Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ།


 
previousརྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ།no next

རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ།


GLG022_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ་བཞུགས་སོ། །


GLG022_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

སིནྡྷུའི་ཆུ་གཏེར་པདྨའི་ཟེའུ་འབྲུའི་དབུས། །སྣང་བ་མཐའ་ཡས་སྒྱུ་འཕྲུལ་དྲ་བའི་གར། །རབ་བསྒྱུར་སྲིད་གསུམ་ཟིལ་གནོན་ཐོད་འཕྲེང་རྩལ། །ཞབས་རྡུལ་བྱང་ཆུབ་བར་དུ་གཙུག་ན་མཛེས། ཁྱོད་ལས་གཞན་མིན་རིགས་རྣམས་ཀུན་གྱི་བདག །ཟུར་ཆེན་ཆོས་དབྱིངས་རང་གྲོལ་ཞལ་ལུང་བཅུད། །བཏུང་པས་སྨྲ་བའི་སྤོབས་པ་གཟེངས་མཐོའི་དྲིན། །བགྲང་ཡས་ལུས་སུ་སྤྲུལ་ཀྱང་གཞལ་ནུས་ཅི། །དེ་ཕྱིར་རང་རིག་དོན་གྱི་བླ་མ་རུ། །ངེས་རྙེད་རྣལ་འབྱོར་མཆོག་ལ་གཞོལ་བཞིན་དུ། །ལྷ་ཆེན་རྟེན་བསྐང་བཟློག་པའི་མདོས་ཀྱི་གཞུང་། །རྒྱ་འབག་མིག་གི་རྣམ་པར་འཕྲུལ་འདིའོ། །དེ་ཡང་གསང་སྔགས་རྙིང་མ་བཀའ་གཏེར་གྱི་གཞུང་རྣམས་སུ་མ་མགོན་དྲེགས་པ་སྡེ་བརྒྱད་སོ་སོར་སྤྱི་སྒོས་ཀྱི་མདོས་གཞུང་རྣམ་གྲངས་ཆེས་མང་ཞིང་དེ་དག་ཀྱང་སྤྱི་མདོས་སྒོས་སུ་བསྡེབ། སྒོས་མདོས་སྤྱིར་བསྔོ་བ། ཕོ་སྣ་མོ་ཡིས་དྲང་བ། མོ་སྣ་ཕོ་ཡིས་དྲང་བའི་ལག་ལེན་ཁ་བསྒྱུར་མཐའ་ཀླས་ཤིང་སྙིང་པོ་རྟེན་མདོས། བསྐང་མདོས། བཟློག་མདོས་སོགས་རྒྱ་ཆེ་ནའང་དྲི་ཟའི་རྒྱལ་པོ་འདི་ཉིད་ལ་ལྷ་བྲག་(༢ན)


GLG022_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བྱོན་དུ་མདོས་སྐོར་མི་གསལ་ཞིང་ཤེས་བྱ་མཐའ་མ་བཀག་པས་གཏེར་ཁ་གཞན་དག་ན་མེད་པའི་ངེས་པ་མི་འདུག་རུང་ཐོས་ཚོད་ཀྱི་གགས་པ་དང་མངོན་སུམ་དུ་སྤྱོད་ཡུལ་དུ་མ་གྱུར་ལ། འཇིག་རྟེན་དྲེགས་པ་རྣམས་ནི་མདོས་ཀྱིས་བསྐོང་བ་ཕན་ཡོན་མཆོག་ཏུ་ཆེ་ཞིང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་ཞལ་སྔ་ནས་བཤད་ཁུངས་གཞན་ནས་བླངས་ཏེ་རུང་མཐུན་སྦྱར་བ་འཐད་ཅེས་གསུང་གིས་གནང་བ་སྩལ་ཞིང་ཚུལ་དེ་ལ་ལྷ་ཆེན་གྱིས་ཀྱང་དགྱེས་པའི་མཚན་མ་མཐོང་བས་རྟེན་མདོས། བསྐང་མདོས། བཟློག་མདོས་གསུམ་གྱི་བཅས་ཀྱི་རིམ་པ་རེག་ཟིག་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱིས་རྟོགས་པའི་དབང་དུ་བྱས་ནས་དང་པོ་རྫས་གསོག་པ་དང་གཉིས་པ་བཤམ་པ་རྣམས་བཏང་སྙོམས་སུ་བགྱིས། དེ་ཡང་བསྐང་མདོས་རྒྱུག་ཆེ་བས་ཆུ་བབས་སུ་བཀོད། གཞན་གཉིས་དེ་ལ་འབྱིན་འཇུག་གིས་གོ་ནུས་པའི་དབང་དུ་བྱས་ཏེ། བཀའ་བརྒྱད་ཕུར་པ་ཟིལ་གནོན་སོགས་ཞི་ཁྲོ་གང་རུང་གིས་གཞུང་བསྲང་བ་འཛབ་བཟླས་ཀྱི་བར་བྱ། གནས་དང་ཡོ་བྱད་བརླབས་ནས། དཔལ་ལྡན་ལྷ་མཆོག་མས་བསྟོད་(༢བ)


