Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ།
   
   
   
   
   
   


 
previousགཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ། next

གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ།


GLG022_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ་བཞུགས་སོ། །


GLG022_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀཱ་ར་ཀྲོ་དྷེནྡྲཱ་ཡ། མཐུ་སྟོབས་གནམ་ལྕགས་ཚ་ཚ་ཁོལ་བའི་ཐོག །སྡེ་བརྒྱད་བྲག་རི་ཕྱེར་འཐག་དྲག་རྩལ་ནུས། །དྲན་པས་བདུད་བཞིའི་དཔུང་འཇོམས་བླ་མ་དང་། །ཡི་དམ་དབྱེར་མེད་ཁྱོད་ཞབས་གཙུག་ན་བསྟེན། །ཉང་རིགས་རལ་པའི་ཁུར་ལྡན་མངའ་བདག་གཏེར། །ཟབ་ཆོས་བྱེ་བའི་གདམས་པ་སྩོལ་བ་ལ། །བཀའ་དྲིན་ཟླ་མེད་རྗེ་བཙུན་ཁྲ་ཚང་པ། །བློ་མཆོག་རྡོ་རྗེ་ཀུན་བཟང་ཧེ་རུ་ཀཿ། །དྲག་དམར་ཉི་མའི་དཀྱིལ་འཁོར་ཡོངས་འབར་བའི། །བྱིན་རླབས་བདེ་གཤེགས་འདུས་པའི་འོད་ཟེར་གྱིས། །ཉེས་བརྒྱའི་སྨག་རུམ་རབ་སེལ་རྒྱུན་འཁྱེར་གྱི། །ཐུགས་སྒྲུབ་མཁའ་འགྲོའི་ཞལ་གྱི་དྲོད་རླངས་འདྲི། །དེ་ཡང་བླ་མ་མངའ་བདག་ཆེན་པོ་ཉི་མ་འོད་ཟེར་གྱི་ཟབ་གཏེར་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གི་ཐུགས་སྒྲུབ་དྲག་དམར་རྒྱས་འབྲིང་བསྡུས་གསུམ་ཐེམས་མེད་དང་བཅས་པ་མཐའ་ཀླས་པའི་ནང་ནས་གཞུང་ཆེན་བདེར་གཤེགས་འདུས་པའི་ཉམས་ལེན་རྒྱས་པར་སྤྲོ་ན་བླ་མའི་མན་ངག་གིས་གུང་བསྒྲིགས་ཏེ་གཏེར་གཞུང་ཁ་འཐོར་བ་ཁྲིགས་སུ་བསྡེབས་ནས་བཅོས་བསླད་མེད་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་བས་དེ་དག་གི་བྱེད་ཚུལ་ཁོ་བོས་བརྩམས་པའི་བསྙེན་ཡིག་མ་རླུང་འཁྲུག་པའི་ཚ་ངར་ལས་ཤེས་པར་བྱ་(༢ན)


GLG022_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ནའང་ཧ་ཅང་རྒྱས་དྲགས་པས་བསྙེན་པ་ཚུགས་འགྲོལ་གྱི་ཐོག་མཐའ་གཉིས་ཙམ་མ་གཏོགས་བར་གྱི་ཐུན་བཞི་ཚོར་འཛབ་ཀྱི་གྲངས་ལ་གནོད་ཅིང་རྒྱུན་འཁྱེར་ལ་འཇུག་པ་བདེ་བ་སོགས་ཀྱི་ཆེད་དུ་ཇི་ལྟར་འོས་པ་སྙིང་པོ་བསྡུས་ཏེ་དགོད་པ་ལ། སྐྱབས་སེམས་ནི། བརྒྱུད་པའི་རྩ་བ་བླ་མ་རྗེ། །དངོས་གྲུབ་འབྱུང་བའི་ཡི་དམ་ལྷ། །ལེགས་པར་བྱིན་བརླབ་མཁའ་འགྲོའི་ཚོགས། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །བདག་གཞན་གཉིས་མེད་དོན་ཕྱིར་དུ། །དྲག་པོ་ཁྲོ་རྒྱལ་ཀུན་བསྒྲུབས་ནས། །སྙིང་པོ་བླ་མེད་མཆིས་པ་དང་། །གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཞེས་སོ་སོར་ལན་གསུམ་སོགས་ཅི་རིགས་བརྗོད། ཚོགས་ཞིང་ནི། མདུན་གྱི་ནམ་མཁར་པཾ་པདྨ་མཎྜལ་ཧཱུཾ། ཨ་ཙནྡྲ་མཎྜ་ལ་ཧཱུཾ། མེ་སུཪྻ་མཎྜལ་ཧཱུཾ། ཧཱུཾ། དུར་ཁྲོད་རིན་ཅེན་འབར་བའི་ཕོ་བྲང་ནས། །འཇིགས་བྱེད་ཆེ་མཆོག་བཛྲ་ཧེ་རུ་ཀཿ། །དབང་དྲག་པདྨ་བཀའ་ཡི་འཁོར་དང་བཅས། །དབང་དྲག་ལས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ རྔམ་བརྗིད་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །དབང་དྲག་པདྨའི་སྐུ་ལ་མཆོད་པ་འབུལ། །དབང་དྲག་པདྨའི་སྐུ་ལ་བཟོད་པར་གསོལ། །དུག་གསུམ་ཞལ་དུ་གསོལ་ལ་ཡི་རང་ངོ་། །མྱ་ངན་(༢བ)


