁ་ཊྭཾ་རྩེ་གསུམ་སྐུ་ལ་བརྟེན་པ་ནིཿ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགསཿ མི་འགྱུར་ཞབས་གཉིས་སྐྱིལ་ཀྲུང་མཛད་པ་ནཿ ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་རྟགསཿ ཉི་ཟླ་པདྨའི་གདན་ལ་བཞུགས་པ་ནིཿ འཁོར་བའི་ཉོན་མོངས་རྣམ་པར་དག་པའི་རྟགསཿ དྲག་པོ་ཧཱུྃ་རིང་ཧུྃ་ཐུང་སྒྲོག་པ་ནིཿ མ་མོ་མཁའ་འགྲོ་དབང་དུ་སྡུད་པའི་རྟགསཿ འཇའ་ཡི་གུར་ཕུབ་འོད་ཟེར་འགྲོ་བ་ནིཿ ཐུགས་རྗེ་ཐབས་ཀྱིས་འགྲོ་བ་འདྲེན་པའི་རྟགསཿ སངས་རྒྱས་འདུས་པའི་རྒྱལ་སྲས་པདྨ་འབྱུངཿ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདྲེན་མཛད་པཿ པདྨ་འབྱུང་གནས་སྐུ་ལ་(༡༣ན)


GLG022_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོཿ ཞེས་སློབ་དཔོན་པདྨའི་རྟགས་བསྟོད་རྫོགས་སོཿ དེ་ནས་བཟླས་པ་བྱ་བ་ནི། འཛབ་སྐོངས་ཟུར་ན་གསལ་ཞེས་པའི་དགོངས་དོནཿ ཕྱི་ནང་གསང་བ་གསུམ་ལས་ནིཿ ཕྱི་ལྟར་གསོལ་འདེབས་ཚུལ་བཟླས་ནསཿ ཞེས་སོགས་གཏེར་གཞུང་ལས་གསུངས་པའི་རང་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའི་དམིགས་པ་མན་ངག་ནས་འབྱུང་བ་ལྟར་ཞལ་ནས་བླང་ཞིངཿ ནང་དང་གསང་བའི་དམིགས་པ་ནི་ཚེས་བཅུ་དཀྱུས་མ་ལ་མི་དགོས་སོཿ ཨཱོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃཿ ཞེས་བརྒྱ་འམ་སྟོང་བཟླཿ དགོངས་པ་ཟུར་དུ་བལྟའོཿ དེ་ནས་རྒྱུད་འཛབ་ནི། བླ་མའི་རྣལ་འབྱོར་གྱི་སྐབས་ཀྱི་རང་བཞིན་རྣམ་དག་མ་ལེན་ནོཿ སྐབས་འདིར་གསོལ་འདེབས་ལེའུ་བདུན་མ་བསམས་པ་ལྷུན་གྲུབ་མ་དང་བཅས་པ་སྔོན་འགྲོ་རྟེན་སྐྱེད་ནས་བཟུང་བརྒྱུད་འདེབས་སོགས་ཆོས་རྒྱལ་མངྒའི་མཚན་ཅན་ཡབ་སྲས་ཀྱི་ཕྱག་ལེན་ལྟར་བྱཿ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱཿ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེཿ མི་མཇེད་འཇིག་རྟེན་ཁམས་སུ་བྱོནཿ མཛད་པ་མཐར་ཕྱིན་མངོན་སངས་རྒྱསཿ སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོཿ ཧཱུྃ། རྡོ་རྗེ་ཁྲག་འཐུང་ཐུགས་ཀྱི་སྲསཿ སྐུ་ནི་རྒྱ་མཚོའི་ཀློང་ནས་འཁྲུངསཿ འཕྲིན་ལས་འཛམ་གླིང་ཁྱབ་པར་མཛདཿ ཐུགས་རྗེས་བོད་ཀྱི་ཡུལ་དུ་གཟིགསཿ སྤྱོད་པ་སྲིན་པོའི་ཡུལ་དུ་མཛདཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོཿ ཧཱུྃ། སིང་ག་ལ་ཡི་ནགས་ཚལ་དུཿ འཇམ་དཔལ་སྐུ་ཡི་དངོས་གྲུབ་ཐོབཿ མ་ག་དྷཱ་ཡི་བྲག་ཕུག་ཏུཿ པདྨ་གསུང་གི་དངོས་གྲུབ་ཐོབཿ (༡༣བ)