GLG022_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡན་འཕྲིན་ལས་བརྒྱ་ཕྲག་ཉིད་ངོས་འཛིན་པའི་སྣང་གསལ་བཞིན་གཏོང་། གསུམ་པ་མདོས་བྱིན་རླབས་ལ་ཤེས་པ་རྣམ་པ་བཞི་ལས། དང་པོ་རི་རབ་གཞལ་ཡས་ཁང་དུ་ཤེས་པ་ནི། ཧྲཱྀ༔མཧཱ་ཀྲོ་དྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ནམ་མཁའ། རླུང་། ཆུ། ས་སྟེ་འབྱུང་བ་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་ལྷུན་པོ་ཤར་ཤེལ། ལྷོ་ཨིནྡྲ་ནཱི་ལ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ་བང་རིམ་བཞི་པ། ཕྱི་རོལ་གྱི་རྨང་དུ་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན། མཐའ་ལྕགས་རི་མུ་ཁྱུད་ཀྱིས་བསྐོར་བའི་ནང་ལྷ་མིའི་འདོད་ཡོན་བསམ་གྱིས་མི་ཁྱབ་པས་གང་བར་གྱུར་པའི་རི་རབ་ཀྱི་སྟེང་གི་དབུས་སུ་བྷྲཱུཾ་ལས་མན་ཤེལ་གྱི་ཁང་བཟང་ཛམྦཱུ་གསེར་གྱི་རྒྱ་ཕུབས་འོད་དུ་འཚེར་བའི་རྩེར་ཡིད་བཞིན་གྱི་ནོར་བུའི་ཏོག་གིས་མཚན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་སྒོ་ལྕོག་འོད་འབར་པ། རྩ་བར་བདུད་རྩིའི་རྒྱ་མཚོ་འཕྱུར་བ། རྐེད་པར་འཇའ་འོད་ན་བུན་གྱི་གུར་ཕུབ་པ། རྩེ་མོར་སྤྲིན་དཀར་རིན་པོ་ཆེའི་ཟིལ་ཆར་འབེབས་པ། ས་གཞི་ལྗང་སྔོན་ལ་མེ་ཏོག་སྣ་ཚོགས་རྒྱས་པ། ཁོར་ཡུག་ཏུ་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ། ཤར་གྱི་ལྕོག་བཻ་ཌཱུཪྻ་དཀར་པོ་ལས་གྲུབ་པའི་ལྷའི་གཞལ་མེད་ཁང་རྒྱ་ཕུབས་ཅན། རིན་པོ་ཆེའི་ར་བ་གྲུ་བཞི་པས་བསྐོར་བའི་ནང་དུ་རྩི་སྨན་གྱི་ལྗོན་ཤིང་སོགས་ནད་བརྒྱ་འཇོམས་པའི་སྨན་གྱི་མེ་ཏོག་ལོ་འབྲས་མྱུ་གུ་གྲངས་མེད་པས་ཡོངས་སུ་གཏམས་པ། ལྷོར་ཛམྦུ་ཆུ་བོའི་གསེར་སྦྱངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཁང་བཟང་རྒྱ་ཕུབས་ཅན། (༣ན)