GLG022_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདར་བདག་ལ་ཐུགས་རྗེས་གཟིགས། །ཐེག་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །བདག་དང་སེམས་ཅན་བྱང་ཆུབ་ཐོབ་པར་ཤོག །ཅེས་གཏེར་གཞུང་གི་ཚིག་རྐང་ཐ་མ་བསྡུས་པ་སྟེ་སྒོམ་དོན་ལྟར་ཚོགས་བསགས། གཞལ་ཡས་ཁང་སྲུང་འཁོར་བཅས་པ་ནི། །ཚོགས་ཞིང་འོད་ཞུ་སྤྱི་གཙུག་ནས་ཐིམ་པས། ཐ་མལ་ལུས་ཀྱང་འོད་ཞུ་རྣམ་ཤེས་ཀྱི། །ངོ་བོ་ཧཱུཾ་ཡིག་དམར་པོ་ཞིག་ཏུ་གྱུར། །དེ་ལས་འོད་ཟེར་དམར་པོས་འཇིག་རྟེན་ཁྱབ། །སེམས་ཅན་ལ་ཕོག་ལས་དང་བག་ཆགས་སྦྱངས། །རྣམ་ཤེས་དབང་བསྡུས་སླར་ཡང་བདེར་གཤེགས་མཆོད། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདག་ལ་ཐིམ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐུགས་རྒྱུད་བསྐུལ། །དབང་དང་དངོས་གྲུབ་བྱིན་རླབས་ནུས་ཀུན་བསྡུས། །ཧཱུཾ་ཡིག་སྔར་བས་གཟི་བརྗིད་བཀྲག་དང་ལྡན། །འོད་དམར་ཚ་རྩུབ་རྣམ་པ་མཚོན་ཆའི་དབྱིབས། །རྒྱོབ་གསོད་བརླག་སྒྲར་བཅས་པ་གྲངས་མེད་འཕྲོས། །སྣང་སྲིད་ལྷེམ་གང་སྡེ་བརྒྱད་གནོད་བྱེད་ལ། །ཕོག་པས་བྱ་སྒྲོ་མེར་བསྲེགས་ལྟ་བུར་བརླག །ཚེ་དབང་མཐུ་ནུས་རྫུ་འཕྲུལ་འོད་ཚུལ་བསྡུས། །སྔར་གྱི་གཟི་བྱིན་གྲོགས་གྱུར་འོད་ཟེར་དང་། །དྲག་པོའི་སྒྲ་ཡིས་སྟོང་གསུམ་རབ་གང་བ། །སླར་འདུས་ཤིན་ཏུ་གཟི་འབར་མགར་མལ་གྱི། །ཚ་ཚ་ལྟ་བུར་འཕྲོ་ཞིང་འཁྲུག་པར་གྱུར། །ཧཱུཾ་ལས་རཾ་ཆད་དམར་སྨུག་དུར་ཁྲོད་མེ། །སྣ་ཚོགས་པད་ཟླ་དྲེགས་སྟེང་ས་བོན་བབས། །ཀཾ་འཕྲོས་མེ་རི་གདན་དང་བཅས་པ་རྣམས། །འོད་ཞུ་ཐོད་སྐམ་ཟླུམ་པོའི་གཞལ་ཡས་ཁང་། །ཧཱུཾ་ལས་ཨེ་ཡཾ་རཾ་ར་སུཾ་ཀེཾ་ཆད། །ནམ་མཁའ་རླུང་མེ་ཁྲག་མཚོ་མཾ་སའི་གཞིར། །རུས་པའི་རི་རབ་སྟེང་ན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན། །ཐོད་རྩིག་ཞིང་ཆེན་ཀ་བ་ཞིང་ཆུང་གཞུ། །ཚངས་གདུང་མཆོག་ཕྲན་(༣ན)