GLG022_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལེ་ཤོད་ཀྱི་བྲག་ཕུག་ཏུཿ ཡང་དག་ཐུགས་ཀྱི་དངོས་གྲུབ་ཐོབཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ འཕྲིན་ལས་ཕུར་པའི་དངོས་གྲུབ་ཐོབཿ བསིལ་བའི་ཚལ་གྱི་དུར་ཁྲོད་དུཿ བདུད་རྩི་ཡོན་ཏན་དངོས་གྲུབ་ཐོབཿ མ་མོ་རོལ་པའི་དུར་ཁྲོད་དུཿ སྦོད་གཏོང་མ་མོའི་དངོས་གྲུབ་ཐོབཿ དཀྱིལ་འཁོར་དྲུག་ལ་མངའ་བརྙེས་པའིཿ དངོས་གྲུབ་རྒྱལ་པོ་ཉིད་ལ་བསྟོདཿ ཧཱུྃ། དུས་གསུམ་བླ་མ་རྣམས་ལ་ཕྱག་འཚལ་ལོཿ རིག་འཛིན་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོཿ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོཿ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལསཿ ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ་རུ་ཤརཿ རང་བྱུང་ཡེ་ཤེས་འོད་གསལ་ཆེན་པོའི་ངངཿ བླ་མ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོདཿ ཐམས་ཅད་མཉམ་ཉིད་ངོ་བོ་ཆོས་ཀྱི་སྐུཿ གཉིས་མེད་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ གཉིས་སྣང་ཀུན་ཁྱབ་རང་རིག་བྱང་ཆུབ་སེམསཿ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་བསྟོདཿ དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པ་ནཿ ཁམས་གསུམ་སེམས་ཅན་ཀུན་གྱི་མགོན་དུ་གྱུརཿ འཁོར་བ་ཐམས་ཅད་ཐར་པའི་ལམ་ལ་འདྲེནཿ བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོདཿ རང་བྱུང་ལྷུན་གྲུབ་རྫོགས་པ་ཆེན་པོའི་ངངཿ མཉམ་ཉིད་ཀུན་ཁྱབ་ཕྱོགས་སུ་འཛིན་པ་མེདཿ སྐྱེ་འགག་མེད་པས་རྣམ་རྟོག་རང་སར་གྲོལཿ ལྟ་བ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ བློ་གྲོས་ཆེན་པོས་ཏིང་འཛིན་འཕེལ་འགྲིབ་མེདཿ ཉོན་མོངས་རླབས་དང་བྲལ་བས་མི་གཡོ་བཿ དམིགས་མེད་ཡེངས་མེད་རང་རིག་ངོ་བོར་གནསཿ སྒོམ་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ འཛིན་ཆགས་མེད་པར་སྣང་སྲིད་ཐམས་ཅད་གྲོལཿ ཐོགས་བརྡུགས་སྟེན་པས་ཅི་ལའང་ཉམ་ང་མེདཿ བླང་དོར་མེད་པས་རོལ་པ་ཆེན་པོའི་ངངཿ སྤྱོད་པ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་པ་ལཿ མ་རིག་རྟོག་(༡༤ན)


GLG022_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་འཁོར་བར་འཁྱམསཿ རིག་པ་རང་ངོ་ཤེས་ནས་འཁྲུལ་པ་བྲལཿ གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་སྣང་མཐོངཿ འབྲས་བུ་མཐར་ཕྱིན་རྡོ་རྗེ་ཐོད་ཕྲེང་རྩལཿ རི་རྒྱལ་ལྷུན་པོ་ལྟ་བུར་གཟི་བརྗིད་ཆེཿ ཀ་ལ་པིང་ཀ་ལྟ་བུས་སྒྲ་དབྱངས་སྙནཿ ཡིད་བཞིན་ནོར་བུ་ལྟ་བུར་དགོས་འདོད་འབྱུངཿ ཐུགས་རྗེ་ཕྱོགས་རིས་མེད་པར་འགྲོ་དོན་མཛདཿ འཕྲིན་ལས་ཐོགས་པ་མེད་པར་སྤྲུལ་པ་འགྱེདཿ སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཐོད་ཕྲེང་རྩལཿ འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་སྲསཿ ད་ལྟ་བཞུགས་པའི་སངས་རྒྱས་སྐུ་ཡི་ཆབཿ མ་འོངས་སངས་རྒྱས་ཐམས་ཅད་སྐུལ་བའི་དཔལཿ ཡོན་ཏན་ལྷུན་གྱིས་གྲུབ་པའི་བླ་མ་མཆོགཿ རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོདཿ དེ་ནས་ཚོགས་ཀྱི་ཡོ་བྱད་བཤམས་ལཿ ཨཱོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾཿ ཞེས་དག་པར་སྦྱངསཿ རཾ་ཡཾ་ཁཾ་གིས་སྟོང་པར་སྦྱངསཿ ཨཱོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབསཿ དེ་ནས་སྤྱན་དྲང་བ་ནི། ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ ཡེ་ཤེས་ལྔ་རྫོགས་ལྷུན་གྱིས་གྲུབ་པ་ཡིཿ སངས་རྒྱས་ཐམས་ཅད་སྤྱན་འདྲེན་གཤེགས་སུ་གསོལཿ ཕྱོགས་བཅུ་དག་པའི་ཞིང་ཁམས་སོ་སོ་ནསཿ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའིཿ ཡེ་ཤེས་སྤྲུལ་པའི་ཚོགས་རྣམས་གཤེགས་སུ་གསོལཿ སྒྲུབ་པའི་ས་དང་ལམ་ལ་རབ་གནས་པའིཿ རིག་འཛིན་རྩལ་འཆང་ཐམས་ཅད་གཤེགས་སུ་གསོལཿ ཡི་དམ་ལྷ་དང་མཁའ་འགྲོ་དམ་ཚིག་ཅནཿ བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལཿ གུ་རུ་དེ་ཝ་ཌཱ་ཀི་ནི་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛཿ དེ་ནས་ཚོགས་གསུམ་དུ་བཅད་ལཿ དང་པོ་མཆོད་པ་འབུལ་བ་ནི། ཧཱུྃ། ཀུན་དུ་བཟང་པོ་རྡོ་རྗེ་འཆངཿ རྒྱལ་བ་རིགས་ལྔ་ཡབ་ཡུམ་ལཿ ཡེ་ཤེས་ལྔ་ཡི་ཚོགས་མཆོད་(༡༤བ)


