Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ།
   
   


 
previousལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ།next

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ།


GLG022_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ་བཞུགས་སོ། །


GLG022_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་དབང་གི་རྒྱལ་པོ་ལྟར། །དངོས་གྲུབ་མ་ལུས་སྩོལ་མཛད་པ། །ལྷ་མཆོག་དྲི་ཟའི་རྒྱལ་པོ་ཡི། །སྲོག་གཏད་རྗེས་གནང་རིམ་པ་འདི། །དེ་ཡང་སྟེགས་བུར་རས་དཀར་པོ་དྲི་མ་མེད་པ་སོགས་གཡོགས་པའི་སྟེང་དུ་མཉྫིའི་ཁར་སྒྲུབ་གཏོར་སྐུ་རྟེན་ཙཀླི། གཏོར་གདུགས་དཀར་པོ་ཅན་བཤམ། ཆུ་གསུམ། ཆུ་གཅིག་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྦྲེང་ཚར། སྨན་ཕུད། འབུལ་གཏོར་ཟུར་གསུམ་ལུག་མགོས་བརྒྱན་པ། གསེར་སྐྱེམས། བགེགས་གཏོར། རོལ་མོ། ཡུངས་ཀར། ཨ་ར་སྐྱ། སྤོས་དཀར་སོགས་ཉེ་བར་མཁོ་བའི་རྫས་དང་ཡོ་བྱད་རྣམས་མངོན་པར་འདུ་བྱས། གནས་ཡོ་བྱིན་རླབས་ནས་བཟུང་རྟ་མགྲིན་གྱི་བསྟོད་པའི་བར་དཀྱུས་བཞིན་ལ་བཟླས་པ་མང་ཉུང་ལོང་སྐབས་དང་བསྟུན་ནས་བྱ། ཆོས་སྨན་མ་བཏབ་པའི་ནང་མཆོད་གསར་པ་ཡིན་ན་སྨན་གཏོར་གཞུང་བཞིན་བརླབ། ཧྲཱིཿམཧཱ་ཀྲོ་དྷས་བསངས། །སྭ་བྷཱ་ཝས་མདུན་བསྐྱེད་ཀྱི་གཏོར་མ་སྦྱངས། སྟོང་པའི་ངང་ལས་མན་ཤེལ་གྱི་ཁང་བཟང་ཞེས་པ་ནས་རྒྱབ་ཀྱི་རུ་འདྲེན་ལྕགས་ཀྱི་མི་སྔོན་འཇིགས་པ་སྟེ་སོ་སོར་བརྒྱ་ཕྲག་དང་བཅས་པས་བསྐོར་བའི་བར་དང་དེ་དག་གི་གཡས་ཕྱོགས་སུ་(༢ན)


GLG022_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཡེ་ཤེས་ཞེས་པ་ནས་མཇུག་མ་བརྡབས་པས་མེ་རླུང་འཚུབ་པའི་བར་དཀྱུས་བཞིན་ལ། དེ་དག་གི་ཕྱི་རོལ་ཏུ་ལྷ་ཀླུ་གནོད་སྦྱིན་འཁོར་ཚོགས་བྱེ་བ་འབུམ་སྡེས་བསྐོར་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ཞེས་པ་ནས་བཟུང་སྟེ་གཏོར་བསྔོས་ཀྱི་བར་བྱ། འཛབ་མང་དུ་བཟླས་ཏེ་ནུས་ལྡན་དུ་བྱེད། བསྟོད་པ་ལྷ་ཡི་ལྷ་མཆོག་མས་བསྟོད། དེ་ནས་སློབ་མ་རྣམས་ཀྱི་ལུས་གངས་ཆུ་གཙང་མས་ཁྲུས་ནས་འདོན། སྤོས་དང་གུ་གུལ་དཀར་པོས་བདུག །ཕྱག་དང་ཡོན་དབུལ། བགེགས་གཏོར་བཏང་། ཐུན་མོང་བའི་སྔོན་འགྲོ་སྤྱི་དང་བྱེ་བྲག་སྔ་འགྱུར་ཐེག་པའི་ཆོས་ཀྱི་ཆེ་བ་སོགས་ཕན་ཡོན་བཤད། ཁྱད་པར་དུ་སློབ་དཔོན་ཆེན་པོའི་བཀའི་སྲུང་མ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་ངོ་བོ་ས་བརྒྱད་ནོན་པ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཡིན་པ་ལ་རྒྱལ་བསེན་སོགས་ལྷ་སྲིན་མ་རུངས་པ་རྣམས་ཀྱི་གཉེན་པོར་དམ་ཅན་ཤེལ་གིང་དཀར་པོ། ལྷག་གནམ་ཐེ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྟེ་སྐུ་གཅིག་ལ་མཚན་དྲུག་ཏུ་གྲགས་པ་(༢བ)


