Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི།
   
   
   
   


 
previousཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི།next

ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི།


GLG022_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་བཞུགས་སོ། །


GLG022_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་འདུས་པདྨ་ཀ་ར་དང་། །དབྱེར་མེད་རྩ་བའི་བླ་མའི་ཞབས་བཏུད་ནས། །ཞིང་སྐྱོང་དབང་པོ་སེང་གེའི་གདོང་ཅན་གྱི། །ལས་བྱང་རྒྱུན་འཁྱེར་ཉུང་ངུའི་ཚུལ་དུ་འདྲི། །མཆོད་གཏོར་རྟེན་དང་དམ་རྫས་མ་ལུས་པ། །རིགས་འཛིན་བརྒྱུད་པའི་ཕྱག་ལེན་ལྟར་བཤམས་ནས། །རང་ཉིད་དཔལ་ཆེན་ལྟ་བུ་ཡི་དམ་ལྷའི། །ཏིང་འཛིན་ངང་ནས་འཕྲིན་ལས་རིམ་པ་གྱེར། །ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། །ཆོས་རྣམས་གསལ་སྟོང་འཛིན་མེད་ངང་ཉིད་ལས། །དམར་ནག་མེ་རླུང་དྲག་ཏུ་འཁྲུག་པའི་དབུས། །པཾ་ལས་པདྨ་རཾ་ལས་ཉི་མ་དང་། །དགྲ་བོ་གན་རྐྱལ་བསྒྱེལ་བའི་གདན་སྟེང་དུ། །རང་གི་ཐུགས་ཀའི་ས་བོན་ལས་ཆད་པའི། །ཧཱུཾ་ཡིག་འཕྲོ་འདུ་ཡོངས་སུ་གྱུར་པ་ལས། །བདུད་མགོན་སེང་གདོང་མཐིང་ནག་འཇིགས་པའི་སྐུ། །དམར་ཟླུམ་སྤྱན་བགྲད་ཞལ་གདངས་མཆེ་བ་གཙིགས། །ལྗགས་འདྲིལ་དྲག་པོའི་གདབ་རྒྱངས་འབྲུག་ལྟར་སྒྲོག །ལྕགས་རལ་སྔོན་པོ་གནམ་དུ་འཕྱོ་བའི་གསེབ། །སེང་ཆང་སྐར་ལྟར་འཁྲུག་ཅིང་གློག་ལྟར་འཁྱུག །ཕྱག་གཡས་དར་མདུང་ནག་པོ་མཁའ་ལ་འཕྱར། །(༢ན)


GLG022_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་དམར་གཏོར་གནམ་ལྕགས་ཐོག་ལྟར་འཕེན། །མུན་པའི་མདོག་ཅན་དར་གྱི་འཇོལ་བེར་གསལ། །གོ་མཚོན་སྤུ་གྲིའི་འཁོར་ལོ་རྐེད་ལ་མཛེད། །སྟག་རལ་གཟིག་ཤུགས་བཅིངས་ཤིང་སག་ལྷམ་གྱོན། །བདུད་རྟ་ནག་པོ་རླུང་གཤོག་ཅན་ལ་ཆིབས། །གཡོན་དུ་ཏྲི་ལས་བདུད་མོ་སེང་གདོང་མ། །མདོག་དམར་ཞལ་བགྲད་མཆེ་གཙིགས་སྤྱན་གསུམ་ལྡན། ཁྲག་རལ་གསེབ་ནས་སེང་ཆུང་མེ་སྟག་འཕྲོ། །གཡས་པ་ཁ་ཊཱཾ་གཡོན་པ་དགྲ་སྙིང་འཛིན། །དར་དམར་བེར་གྱོན་བཙན་རྟ་དམར་པོ་ཆིབས། །ཡབ་ཡུམ་གཉིས་ཀྱི་མདུན་དུ་ཏྲི་ཡིག་ལས། །ལས་མཁན་བམ་རོ་ཕོ་མོ་དམར་སེར་མདོག །སྤྲེལ་གདོང་ལག་གཉིས་བྱ་སྡེར་ས་ལ་བཙུགས། །རྐང་པས་དམར་གྱི་གཏོར་མ་དགྲ་ལ་འཕེན། །མི་ལྤགས་རྐེད་དཀྲིས་མེ་རླུང་འཚུབ་མ་འཁྱིལ། །ཡབ་ཡུམ་འཁོར་དུ་ལས་མཁན་གཏུམ་པོ་ནི། །ལྷོ་ཕྱོགས་བྱང་ཤར་ལྷོ་ནུབ་ཤར་ལྷོ་དང་། །བྱང་ཕྱོགས་ནུབ་བྱང་ནུབ་དང་ཤར་རྣམས་སུ། །ས་བོན་བརྒྱད་ལས་སྐྱེས་པའི་མི་བསྲུན་པའི། །འཇིགས་རུང་དྲེགས་པའི་སྡེ་དཔོན་ཆེན་པོ་བརྒྱད། །ཡ་ལས་གཤིན་རྗེ་ཆོས་རྒྱལ་ལྗང་(༢བ)