GLG022_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་དྲལ་མ་བཀབ། །ཤ་ཆེན་ནག་ལེབ་ཉི་ཟླའི་མཐོངས་ཁུང་བཏོད། །ཞིང་ལྤགས་བླ་བྲེ་གསུར་ཆེན་དུད་པ་འཐུལ། །ཐོད་སྐམ་ཕ་གུ་པདྨ་དྲ་བ་ཕྱེད། །མདའ་ཡབ་པུ་ཤུ་རུས་ཆེན་མཆོད་རྟེན་ཁྲིགས། །ཞིང་ལྤགས་རྒྱལ་མཚན་བ་དན་རྒྱན་ཀུན་སྤྲས། །སེར་པོའི་འོད་འཕྲོས་ཕྱི་རོལ་གསེར་འཁོར་རྩིབས། །བརྒྱད་པ་གཡས་འཁོར་དཔལ་ལ་ལྕགས་སྡིག་མཚན། །ཕྱིར་འོད་དམར་ལས་མེ་འཁོར་གཡོན་འཁོར་བ། །ནང་བསྟན་རྩིབས་སྟོང་དཔལ་ལས་ལྕགས་སྡིག་འཕྲོ། །དེའི་ཕྱིར་རྡོ་རྗེའི་གུར་ཁང་སྨུག་ནག་མར། །མེ་ཡི་ཁྲོ་བོ་བྱ་ཁྱུང་དཔག་མེད་འཚུབ། །གདན་དང་ལྷ་བསྐྱེད་པ་ནི། །གཞལ་ཡས་དབུས་སུ་པཾ་ཨ་མ་ཡིག་ལས། །སྣ་ཚོགས་པདྨ་ཟླ་ཉིའི་གདན་སྟེང་ན། །རང་སེམས་ཧཱུཾ་ཞུ་འོད་ཕུང་འཁྱིལ་བ་ལས། །བདག་ཉིད་དྲག་པོ་པདྨ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ལ་ཟླུམ། །ཞལ་གདངས་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར། །དབུ་སྐྲ་དམར་སེར་ཕྱེད་བརྫེས་ལྷག་རིང་འཕྱང་། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ། ཧཱུཾ་དགུ་རཾ་དགུས་མཚན་ལས་མེ་དཔུང་འཕྲོ། །ལྕགས་བསྲེགས་སྡིག་པ་ཁ་དགུ་མིག་དགུ་པ། །འཇིགས་རུང་གཡོན་པའི་སྡིགས་མཛུབ་རྩེ་ནས་འགྱེད། །ཞིང་ཆེན་རྐེད་དཀྲིས་ལ་སོགས་དུར་ཁྲོད་ཆས། །རིན་ཅེན་རུས་རྒྱན་ཀླུ་རིགས་བཞི་ཡི་སྦྲུལ། །ཡན་ལག་རབ་བཅིངས་བརྗིད་གཏུམ་རྔམས་ཤིང་ཁྲོས། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །གཡས་བསྐུམ་གཡོན་བརྐྱང་དྲེགས་པ་ཕོ་མོ་བརྫིས། །བ་སྤུའི་བུ་གར་གསེར་རྡོར་ནས་འབྲས་ཙམ། །རྭ་དབར་ཚ་ཚ་ཁོལ་བའི་གོ་ཁྲབ་གྱོན། །དུང་ཁང་ནང་དུ་འཁོར་ལོ་རྩིབས་བཞིའི་དབུས། །སྐུ་ཡི་ངོ་བོ་(༣བ)