GLG022_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འདི་ཉིད་གནས་སྐབས་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བའི་རྒྱུ་མཚན། ཐང་ཡིག་ལས། དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིར། །མགོ་བོ་གྲུ་གུའི་ཡུལ་དུ་སླེབས་པ་ལ། །མཇུག་མ་ཁམས་ཀྱི་སག་ཆུ་གཡེར་ཐང་བརྐྱང་། །སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལ། །སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་འཁར་བཙུགས། །ཀླུ་ཡི་རྒྱལ་པོ་ན་ལེ་ཐོད་དཀར་ཁྱོད། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས། ཁྱོད་རང་ཕར་སོང་ཚོགས་འཁོར་གཤོམས་དང་གསུངས། །ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས། །རྩེ་མ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང་། །མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངས། །བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར། །དར་དཀར་རལ་གུ་ཞིག་གྱོན་ཕྱག་སྐོར་བྱས། །སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད། །གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལ། །ཞེས་པ་ལྟར་སློབ་དཔོན་ཆེན་པོ་ལ་མཐོ་འཚམས་པའི་ཚེ་བཀའ་རྟགས་ཕྱག་རྒྱ་ཆེན་པོས་ཟིལ་གྱིས་མནན་ཏེ་དམ་ལ་བཏགས་ནས་སྲུང་མར་བསྐོས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱང་ལམ་བར་བ་ནས་བསམ་ཡས་ཧས་པོ་རིའི་མདུན་དུ་བྱོན་པའི་དུས་སུ་གཉན་ཆེན་ཐང་ལྷ་དེ་གཡག་དཀར་པོ་རྭ་ནམ་མཁའི་མཐོངས་ན་ཡེར་རེ་བ། རྨིག་བཞིས་ས་མདུད་ནོན་པ་ཞིག་བྱས་ནས་སློབ་དཔོན་གྱི་དྲུང་ན་ཚུར་བྱུང་། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མཐོང་བ་དང་གཡག་དཀར་པོར་བརྫུས་པའི་རྫུ་འཕྲུལ་བཤིག་ནས་སྐྱེས་བུ་བཞིན་བཟང་དཀར་པོ་དུང་གི་མདོག་ཅན་གཡུའི་ཟུར་ཕུད་ལྔ་ཡིས་བརྒྱན་པ་ཞིག་ཏུ་བྱས་ཏེ་རྒྱལ་པོ་ལ་ཞེ་ས་དང་ཕྱག་ཕུལ་ལོ། །དེའི་ཚེ་སློབ་དཔོན་གྱིས་འདི་སྐད་ཅེས་གསུངས་སོ། །གཉན་ཆེན་པོ་ཐང་ལྷ་ཁྱོད་ལྷ་སྲིན་(༣ན)