GLG022_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ར་བ་གྲུ་བཞི་པས་ཁོར་ཡུག་ཏུ་བསྐོར་བའི་ནང་དུ་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རིན་པོ་ཆེའི་རི། ཡོངས་འདུ་ས་བརྟོལ། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག་སོགས། ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གང་བ། ནུབ་ཏུ་པདྨ་རཱ་གའི་ཁང་བཟང་རྒྱ་ཕུབས་ཅན། ཁོར་ཡུག་དང་བཅས་པའི་ར་བར་འཆི་མེད་བདུད་རྩིས་གཏམས་པའི་བུམ་བཟང་། མཚོ། རྫིང་། ལྟེང་ཀ །ལུ་མ། ཆུ་མིག་དང་བཅུད་ལེན་སྙིང་པོར་གྱུར་པའི་རྫས་སྨན་གྱིས་ཡོངས་སུ་ཁྱབ་པ། བྱང་དུ་དྲག་པོ་གནམ་ལྕགས་འབར་བའི་མཁར་སྟེང་དུ་རྒྱ་ཕུབས་དང་ཁོར་ཡུག་ཏུ་ར་བས་བསྐོར་བའི་ནང་མཚོན་ཆ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་བ། ཤར་ལྷོར་ཤེལ་དཀར་གྱི་ཁང་བཟང་རྒྱ་ཕུབས་ཅན་ར་བས་བསྐོར་བའི་ནང་དུ་མེ་ཏོག་ནགས་ཚལ་གྱིས་གང་བ། ལྷོ་ནུབ་ཏུ་དྲག་པོ་གནམ་ལྕགས་ཀྱི་གཞལ་མེད་ཁང་རྒྱ་ཕུབས་ཅན་ར་བས་བསྐོར་བའི་ཕྱི་རོལ་ཏུ་མཚོན་ཆའི་བུ་ཡུག་དང་ནང་དུ་མེ་རླུང་འཚུབ་མ་འཁྱིལ་བ། ནུབ་བྱང་དུ་བྱུ་རུའི་བ་གམ་རྒྱ་ཕུབས་ཅན་ལྕགས་རིས་བསྐོར་བའི་ར་བར་ཨུཏྤ་ལ་དམར་པོས་མཚོན་པའི་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་པའི་ཚལ་གྱིས་ཁོར་ཡུག་ཏུ་དཀྲིགས་པ། བྱང་ཤར་དུ་ཡིད་འོང་འཇའ་གུར་འཁྲིགས་པའི་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་འཆི་མེད་ལྷའི་ཁང་བཟང་བཀོད་པ་ཕུན་སུམ་ཚོགས་པའི་ཁོར་ཡུག་ཏུ་ལྷའི་སྐྱེད་ཚལ་གྱིས་ཡོངས་སུ་བསྐོར་བའོ། །གཉིས་པ་དྲེགས་པའི་གཟུགས་བརྙན་གཙོ་འཁོར་ཕོ་ཉར་ཤེས་པ་ནི། དབུས་མའི་ཕོ་བྲང་གི་ལྟེ་བར་ཉི་ཟླ་པདྨའི་གདན་ལ་སྟོབས་ལྡན་(༣བ)


GLG022_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མཆོག་ངང་དཀར་རིན་པོ་ཆེའི་སྒ་སྲབ་གོང་རྨེད་སྤུ་ལེན། ཟེ་ལོང་གི་ཁེབས་སོགས་རྒྱན་དུ་མས་མཛེས་པར་སྤྲས་པའི་སྟེང་ན་ཨཱོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱཧཱ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས་ངོ་བོ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྣམ་པར་སྤྲུལ་པ་རྣམ་པ་ཚངས་རིས་ཀྱི་ལྷའི་གཙོ་བོ་མཚན་དྲུག་རྡོ་རྗེ་འབར་བ་རྩལ་ལ་དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ། ཚངས་པའི་རྒྱལ་པོ་དུང་གི་ཐོར་ཚུགས་ཅན། དྲི་ཟ་ཟུར་ཕུད་ལྔ་པ། ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་ཞེས་བྱ་བ་སྲུང་མ་ཆེན་པོ་ལྷ་ཆེན་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ཤེལ་གྱི་རི་བོ་ལ་སྟོན་མཚན་ཟླ་བས་བྱུགས་པ་ལྟར་དཀར་ལ་བརྗིད་པ། ཞལ་འཛུམ་ཞིང་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། སྤྱན་གསུམ་རབ་ཏུ་བཀྲ་བ། དབུ་སྐྲ་གནག་སྣུམ་གྱི་ཐོར་ཚུགས་དར་དཀར་པོས་བཅིངས་པའི་རྩེ་མོར་ནོར་བུ་འབར་བས་སྤྲས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔས་མཚན་པའི་སྦ་ལྕག་ནམ་མཁའ་ལ་འཕྱར་ཞིང་གཡོན་པ་ཤེལ་དཀར་གྱི་ཕྲེང་བ་ཐུགས་ཀའི་ཐད་དུ་འདྲེན་པ། ཟབ་ཆེན་དཀར་དམར་མཐིང་གསུམ་གྱི་ཙེ་བེར་དང་ཡུག་གྱོན་གསོལ་བ། བེར་ནང་མ་གཉིས་ལ་རིན་པོ་ཆེ་རྣམ་མང་གིས་སྤུད་པའི་གསེར་སྐེད་བཅིངས་ཤིང་རིན་པོ་ཆེའི་གསེར་པད་ལ་གཡུའི་ཁྲ་ཚོམ་གྱིས་མཛེས་པའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། གསེར་ག །སེ་མོ་དོ། དོ་ཤལ། གདུ་བུ་སོགས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྙན་གོང་ཨུཏྤ་ལའི་ཆུན་པོ་དང་དར་དཔྱངས་(༤ན)