GLG022_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མདོག །བེ་ཅོན་རྒྱུ་ཞགས་འཛིན་ཅིང་ཆུ་གླང་ཞོན། །མ་ལས་རྡོ་རྗེ་བ་ལམ་མདོག་ནག་མོ། །རལ་གྲི་ནད་རྐྱལ་འཛིན་ཅིང་དྲེལ་ནག་ཞོན། །ར་ལས་ཚངས་པ་དཀར་པོ་རྟ་དཀར་ཞོན། །སྤུ་གྲི་འཛིན་ཅིང་དར་མདུང་དཀར་པོ་འཕྱར། །ཛ་ལས་བཙན་འགོང་ཡམ་ཤུད་དམར་པོ་ནི། །མདུང་དམར་ཞགས་པ་འཛིན་ཅིང་བཙན་རྟ་ཞོན། །དུ་ལས་བདུད་པོ་བྱེ་བ་དགུ་རིང་ནག །རལ་གྲི་བདུད་ཞགས་འཛིན་ཅིང་རྟ་ནག་ཞོན། །ཏྲི་ལས་ན་ག་སིང་ཧ་དུད་ཀའི་མདོག ཁྲམ་ཤིང་ལྕགས་ཀྱུ་འཛིན་ཅིང་བོང་བུ་ཞོན། །ཕུ་ལས་ཀླུ་བདུད་མགོ་དགུ་སྐུ་མདོག་ནག །ཕྱག་གཉིས་སྦྲུལ་ཞགས་འཛིན་ཅིང་ཆུ་སྲིན་ཞོན། །ཏྲི་ལས་རྡོ་རྗེ་ལེགས་པ་མཐིང་ནག་མདོག །ཐོ་བ་ལྕགས་སྐམ་འཛིན་ཅིང་ར་སྐྱེས་ཞོན། །གཙོ་འཁོར་ཀུན་ཀྱང་ཐོད་སྐམ་དབུ་རྒྱན་དང་། །ཁྲག་འཛག་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་། ཁྲག་གི་ཐིག་ལེ་ཞག་གི་ཐོ་རིས་དང་། །ཐལ་ཆེན་ཚོམ་བུ་སྟག་ཤམ་རུས་པ་སོགས། །འཇིགས་རུང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །གཞན་ཡང་མཁའ་འགྲོ་འབྱུང་པོ་འདུས་པ་ལས། །གཏུམ་ཆེན་སེང་གེ་གླང་ཆེན་སྨྱོན་པ་དང་། །སྟག་གཟིག་ཅེ་སྤྱང་དུར་བྱ་ཀངྐ་ཁྲ། །བྱ་རོག་འུག་པ་ཕག་རྒོད་མི་རྒོད་སོགས། །འཇིགས་རུང་འཁོར་རྣམས་ལ་ལས་རིི་རབ་འཕེན། །རྒྱ་མཚོ་ཧུབ་འདེབས་ཉི་ཟླ་ཐང་ལ་འབེབས། །མཚོན་ཆའི་ཆར་འབེབས་རང་ཤ་རང་གིས་ཟ། །ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྒྲ་ཆེན་སྒྲོག །དུག་མཚོ་འཁོལ་ཞིང་ཐོག་མཚོན་བུ་ཡུག་འཚུབ། །བསྐལ་པའི་མེ་འབར་རླུང་ནག་འཚུབ་མ་འཁྲུག །དགྲ་བགེགས་འདར་བྱེད་གཙོ་འཁོར་ཐམས་ཅད་ཀྱི། །གནས་གསུམ་ཡི་གེས་མཚན་དང་(༣ན)