GLG022_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་གམ་ཅན་ཞིག་འདུག་སྟེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་འགོ་ཞིང་གྲོགས་བྱེད་པ་ཅིའི་ཕྱིར་ཡིན་གསུང་ངོ་། །ཐང་ལྷས་ཞུས་པ། བདག་གཉིས་ལ་འབྲེལ་བ་བཞི་མཆིས་སོ། །བདག་དབུས་གཙང་རུ་བཞིའི་ཡུལ་ལྷ་ལགས་པས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བོད་ཀྱི་རྒྱལ་པོ་ལགས་ཏེ་ཆེ་མཉམ་དཔུང་གིས་འབྲེལ་ལོ། །བདག་དམ་ཚིག་ཅན་གྱི་སྲུང་མ་ལགས་པས་རྒྱལ་པོ་དམ་ཚིག་གཙང་སྟེ་དམ་ཚིག་གིས་འབྲེལ་ལོ། །བདག་སྐྱེ་བོ་ངོ་ཚ་ཅན་གྱི་ཕོ་ལྷ་ལགས་པས་རྒྱལ་པོ་གསང་ཁྲིམས་ཆེ་བས་ལས་དང་སྤྱོད་པས་འབྲེལ་ལོ། །བདག་སྡེ་པ་བསོད་ནམས་ཅན་གྱི་གྲོགས་ལ་དགའ་བས་ཆེ་མཉམ་བསོད་ནམས་ཀྱིས་འབྲེལ་བ་ལགས་སོ། །ཞེས་ཞུས་སོ། །ཡང་ཞུས་པ། ཀྱེ་སློབ་དཔོན་ཆེན་པོ་ལགས། ད་ནང་གུང་གི་སྔ་དྲོ་བདག་ཁྲོ་ཞིང་གཏུམ་པའི་གཟུགས་སུ་བྱས་ཏེ་འོང་བ་ནི། བདག་དམ་ཚིག་ཉམས་པའི་སྲོག་བདུད། དམ་ཚིག་ཉམས་པའི་གཤེད་མ། གྲིབ་གནོན་མ་རབས་ཀྱི་གཉའ་གནོན། སྨྱོ་འདྲེ་རྒྱལ་འགོང་གི་གཉེན་པོ་ལགས་པས། དེ་རྣམས་མཐོང་བ་དང་རང་བཞིན་གྱིས་བདག་ལ་ཞེ་སྡང་སྐྱེས་ཏེ་གཏུམ་ཞིང་ཁྲོ་བ་ལགས་སོ། །ཞེས་ཞུས་སོ། །ཡང་སློབ་དཔོན་གྱིས་གསུངས་པ། འོ་ན་གཉན་ཆེན་ཐང་ལྷ་ཁྱོད་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རང་བཞིན་གྱི་འགོ་བར་འདུག་པས། རྒྱལ་པོ་ཉིད་ནས་འོད་གསལ་ལྷའི་གདུང་བརྒྱུད་ཐ་མ་དགུང་དུ་མ་གཤེགས་ཀྱི་བར་དུ་སྐུ་ལྷ་གྱིས་ཤིག །རྒྱལ་པོས་མཆོད་ཅིག །ཅེས་ལྷ་བྲག་གཏེར་བྱོན་གྱི་ལོ་རྒྱུས་ལས་བྱུང་བ་ལྟར་ཆོས་སྐྱོང་རྒྱལ་པོའི་སྐུ་ལྷ་ཁྱད་པར་ཅན་འཕྲལ་བྱིན་རླབས་མྱུར་ཞིང་ཕུགས་བཀྲ་ཤིས་པའི་ལྷ་ཆེན་འདི་ཉིད། ནུབ་ཟངས་མཛོད་ཀྱི་སྲུང་མར་བཀའ་བསྒོས། ཆོས་སྐོར་རྣམས་ཟང་ཟང་ལྷ་བྲག་(༣བ)


GLG022_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཏེར་དུ་སྦས་པ་སྙིང་ཐིག་གནད་ཀྱི་མན་ངག་དོན་བདུན་ལས། བྱང་ཕྱོགས་ཐོ་ཡོར་ནག་པའི་ས་ཕྱོགས་སུ། །རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུ། །ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅན། །པདྨ་ང་ཡིས་བྱིན་གྱིས་བརླབས་པའི་རྟགས། །སྤྱི་བོར་རྒོད་ཀྱི་ལྡེམ་ཕྲུ་ཡང་ཡང་འབྱུང་། །ཞེས་ལུང་གིས་ཟིན་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་སྤྱན་དྲངས་པའི་རྗེས་གནང་དང་མན་ངག་གི་སྐོར་གཉིས་ལས། སྲོག་དབང་འདི་ཉིད་གཏེར་སྟོན་ནས་རྩ་བའི་བླ་མ་ཟུར་ཐམས་ཅད་མཁྱེན་པའི་བར་དུ་ཆད་མེད་དུ་བཞུགས་པའི་སྲོག་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་བ་ཞུ། ཞེས་མཎྜལ་འབུལ་དུ་གཞུག །དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བཞུགས་པའི་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་སྐྱབས་སེམས་སྡོམ་པ་བཟུང་བའི་ཆེད་དུ་ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། ཅེས་པ་ནས། རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། ཞེས་པའི་བར་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །སྐུའི་རྗེས་གནང་གི་དོན་དུ་སློབ་དཔོན་དཔལ་རྟ་མགྲིན་དུ་གསལ་བའི་སྤྱན་སྔར་རྗེས་ཟློས་འདི་བཞིན་དུ་མཛོད་ཅེས་བརྡ་སྤྲད། དབང་ཆེན་རྒྱལ་པོ་ཧེ་རུ་ཀ །རྣམ་འཕྲུལ་དཔའ་བོ་པདྨ་འབྱུང་། །བདག་ལ་རྡོ་རྗེ་འབར་བ་རྩལ། །སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་དབང་ཆེན་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་དུ་སྒྲུབ་གཏོར་ལྷ་ཆེན་འབར་བ་རྩལ་དུ་གསལ་བའི་སྐུ་ལ་ཕོག །དེའི་རྐྱེན་གྱིས་ལྷ་ཆེན་གྱི་སྐུ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་ཟླ་བ་ཤར་བ་ལྟ་བུ་བསམ་གྱིས་མི་ཁྱབ་པ་བྱུང་བ་སློབ་མའི་ལུས་ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་ནད་(༤ན)