GLG022_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྐུ་གཞོན་ཞིང་མཛེས་པ། ཞབས་གཉིས་ནོར་བུའི་མཆིལ་ལྷམ་གྱོན་ནས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། གཡོན་དུ་བདེ་བ་སྐྱོང་བའི་དབང་མོ་ཡིད་འོང་མདངས་ལྡན་གྱི་ཡུམ་གནམ་མཚོའི་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ་སྐུ་མདོག་སྔོ་བསངས་ཞལ་གཅིག་ཕྱག་གཉིས་མ་སྤྱན་གཉིས་དང་ལྡན་པ། གཡས་རྒྱལ་མཚན་དང་གཡོན་མེ་ལོང་འཛིན་ཅིང་དབུ་སྐྲ་ཐོར་ཚུགས་ལྷག་མའི་ཟར་བུ་ཐུར་དུ་འཕྱང་པ། སྨན་བཙུན་མཛེས་མ་ཡིད་དུ་འོང་བའི་ཆ་བྱད་ཀྱིས་གཙོ་བོ་ལ་འདུད་པའི་རྣམ་པ་ཅན་གཡུ་འབྲུག་ལ་བཅིབས་པ། གཙོ་བོའི་སྟེང་གི་ནམ་མཁར་མ་རུངས་ལོག་འདྲེན་གླུ་གཉན་ས་བདག་འདུལ་བའི་གཉེན་པོར་ངོ་བོ་ཡེ་ཤེས་ལྷའི་སྤྲུལ་པ་རྣམ་པ་ཁྱུང་ནག་དབུ་དགུ་པ་ཞལ་གདངས་ཤིང་ཀྲིམ་ཀྲིམ་གི་སྒྲ་སྒྲོག་པ། ཕྱག་གཉིས་ཀྱིས་ས་བདག་ཀླུ་གཉན་སྦྲུལ་གྱི་རྣམ་པ་ཅན་བཟུང་ནས་ཞལ་དུ་གསོལ་བ། གནམ་ལྕགས་མེའི་ཆུ་སྡེར་དང་སྤུ་གྲི་འབར་བའི་གཤོག་པ་ཅན། དམིགས་པའི་ས་གཉན་བཀབ་ཅིང་ནམ་མཁར་ལྡིང་བ། གཙོ་བོའི་མཐའ་སྐོར་དུ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ། གཡས་ཀྱི་རུ་འདྲེ་སྐྱེས་བུ་གཡུའི་སྨིན་མ་ཅན། གཡོན་གྱི་རུ་འདྲེ་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན། མདུན་གྱི་རུ་འདྲེན་མི་དཀར་གཡུའི་ཐོར་ཅོག་ཅན། རྒྱབ་ཀྱི་རུ་འདྲེན་ལྕགས་ཀྱི་མི་སྔོན་འཇིགས་པ་སྟེ་སོ་སོ་བརྒྱ་ཕྲག་དང་བཅས་པས་བསྐོར་བ། ཤར་གྱི་གཞལ་མེད་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཞི་མཛད་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དཀར་པོ་གཡས་སྨན་གྱི་ལྗོན་ཤིང་ཐུགས་ཀ་དང་གཡོན་བདུད་རྩིས་གཏམས་པའི་(༤བ)


