Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས།
   


 
previousརྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས།next

རྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས།


GLG022_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས་བཞུགས་སོ། །


GLG022_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཉེ་བཀྲ་ཤིས་དམ་ལྡན་པ། །ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །བསྙེན་སྒྲུབ་བསྐང་མདོས་ལ་མཁོ་བའི། །ལག་ལེན་རེག་ཟིག་ཅུང་ཟད་འདྲི། །དེ་ཡང་གངས་རི་མཐོན་པོའི་མདུན་ནམ་རི་མཐོན་པོ་གངས་མཐོ་བའི་ས་རབ། དེ་མིན་གནས་ཁང་གཙང་ཞིང་གྱ་ནོམ་པ་མཚན་ཉིད་དང་ལྡན་པར་བྱི་དོར་ལེགས་པར་བྱ།སྤོས་དཀར་དང་ལྗོན་ཤིང་སྣ་ཚོགས་ཀྱི་བསངས་ཀྱིས་བདུག །ས་རྒྱན་གནམ་རྒྱན་ཡོལ་བ་སོགས་བཀོད་པས་མཛེས་པར་བྱས་པའི་ནང་དུ་དཀོན་མཆོག་སྤྱི་དང་བྱེ་བྲག་བླ་མ་ཞི་དྲག་རྟ་མགྲིན་ཕྱག་རྡོར་ཕུར་བ་སོགས་ཀྱི་རྟེན་དགྲམ། མདུན་དུ་ཅོག་ཙེ་མཐོ་བར་གཏོར་མ་ཟངས་མདོག་དཔལ་རི་མའམ་ལས་བཞི་ལྷུན་གྲུབ་གང་རུང་། སྨན་རཀ །རྩ་གསུམ། བཀའ་སྲུང་བརྒྱད་མཆོད། གཞི་བགེགས་ཀྱི་གཏོར་མ། ཕྱི་ནང་གི་ཉེར་སྤྱོད་རྣམས་བཤམས། དེའི་མདུན་ལྟ་བུར་གོང་གནོན་ལས་དམའ་བར་སྟེགས་བུའམ་ཅོག་ཙེ་གང་རུང་གི་སྟེང་དུ་རབ་དྲི་མ་མེད་པའི་གཡང་ཤུན་ནམ་མ་འབྱོར་ན་རས་དཀར་པོ་བཏིང་བར་དྲི་བཟང་གིས་ཆག་ཆག་གདབ། དེའི་སྟེང་དུ་ནས་དཀར་ལ་གྲོ་འབྲས་རིན་ཆེན་སྣ་ལྔ་ཅུང་ཟད་བསྲེས་པའི་མཆོད་གཞི་རྩེ་སོར་གང་ཙམ་ཁོད་སྙོམས་པར་དགྲམ། མཐར་གོང་གསལ་གྱི་འབྲུ་གསུམ་པོ་གང་རུང་གིས་ལྕགས་(༢ན)