GLG022_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

འབུལཿ སྤྲུལ་སྐུ་འགྲོ་དོན་མཛད་པ་ཡིཿ རིག་འཛིན་བླ་མའི་ཚོགས་རྣམས་ལཿ འདོད་ཡོན་ལྔ་ཡི་མཆོད་པ་འབུལཿ མ་མོ་མཁའ་འགྲོ་ཐམས་ཅད་ལཿ བདེ་བ་ཆེན་པོའི་མཆོད་པ་འབུལཿ ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ལཿ ཚོགས་མཆོད་གཏོར་མའི་མཆོད་པ་འབུལཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཀེང་ནི་རི་ཏི་ཁཱ་ཧི། ཞེས་དབུལ། བར་པ་བཤགས་པ་བྱ་བ་ནི། ཧཱུྃ། མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་བྱོན་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོཿ ཧཱུྃ། ཆོས་སྐུ་དྲི་མེད་སྤྲོས་བྲལ་ངང་ཉིད་ལསཿ འགྲོ་དོན་བསྒྲུབ་ཕྱིར་ཞི་ཁྲོ་གཙོ་དང་འཁོརཿ ཐུགས་རྗེའི་ངང་ལས་སྒྱུ་མའི་སྐུར་བཞེངས་པའིཿ ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོཿ ཧཱུྃ། ཐབས་ཤེས་བདེ་ཆེན་གཉིས་སུ་མེད་པ་ལཿ མ་འགགས་རང་རྩལ་ཡེ་ཤེས་ལས་གྲུབ་ཚོགསཿ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའིཿ དམ་ཅན་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོདཿ ཧཱུྃ། དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོ་དངཿ རྡོ་རྗེ་སློབ་དཔོན་རྒྱལ་བ་ཞི་ཁྲོའི་ལྷཿ དུས་གསུམ་བདེ་གཤེགས་སྒྲུབ་པ་དམ་ཚིག་ཅནཿ སྐུ་གསུམ་གདུང་གསོབ་རྡོ་རྗེ་ལྕམ་དྲལ་མཆེདཿ དཔང་གྱུར་སྐྱབས་མཆོག་མ་ལུས་དགོངས་སུ་གསོལཿ བདག་ནི་མ་རིག་ལུས་དང་ངག་སེམས་ཀྱིསཿ སློབ་དཔོན་མཆེད་སོགས་སྐུ་སྨད་ངན་སྨྲས་དངཿ ཡི་དམ་སྔགས་དང་ཕྱག་རྒྱ་མ་གསལ་བཿ རྩ་བའི་དམ་ལས་འདས་གྱུར་མཐོལ་ལོ་བཤགསཿ ཤེས་བྱ་ལྔ་དང་བཅས་པར་བྱ་བ་ལྔཿ མི་སྤང་ལྔ་དང་བསྒྲུབ་པར་བྱ་རྒྱུ་ལྔཿ དང་བླང་ལ་སོགས་ཡན་ལག་དམ་ཚིག་ཀུནཿ ཉམས་གྱུར་རང་མནོང་འགྱོད་པས་མཐོལ་ཞིང་བཤགསཿ སྔགས་ལ་ཐེ་ཚོམ་བླ་མེད་ཐེག་པ་སྨདཿ ལྟ་སྤྱོད་(༡༥ན)