GLG022_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཛིན་ཅིང་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་སྨན་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། ལྷོའི་ཁང་བཟང་གི་དབུས་སུ་པད་ཟླ་དང་ནེའུ་ལེ་དམར་སེར་གྱི་གདན་ལ་རྒྱས་བྱེད་ཀྱི་རྡོ་རྗེ་འབར་བ་རྩལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ནོར་བུ་འབར་བ་ཐུགས་ཀ་དང་གཡོན་རིན་པོ་ཆེའི་སྒྲོམ་བུ་པུས་སྟེང་ན་འཛིན་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གནོད་སྦྱིན་ནོར་ལྷའི་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་བ་གམ་གྱི་ནང་དུ་པད་ཟླའི་གདན་ལ་དབང་གི་ལྷ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་པ། རིན་པོ་ཆེའི་རྒྱན་རྡོ་རྗེའི་དབྱིབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་ཚེ་ལྷ་རིགས་འཛིན་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་འབར་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ་ཀརྨ་ལས་ཀྱི་ཁྲོ་མོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ནག་ལ་ཁྲོས་པ། མིག་རྩ་དམར་ཞིང་མཆེ་བ་གཙིགས་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་རིན་པོ་ཆེའི་རྒྱན་རྣམས་དང་དུག་སྦྲུལ་གྱིས་བརྒྱན་པ། ཙེ་བེར་དམར་ནག་བརྩེགས་པའི་ནང་མ་གསེར་སྐེད་ཅན། གཡས་མདུང་དམར་དང་གཡོན་ལྕགས་ཀྱི་མདའ་གཞུ་འཛིན་པ། རིན་པོ་ཆེའི་ཧོར་ལྷམ་གྱོན་ནས་རྟ་མཆོག་བྲ་ནག་རླུང་ཤུགས་ཅན་ལ་བཅིབས་ཤིང་མེ་རླུང་འཁྲུགས་པའི་ཀློང་ན་བཞུགས་པར་མངའ་བདག་དྲེགས་པའི་སྡེ་དཔོན་ཚོགས་ཀྱིས་བསྐོར་བ། ཤར་ལྷོའི་ཁང་བཟང་གི་ནང་དུ་པད་ཟླའི་གདན་ལ་ལྷ་ཆེན་གཞོན་ནུ་སྐྱེས་བུ་བཞིན་བཟང་ཁ་དོག་དཀར་བ་དབུ་(༥ན)


GLG022_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་གཡུའི་ཟུར་ཕུད་ཅན། དུང་སོ་ཁོར་མར་ཡོད་པ། གཡས་སྐྱབས་སྦྱིན་དང་གཡོན་ཁུ་ཚུར་དཀུར་བརྟེན་པ། དར་དཀར་གྱི་ལའུ་གསོལ་ཞིང་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པར་རང་འདྲའི་ལྷ་ཕྲུག་དུ་མས་བསྐོར་བ། ལྷོ་ནུབ་ཀྱི་གཞལ་མེད་ཁང་གི་དབུས་སུ་གནོད་བྱེད་དམིགས་བྱ་རྣམས་ཀྱི་སྟེང་ན་སྐྱེ་འགྲོའི་སྲོག་གཤེད་སྨྱོ་འདྲེ་སྲིན་པོ་འདུལ་བའི་གཉེན་པོར་ལྷ་ཆེན་གྱི་ངོ་བོ་རྣམ་པ་འབྲོང་གཡག་ཞོལ་ཅན་དཀར་པོ་འགྱིང་བག་དང་ལྡན་པ། རྭ་གཉིས་ཐང་ཤིང་བརྒྱངས་པ་ཙམ་ལ་ཤིན་ཏུ་རྣོ་བ། ཁ་རླངས་ན་བུན་ལྟར་འཐིབས་ཤིང་ངུར་སྒྲ་འབྲུག་ལྟར་སྒྲོག་པ། གནམ་ལྕགས་ཀྱི་རྨིག་པ་མེ་ལྟར་འབར་བས་རྒྱལ་འགོང་དམ་སྲི་འདམ་ལྟར་བརྫིས་ཤིང་རང་འདྲའི་སྤྲུལ་པ་དཔག་མེད་འགྱེད་པ། ནུབ་བྱང་གི་བྱུ་རུའི་བ་གམ་གྱི་ནང་དུ་པད་ཉིའི་གདན་ལ་རླུང་སེམས་ལས་རུང་གི་ལྷ་དཔའ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་ལ་འཚེར་བ། པདྨ་དམར་པོའི་ཕྲེང་རྒྱན་ཅན། གཡས་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ནས་འགུགས་ཤིང་གཡོན་ཞགས་པས་མགུལ་ནས་འཆིང་བ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པར་འགུགས་བྱེད་དབང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། བྱང་ཤར་གྱི་འཆི་མེད་ལྷའི་ཁང་བཟང་གི་དབུས་སུ་རིན་པོ་ཆེའི་ཁྲི། པདྨ་ཟླ་ཉི་དགྲ་བགེགས་ཕོ་མོའི་གདན་ལ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་སྐུ་མདོག་དམར་སེར་མཆེ་བ་གཙིགས་ཤིང་ཨག་ཚོམ་དང་སྨིན་མ་གློག་སྟོང་ལྟར་འཁྱུག་པ། དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུགས་ཀྱི་རྩེར་སྐྱེ་བ་ལྔ་པའི་དུང་སུམ་ཚོམ་གྱི་སྟེང་དུ་ནོར་བུ་འབར་བས་མཚན་པ། གཡས་ཡེ་ཤེས་ཀྱི་རལ་(༥བ)