GLG022_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བར་གཅོད་ཐམས་ཅད་སྦྱངས་པ་ལས་འོད་ཀྱི་ཕུང་པོར་དཀར་ལམ་གྱིས་སོང་། དེའི་ངང་ནས་སློབ་མ་སྐད་ཅིག་གིས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་སློབ་མའི་རྣམ་པར་ཤེས་པ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་གཙོ་བོའི་མངོན་རྟོགས་དཀྱུས་སུ་ཡོད་པ་བརྗོད་དེ་བསྒོམ་དུ་བཅུག་པའི་སྤྱི་བོར་གཏོར་མ་བཞག་སྟེ། ཧཱུཾ། རྟ་མགྲིན་རྒྱལ་པོ་དབང་གི་ལྷ། །རྣམ་སྤྲུལ་དཔའ་བོ་པདྨ་འབྱུང་། །སྐལ་ལྡན་སློབ་མའི་སྒོ་གསུམ་ལ། །དམ་ཅན་རྡོ་རྗེ་འབར་བ་རྩལ། །སྐུ་ཡི་བྱིན་རླབས་གཟི་བྱིན་ཕོབ། །ཧྲཱིཿབཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་ཛཿཧཱུཾ་བཾ་ཧོཿཞེས་བརྗོད། སྐུའི་བྱིན་རླབས་འོད་ཟེར་དཀར་པོའི་རྣམ་པ་སྤྱི་བོ་ནས་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་སྐུ་དང་སློབ་མའི་ལུས་ངོ་བོ་དབྱེར་མེད་དུ་བྱས། སྐུའི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ། མཆོད་པ་དངོས་སུ་བཤམ་པའམ་མེད་ན་ཁ་གསོས་ཏེ་ཆུ་དང་ཉེར་སྤྱོད་རོལ་མོ་རྣམས་སྤྲོ་ན་གདངས་དང་བཅས་ནས་ཚིགས་བཅད་དམ་མི་སྤྲོ་ན་སྔགས་ཙམ་གྱིས་སློབ་མས་གཏོར་མ་ལྷར་གསལ་བ་ལ་མཆོད་པའི་ཚུལ་བྱ། གསུང་གི་རྗེས་གནང་གི་དོན་དུ་གསོལ་འདེབས་ཚིག་རྐང་གསུམ་པོ་གོང་ལྟར་ལ་གསུང་གི་བྱིན་རླབས་གཟི་བྱིན་ཕོབ། ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་མགྲིན་པར་ཕོག་པའི་རྐྱེན་གྱིས་ལྷ་ཆེན་གྱི་གསུང་གི་བྱིན་རླབས་དང་ནུས་པ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐོན་ཏེ་སློབ་མའི་མགྲིན་པ་དང་ལྕེ་ལ་ཐིམ་པས་ངག་གི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་འོད་ཀྱི་ཕུང་པོར་དམར་ལམ་གྱིས་སོང་བར་བསམས་ལ་གཏོར་མ་མགྲིན་པར་བཞག་སྟེ། བསྐུར་ཚིག་གོང་བཞིན་ལ་གསུང་གི་བྱིན་(༤བ)