GLG022_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་ཚུལ་དུ་ཟླུམ་པོར་བསྐོར་བའི་ཕྱོགས་མཚམས་བརྒྱད་དུ་ཚོམ་བུའི་དབྱིབས་ཅན་མཐོ་བར་བྱ། སྟན་དཀར་གྱི་མཐའ་ནོན་ཙམ་དུ་སྨྱུག་རྒོད་རྩེ་རྒྱས་ལ་དར་ཚོན་སྣ་ལྔ། ཟ་འོག་སྣ་ལྔའི་འཕན་ཆུང་། རྒྱལ་མཚན་གོས་ལེ་བརྒན་ལ་གསེར་དངུལ་གཡུ་མུ་ཏིག་མུ་མེན་བྱུ་རུ་སྦུར་ལེན་སོགས་རིན་ཆེན་སྣ་ཚོགས་སྤེལ་ལེགས་སུ་བཀོད་པའི་མདུན་ངོས་གདུགས་ཆུང་ཕུབ་པའི་འོག་ཏུ་རིན་པོ་ཆེའམ་སྨན་འདམ་གྱི་འབུར་རམ་དར་རས་ལ་ཙག་ལི་རབ་གནས་དང་ལྡན་པ་སྐུའི་རྟེན། དར་དཀར་དྲི་མེད་ལ་གསེར་དངུལ་བསྲེས་པའི་སྙིང་པོ་མཚལ་གྱིས་བྲིས་པ་དང་རྡོ་རྗེས་མཚན་པའི་སྦ་ལྕག་གསུང་རྟེན། ཤེལ་འཕྲེང་དང་འཇའ་ཤེལ་ཐུགས་རྟེན། མཎྜལ་གྱི་དབུས་སུ་མཉྫིའི་ཁར་གསེར་དངུལ་ཟངས་གཞོང་སོགས་ཀྱི་སྣོད་གཙང་མར་གཏོར་མ་གྲུ་བཞི་ཤེལ་མཁར་རྒྱ་ཕུབས་ནོར་བུ་འབར་བས་སྤྲས་པ། རྩ་བར་པདྨ་འདབ་བརྒྱད་ཀྱིས་བསྐོར་བ་རཏྣ་སུམ་ཚོམ་གྱིས་མཛེས་པ། དཔངས་རབ་ཁྲུ་གང་། འབྲིང་རྐང་གང་། ཐ་མའང་མཐོ་གང་ལ་སྐབས་སུ་འོས་པའི་རྒྱན་སྤྲོས་སྣ་ཚོགས་ཀྱིས་སྤྲས་པ་གཏོར་གདུགས་དཀར་པོ་ཕུབ་པ། དེའི་གཡས་གཡོན་རྒྱབ་གསུམ་དུ་ཤེལ་ལམ་དངུལ་ལ་སོགས་པའི་རིན་པོ་ཆེའི་སྣོད་དུ་གཡའ་ཆུ། གངས་ཆུ། ལུ་མ་ཆུ་མིག་རྒྱུན་འབབ་ལྟ་བུའི་སྐྱེ་(༢བ)


GLG022_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྣམས་ནི་ཡོན་ཏན་གྱི་རྟེན། མདུན་དུ་དགྱེས་སྐོང་མཆོད་གཏོར་ཟུར་གསུམ་སོར་བཅུ་གཉིས་པ་མཐེབ་སྐྱུས་བསྐོར་བ། ལོགས་བསྟན་པར་གསང་ལུག་དཀར་པོའི་མགོས་བརྒྱན་པ་རྩི་དཀར། དེའི་གཡོན་དུ་གཡུ་སྒྲོན་མའི་གཏོར་མ་དཀར་ཟླུམ། ཤར་དང་ཤར་ལྷོར་ཟླུམ་གཏོར་དཀར་པོ། ལྷོ་དང་བྱང་ཤར་དུ་སེར་པོ་གྲུ་བཞི། ནུབ་ཏུ་ཟླུམ་གཏོར་དམར་པོ། བྱང་དང་ལྷོ་ནུབ་ཏུ་གྲུ་གསུམ་ནག་པོ། ནུབ་བྱང་དུ་ཟླ་གམ་དམར་པོའི་གཏོར་མ་སོ་སོའི་སྐབས་ཐོབ་དང་མཚུངས་པའི་རྒྱན་ལྡན་རྣམས་འཕྲིན་ལས་ཀྱི་རྟེན། དེའི་ཕྱོགས་བཞི་མཚམས་བཞིར་ཟླུམ་གཏོར་སོར་བརྒྱད་པ་འཁོར་གཉིས་རེ་རྒྱན་ལྡན། དེའི་ཕྱི་རོལ་དུ་སྣོད་འབྱོར་ན་བསྐོར་ཅིང་མ་འབྱོར་ན་དངུལ་གཞོང་ལྟ་བུར་གཏོར་ཆུང་སུམ་བརྒྱ་བརྒྱད་ཅུ་ལྷག་བཅས་བོན་རྒྱན་དམར་ཐིག་བཏབ་པ། སྣོད་ཅིག་ཏུ་བསྐང་གཏོར་ཁ་གསོ་ལ་དམིགས་པའི་མཐེབ་སྐྱུ་བཞི་བརྒྱ་ལྷག་བཅས། ཟུར་དུ་ཐུན་གཏོར་ཟུར་གསུམ་ལུག་མགོས་བརྒྱན་པ། གཏོར་མ་རྣམས་ཀྱི་རྒྱུ་འབྲུ་དཀར་མོ་གསུམ་གྱི་རྗེན་བཏགས་ལ་དཀར་གསུམ། དངར་གསུམ། བཟང་དྲུག །ཙནྡན། ག་པུར་སོགས་ཀླུ་སྨན་གྱི་རིགས། བདུད་རྩི་ཨ་མྲྀ་ཏ་རྣམས་བསྲེ། མདུན་དུ་ཤེལ་ཕོར་དུ་ཆང་བཟང་པོ་ལ་འོ་མ། ཅི་ཏས་བཟང་པོའི་ཕྱེ་མ། གསེར་གཙོ་བོར་གྱུར་བའི་རིན་ཆེན་ལྔ་བརྡར་བ་བསྲེས་པའི་ཛ་གད། ཞི་བའི་མཆོད་པ་གཡའ་གངས་ལུ་གསུམ་གྱི་མཆོད་ཡོན་ལ་བཟང་སྨན་དང་འོ་མ་སོགས་ཀྱིས་ཁ་བསྒྱུར་བ། དུག་དང་དྲི་ང་བ་མེད་པའི་ཐང་སྐྱེས་དང་ཆུ་སྐྱེས་ཀྱི་མེ་ཏོག་དཀར་པོའི་རིགས་དང་དགུན་བཅོས་མའམ་འབྲུ་དཀར་གྱི་མེ་ཏོག །དུག་གླ་རྩི་གུ་གུལ་ནག་པོ་དྲི་ང་བ་མིན་པའི་ཙནྡན་སྤོས་དཀར་ཤུག་པ་ལ་གཞི་བྱས། བཟང་སྨན་སྣ་ཚོགས་སྦྱར་བའི་གདུག་སྤོས། མེ་ཤེལ་སོགས་ནོར་བུ་འོད་(༣ན)


GLG022_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་དང་མར་དཀར། ཏིལ་མར་བསྲེས་པའི་འབྲུ་མར་གྱི་མར་མེ། ག་པུར་སོགས་བཟང་སྨན་སྦྱར་བའི་དྲི་ཆབ། འབྲུ་དཀར་མོ་གསུམ་ལ་དཀར་གསུམ་དངར་གསུམ་སྦྱར་བ་དང་གཞན་ཡང་འབྲས་བུ་ཅན་སོགས་བཟའ་བ་དང་བཅའ་བའི་རིགས་ཀྱི་ལྷ་བཤོས། རྒྱས་པ་དང་དབང་གཉིས་ལ་མདོག་སོ་སོར་བསྒྱུར་བ་མིན་པ་དབྱིབས་གོང་དང་མཚུངས། ལྷ་ཐམས་ཅད་ལ་འཇམ་པོ་གསུམ་པོའི་མཆོད་པ་གཙོ་བོར་ཤིས་ཤིང་དྲག་པོའི་མཆོད་པ་ནི་ཚོགས་ཐ་མའི་ཚེ། ཁྲག་གི་ཨརྒྷཾ་དང་དབང་པོའི་མེ་ཏོག་སོགས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཉེར་སྤྱོད་དོན་གྱིས་ཚང་བ་ཀརྨ་རྡོ་རྗེ་འབར་རྩལ་ལ་སྟོབ་པས་གོ་བཅད་པའོ། །སྦུག་སིལ། རྔ་ཆེན། དུང་ཆེན། རྒྱ་གླིང་། དུང་དཀར་སོགས་རོལ་མོ་སྣ་ཚོགས། མར་གྱི་རྟ། མཛོ། ཁྲ། ལུག །སྤྱང་ཀི་རྣམས་རེ། ཟན་གྱི་གཡག་གཅིག །སྨན་ཁྲོག་སྣ་ཚོགས། རིན་པོ་ཆེ་དུ་མའི་སྤྱན་གཟིགས། ཚོགས་ཆས། གདབ་ལས་ཀྱི་ཆས་སྦ་ལྕག །ལྕགས་ཀྱུ། ཞགས་པ། མདའ་གཞུ། མདུང་། རལ་གྲི །འཁོར་ལོ། གཡས་གཡོན་གྱིས་ཅི་བདེར་ཞལ་བརྙན། ཙེ་བེར། མདུན་དུ་གསེར་ག །ཤེལ་དཀར་དམར་སོགས་རིན་པོ་ཆེའི་རྒྱན། གཞན་ཡང་གོས་དར། གསེར་དངུལ། ཇ་རས་སོགས་སྤྱན་གཟིགས་མཁོ་དགུ་རྣམས་བཤམ། དཀར་མོ་ལག་གཡས། ལུག་ཤ་མགོ་འབྱར། སྟག་ལྤགས་སྡེར་བཞི་ཚང་བ། དར་ཚོན་སྣ་ལྔ། མདའ་བོ་ཆེར་བཏགས་པ། རུ་དར། གསེར་སྐྱེམས་ཀྱི་ཆང་དང་ཕུད་ཕོར། དར་སྣ་ཚོགས་ཀྱི་ལྡ་ལྡི། གོ་ཁྲབ། གྲི་དོང་། སྟག་རལ་གཟིག་ཤུབས། ཕྱེ་མར། བསངས་ཤིང་། ཡང་ཐོག་ཏུ་སྟེགས་ཀྱི་(༣བ)


GLG022_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་དགྱེས་སྐོང་མཆོད་གཏོར་ཟུར་གསུམ་ཁྲུ་གང་པ། མཐེབ་སྐྱུ་བརྒྱ་རྩས་བསྐོར་བ། ལུག་མགོ་སོགས་རྒྱན་ལྡན། མདུན་དུ་ཆུ་གསུམ། ཆུ་དང་ཉེར་སྤྱོད་ཚར་གཅིག །སྨན་ཕུད། གསེར་སྐྱེམས། འཐོར་ནས། འཕྱར་དར། ཕྱེ་མར། དངོས་སུ་རྟ། ཞོལ་གཡག །ཁྲ། ལུག་དཀར་རྣམས་གསུམ་རེ། བུམ་ཆུས་ཁྲུས་བྱ། རྣ་ཆ་གོས་བཟང་པོ། རྔ་ཕོད། དྲིལ་ཆུང་། གཡེར་ག །སོག་དར་སོགས་ཀྱིས་བརྒྱན་པ། རྟ་ལ་གསེར་དངུལ་གྱི་སྒ་སྲབ་ཀྱིས་སྤྲས་པ་རྣམས་བཤམ། གྱེར་གྱི་སྐབས་བསྐང་གསོ་ཚར་ལྔ་རེའི་ཐོག་གཏོར་མ་བསྔོ་ཞིང་ཁ་བསོས་ནས་བརླབ། གཏོར་ཆུང་རྣམས་མཐེབ་སྐྱུ་སུམ་བརྒྱ་དྲུག་ཅུས་གོ་ཆོད་པས་གསོ་མི་དགོས། བླ་མའི་ལས་བྱང་ལ་མི་རྐང་གི་གླིང་བུ་བཏང་ཆོག །སྤྱན་འདྲེན་དང་ཚོགས་ཐེངས་དེའི་ཐོག་མར་ཕྱེ་མར་བཏབ་པའི་བསངས་ཁ་གསུམ་རེ་གཏོང་། སྒྲུབ་ཞག་ཏུ་བྱེད་ན་ཉིན་སྔ་མ་རྣམས་སུ་ཐུན་གཏོར་ཕུལ་རྗེས་མངའ་གསོལ། ཕན་བདེ་འབྱུང་གནས་མ་དང་འདིས་མཚོན་འདོད་གསོལ་བཤགས་པའི་རིགས་ལ་མེ་ཏོག་འཐོར། ལྷག་མ་བཙོན་དུ་འཛིན། བསམ་པ་ལྷུན་གྲུབ་མ་སོགས་དཀྱུས་བཞིན་བྱ། ཞག་རེ་བཞིན་མཆོད་པ་རྣམ་པ་བརྗེ། གྲོལ་ཉིན་བསྟོད་བསྐུལ་སོང་མཚམས་སུ་ཐུན་གཏོར་མིང་དགོས་པས་ཡང་ཐོག་ཏུ་རྟེན་འདོགས་གྲུབ་རྗེས་གཡས་རུ་རི་རྒྱལ་བཀྲ་བཟང་སོགས་ཀྱིས་གཏོར་མ་འདམ་ཤོད་སྣར་མོ་ཕྱོགས་སུ་ཞལ་བསྒྱུར། མངའ་གསོལ་གྲུབ་ནས་གནས་ཁང་དུ་མཇུག་ཆོག་དཀྱུས་ལྟར་བྱའོ། །མདོས་ཀྱི་བཅའ་ནི། རྟེན་མདོས་ལ། མདོས་སྟན་རས་དཀར་གཙང་མ་སྒྲོམ་ཁྲི་དང་མཉམ་པའི་སྟེང་དུ་ཨན་གདར་ལ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་སོགས་ཆུ་ཚོད་གྱིས་བྲིས། དབུས་སུ་རིན་པོ་ཆེ་སྣ་ལྔ་བསྲེས་པའི་(༤ན)


GLG022_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྦྱིན་པོ་ལ་རི་རབ་བང་རིམ་བཞི་པ་ཕྱོགས་མདོག་ཅན་རྩེ་མོར་དབུས་དང་ཕྱོགས་མཚམས་ཀྱི་ལྕོག་བརྒྱད་ཀྱི་ནང་དུ་འབུར་སྐུ་འགྲུབ་ན་རབ། དེ་མིན་སྐུ་སོ་སོའི་ཤིང་བྱང་བཞུགས། གཙོ་བོའི་གཡས་གཡོན་དུ་སྔགས། སྦ་ལྕག །ཤེལ་འཕྲེང་། མན་ཤེལ་སོགས་རྟེན་རྣམས་འཇོག །བང་རིམ་གཉིས་པ་དུང་ཁྲ་སོགས་སྤྲུལ་པ་ལྷ་ཀླུ་སྡེ་བརྒྱད་འཁོར་ཚོགས་ཀྱི་ཤིང་བྱང་། བང་རིམ་གསུམ་པའི་མདུན་ངོས་སུ་གཙོ་བོ་དང་གནམ་མཚོ་རྒྱལ་མོ། ཤར་གྱི་གཏོར་མ། གཞན་རྣམས་སོ་སོའི་ཐད་ཀྱི་ཕྱོགས་མཚམས། བང་རིམ་བཞི་པ་དང་བཞི་པའི་རྩ་བར་མཆེད་འཁོར་སོགས་ཀྱི་གཏོར་མ་སུམ་བརྒྱ་དྲུག་ཅུས་མཚོན་གང་ཤོང་། དེའི་ཕྱིར་ངར་མི་བཅུ་གསུམ། དེའི་ཕྱི་མདོས་ཁྲིའི་ནང་གི་བར་ཁྱམས་ལ་རིན་པོ་ཆེ། སྨན། ཇ། ཟས་སྣ། ཤིང་ཏོག །འབྲུ་སྣ། ཚྭ། དཀར་གསུམ། དངར་གསུམ། བཙོད། ཞུན། རམས། རྒྱ་ཚོས། མཚལ་སོགས་མདོར་ན་ལྷོ་རྫས། བྱང་རྫས། ལ་རྫས། ཀླུངས་རྫས་ཀྱི་རིགས། ཟན་བར་གྱི་ཡས་རྣམས་དང་། མཐེབ་སྐྱུ། ཆང་བུ། རིལ་བུ་གསུམ། བརྒྱ་རྩ་རྣམས་འགོད། ཞག་གྲངས་སུ་བྱེད་ན་དངུལ་ལྟ་བུའི་གཞོང་པར་བཤོས་བུ་བཞི་བརྒྱ་ཙམ་དང་ཟན་པར་སོགས་ཀྱང་བཤམ། མདོས་ཁྲིའི་བང་རིམ་དང་པོར་ནམ་མཁའ་དང་རྒྱང་བུ་སྤེལ་མ། གཉིས་པར་ཆུ་ཉེར་སྤྱོད་ནས་བཟུང་རྟ་ཁལ་གྱི་བར་རྣམས་ཤིང་བྱང་ལ་བྲིས་པས་བསྐོར། གསུམ་པར་མདའ་ཁྲ་དང་འཕང་ཁྲ། ཞབས་དཀྲིས་གཏོང་། སྟེང་དུ་གདུགས། ཁྱུང་ཚང་། ཟླ་ཉི་ནོར་བུའི་ཏོག་ཅན་གྱི་རྩེར་རྨ་བྱའི་སྒྲོ། གང་བཟང་། བལ་ཚོན་ལྔ། དར་ཚོན་ལྔ། དེ་བོ་དཀར་པོའི་སྒྲོ་སོགས་ཀྱིས་(༤བ)