GLG022_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་མེ་འབར་བ་ནམ་མཁར་འཕྱར་ཞིང་གཡོན་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་བསྐོར་བ་སྟག་ལྤགས་ཀྱི་རྐེད་དཀྲིས་དང་སྦྲུལ་གྱི་དོ་ཤལ་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ནས་མེ་འོད་ཀློང་ན་བཞུགས་པར་ཚངས་རིས་ལྷའི་འཁོར་ཚོགས་གྲངས་མེད་པས་བསྐོར་བ། ཞི་རྒྱས་དབང་འགུགས་ཚངས་པ་སྟེ་ལྔ་གའང་སྤྱན་གསུམ་དང་ལྡན་ཞིང་ཞི་མ་ཁྲོའི་ཉམས་ཅན་དབུ་སྐྲ་རལ་པའི་ཐོར་ཚུགས་དང་པྲོག་ཞུ་སོགས་རིན་པོ་ཆེའི་རྒྱན། སྙན་གོང་ཨུཏྤལ་དང་དར་གྱི་ཅོད་པན་འཕྱང་བ། ནང་ཁ་དོག་སྣ་ཚོགས་དང་ཕྱི་རང་མདོག་དང་མཚུངས་པའི་ཙེེ་བེར་ཉིས་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐེད་བཅིངས་པ། རིན་པོ་ཆེའི་ཧོར་ལྷམ་གསོལ་ཞིང་སྐུ་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ་བའོ། །སྐུའི་རྣམ་པར་སྤྲུལ་པ་དགུར་བསྟན་པ་དེ་དག་གི་གཡས་ཕྱོགས་སུ་ངོ་བོ་ཡེ་ཤེས་ཀྱི་ལྷ་ལ་རྣམ་པ་དུང་ཁྲ་དཀར་པོས་བར་སྣང་རླབས་ཀྱིས་བཅད་དེ་ཁྱེར་འདྲེ་འབྱུང་པོ་ཕུག་རོན་འདྲ་བའི་རྗེས་བཤུལ་བསྙེགས་ཏེ་ཤ་ཁྲག་རུས་པ་ཟ་བ། རྒྱབ་ཏུ་ལྕགས་སྡིག་ནག་པོ་ལུས་ཀྱིས་ས་གཞི་ཁྱབ་ཅིང་རྭ་དང་མཇུག་མ་ནམ་མཁར་གདེངས་ནས་འོད་ཟེར་ལྕགས་ཀྱི་དྲ་བར་སྒབ་འདྲེ་ཕྱིར་འབྲང་བཅུག་སྟེ་སྙིང་ཁྲག་འབྱིན་པ། གཡོན་དུ་སྤྲུལ་པའི་དུར་སྦྱང་ཕོ་མོ་གློག་ལྟར་འཁྱུག་ཅིང་སྤུ་གྲིའི་མཆེ་བས་དགྲ་བགེགས་འབིགས་ཤིང་ལྕགས་ཀྱི་སྡེར་མོས་ས་གཞི་འདྲད་པ། མཇུག་མ་བརྡབས་པས་མེ་རླུང་འཚུབ་པའོ། །བང་རིམ་གཉིས་པར་ལྷ་དང་ཀླུ་གཉན་བྱེ་བ་འབུམ་སྡེའི་དམག་ཚོགས། སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་དཔུང་ཚོགས་ཡན་ལག་བཞི་པའི་ཆ་ལུགས་སུ་འཇིགས་ཤིང་དཔའ་བ། ཀུན་ཀྱང་ཉི་མ་འབུམ་གྱི་གཟི་བརྗིད་