GLG022_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཀྱི། །ཐུགས་ཀ་ལས་འཕྲོས་འོད་ཟེར་ལྕགས་ཀྱུ་ཡིས། །བསིལ་བའི་ཚལ་དང་དཔལ་གྱི་ཙཱ་རི་ནས། །ཞིང་སྐྱོང་འཁོར་བཅས་ཐོགས་མེད་སྤྱན་འདྲེན་གཤེགས། །ཧཱུཾ། ཀུན་ཏུ་བཟང་པོ་རིགས་འཛིན་པདྨ་འབྱུང་། །གཏེར་སྟོན་རིན་ཅེན་ཚུལ་རྡོར་ལ་སོགས་པ། །རྩ་བརྒྱུད་བླ་མའི་བསྟན་སྲུང་མཐུ་རྩལ་ཅན། །ཞིང་སྐྱོང་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བའི་ཚེ། །འཕགས་ཡུལ་རྡོ་རྗེ་གདན་ནས༝། །གསང་སྔགས་ཐེག་པའི་བཀའ་སྲུང་མཛད་པའི་ཚེ། །ཨྱོན་གསང་བའི་གནས་ནས༝། །དཔའ་བོ་མཁའ་འགྲོའི་གཙོ་བོ་མཛད་པའི་ཚེ། །ཉི་ཤུ་རྩ་བཞིའི་ཡུལ་ནས༝། །ལྷ་སྲིན་སྡེ་བརྒྱད་དམག་སྣ་འདྲེན་པའི་ཚེ། །དུར་ཁྲོད་བསིལ་བའི་ཚལ་ནས༝། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཚེ། །ཏེ་སེ་གངས་ཀྱི་རི་ནས༝། །མ་སྲིང་བསྟན་མའི་འཁོར་གྱིས་བསྐོར་བའི་ཚེ། །ལ་ཕྱི་སྒྲུབ་པའི་གནས་ནས༝། །རིགས་འཛིན་དགྲ་ལྷ་ཆེན་པོ་མཛད་པའི་ཚེ། །གནས་མཆོག་ཙཱ་རི་ཏྲ་ནས༝། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་ཚེ། རྔམ་པ་སྒྲ་སྒྲོག་ཆེ་ནས༝། །ཟབ་མོ་གཏེར་གྱི་སྲུང་མ་མཛད་པའི་ཚེ། །ཟིལ་ཆེན་གསང་བའི་ཕུག་ནས༝། །ཚུར་སྤྱོན་ཚུར་སྤྱོན་སེང་གདོང་ཡབ་དང་ཡུམ། །བམ་རོ་ཕོ་མོ་དྲེགས་པ་སྡེ་བརྒྱད་སོགས། །གྲངས་མེད་འཁོར་ཚོགས་རྒྱ་མཚོར་བཅས་པ་རྣམས། །དམ་ལས་མ་འདའ་ཐོགས་མེད་ད་ཚུར་སྤྱོན། །ཨཱོཾ་མཧཱ་ཀཱ་ལ་སིངྷ་མུ་ཁ་ཧཱུཾ་ཕཊ་ཏྲི་ཧྲིང་ཛཿ ཌཱ་ཀི་ནཱི་སིཾ་ན་ར་མ་ཧཱུཾ་ཕཊ་ཏྲི་ཧྲིང་ཛཿ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་(༣བ)