GLG022_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གསེར་མདོག་ཅན། །ཁྲོ་ཚུལ་གཡས་པ་རལ་གྲི་ཀླད་ལ་བསྐོར། །གཡོན་པ་ཐུགས་ཀར་སྡིགས་མཛུབ་སེམས་སྐྱིལ་བཞུགས། །རིན་ཅེན་རྒྱན་སྤྲས་དར་གྱི་ན་བཟའ་གསོལ། །མགྲིན་པར་འདབ་བཞིར་ཧྲཱིཿསྒྲའི་ངོ་བོ་ལས། །རྟ་མགྲིན་དམར་པོ་སྤྱི་གཙུག་རྟ་སྐད་སྒྲོག །གཡས་པ་རྡོ་རྗེ་དབྱུག་པ་གཡོན་སྡིགས་མཛུབ། ཁྲོ་གཏུམ་དུར་ཁྲོད་ཆས་རྫོགས་ཞབས་དོར་སྟབས། །ཐུགས་ཀར་རྒྱ་གྲམ་སྟེང་ན་ཐུགས་ཀཀྞི། །གསེར་མདོག་བང་རིམ་གསུམ་པ་བུམ་བྲེ་འཁོར། །གདུགས་བཅས་ལྟེ་བར་དྲན་རིག་ངོ་བོ་ནི། །ཕྱག་རྡོར་མཐིང་ནག་གསེར་རྡོར་སྡིགས་མཛུབ་མཛད། །སྟག་ཤམ་སྦྲུལ་སོགས་ཁྲོ་ཆས་ཞབས་དོར་སྟབས། །ལྟེ་བར་ཆོས་འབྱུང་པདྨ་བཾ་རོའི་སྟེང་། །ཕག་མོ་དམར་མོ་གཅེར་བུ་སྐྲ་གྲོལ་བ། །གྲི་གུག་ཐོད་ཁྲག་ཁ་ཊྭཱཾ་གྲུ་མོར་བརྟེན། །གཡས་པའི་རྟིང་པ་བྷ་གར་བསྟད་པ་ཡི། །བཞེངས་པའི་གར་སྟབས་རུས་པའི་རྒྱན་གྱིས་མཛེས། །དཀར་སེར་དམར་ལྗང་རང་འདྲའི་རིགས་བཞིས་བསྐོར། །རིམ་བཞིན་ཐུགས་ཀར་འབྲུ་གསུམ་མ་ཡིས་མཚན། །སྤྱི་བོར་འཕྲིན་ལས་ངོ་བོ་བྱ་ཁྱུང་རྒྱལ། །མཐིང་ནག་མེ་གཤོག་རྡོ་རྗེའི་མཆུ་སྡེར་གྱིས། །ཀླུ་གཉན་ཞལ་གསོལ་སྦྲུལ་དང་རིན་ཆེན་བརྒྱན། །ཐུགས་ཀར་ཁྲོམ་མཐིང་འོད་འབར་རྭ་དབར་དུ། །ཉི་ཟླ་པད་སྟེང་རིགས་བདག་སྣང་མཐའ་ཡས། །དམར་པོ་མཉམ་གཞག་མཚོན་གང་སྤྲུལ་སྐུའི་ཆས། །རྩིབས་བཅུར་ཧཱུཾ་མཛད་ལ་སོགས་ཁྲོ་བཅུ་ནག །ཞལ་གཅིག་ཕྱག་གཉིས་ཐོ་བ་ལྕགས་ཀྱུ་འཛིན། །བརྐྱང་བསྐུམ་ཞབས་གཉིས་དྲེགས་བརྫིས་རང་འདྲ་བའི། །སྤྲུལ་པ་འགྱེད་ཅིང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲས། །གདུག་པ་ཀུན་འདུལ་མེ་དཔུང་ཀློང་ན་བཞུགས། སྤྱན་འདྲེན་ནི། ཧཱུཾ་ལས་འོད་འཕྲོས་ཨྱོན་གནས་མཆོག་ནས། །དབང་དྲག་པདྨ་ཐོད་ཕྲེང་རྩལ་གཤེགས་ཤིག །དམ་ཚིག་པ་(༤ན)