GLG022_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བྲལ་བསྙེན་སྒྲུབ་གཞུང་མ་བསྲངསཿ ལོག་སྤྱོད་དབང་སོང་དུས་ཀྱི་མཆོད་པ་བཅགཿ སྡོམ་གསུམ་ཐུན་མོང་དམ་ཚིག་ཉམས་པ་བཤགསཿ རིག་པའི་རྩལ་ཆུང་སྙིང་པོའི་དོན་མ་རྟོགསཿ སྒོམ་པའི་སྲན་ཆུང་གནས་ལུགས་སོ་མ་ཐུབཿ བློ་ཡི་སྟོབས་ཆུང་སྤྱོད་པས་བོགས་མ་ཐོནཿ ལེགས་བསམས་བཤད་ཀྱང་དོན་ལོག་ཐུགས་འགལ་གྱུརཿ འབྲས་བུ་ཡིད་སྨོན་གྱུར་པ་མཐོལ་ལོ་བཤགསཿ ཞེས་བཤགས་ཤིང་འདི་རྒྱུན་བཤགས་བྱས་ན་ཡང་ཤིན་ཏུ་ཟབཿ ཧཱུྃ། སེམས་ཅན་མ་རིག་འཁྲུལ་པའི་བློཿ ཉམས་རྟགས་འཁྲུལ་པའི་དབང་དུ་ཤོརཿ གསང་སྔགས་དཀྱིལ་འཁོར་ཆེན་པོ་ཡིཿ སྒོ་རུ་ཞུགས་ཀྱང་དམ་ལས་འགལཿ རྩ་བ་ཡན་ལག་དམ་ཚིག་ལཿ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པཿ སྐུ་གསུམ་བླ་མའི་སྤྱན་སྔར་བཤགསཿ ཚོགས་དང་གཏོར་མ་མ་དག་པཿ མཁའ་འགྲོ་སྲུང་མའི་སྤྱན་སྔར་བཤགསཿ ཞེས་བརྗོད་དེ་དབུལ། ཐ་མ་གདབ་པ་བྱ་བ་ནི། ཟན་ལ་དགྲ་བགེགས་ཀྱི་རཱུ་པ་བྱས་ལཿ ཕྱག་རྒྱ་བཞིས་འགུགསཿ གྷཱ་ཏ་ཡས་གཏུགསཿ ཞག་པ་ནི། ན་མ་ས་མནྟ། ཀ་ཡ་ཝཱ་ཀ་ཙིཏྟ་བཛྲ་ན། ཨཱོཾ་གྷ་གྷ། གྷཱ་ཏ་ཡ། གྷཱ་ཏ་ཡ། སརྦ་དུཥྚཾ། གནོད་བྱེད་དགྲ་བགེགས་མ་ར་ཡ། ཀཱི་ལ་ཡ། སརྦ་པཱ་བཾ། ཧཱུྃ་ཧཱུྃ། ཧཱུྃ་བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨད་ཛྙཱ་པཱ་ཡ་ཏི། ཀཱ་ཡ་ཝ་ག་ཙིཏྟ་བཛྲ་ཀི་ལི་ཀཱི་ལཱ་ཡ་ཧཱུྃ་ཕཊ། ཧཱུྃ། ཉོན་མོངས་ལོག་པའི་སེམས་ཅན་རྣམསཿ དགྲ་བགེགས་གཟུགས་སུ་ལས་ཀྱིས་གྲུབཿ བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིརཿ མྱུར་མགྱོགས་ཐུགས་རྗེའི་ལྕགས་ཀྱུས་བཀུགཿ རྣོ་མྱུར་ཡེ་ཤེས་མཚོན་གྱིས་བསྒྲལཿ ཨོཾ་བཛྲ་ཀྲོ་དྷ་སརྦ་ནྲི་ཏྲི་ས་མུ་ཀ་མ་ར་ཡ་རྦདཿ ཧཱུྃ། ཤ་ནི་གཏི་མུག་ཆེན་པོ་སྟེཿ བསྒྲལ་བས་རིག་པའི་ཡེ་ཤེས་འཆརཿ ཁྲག་ནི་འདོད་ཆགས་རབ་བཞིན་ཏེཿ བསྒྲལ་བས་བདེ་བའི་མཆོད་པར་(༡༥བ)


GLG022_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུརཿ རུས་པ་ཞེ་སྡང་རང་བཞིན་ཏེཿ བསྒྲལ་བས་ཡེ་ཤེས་རང་ལ་གསལཿ དུག་གསུམ་བསྒྲལ་བའི་མཆོད་པ་འདཿ བླ་མ་ཡི་དམ་མཁའ་འགྲོ་དངཿ དམ་ཅན་སྲུང་མའི་ཞལ་དུ་གདབ། མ་ཧཱ་མཾ་ས་ཁཱ་ཧིཿ མ་ཧཱ་རསྟ་ཁཱ་ཧིཿ མ་ཧཱ་ཀེང་ནི་རི་ཏི་ཁཱ་ཧི། ཞེས་གཏུབས་ཏེ་དབུལ་ལོཿ རྩ་གསུམ་བསྐང་གསོ་གཏོང་བར་འདོད་ན་ཟུར་ནས་འབྱུང་བ་བཞིན་གཏང་ངོ་ཿ གཏེར་སྲུང་བརྒྱད་མཆོད་སྐབས་འདིའམ་དོན་བསྟོད་ཀྱི་མཇུག་གང་འོས་ལ་བྱཿ རང་ཉིད་ཚོགས་ལ་རོལཿ དེ་ནས་ལྷག་མ་རྣམས་རྡོ་རྗེ་སློབ་དཔོན་གྱི་ཁ་ཆུས་བྲན་ནསཿ ཧཱུྃ། སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀའིཿ སྤྱན་སྔར་ཁས་བླངས་དམ་བཅས་དངཿ བར་དུ་པདྨ་འབྱུང་གནས་ཀྱིཿ སྤྱན་སྔར་ཁས་བླངས་དམ་བཅས་དངཿ ད་ལྟ་རིག་འཛིན་བདག་ཉིད་ཀྱིཿ བྲན་དང་ཕོ་ཉར་ཁས་བླངས་པའིཿ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་ངངཿ གསང་སྔགས་ཐེག་པའི་བཀའ་སྲུང་རྣམསཿ བཀའ་ཡི་ཕཾ་ཕབས་འདི་བཞེས་ལཿ སྔོན་གྱི་དམ་ཚིག་དྲན་པར་གྱིསཿ གསང་སྔགས་བསྟན་པ་རྒྱས་པར་མཛོདཿ བདུད་དང་དམ་སྲི་རྡུལ་དུ་རློགཿ ཅེས་ལྷག་མ་བཏང་སྟེ་གཏོར་མ་ཤོད་དུ་ཕབ་ལ་རང་སློབ་དཔོན་པདྨར་གསལ་བས་འདི་སྐད་དོཿ ཧཱུྃ། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལཿ རྒྱལ་ཚབ་སྤྲུལ་སྐུ་མང་པོ་བྱོན་པ་ཡིསཿ བཀའ་དང་དམ་ལ་བཏགས་པའི་སྲུང་མ་རྣམསཿ དམ་ཚིག་ཚུལ་བཞིན་མཆོད་ཀྱིས་གཤེགས་སུ་གསོལཿ ས་མ་ཡ་ཛཿཛཿ ཧཱུྃ། གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིསཿ དམ་ལ་བཏགས་པའི་སྲུང་མ་རྣམསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་བླངས་བཞིན་དུ་འཕྲིན་ལས་མཛོདཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ སིནྡྷུ་རོལ་བའི་མཚོ་གླིང་དུཿ ནམ་མཁའི་གཟའ་རྣམས་དམ་ལ་བཏགསཿ རྒྱ་དང་བལ་པོའི་སོ་མཚམས་སུཿ བར་ནས་ལྷ་སྲིན་དམ་ལ་བཏགསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་(༡༦ན)