GLG022_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ ཧཱུཾ། འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས། །པད་ཉི་དགྲ་བགེགས་གདན་སྟེང་དུ། །བདུད་མགོན་ཡབ་ཡུམ་འཁོར་བཅས་རྣམས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛཱ་ལྷན། ཧཱུཾ། མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བདུད་མགོན་ནག་པོ་སེང་གེའི་གདོང་། །ཡབ་ཡུམ་འཁོར་དང་བཅས་པ་ལ། །འཕྲིན་ལས་བསྒྲུབ་ཕྱིར་ཕྱག་འཚལ་བསྟོད། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོཿ སྲུང་མ་འཁོར་བཅས་སྤྱན་ལམ་དུ། །ཕྱི་ནང་གསང་བའི་མཆོད་ཚོགས་ཀུན། །དངོས་བཤམས་ཡིད་ཀྱིས་སྤྲུལ་ནས་འབུལ། །བཞེས་ནས་བཅོལ་བའི་འཕྲིན་ལས་མཛོད། །ཨཱོཾ་མཧཱ་ཀཱ་ལ་སིངྷ་མུ་ཁ་སིཾ་ན་ར་མ་ཏྲི་ཏྲི། ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྡའི་བར་བརྗོད། དམར་ཆེན་གཏོར་མ་རི་ལྟར་སྤུངས། །སྨན་ཕུད་རྒྱ་མཚོ་ལྟ་བུར་བསྐྱིལ། །དམར་ཆེན་ཁྲག་གི་ཨརྒྷཾ་སྦྲེང་། །དམ་ཅན་འཁོར་བཅས་བཞེས་སུ་གསོལ། །གོང་གི་སྔགས་གཤམ་དུ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཧཱ་མཾ་ས་གོ་རོ་ཙ་ན་ཙིཏྟ་བྷ་སུ་ཏ་ཀཾ་ནྲྀ་ཏི་ཁ་རཾ་ཁཱ་ཧི། སརྦ་པཉྩ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཧཱ་རཀྟ་ཁ་རཾ་ཁཱ་ཧི། ཧཱུཾ། དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །མཐུན་པའི་དམ་རྫས་ཚོགས་རྣམས་ཀྱིས། །ཞིང་སྐྱོང་འཁོར་བཅས་སྤྱན་ལམ་དུ། །དགྱེས་པ་ཆེན་པོ་བསྐྱེད་གྱུར་ཅིག །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་སྤོས་སྦྱར་དུད་པའི་སྤྲིན། །ཚིལ་ཆེན་ལས་སྦར་མར་མེའི་འཕྲེང་། ཁྲག་ཞག་དྲི་ཆབ་མཚོ་ལྟར་བསྐྱིལ། །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །རྐང་གླིང་རོལ་མོ་འབྲུག་ལྟར་ལྡིར། །ཀུན་བཟང་མཆོད་པའི་སྤྲིན། (༤ན)


GLG022_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་གིས། །བདུད་མགོན་འཁོར་བཅས་ཐུགས་དམ་བསྐང་། །བདུད་ཀྱི་རྟ་ནག་རྟིང་དཀར་ཅན། །བཙན་རྟ་དམར་པོ་གློག་ལྟར་འཁྱུག །སྒ་སྲབ་གོང་རྨད་ཆས་ཀྱིས་བརྒྱན། །དམར་ནག་དར་གྱི་འཇོལ་བེར་དང་། །མདུད་རྣོན་དར་ནག་བ་དན་གཡོ། །དམར་གཏོར་རྩེ་གསུམ་དགྲ་བོའི་སྙིང་། །དུར་ཁྲོད་ཆས་བརྒྱད་ལ་སོགས་པས༝། །རྟ་ནག་དོམ་སྙིང་མ་ཉམས་པ། །ཤིང་བྱང་བཅས་པ་བླ་རྡོ་དང་། །གསང་བ་སྲོག་འཁོར་དར་ནག་གྲིལ། །འབྲོང་གཡག་ཤེལ་གོང་བྱ་ནག་ཁྱི། །སྨན་རག་སྒྲུབ་གཏོར་རྒྱུན་གཏོར་སྤུངས། །ཛ་གད་གསེར་སྐྱེམས་བདུད་རྩི་ལྔ། །སྲ་བའི་གོ་ཆ་རྣོ་བའི་མཚོན། །ཚོགས་དང་མདོས་ཀྱི་མཆོད་པ་ཡིས༝། །ཐར་མེད་བཙོན་ཁང་འབྲུབ་ཁུང་ནང་། ཁ་སྦྱར་ཐོད་པ་མེ་རླུང་གི །འཇིགས་སུ་རུང་བའི་འཁོར་ལོའི་བར། །དམ་ཉམས་ཉའོ་ཐུན་རྫས་སོགས། །དྲག་པོ་མཐུ་ཡི་ལས་སྦྱོར་གྱིས། །དགྲ་བགེགས་ཕྱེ་མར་འཐག་ནུས་པའི། །བཅའ་བཞི་སྒྲུབ་པའི་ལས་རིམ་གྱིས༝། །འདོད་ཡོན་ལྔ་དང་རྒྱལ་སྲིད་བདུན། །ཉི་ཟླ་ལྷུན་པོ་གླིང་གཞིར་བཅས། །ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་གྱིས། །རྨད་བྱུང་ཟག་མེད་བདེ་ཆེན་རྒྱས། །དཔལ་ལྡན་ཀུན་བཟང་ཧེ་རུ་ཀ །ཞིང་སྐྱོང་དབང་པོའི་རྣམ་རོལ་དུ། །ངེས་རྙེད་བླ་མེད་རྟེན་མཆོག་གིས། །ཧཱུཾ། བསྐལ་པ་དུས་མཐའི་མེ་རླུང་འཁྲུལ་པའི་དབུས། །སྟོང་གསུམ་སྐད་ཅིག་མྱུལ་བའི་རྟ་མཆོག་སྟེང་། །ཇིགས་རུང་གར་དགུའི་ཉམས་ཀྱིས་རྣམ་རོལ་བའི། །ཞིང་སྐྱོང་སེང་གེའི་གདོང་ཅན་ཁྱོད་ལ་བསྟོད། །མདོག་དམར་མི་སྡུག་སྲིན་མོ་ཁྲོས་པའི་གཟུགས། །དགྲ་བོའི་དོན་སྙིང་(༤བ)