GLG022_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། སྲོག་ཤིང་འབྲས་བུ་ཅན་ནམ་ཤུག་པ་ལྕང་མ་སོགས་ཤིང་བཟང་པོའི་རིགས་དང་སྨྱུག་མ་རྩེ་རྒྱས། ཁྱུང་ཚང་ནང་དུ་ཡི་དམ་གྱི་སྐུ། གདུགས་སོགས་ཡ་སྟགས་རྣམས་ཀྱི་དཀྱིལ་དཀར་པོར་བྱེད། དར་ཟབ་ཅི་རིགས་སྙན་ཤལ་གྱི་ཚུལ་དང་། གོས་དར་རས། བཀས་རིགས་གོ་མཚོན་སོགས། མཐའ་སྐོར་དུ་ལྡིང་སྟབས་ཀྱི་ཚུལ། མདུན་དུ། རྟེན་གཏོར། མཆོད་གཏོར། ཆུ་གསུམ། སྨན་ཕུད། ཆུ་ཉེར་སྤྱོད། གསེར་སྐྱེམས། ཚོགས་ཆས་རྣམས་བཤམ། གོང་གནོན་ཞི་ཁྲོ་གང་རུང་གི་མཆོད་གཏོར་སྟེགས་མཐོ་བར་གང་འགབ་པར་བསྒྲིག་གོ །བསྐང་མདོས་སུ་བྱེད་ན་མདོས་ཀྱི་གོང་ངམ་རྒྱབ་གང་རུང་དུས་ཡུལ་འོས་པར་ལས་བྱང་དུས་ཀྱི་རྟེན། སྤྱན་གཟིགས། མཆོད་པ་རྣམས་རྒྱས་བསྡུས་ཅི་རིགས་པ་དགྲམ། མདོས་ཀྱི་བཅའ་གཞི་ཁོངས་འདྲ་བ་ལ་གསུང་རྟེན་སོགས་མི་དགོས། མདོས་གདན་གཡང་ཤུན། རྩེ་མོར་ནོར་བུའི་ཚབ་ནམ་མཁའ་ཆེ་བ་ཞིག་གིས་བྱས་ཀྱང་རུང་། གོས་དར། སྣམ་རས། པགས་རིགས་སོགས་གང་བདེར་བཤམ་མོ། །བསྐང་མདོས་བསྡུས་པ་བྱེད་ན་གཡང་ཤུན་གྱི་སྟེང་དུ་འབྲུ་དཀར་གྱི་གླིང་བཞི་གླིང་ཕྲན་མུ་ཁྱུད་བཀོད། བང་རིམ་དང་པོར་གཙོ་བོ་ཡབ་ཡུམ་གྱི་གཏོར་མ། གཉིས་པར་རྣམ་འཕྲུལ་བརྒྱད་ཀྱི་གཏོར་མ། གསུམ་པ་དང་བཞི་པར་འཁོར་གྱི་གཏོར་མ་བཤམ། ལྕགས་རིའི་ནང་ཁོང་གི་ཁྱམས་ལ་ཡས་རྣམས་དཀྱུས་བཞིན་འགོད། ལྕགས་རི་ལ་ནམ་མཁའ་རྒྱང་བུ། མདའ་འཕང་། ཕོ་གདོང་། མོ་གདོང་སོགས་ཀྱིས་བསྐོར། ཤིང་བྱང་ལ་བྲིས་པའི་སྤྱན་གཟིགས་རྣམས་ཟན་པར་གྱི་གོ་གཅོད་དོ། །བཟློག་མདོས་སུ་བྱེད་ན་བཅས་དངོས་གཞི་རྟེན་མདོས་ལྟར་ལ་རི་(༥ན)


GLG022_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་རྩེར་གཙོ་བོ་ཡབ་ཡུམ། ཚངས་པ། དུང་གཡག །དཔའ་བོ་རྡོ་རྗེ་འབར་རྩལ། རྨ་རྡོ་རྗེ་འབར་རྩལ་རྣམས་ལས་གཞན་རྣམས་མི་དགོས་ཤིང་གཏོར་མའང་འགྲེ། བང་རིམ་བཞི་པའི་རྩ་བར་དམར་གཏོར་ཟུར་གསུམ་མཚོ་ཡུངས་ཀྱིས་བརྒྱན་པ། ལྕགས་རི་ལ་རྩང་དམར་སྲིན་མོ་འགྲོས་སུ་འཛུགས། ཁྱུང་ཚང་གི་རྩེར་རལ་གྲི་ལྟ་བུའི་ཕྱག་མཚན་བསྡམ། འཆོང་གི་དགོངས་པ་བཞིན་ཡས་ཐམས་ཅད་ཟོར་དུ་བསྒྱུར་དགོས་ཀྱང་ཀོང་ཟོར། རྔ་ཟོར། མདའ་ཟོར། ཁྲག་ཟོར། གཏོར་ཟོར་རྣམས་ཀྱང་བཤམ། གླུད་ཆེ་བར་གླུད་རྫས། ན་མ་རྒྱང་། ཕོ་གདོང་། མོ་གདོང་། ཁྲམ་རིས་སོགས་ཚང་བ་དགོད་དོ། །དེ་ཡང་རྟེན་མདོས་ཀྱི་ཚེ་གཙོ་བོ་དང་རྣམ་འཕྲུལ་རྣམས་ཀྱི་ཤིང་བྱང་ལ་རང་སྔགས་ཀྱི་མཐར་ཆེ་གེ་མོ་རྟེན་འདི་ལ་བརྟན་པར་བཞུགས་ནས། མདོས་གླུད་ལས་ཀྱི་མཆོད་པ་དམ་པ་འདི་བཞེས་ལ། དགོན་གྲོང་ཡོན་བདག་སོགས་གང་ཡིན་དེ་གའི་མི་ནོར་ཕྱུགས་སོགས་གཉེར་གཏད་བསྲུང་སྐྱོབ་སྦ་བ་དང་དགོན་གནས་ལྟ་བུར་བསྟན་འགྲོའི་བདེ་སྐྱིད། བླ་མའི་སྐུ་ཚེ། དགེ་འདུན་གྱི་སྡེ་དང་བཤད་སྒྲུབ་ལོངས་སྤྱོད་སོགས་འཕེལ་བ། འཇིག་རྟེན་པ་ལ་མི་ནོར་ལོངས་སྤྱོད་རིགས་བརྒྱུད་མངའ་ཐང་འཁོར་འབངས་སོགས་འཕེལ་བ་དང་གནོད་བྱེད་བར་ཆད་ཞི་བ། གདོན་ལྟ་བུ་དམིགས་བསལ་ཡོད་ན་འབྱུང་པོ་ཆེ་གེ་མོ་འདིའི་གནོད་པ་ཞི་བ་སོགས་སྐབས་ཐོབ་སྦྱར་ནས་འདྲི་ཡས་ཀྱི་ཤིང་བྱང་ལ་རྡོ་རྗེ་འབར་རྩལ་འཁོར་བཅས་ལ་མཆོད་པ་ཆེ་གེ་འདི་འབུལ་བ་ཡིན་པས་མདོས་འདི་ལ་བརྟན་པར་བཞུགས་ནས་ཞི་རྒྱས་དབང་དྲག་གི་ལས་མཆོད་རྫས་གང་ཡིན་དང་བསྟུན་ཏེ་འཆོལ་ལུགས་རིགས་པས་དཔྱོད་དོ། །བསྐང་མདོས་ལ་སྔགས་གཤམ་དུ་(༥བ)


GLG022_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་ཁྱེད་ལ་ཕྱི་ནང་གསང་བའི་དམ་རྫས་མདོས་གླུད་ལས་ཀྱི་མཆོད་པ་དངོས་བཤམས་ཡིད་ཀྱིས་སྤྲུལ་ཏེ་འབུལ་བས་བཞེས་ལ་ཞེས་འཕྲིན་ལས་གོང་བཞིན་འཆོལ། ཡས་ཀྱི་སྐབས་མཆོད་རྫས་འདི་རྣམས་བཞེས་ལ་གསོལ་ཚིག་གོང་བཞིན་སྦྱར་རོ། །བཟློག་པའི་དུས་སྔགས་བཤམ་དུ་ཆེ་གེ་འཁོར་བཅས་ལ་མདོས་གླུད་ཡས་ཀྱི་མཆོད་པ་འདི་འབུལ་བས་མཐུ་བྱད་རྦད་འདྲེ་རྦོད་གཏོང་སྡེ་བརྒྱད་ཀྱི་གནོད་པ་སོགས་དགྲ་བགེགས་ཀྱི་སྟེང་དུ་བསྒྱུར་བའི་འཕྲིན་ལས་མཛོད་ཅིག་སོགས་སྤྱིར་བཏང་དམིགས་བསལ་གྱི་སྤེལ་ཚིག །ཡས་ལ་དཔེར་ན་ས་ལ་འཛུལ་དགུར། ཆེ་གེ་འཁོར་བཅས་ཀྱིས་གཅན་གཟན་གྱི་སྤྱན་གཟིགས་འདི་བཞེས་ལ་མཆེ་བ་ཅན་གྱི་ཟོར་དགྲ་བོའི་སྟེང་དུ་བསྒྱུར་ནས་བར་གཅོད་ཐམས་ཅད་ཕྱིར་བཟློག་པའི་འཕྲིན་ལས་མཛོད་ཅིག །དམིགས་བསལ་མེད་པ་རྣམས་ལ་ཡས་ཀྱི་མཆོད་པ་འདི་བཞེས་ལ་དཀོར་ནོར་འདི་དག་དྲག་པོའི་ཟོར་དུ་བསྒྱུར་ཏེ་ཞེས་སོགས་རིགས་པས་དཔྱོད་དགོས་སོ། །སྨྲས་པ། སྙན་གྲགས་དབྱར་རྔ་ལྟར་སྒྲོག་བན་སྔགས་འགས། །རྟེན་མདོས་བྱང་བུར་བཟློག་པའི་གསོལ་ཚིག་འདྲི། །སོ་སོའི་ལག་ལེན་བསྲེ་བསླད་འཆོལ་པར་སྤྱོད། །མདོས་ཁྲི་མ་མཐོང་ཡས་ཀུན་ཐོག་ལྡིང་བྱེད། །སྟོབས་ནོར་ལྡན་ཕལ་བླུན་པོ་གཙུག་ན་བསྟེན། །ཤེས་རབ་ཅན་མང་ཟོག་པོའི་ཟོལ་གྱིས་འདྲིད། །སྨྲས་ཚད་གཏམ་དུ་འགྲོ་བའི་དུས་ངན་འདིར། །གསེར་དང་ར་གན་དབྱེ་བ་ག་ལ་ཕྱེད། །འོན་ཏེ་གཟུར་གནས་དུ་མར་ཕན་པའི་ཕྱིར། །ལག་ལེན་དྲན་པའི་གསལ་འདེབས་འདི་ཙམ་གྱིས། །རྣམ་དཔྱོད་ལྡན་རྣམས་མདོས་རིགས་གཞན་ལ་ཡང་། །དཔག་པར་ནུས་པའི་གཅིག་ཤེས་ཀུན་གྲོལ་ཡིན། །ཆོས་དང་བརྒྱུད་པ་གསངས་ཏེ་རང་ཆེ་(༦ན)


GLG022_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན། །ལ་ལ་མ་བསླབས་པར་ཡང་ཤེས་སོ་སྐད། །འགའ་ཞིག་གཞན་ནས་བྱུང་ཞེས་རྫུན་ཁུངས་འཚོལ། ཁ་གཅད་མཁན་ལ་སྤིར་གྱི་ལག་བཞིན་སྡོམས། །རེག་ཟིག་འདིས་ཀྱང་ལྷ་ཆེན་འབར་བ་རྩལ། །དགྱེས་པའི་འཛུམ་ཞལ་ལྷག་པར་ལེགས་བསྟན་ནས། །ཇི་ལྟར་བསམས་པའི་དོན་རྣམས་མ་ལུས་པ། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དགའ་སྟོན་སྩོལ། །ཞེས་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས་འདིའང་རྡོ་རྗེ་ཐོགས་མེད་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་མཉྫུ་གྷོ་ཥ་ཀཱིརྟིའོ།། །།སརྦ་མངྒ་ལཾ།།


previousརྡོ་རྗེ་འབར་བ་རྩལ་གྱི་བསྙེན་སྒྲུབ་བཀང་མདོས་ཀྱི་ལག་ལེན་དྲན་པའི་གསལ་འདེབས།next