GLG022_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་བཞིན་དུ་འཕྲིན་ལས་མཛོདཿ གཡའ་རི་གོང་གི་བྲག་ཕུག་ཏུཿ བདག་ཉིད་ཆེན་མོ་དམ་ལ་བཏགསཿ ཨ་སུ་ར་ཡི་བྲག་ཕུག་ཏུཿ ཤྭ་ན་མཆེད་བཞི་དམ་ལ་བཏགསཿ བྱང་ཆུབ་རིས་ཀྱི་ཆུ་མིག་ཏུཿ བསེ་ཡི་ལྷ་མོ་དམ་ལ་བཏགསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་བླངས་བཞིན་དུ་འཕྲིན་ལས་མཐོངཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ མང་ཡུལ་བྱམས་སྤྲིན་ལྷ་ཁང་དུཿ རྒྱལ་པོ་དཔོན་གཡོག་དམ་ལ་བཏགསཿ དཔལ་མོའི་ལྷ་མཚོ་སྲིན་མཚོ་རུཿ བསྟན་མ་བཅུ་གཉིས་དམ་ལ་བཏགསཿ བྱང་རྒྱུད་བྱང་ལམ་བར་པ་རུཿ གནོད་སྦྱིན་ཐང་ལྷ་དམ་ལ་བཏགསཿ བྱང་སྟོད་བྱང་སྨད་སོ་མཚམས་སུཿ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དངཿ འབྲོག་མོ་ཐམས་ཅད་དམ་ལ་བཏགསཿ གནམ་གྱི་ཤུ་ཐོག་གླང་ཐོད་དུཿ ཕོ་བདུད་ཉེར་གཅིག་དམ་ལ་བཏགསཿ མལ་གྲོ་གཟི་ཆེན་མཚོ་འགྲམ་དུཿ ཀླུ་རིགས་རྣམ་ལྔ་དམ་ལ་བཏགསཿ ཧས་པོ་རི་ཡི་རྩ་བ་རུཿ བོད་ཀྱི་ལྷ་སྲིན་ཐམས་ཅད་ཀུནཿ དམ་ལ་མ་བཏགས་གཅིག་ཀྱང་མེདཿ བསམ་ཡས་དབུ་རྩེ་རིགས་གསུམ་དུཿ རྒྱལ་པོ་ཐམས་ཅད་དམ་ལ་བཏགསཿ སྤ་གྲོ་ཅལ་གྱི་བྲག་དམར་དུཿ ཀྱི་མཐིང་གཡུ་སྒྲོན་དམ་ལ་བཏགསཿ བཀའ་ཡི་གཏོར་མ་འདི་ལོང་ལཿ ཁས་བླངས་བཞིན་དུ་འཕྲིན་ལས་མཛོདཿ སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ རྒྱ་གར་ཟ་ཧོར་ལང་ཀའི་ཡུལཿ སིང་ང་ས་ལ་ཨུ་རྒྱན་ཡུལཿ ཁ་ཆེ་བལ་པོ་ལི་ཡི་ཡུལཿ དུར་ཁྲོད་བརྒྱད་ཀྱི་ལྷ་སྲིན་རྣམསཿ དམ་ལ་མ་བཏགས་གཅིག་ཀྱང་མེདཿ གོང་གོང་ཆུམ་ཆུམ་དམ་ལ་འདུཿ དམ་ཚིག་གཏོར་མ་འདི་ལོང་ལཿ སློབ་དཔོན་པདྨའི་ཆོས་རྒྱུད་སྐྱོངསཿ གལ་ཏེ་བཀའ་ལས་འདས་གྱུར་ནཿ སློབ་དཔོན་པདྨ་འབྱུང་གནས་དཿ ཁྲོ་བོ་ཡཀྴ་མེ་དཔལ་ཡིནཿ ཁྱེད་ཀྱི་སྙིང་ཁྲག་བརྔུབས་ནས་ཀྱངཿ རི་རབ་འོག་ཏུ་(༡༦བ)


GLG022_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པར་འགྱུརཿ དེ་བས་དམ་ལས་མ་འདའ་བརཿ ཁས་བླངས་བཞིན་དུ་འཕྲིན་ལས་མཛོདཿ ཨ་ཡ་མ་དུ་རུ་ཅ་ཤ་ལ་ནཿ ས་ཙ་ག་ཕུདཿ རཀྨོ་ཡཀྨཿ ས་མ་ཡ་ན་ར་ཁ་ནཿ བ་ལིཾ་ཏ་ཁཱ་ཧཿ རཀྟ་ཁཱ་ཧིཿ ཨ་མྲྀ་ཏ་ཁཱ་ཧིཿ ཞེས་བསྟན་མ་གཏོར་མའི་བཤལ་ཆུས་བསྐྱང་སྟེ་ཆད་མདོ་བསྟན་སྐྱོད་ལྷན་ཅིག་ཏུ་གཏངཿ དངོས་གྲུབ་ལེན་པ་ནི། ཧཱུྃ། ཤར་གྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལཿ ཞི་བའི་རང་བཞིན་སྐུ་མདོག་དཀར་ལ་འཚེརཿ ན་བཟའ་དཀར་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་ཌ་མ་རུཿ རྡོ་རྗེའི་མཁའ་འགྲོའི་ཐུགས་དམ་རྒྱུན་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ནད་གདོན་བགེགས་དང་བར་ཆད་ཞི་བར་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། ལྷོ་ཡི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ རྒྱས་པའི་ལས་མཛད་རིན་ཆེན་ཐོད་ཕྲེང་རྩལཿ རྒྱས་པའི་རང་བཞིན་སྐུ་མདོག་སེར་ལ་འཚེརཿ ན་བཟའ་སེར་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་རིན་ཆེན་ཞགས་པ་ཌ་མ་རུཿ རིན་ཆེན་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ཚེ་དང་བསོད་ནམས་རྒྱས་པའི་འཕྲིན་ལས་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། ནུབ་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལཿ དབང་གི་རང་བཞིན་སྐུ་མདོག་དམར་ལ་འཚེརཿ ན་བཟའ་དམར་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་པདྨ་ལྕགས་སྒྲོག་ཌ་མ་རུཿ པདྨ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ཁམས་གསུམ་དབང་དུ་བསྡུ་བའི་འཕྲིན་ལས་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། བྱང་གི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ (༡༧ན)


GLG022_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལཿ དྲག་པོའི་རང་བཞིན་སྐུ་མདོག་ལྗང་ལ་འཚེརཿ ན་བཟའ་ལྗང་གུ་ཤིན་ཏུ་མཛེས་པ་གསོལཿ ཕྱག་གཉིས་རྒྱ་གྲམ་དྲིལ་བུ་ཌ་མ་རུཿ ལས་ཀྱི་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིཿ དགྲ་བགེགས་བར་ཆད་ཐམས་ཅད་ཚར་གཅོད་མཛོདཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཧཱུྃ། དབུས་ཀྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷཿ སྐུ་ལྔ་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལཿ སྐུ་ལྔའི་རང་བཞིན་སྐུ་མདོག་སྨུག་ལ་འཚེརཿ ན་བཟའ་སྨུག་པོ་ཤིན་ཏུ་མཛེས་པ་གསོལཿ ཕྱག་མཚན་འཁོར་ལོ་རྒྱ་གྲམ་ཌ་མ་རུཿ སངས་རྒྱས་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ནསཿ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལཿ ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལཿ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། མི་ལ་ཚེ་ཡི་དངོས་གྲུབ་སྩོལཿ ནོར་ལ་གཡང་གི་དངོས་གྲུབ་སྩོལཿ ཟས་ལ་བཅུད་ཀྱི་དངོས་གྲུབ་སྩོལཿ དེ་ནས་དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། ད་ནི་དཀྱིལ་འཁོར་གསལ་བཏབ་ལཿ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུནཿ ཡི་གེ་ཧཱུྃ་ལ་ཧྲིལ་གྱི་བསྡུཿ ཧཱུྃ་ཡང་མི་འཇིགས་འཇའ་ལྟར་ཡལཿ ཞེས་པ་སྟེ་རྟག་མཐའ་གསལ་བའོཿ སླར་ཡང་དེ་ཉིད་ལྷ་རུ་གསལཿ ཞེས་ཆད་མཐའ་གསལ་བའོཿ ཞེས་དཀྱིལ་འཁོར་བསྡུཿ རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོཿ སྨོན་ལམ་ནི། བླ་མ་ཡི་དམ་མཁའ་འགྲོ་མཆོད་ལ་སོགསཿ སྤྱད་དང་བསྐུལ་དང་ཡི་རང་ལས་བྱུང་བའིཿ བསོད་ནམས་དགེ་ཚོགས་དཔག་མེད་དེ་དག་གིསཿ ཚེ་འདིར་བླ་མེད་བྱང་ཆུབ་འབྲས་ཐོབ་ནསཿ སྐུ་གསུམ་བདེ་ཆེན་ཞིང་དུ་སྤྱོད་བྱེད་ཅིངཿ གཟུགས་སྐུས་འགྲོ་དོན་རླབས་ཆེན་སྤྱོད་པར་ཤོགཿ ཧཱུྃ། ཕྱི་ཡི་བླ་མ་སྣ་ཚོགས་སྤྲུལ་པའི་སྐུཿ ནང་གི་བླ་མ་ཀུན་བཟང་ཧེ་རུ་ཀཿ གསང་བའི་བླ་(༡༧བ)