GLG022_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་གཉིས་མེད་གྱུར། །ཨོཾ་ལས་འོད་སེར་འཕྲོས་པས་སྐུ་ཡི་ལྷ། །དཔག་མེད་བྱོན་པ་དུང་ཁང་ལྷ་ལ་ཐིམ། །མི་ཤིགས་རྡོ་རྗེ་སྐུ་ཡི་དབང་ཐོབ་གྱུར། །ཨཱཿལས་འོད་དམར་འཕྲོས་པས་གསུང་གི་ལྷ། །དཔག་མེད་བྱོན་པ་མགྲིན་པའི་ལྷ་ལ་ཐིམ། །འགགས་པ་མེད་པ་གསུང་གི་དབང་ཐོབ་གྱུར། །ཧཱུཾ་ལས་འོད་སྔོན་འཕྲོས་པས་ཐུགས་ཀྱི་ལྷ། །དཔག་མེད་བྱོན་པ་ཐུགས་ཀའི་ལྷ་ལ་ཐིམ། །སྐྱེ་མེད་དོན་དམ་ཐུགས་ཀྱི་དབང་ཐོབ་གྱུར། །མ་ལས་འོད་དམར་འཕྲོས་པས་ཡོན་ཏན་ལྷ། །དཔག་མེད་བྱོན་པ་ལྟེ་བའི་ལྷ་ལ་ཐིམ། །མ་ལུས་རྫོགས་པའི་ཡོན་ཏན་དབང་ཐོབ་གྱུར། ཁྲོམ་ལས་འོད་མཐིང་འཕྲོས་པས་འཕྲིན་ལས་ལྷ། །དཔག་མེད་བྱོན་པ་དབུ་གཙུག་ཁྱུང་ལ་ཐིམ། །ཐོགས་པ་མེད་པའི་འཕྲིན་ལས་དབང་ཐོབ་གྱུར། །ཡིག་འབྲུ་ལྔ་ལས་འོད་ཟེར་རྣམ་ལྔ་འཕྲོས། །སྣང་མཐའ་ལ་སོགས་བདེ་གཤེགས་ཐམས་ཅད་ཀུན། །སྤྱན་དྲངས་འོད་དཔག་མེད་ལ་ཐིམ་པ་ཡིས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དབང་ཐོབ་གྱུར། ཁྲོ་བཅུ་གྲངས་མེད་སྤྱན་དྲངས་སོ་སོར་ཐིམ། །ཧཱུཾ་དང་སྔགས་ཕྲེང་བ་སྤུའི་བུ་ག་ནས། །མེ་དབལ་མཐིང་ནག་ལྕགས་ཀྱི་ཐོ་བ་དང་། །མེ་ཡི་ཞགས་ཐོགས་ཁྲོ་གཏུམ་གློག་ལྟ་བུར། །འཁྱུགས་པ་འཇིག་རྟེན་ཁམས་ཁྱབ་གནོད་བྱེད་རྣམས། །བསད་བཅད་གཏུབས་ནས་ཐལ་བའི་རྡུལ་བཞིན་བརླག །ཕྱི་ནང་ཀུན་གང་སྲུང་དང་བཟློག་པའི་ལས། །བདག་ཉིད་སྔར་བས་ཆེ་བཙན་འགྲན་ཟླ་བྲལ། །ལུས་དཀྱིལ་ལྷ་ཡི་སྐུ་ལས་འབར་བའི་མེས། །ལུས་གང་ནད་གདོན་སྒྲིབ་པའི་དྲི་མ་བསྲེགས། །ལུས་ནང་མར་མེ་སྦར་ལྟར་ལྷ་རྣམས་གསལ། །ལུས་ངག་ཡིད་གསུམ་བདེ་བའི་ཉམས་དང་ལྡན། །ཕྱི་ནང་འཁོར་བའི་རྩིབས་བར་དགྲ་བགེགས་ཀྱི། །སྐེ་གཏུབས་བྲུལ་ཞིང་ཤ་ཁྲག་དམར་ཉོག་བཏགས། །འཛབ་ནི། གཞལ་(༤བ)