GLG022_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་ཁྲག་རྒྱུན་འཐུང་། །རླུང་གི་ཤུགས་ལྡན་བཙན་རྟ་དམར་པོ་ཆིབས། །མ་མོ་མཁའ་འགྲོའི་གཙོ་མོ་ཁྱོད་ལ་བསྟོད། །མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྱི་གཡའ་ལ། །རྦད་ན་དགྲ་བགེགས་བདུན་བརྒྱུད་རྩད་ནས་གཅོད། །ལས་ཀུན་ཐོགས་མེད་བསྒྲུབ་པའི་མཐུ་རྩལ་ཅན། །སྡེ་བརྒྱད་དྲེགས་པའི་འཁོར་ཚོགས་རྣམས་ལ་བསྟོད། །ཆོས་དབྱིངས་བདེ་བ་ཆེ་ལས་མ་གཡོས་ཀྱང་། །མི་བསྲུན་བཤན་པ་བདུད་མགོན་སེང་གེའི་གདོང་། །ཡབ་ཡུམ་གཉིས་ཀྱི་ཐུགས་དམ་དུས་ལ་བབ། །ཤ་ཁྲག་རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ལ་སྡང་བའི་དམ་ཉམས་དགྲ །སྟེང་འོག་ཕྱོགས་མཚམས་བར་གསུམ་གར་འདུག་ཀྱང་། །ཚེ་སྲོག་སྟོབས་འབྱོར་མངའ་ཐང་ཁ་རྗེ་ཆོམས། །ལོ་ཟླར་མ་འཇོག་སྙིང་ཁྲག་ཞལ་དུ་གསོལ། །མདོག་སེར་དྲི་ངན་སྤྱི་བོ་ཚུགས་སུ་འགྲོ། །བྱ་སྡེར་སར་བཙུགས་རྐང་བས་དམར་གཏོར་འཕེན། །བཾ་ཆེན་ཕོ་མོའི་ཐུགས་དམ་དུས་ལ་བབ།༝༝༝།འཇིགས་པའི་གཟུགས་ཅན་སྣ་ཚོགས་མཚོན་ཆ་ཐོགས། །སྟོང་གསུམ་མྱུལ་ཞིང་དགྲ་བོའི་བླ་ཚེ་བརྐུ། །འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་དུས་ལ་ཕབ།༝༝༝།མཚོ་སྐྱེས་རྡོ་རྗེ་གཏེར་སྟོན་ལས་འབྲེལ་རྩལ། །ཀུན་དགའ་ཚེ་མཆོག་པདྨ་བཛྲ་སོགས། །རྩ་བརྒྱུད་བླ་མའི་དམ་ཚིག་གཉན་པོ་རྣམས། །ཉེ་བར་དགོངས་ཤིག་བདུད་མགོན་སེང་གེའི་གདོང་། ཁྱད་པར་གཙུག་ལག་འཛིན་གྱི་སྐྱེ་བའི་མཐའ། །ཟ་ཧོར་རིགས་འཛིན་མཐུ་སྟོབས་ཀུན་གྱི་བདག །ངག་དབང་བསོད་ནམས་གྲགས་པ་དཔལ་བཟང་པོས། །བསྙེན་སྒྲུབ་མཆོད་བསྟོད་དམ་(༥ན)