GLG022_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

མ་རང་རིག་གཉུག་མའི་གཤིསཿ ཚེ་འདིར་མངོན་དུ་མཇལ་བར་བྱིན་གྱིས་རློབསཿ རིག་པའི་ངོ་བོ་གསལ་སྟོང་འཛིན་པ་མེདཿ རྗེན་པར་མཐོང་བ་ཡེ་སྟོང་ཀ་ནས་དགཿ སྒྲོན་དྲུག་ལམ་ལ་བརྟེན་ནས་ཟག་བཅས་ཀྱིཿ ཕུང་པོ་འཇའ་ལུས་རྡོ་རྗེར་འགྲུབ་པར་ཤོགཿ སྐལ་བ་དམན་ན་བར་དོའི་གནས་སྐབས་དངཿ སྐྱེ་བའི་སྲིད་པ་འཛིན་ཚེ་པདྨ་འབྱུངཿ བྱོན་ནས་མངོན་པར་མཐོ་དང་ངེས་ལེགས་ཀྱིཿ ཡང་དག་ལམ་དུ་འཁྲིད་པར་བྱིན་གྱིས་རློབསཿ ཕན་བདེའི་རྩ་ལག་རྒྱལ་བའི་བསྟན་པ་དངཿ མཐའ་ཀླས་སྐྱེ་དགུའི་བདེ་སྐྱིད་མ་ལུས་པཿ ཡར་ངོའི་ཟླ་བ་ལྟ་བུར་རབ་རྒྱས་ཤིངཿ མི་མཐུན་ཉེས་པའི་ཚོགས་ཀུན་ཞི་གྱུར་ཅིགཿ ཁྱད་པར་གངས་ཀྱི་ར་བས་ཡོངས་བསྐོར་བའིཿ དབུས་གཙང་རུ་བཞིའི་རྒྱལ་ཁམས་འདི་ཉིད་དུཿ ནད་རིམས་མུ་གེ་སད་སེར་ཐན་པ་དངཿ འཁྲུག་རྩོད་མཐའ་དམག་གནོད་པ་ཞི་བར་ཤོགཿ ཐུགས་རྗེས་འགྲོ་ཀུན་ཡོལ་མེད་རྗེས་འཛིན་ཀྱངཿ བོད་འབངས་ལྷག་པར་སྐྱོང་བའི་ཞལ་བཞེས་བཀའཿ ཁྲི་སྲོང་རྒྱལ་པོར་སྩལ་བའི་སྙིང་པོའི་དོནཿ རེ་བ་ཇི་བཞིན་སྐོང་བའི་དུས་ལ་བབཿ དེ་ཕྱིར་སྡེ་བཞིའི་དཔག་བསམ་ཡོངས་འདུའི་ལྗོནཿ མཚོ་སྐྱེས་བྱིན་རླབས་དཔྱིད་ཀྱི་མ་མ་ཡིསཿ ཉེ་བར་བསྐྱངས་ལས་གྲུབ་པའི་དོན་གཉིས་འབྲསཿ ལོངས་སུ་སྤྱོད་པའི་དགའ་སྟོན་རྒྱས་གྱུར་ཅིགཿ བཀྲ་ཤིས་ནི། དུས་གསུམ་བླ་མ་སྐུ་གསུམ་བདག་ཉིད་ཅནཿ དབྱེར་མེད་རང་ལ་རྟོགས་པའི་བཀྲ་ཤིས་ཤོགཿ ཐབས་ཤེས་དབྱེར་མེད་ཟུང་འཇུག་ཡི་དམ་ལྷཿ དོན་དམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོགཿ འཁོར་འདས་ཆོས་ལ་དབང་སྒྱུར་མཁའ་འགྲོའི་ཚོགསཿ ཕྱི་ནང་བར་ཆད་ཞི་བའི་བཀྲ་ཤིས་ཤོགཿ ཨེ་མ་ཧོ། གདོད་ནས་མ་སྐྱེས་སྤྲོས་དང་བྲལ་བའི་སྐུཿ སྲིད་ཞི་མཉམ་ཉིད་འཁོར་འདས་ཀུན་གྱི་དཔལཿ ཀ་དག་སྙིང་པོ་ཆོས་སྐུའི་བཀྲ་ཤིས་ཤོགཿ བུདྡྷ་ཐོད་ཕྲེང་སངས་(༡༨ན)