GLG022_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་གཟི་བྱིན་ཕོབ། ཧྲཱིཿབཛྲ་ཐང་ཀ་ར་སོགས་བརྗོད། དེ་ནས་ལྷ་ཆེན་གྱི་ཐུགས་ཀར་ཟླ་གདན་ལ་ཨ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་ཞལ་ནས་ཐོན་སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཨ་ཡིག་གི་མཐར་འཁོད་པར་བསམས་ལ་དཔོན་སློབ་གཉིས་ཀས་ཕྲེང་བ་ལ་འཇུས་ཏེ་ཨཱོཾ་བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་སྭཱཧཱ། ཞེས་ལན་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག །ཕྲེང་བ་མགྲིན་པར་བཞག་སྟེ་ཛཿཧཱུཾ་བཾ་ཧོཿས་བྱིན་གྱིས་རླབས། ལྷ་ཆེན་གྱི་གསུང་དང་སློབ་མའི་ངག་ངོ་བོ་དབྱེར་མེད་དུ་བྱས། གསུང་གི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ། གོང་བཞིན་མཆོད། ཐུགས་ཀྱི་རྗེས་གནང་གི་དོན་དུ་ཚིག་རྐང་ཐ་མ་ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ། ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ཐུགས་བརྩེ་བ་ཆེན་པོས་སློབ་མ་རྗེས་སུ་བཟུང་བའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་ཐོན་ཏེ་སློབ་མའི་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་པས་ལུས་འོད་སྔོན་པོའི་ཕུང་པོར་མེར་གྱིས་སོང་བར་བསམས་ལ་གཏོར་མ་སྙིང་གར་བཞག་སྟེ། བསྐུར་ཚིག་བསྒྱུར་ཁ་ཐུགས་ཀྱི་བྱིན་རླབས་གཟི་བྱིན་ཕོབ། ཧྲཱིཿབཛྲ་སོགས་བརྗོད། ཐུགས་ཀྱི་བྱིན་རླབས་འོད་ཟེར་སྔོན་པོའི་རྣམ་པ་སྙིང་གར་སིབ་ཀྱིས་ཐིམ་པས་ལྷ་ཆེན་གྱི་ཐུགས་དང་སློབ་མའི་ཡིད་ངོ་བོ་དབྱེར་མེད་དུ་བྱས། ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་བསམ། སྔར་བཞིན་མཆོད། ཡོན་ཏན་དང་འཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་དངོས་གཞི་གོང་ལྟར་ལ། ཡོན་(༥ན)


GLG022_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བྱིན་རླབས་གཟི་བྱིན་ཕོབ། འཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ། ཅེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་ཆེན་གྱི་ཐུགས་ཀར་ཕོག་པའི་རྐྱེན་གྱིས་ལྷ་ཆེན་འཁོར་དང་བཅས་པའི་སྐུ་ལས་ནོར་བུ་དབང་གི་རྒྱལ་པོ་སོགས་ལྷ་མིའི་རིན་པོ་ཆེའི་ཆར་ཆེན་པོ་དང་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པ་ལུས་ལ་ཐིམ་པས་སློབ་མ་ལྷར་གསལ་བའི་ལུས་ཀྱི་ནང་ལྟེམ་གྱིས་གང་། སྒོ་གསུམ་གྱི་སྡིག་སྒྲིབ་ནད་གདོན་བར་གཅོད་ཐམས་ཅད་སྦྱངས་བས་ལུས་ཁ་དོག་ལྔ་ལྡན་དུ་སོང་བར་བསམས་ལ་གཏོར་མ་ལྟེ་བའི་ཐད་དུ་བཞག་སྟེ། བསྐུར་ཚིག་དངོས་གཞི་འདྲ་བ་ལ། ཡོན་ཏན་བྱིན་རླབས་གཟི་བྱིན་ཕོབ། འཕྲིན་ལས་བྱིན་རླབས་གཟི་བྱིན་ཕོབ། ཧྲཱིཿབཛྲ་སོགས་བརྗོད། ཡོན་ཏན་གྱི་བྱིན་རླབས་འོད་ཟེར་སེར་པོ་དང་འཕྲིན་ལས་ཀྱི་འོད་ཟེར་ལྗང་གུ་ལྟེ་གསང་དུ་སིབ་ཀྱིས་ཐིམ་པས་ཡོན་ཏན་འཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། སྔར་ལྟར་མཆོད། དམ་བསྲེ་བ་ནི། དམ་ཆུ་ཨ་མྲྀ་ཏ་སློབ་མར་སྦྱིན་ཞིང་གཏོར་མར་འཐོར། གཏོར་མ་སྔར་བཞིན་སྤྱི་བོར་བཞག་སྟེ། དཔལ་ཕྱག་ན་རྡོ་རྗེ། རྒྱལ་མཆོག་པདྨ་ཐོད་འཕྲེང་། པཎ་ཆེན་དྲི་མེད་བཤེས་གཉེན། ལོ་ཆེན་བཻ་རོ་ཙ་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་མུ་ཁྲི་བཙན་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་རིགས་འཛིན་རྒོད་ལྡེམ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་དཔལ། སྔགས་འཆང་རྡོ་རྗེ་མགོན་པོ། མཚན་ལྡན་བྱམས་པ་བཤེས་གཉེན། མཚན་ལྡན་ངག་དབང་གྲགས་པ། དྲིན་ཅན་སངས་རྒྱས་དཔལ་བཟང་། ལྡོངས་ཀྱི་སྔགས་འཆང་ཆོས་རྒྱལ་བསོད་ནམས། (༥བ)