GLG022_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ནང་དུ་བསྲུང་བྱ་ལྷའི་རྣམ་པ། །ཕྱག་རྡོར་ཐུགས་ཀར་ཟླ་ཉིའི་སྟེང་དུ་ཧཱུཾ། །དམར་པོའི་མཐའ་ནས་གཡས་སུ་སྔགས་ཀྱིས་བསྐོར། །མགལ་མེའི་འཁོར་ལོ་ལྟ་བུར་འཁོར་བར་གྱུར། །རྩ་སྔགས་ལ་ཤམ་བུ་འདོགས་ལུགས་མན་ངག་ལྟར་བྱས་ཏེ་བསྙེན། །ཐུན་མཚམས་སུ་གཏོར་མ་འབུལ་ཚུལ་ཤོག་དྲིལ་ལས་ཉེ་བར་བསྡུས་ཏེ། རཾ་ཡཾ་ཁཾ། ཨཱོཾ་ཨཱཿཧཱུཾ་མ་ཧཱ་བྷ་ལིནྟ། ཏེ་ཛྭ་བྷ་ལིནྟ། བྷ་ལ་བྷ་ཏེ། གུ་ཧྱ་ས་མ་ཡེ་སྭཱཧཱ། ལན་གསུམ་གྱིས་བརླབ། མདུན་གྱི་ནམ་མཁར་པཾ་པདྨ་མཎྜ་ལ་ནས། །དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་ཚོགས་ཞིང་ལྟར། ཧཱུཾ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བྱང་ཆུབ་བསྒྲུབ་ལ་བར་གཅོད་བྱེད་པ་དང་། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས། །དྲག་པོས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས། །དབང་དྲག་པདྨའི་སྐུ་ལ་མཆོད་པར་འབུལ། །ཨཱོཾ་ཨཱཿཧཱུཾ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། དབང་པོ་ལྔ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བསྟོད་ཅིང་འཕྲིན་ལས་འཆོལ་བ་གཏེར་གཞུང་ལས་བཏུས་པ་ནི། ཧཱུཾ། ཁམས་གསུམ་གནས་ནས་སྟོབས་ལྡན་རྫུ་འཕྲུལ་ཅན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ། །ངོ་མཚར་རྨད་བྱུང་བཛྲ་ཧེ་རུ་ཀཿ། །འཇིགས་བྱེད་ཁྲོ་རྒྱལ་རྡོ་རྗེ་ཐོད་ཕྲེང་རྩལ། །དྲག་པོ་པདྨའི་ལྷ་ཚོགས་རྣམས་ལ་བསྟོད། །ཧཱུཾ། དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས། །རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་བསྐུལ། །བདག་ནི་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །ཐུགས་རྗེས་(༥ན)


GLG022_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང་། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་དྲོངས། །གསུང་དབྱངས་དྲུག་ཅུ་ལྡན་པའི་མགུར་དུ་བསྒྲིལ། །དོན་དམ་སྐྱེ་མེད་ཐུགས་ཀྱི་དཀྱིལ་དུ་བསྟིམ། །རྣལ་འབྱོར་བདག་གི་འདོད་པའི་དོན་རྣམས་ནི། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །གྲུབ་པར་མཛོད་ཅིག་བཛྲ་ས་མ་ཡ། །མ་མགོན་སྡེ་བརྒྱད་ལ་གཏོར་མ་བསྔོ་བ་ནི། ཧཱུཾ། ཉི་མ་ཕྱོགས་ཕྱོགས་ཕ་གི་ན། །སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི། །རྣམ་པར་རྒྱལ་བའི་ཁང་བཟང་གི ། བྱང་སར་མཚམས་ཀྱི་ཕྱོགས་དག་ན། །རྩུབ་འགྱུར་ཚལ་གྱི་དུར་ཁྲོད་ནས། །མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །བྷྱོ། ཉི་མ་ཕྱོགས་ཕྱོགས་ཕ་གི་ན། །ཆོས་བཟང་ལྷ་ཡི་འདུན་ས་ཡི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ན། །ཡོངས་འདུ་ཤིང་གི་རྩ་བ་ན། །མུ་ལེ་དིང་གི་ནག་ཤེད་ནས། །དཔལ་ལྡན་ལྷ་མོ༝། །ཤར་ནས་ལྷ་ཡི་གཙོ་བོ༝། །ལྷོ་ནས་ཡ་མ་རཱ་ཙ༝། །ནུབ་ནས་སྲིད་པའི་རྒྱལ་མོ༝། །བྱང་ནས་བསྐོས་རྗེ་བྲང་དཀར༝། །ཤར་ལྷོའི་སྲོག་ཟན་དམར་པོ༝། །ལྷོ་ནུབ་པེ་དཀར་རྒྱལ་པོ༝། །ནུབ་བྱང་ཀ་ལ་ཡཀྴ༝། །བྱང་ཤར་ཀླུ་བདུད་མགོ་དགུ༝། །དུར་ཁྲོད་གཞལ་ཡས་ཆོས་འབྱུང་རྩིབས་བརྒྱད་སྟེང་། །པདྨ་ཉི་མ་རོ་ཡི་གདན་ལ་བཞུགས། །ཤ་ཁྲག་བདུད་རྩིའི་གཏོར་མ་རྒྱ་མཚོའི་ཚོགས། །འབུལ་གྱི་འཁོར་དང་བཅས་པ་དགྱེས་པར་རོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་བཛྲ་རེ་མ་ཏཱི། །ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ཧཱ་བྷ་ལིངྟ་ཁཱ་ཧི། མགོན་པོ་བེར་ནག་ཐོད་ཅན་ཁྲམ། །རུ་མཚོན་འཛིན་ཅིང་རྟ་ནག་བཅིབས། །སྲིང་མོ་པགས་གྱོན་རལ་གྲི་དང་། །ནད་རྐྱལ་ཐོགས་ནས་དྲེལ་རྟ་ཞོན། །སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །རླུང་ནས་མགྱོགས་པར་མྱུར་དུ་རྒྱུག །སྲོད་ལ་དགྲ་བོའི་བླ་ཁུག་ལ། །ནམ་ཕྱེད་དམ་ཉམས་(༥བ)