GLG022_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་གྱུར། གསུམ་པ་ཐུན་རྫས་ཡ་སྟགས་གླུད་དང་སྐོངས་སུ་ཤེས་པ་ནི། རཾ་ལས་ཡེ་ཤེས་ཀྱི་མེས་དངོས་པོའི་སྐྱོན་རྣམས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་དངོས་པོའི་སྐྱོན་རྣམས་སྦྱངས། ཁཾ་ལས་མཚན་མེད་ཀྱི་ཆུས་དངོས་པོའི་སྐྱོན་རྣམས་བཀྲུས། ཨཱོཾ་གྱིས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྣམས་དང་ལྡན་པར་བྱས། ཨཱཿས་ས་གཞི་བར་སྣང་ནམ་མཁའི་ཁྱོན་རྣམས་ཡོངས་སུ་བཀང་སྟེ་འཛད་པ་མེད་པ་ནམ་མཁའི་མཛོད་དུ་སྤེལ། ཧཱུཾ་གིས་རྨད་དུ་བྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། སྭཱས་གཟུགས་བརྙན་ཐམས་ཅད་མཚན་དང་དཔེ་བྱད་ཕུང་ཁམས་སྐྱེ་མཆེད་དང་ལྡན། ཧཱས་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་བྱིན་རླབས་ཀྱིས་ཐུགས་དམ་གཉན་པོ་ཡོངས་སུ་སྐོང་བའི་ནུས་མཐུ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ་ཏྲིཾ་སྦཾ་པཾ་ཏྲཾ་རཏྣ་སྟྲེ་ལོཀྱ་ཕཊ། བཞི་པ་ཐུན་རྫས་མཚོན་ཆར་ཤེས་པ་ནི། མདའ་མདུང་རལ་གྲི་གསེར་འཁོར་སོགས་ཕྱག་མཚན་གྱི་རྫས་རྣམས་གནམ་ལྕགས་འབར་བའི་ཐོག་ལྟར་གྱུར་ནས་གནོད་བྱེད་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་སྟེ་ཚར་གཅོད་པའི་ནུས་པ་དང་ལྡན་པར་གྱུར། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་འཕྲིན་ལས་ལྟར་ཕྱིན་གྱིས་བརླབ། བཞི་པ་སྤྱན་དྲང་ཞིང་བཞུགས་སུ་གསོལ་བ་ནི། །སྤོས་སྦྱོར་རོལ་མོ་གཡབ་དར་དང་བཅས། །ཡེ་ཤེས་གཞལ་ཡས་མ་ནས། །ས་མ་ཡ་ཛཿཛཿའི་བར་བརྗོད། ཧཱུཾ། དུས་གསུམ་སངས་རྒྱས་པདྨ་སམྦྷ་ཝ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རྒོད་ལྡེམ་སོགས། །རྩ་བརྒྱུད་(༦བ)