GLG022_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གཉེན་པོ་དྲན་པར་མཛོད་ལ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྡོ་རྗེ་སློབ་མ་འདིའི་ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད་ལ་བཞི་བརྒྱ་རྩ་བཞིའི་ནད། སྟོང་ཕྲག་བརྒྱད་ཅུའི་བགེགས། ཁྱད་པར་སྟེང་འོག་བར་གསུམ་གདོན་བགེགས་རྒྱལ་བསེན་དམ་སྲི་འབྱུང་པོ་བན་བོན་སྔགས་པའི་མཐུ་བྱད་དུག་མཚོན་གཡུལ་གཤོམས་སོགས་གཟུགས་ཅན་སྡང་བའི་དགྲ། གཟུགས་མེད་གནོད་པའི་བགེགས་རྣམས་ཀྱིས་བཏང་བའི་བར་གཅོད་མི་མཐུན་ཕྱོགས་ཐམས་ཅད་ལས་བསྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་ཐོས་བསམ་སྒོམ་གསུམ་སོགས་ཆོས་དང་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བཀའ་བསྒོ་རྒྱས་པར་བརྗོད་རྗེས་སྔགས་མཐར་ཛཿཧཱུཾ་བཾ་ཧོཿས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་སིབ་ཀྱིས་ཐིམ་པར་བསམ། དེ་ནས་དམ་ཚིག་བསྡུས་ཏེ་ཁས་བླང་བ་ནི། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབ་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། གཏང་རག་གི་མཎྜལ་ཕུལ། བཀྲ་ཤིས་རྒྱས་པར་བྱེད། སླར་ཡང་མཆོད་གཏོར་ཁ་གསོ། (༦ན)


GLG022_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀླི་སོགས་རྟེན་ལྷར་བསྐྱེད་པ་རྣམས་ལ་འབུལ་ཞིང་བསྟོད། ཡིག་བརྒྱ་བརྗོད་ཅིང་ལྷག་ཆད་ཁ་བཀང་། ནོངས་པ་བཟོད་པར་གསོལ། བརྟན་བཞུགས་དང་ཤིས་བརྗོད་བྱའོ། །ཨེ་མ་རིགས་འཛིན་བརྒྱུད་པ་ཡི། །འཁྲུལ་མེད་ཕྱག་བཞེས་མུ་ཐི་ལ། །རྣམ་དཔྱོད་སྲད་བུར་བརྒྱུས་པ་ཡིས། །ལྷ་མཆོག་རྟག་ཏུ་གྲོགས་མཛད་ཤོག །ཅེས་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ་འདི་ནི་དགེ་སློང་འཇམ་དབྱངས་གྲགས་པས་བསྐུལ་བས་མཚམས་སྦྱར་རིག་སྔགས་འཆང་བ་མང་པོར་ཕན་འདོད་ཀྱིས་ཡིད་དྲངས་ནས་གཏེར་གཞུང་དུ་མི་གསལ་བ་རྣམས་བླ་མ་དམ་པའི་ཕྱག་ལེན་གྱིས་བརྒྱན་ཏེ་ཟ་ཧོར་གྱི་བནྡེ་རྡོ་རྗེ་ཐོགས་མེད་རྩལ་གྱིས་གྲོ་ཞུན་ཟླ་བའི་དཀར་ཆའི་རྒྱལ་བ་གསུམ་པ་ལ་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པའང་བསྐུལ་བ་པོ་ཉིད་དོ། །སརྦ་མངྒ་ལཾ།།


previousལྷ་ཆེན་རྡོ་རྗེ་འབར་བ་རྩལ་གྱི་སྲོག་གཏད་ཀྱི་རྗེས་གནང་མུ་ཐི་ལའི་འཕྲེང་བ།next