GLG022_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདུས་པའི་སྐུཿ གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངངཿ ཐམས་ཅད་ཡོངས་རྫོགས་གྲུབ་པའི་བཀྲ་ཤིས་ཤོགཿ པདྨ་ཐོད་ཕྲེང་སངས་རྒྱས་འདུས་པའི་གསུངཿ འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་ངངཿ སྣང་སྲིད་དབང་དུ་བསྡུ་བའི་བཀྲ་ཤིས་ཤོགཿ རྡོ་རྗེ་ཐོད་ཕྲེང་སངས་རྒྱས་འདུས་པའི་ཐུགསཿ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངངཿ མི་མཐུན་རྐྱེན་རྣམས་ཞི་བའི་བཀྲ་ཤིས་ཤོགཿ རཏྣ་ཐོད་ཕྲེང་སངས་རྒྱས་ཡོན་ཏན་བདགཿ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངངཿ ཚེ་དབང་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོགཿ ཀརྨ་ཐོད་ཕྲེང་སངས་རྒྱས་འཕྲིན་ལས་བདགཿ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ངངཿ དགྲ་བགེགས་ཚར་གཅོད་དྲག་པོའི་བཀྲ་ཤིས་ཤོགཿ རྡོ་རྗེ་སློབ་དཔོན་རྡོ་རྗེ་རྒྱས་འདེབས་དངཿ མཆེད་དང་ལྕམ་དྲལ་སྔགས་དང་ཕྱག་རྒྱའི་མཐུསཿ སྤྲུལ་སྐུ་འགྲོ་འདུལ་ཡོངས་རྫོགས་བཀྲ་ཤིས་ཤོགཿ རིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་རྡོ་རྗེ་གདན་དུ་རིག་འཛིན་རྣམས་གྱིས་བཀའ་བགྲོས་ནས་མཛད་པ་བོད་ཡུལ་དུ་སློབ་དཔོན་པདྨས་རྒྱལ་པོ་རྗེ་འབངས་བདུན་ལ་གཏད་པ་མ་འོངས་པའི་དོན་དུ་བྱང་ཟང་ཟང་ལྷ་བྲག་གི་རྐེད་ལ་སྦས་སོཿ ས་མ་ཡ། རྒྱ་རྒྱ་རྒྱ། བྲག་རི་དུག་སྦྲུལ་སྤུངས་འདྲའི་རྐེད་ནས་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གཏེར་ནས་བཏོན་པའོ། །རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་གི་ཁྲིད་རིམ་འཐོར་བ་དང་གབ་པ་དང་མི་གསལ་བ་རྣམས་བསྡེབས་ནས་བརྒྱུད་འདེབས་ཀྱི་མཇུག་དང་སྨོན་ལམ་གྱི་རིམ་པས་ཁ་བཀང་སྟེ་བཀླགས་ཆོག་མཐོང་བས་དོན་ལྡན་འདི་ནི་ཚུལ་འདི་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ཕན་པའི་ཆེད་དང་། ཁྱད་པར་བོད་ཡུལ་གངས་ཅན་གྱི་ལྗོངས་ཀྱི་བསྟན་འགྲོའི་ཕན་བདེའི་ཆེད་དུ་དབུས་གཙང་སྟོད་སྨད་ཀུན་གྱི་ཚེས་བཅུའི་མཆོད་པ་སྔར་སྲོལ་ཡོད་པ་རྣམས་དར་རྒྱས་དང་། མེད་པ་གསར་དུ་བསྐྲུན་པ། དེ་(༡༨བ)


GLG022_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྫོང་འགོ་སོ་སོར་ཡང་ཚེས་བཅུའི་མཆོད་པ་འཛིན་པ་ཞིག་གྲུབ་ན་ལེགས་ཚུལ་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་ལ་བྱས་སྐབས་ཚུལ་དེ་སྒྲུབ་པར་བཞེད་པས་ཡུལ་གྲུ་ཁ་ཡར་དུ་རང་གང་མོས་ཀྱི་གཏེར་ཁའི་ཚེས་བཅུ་གང་དར་བྱེད་དགོས་པའི་བརྡ་བརྒྱག་དང་མཐུན་རྐྱེན་སོགས་མཛད་ཅིང་། རྫོང་གཞིས་རྣམས་སུ་འདོན་རྒྱུ་བདེ་བ་གཅིག་དགོས་གསུངས་པར་བརྟེན་འདིའི་དབུ་བཙུགས་གྲུབ་འཚམས་ལ་རཏྣ་གླིང་པའི་གཙང་ལ་ཕན་པའི་ཞལ་ཆེམས་ཀྱི་ལུང་བསྟན་ཐོག་ཏུ་བབས་པའི་བརྗོད་བྱ་སྣ་ཚོགས་ཤིག་བྱུང་བའི་འགལ་རྐྱེན་གློ་བུར་བ་ཞིག་ལ་བརྟེན་ད་ཆ་བྱེད་མི་བདེ་བ་འདུག་གསུང་ཡང་ཆོག་བསྒྲིགས་འདི་ཉིད་སླད་ནས་རིག་འཛིན་པདྨའི་ཐུགས་རྗེའི་གཟི་བྱིན་གྱིས་བསིལ་ལྡན་གྱི་ཡུལ་ཀུན་སྐལ་བ་བཟང་པོར་འགྱུར་བའི་དགའ་སྟོན་གྱི་རྟེན་འབྲེལ་དུ་ལྕགས་སྟག་དབྱུག་གུ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་དགའ་ལྡན་ཕོ་བྲང་དུ་བཀོད་པའི་དགེ་བས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ་ཞིང་། བདེ་བའི་ཐབས་ཚུལ་སྒྲུབ་པར་མཛད་པ་པོ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག །མངྒ་ལཾ།། །།


previousརིག་འཛིན་གདུང་སྒྲུབ་ཀྱི་འཕྲིན་ལས་ཀླག་ཆོག་མཐོང་བ་དོན་ལྡན་དུ་བཀོད་པ།next