GLG022_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་མ་བསྒྲགས་སམ། །དེ་ཕྱིར་རིགས་འཛིན་སྔགས་འཆང་བདག་ཅག་ལ། །གནོད་བྱེད་དགྲ་བོ་བྱུང་དུས་མི་སྒྲོལ་ན། །མཐུ་ལྡན་སྲུང་མའི་དབང་པོ་ཆེན་པོ་ཞེས། །མཆོད་བསྟོད་རྦད་ཅིང་བསྐུལ་བའི་དགོས་པ་ཅི། །གཉེར་གཏད་དགྲ་འདི་སྒྲོལ་བའི་མཐུ་མེད་ན། །རྒྱལ་བའི་བསྟན་པ་གཉན་པོ་ཇི་ལྟར་བསྲུང་། །རྣལ་འབྱོར་སྒོས་ཀྱི་འཕྲིན་ལས་མི་སྒྲུབ་ན། །ཕ་མེས་བརྒྱུད་པའི་སྲུང་མས་ཅི་ཞིག་བྱེད། །མ་ཡེངས་མ་ཡེངས་ཞིང་སྐྱོང་སེང་གེའི་གདོང་། །དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་སོ། །ལུས་སྲོག་ཐེང་ལ་བོར་ནས་ཁྱོད་བསྟེན་ནོ། །མཐུན་པའི་དམ་རྫས་བསགས་ནས་ཁྱོད་བོས་སོ། །བསམ་པ་ངན་ཞིང་སྦྱོར་བ་རྩུབ་མོར་སྟོན། །ཐབས་ཀྱིས་སྨོད་ཅིང་ལེགས་བསུབ་ཉེས་པ་སྒྲོག །དུག་མཚོན་དམག་དང་མནན་གཏད་དྲག་སྦྱོར་རྩོམ། །མདོར་ན་ལོག་སྒྲུབ་བྱེད་པའི་དགྲ་བགེགས་རྣམས། །མཐུ་ལྡན་ཁྱོད་ཀྱི་ཟས་སུ་གཏད་ལགས་ན། །སྟེང་ནས་གནམ་གྱི་འཇུ་ཐག་གཉན་པོ་ཆོད། །འོག་ནས་ས་ཡི་བརྟེན་ཕུར་མྱུར་དུ་ཕྱུངས། །བར་དུ་མི་ནོར་ཟས་གསུམ་ཐལ་བར་རློག །འཆི་བདག་གཤིན་རྗེས་ཚེ་ཡི་འདུ་བྱེད་བཀུམས། །མ་མོས་དལ་ཡམས་སྤྲིན་ལྟར་འཐིབ་ཏུ་ཆུག །ཚངས་པ་ཆེན་པོས་སྨྱོ་འབོག་བརྒྱལ་ནད་ཐོང་། །བཙན་གྱིས་གཟེར་ནད་གནམ་ལྕགས་ཐོག་ལྟར་རྒྱོབ། །བདུད་ཀྱིས་ཞགས་པ་ནག་པོས་ཡན་ལག་ཆིངས། །སྲིན་པོས་ཤ་ཁྲག་རུལ་པ་ནང་ཁྲོལ་ཟོ། །ཀླུ་ཡིས་མཛེ་ནད་མེ་ལྟར་འབར་དུ་ཆུག །རྡོ་རྗེ་ལེགས་པས་ལྟས་ངན་ཆར་ལྟར་ཕོབ། །རང་རང་ལས་ཀྱིས་ཤི་བ་མ་ཡིན་པར། །གློ་བུར་མི་འདོད་རྐྱེན་ངན་(༥བ)


GLG022_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཡིས། །སྲོག་རྩ་དམར་པོ་རྦད་ཀྱིས་བཅད་ནས་ཀྱང་། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །མདོར་ན་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་ཚོགས་ཀུན། །ཡར་ངོའི་ཟླ་བ་ལྟ་བུར་རབ་རྒྱས་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཅེས་ཙཱ་རི་ཞིང་སྐྱོང་སེང་གེའི་གདོང་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི་ཞེས་བྱ་བ་འདིའང་། པདྨ་ལས་འབྲེལ་རྩལ་གྱིས་ཙཱ་རི་ཟིལ་ཆེན་གསང་ཕུག་ནས་གདན་དྲངས་པའི་སྒྲུབ་སྐོར་དང་། གཞན་ཡང་ཆོས་རྒྱལ་རིན་ཅེན་གླིང་པའི་གཏེར་མ་སོགས་གཏེར་ཁ་ཁུངས་བཙུན་རྣམས་ཀྱི་དགོངས་པ་ལྟར། ཟ་ཧོར་གྱི་སྔགས་བན་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་རྩལ་དུ་འབོད་པས་སྦྱར་བའི་ཡི་གེ་པ་ནི་རྒྱ་མཚོའོ། །


previousཞིང་སྐྱོང་སེང་གེའི་གདོང་པ་ཅན་གྱི་ལས་བྱང་གནམ་ལྕགས་སྤུ་གྲི།next