GLG022_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱལ་དུ་ཆུག །ཐོ་རེངས་དགྲ་བོའི་སྲོག་རྩ་ཆོད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །བསྟན་པའི་རུ་དྲ་སྡིག་ཅན་ནི། །མྱུར་དུ་བསྒྲལ་བའི་དུས་ལ་བབ། །ཅེས་བསྐུལ་ཞིང་བདུད་རྩི་སྦྲེང་། །རཀྟ་འཕྱར། གཏོར་མ་བཏང་། བཤགས་པ་བྱ། བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་བྱའོ། །གཏེར་ཁ་གོང་མའི་དྲག་སྒྲུབ་བདེ་འདུས་ལ། །རྙིང་མར་མཁས་འགའ་སྔ་འགྱུར་ལུགས་སྤྱི་འགེབས། །གསར་མ་བ་དག་ཕྱི་འགྱུར་སྒྲུབ་ཐབས་ཀྱི། །ཞྭ་དཔེ་ལྷམ་གྱིས་བྱེད་མཐོང་ཆིག་དགོད་འཆོར། །མདོ་སྔགས་ཡོངས་ལ་སྦྱངས་པའི་ཡུས་པོ་ཆེ། །མིན་ཀྱང་གཏེར་བྱོན་སོ་སོའི་བཞེད་པའི་སྲོལ། །མ་འདྲེས་བླ་མའི་དྲིན་གྱིས་རྟོགས་པའི་ཚེ། །མུན་ནག་མདའ་འཕེན་མ་དགོས་བློ་རེ་བདེ། །དགེ་འདིས་སྐྱེ་བ་ཀུན་ཏུ་ཐོད་ཕྲེང་རྩལ། །སྙིང་གི་ཟེའུ་འབྲུར་བཞུགས་ལ་བཤེས་མཛད་དེ། །རང་རིག་བླ་མའི་ངོ་བོ་ཡོངས་གྲོལ་ཞིང་། །གནས་སྐབས་ལས་བཞིའི་འཕྲིན་ལས་མྱུར་འགྲུབ་ཤོག །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བ་བཅུ་གསུམ་པ་ཉང་ཉི་མ་འོད་ཟེར་གྱི་ཟབ་གཏེར་དྲག་པོ་གཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ་ཞེས་པ་འདི་ནི་རང་ཉིད་ཀྱི་རྒྱུན་ཁྱེར་དང་སྣོད་ལྡན་འགའ་ལའང་ཕན་པར་འགྱུར་རམ་སྙམ་པའི་ལྷག་བསམ་གྱིས་ཡིད་དྲངས་ནས་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དང་ཁྱབ་བདག་ཁྲ་ཚང་པ་བློ་གྲོས་མཆོག་གི་རྡོ་རྗེའི་བཀའ་དྲིན་ལས་ཟབ་ལམ་འདི་ལ་ཐོས་བསམ་སྒོམ་པའི་བློ་ཅན་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་ཀུན་དགའི་ལོ་མགོས་ཉ་བའི་དམར་ཆའི་དགའ་བ་དང་པོ་ལ་རི་བོ་གྲུ་འཛིན་གྱི་གཞལ་མེད་ཁང་དུ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པའོ།། །།


previousགཞུང་ཆེན་བདེར་གཤེགས་འདུས་པའི་སྙིང་པོའི་དོན་ཀུན་ཚང་བར་བསྡུས་པའི་ཐུགས་སྒྲུབ་ཐོག་མདའི་ཚ་དབལ། next