GLG022_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་སྤྱན་སྔར་བསྟན་སྐྱོང་བར། །ཞལ་བཞེས་ལྷ་མཆོག་ཆེན་པོ་སྤྱན་འདྲེན་ནོ། །ཕུན་ཚོགས་འཆི་མེད་བདག་པོའི་ཕོ་བྲང་དང་། །ལྷ་བརྒྱད་གངས་ཀྱིས་བསྐོར་བའི་གཞལ་མེད་ཁང་། །ངོ་མཚར་བཀོད་ལེགས་ཞིང་ཁམས་གྲངས་མེད་ནས། །སྣ་ཚོགས་འཕྲིན་ལས་བསྒྲུབ་ཕྱིར་སྤྱན་འདྲེན་ནོ། །དམ་ཅན་ཤེལ་གིང་དཀར་པོ་སྤྱན་འདྲེན་ནོ། །ལྷ་ཆེན་གནམ་ཐེ་དཀར་པོ་སྤྱན་འདྲེན་ནོ། །གནམ་ལྷ་བྱང་ཆུབ་སེམས་དཔའ་སྤྱན་འདྲེན་ནོ། །ཚངས་པ་དུང་གི་ཐོར་ཚུགས་སྤྱན་འདྲེན་ནོ། །དྲི་ཟ་ཟུར་ཕུད་ལྔ་པ་སྤྱན་འདྲེན་ནོ། །ཁྱབ་འཇུག་གནམ་མཚོའི་རྒྱལ་པོ་སྤྱན་འདྲེན་ནོ། །གསང་ཡུམ་རྡོ་རྗེ་གཡུ་སྒྲོན་སྤྱན་འདྲེན་ནོ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སྤྱན་འདྲེན་ནོ། །རྣམ་འགྱུར་སྤྲུལ་པའི་ཚོགས་རྣམས་སྤྱན་འདྲེན་ནོ། །དབུ་དགུ་མཁའ་ལྡིང་དབང་པོ་སྤྱན་འདྲེན་ནོ། །ཡང་སྤྲུལ་དུང་ཁྲ་དཀར་པོ་སྤྱན་འདྲེན་ནོ། །རབ་འཇིགས་ལྕགས་སྡིག་ནག་པོ་སྤྱན་འདྲེན་ནོ། །གློག་ལྟར་འཁྱུག་པའི་དུང་སྤྱང་སྤྱན་འདྲེན་ནོ། །ལྷ་ཀླུ་གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཀྱི། །དམག་ཚོགས་འཁོར་དང་བཅས་པ་སྤྱན་འདྲེན་ནོ། །སྤྱན་འདྲེན་མཆོད་པའི་གནས་འདིར་ད་ཚུར་སྤྱོན། །སྐུ་གཅིག་མཚན་དྲུག་རྣམ་འགྱུར་བརྒྱད་སྟོན་པ། །དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །སྔོན་གྱི་དམ་དགོངས་གནས་འདིར་གཤེགས་ནས་ཀྱང་། །དགྱེས་པའི་སྟན་ལ་གཉིས་སུ་མེད་པར་བཞུགས། །ཨོཾ་བཛྲ་ཐང་ཀར་ས་པ་རི་ཝཱ་ར་ཛཿཧཱུཾ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ལྔ་པ་བཀའ་བསྒོ་བ་ནི། ང་ནི་དབང་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་དང་(༧ན)


GLG022_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྱོར་བའི། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི། །དེ་བཞིན་བསྒྲུབ་པའི་རྣལ་འབྱོར་པའི། །དད་པ་དང་ནི་དམ་ཚིག་གིས། །མིང་སྲིང་བཞིན་དུ་དམ་བསྲེས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །རྡོ་རྗེ་དྲི་ཆུ་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་སྦྱར་ཏེ། །ཚངས་པ་དྲི་ཟའི་རྒྱལ་པོ་ཆེ། །རྡོ་རྗེ་གཡུ་སྒྲོན་སྤྲུལ་འཁོར་ལ། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས། །ལྕེ་ལ་བདུད་རྩི་བཞག་ནས་ནི། །སྔོན་ཚེ་ཇི་སྲིད་མནའ་བོར་བཞིན། །ང་ཡང་དམ་ལས་མི་འདའོ། ཁྱེད་རྣམས་དམ་ལས་མ་འདའ་ཞིག །གལ་ཏེ་དམ་ལས་ཁྱོད་འདས་ན། ཁྲོ་བོ་རྡོ་རྗེ་གནོད་སྦྱིན་གྱིས། །སྙིང་ཁྲག་བཞོས་ཏེ་འཐུང་བར་བྱེད། །དེ་བས་དམ་ལས་མ་འདའ་བར། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བཛྲ་ཡཀྴ་ཧཱུཾ་ཧཱུཾ། དྲུག་པ་མཆོད་གཏོར་འབུལ་བ་ནི། ཧཱུཾ། གཡའ་གངས་རྒྱུན་འབབ་ཨརྒྷའི་ཡོན་ཆབ་སྦྲེང་། །ཐང་དང་ཆུ་སྐྱེས་མེ་ཏོག་ཕང་ཕུང་གཡོ། །དྲི་ཞིམ་ངད་ལྡང་བདུག་སྤོས་ལང་ལོང་འཁྲིགས། །སྣོད་བཅུད་ཀུན་གསལ་སྒྲོན་མ་ཚར་དུ་དངར། །ག་པུར་ཙན་དན་ཆུས་སྦྲན་བྱུག་པའི་རྫས། །རོ་མདའ་ལྷ་ཡི་ཞལ་ཟས་ཕྱུར་བུར་སྤུངས། །པི་ཝཾ་རྫ་རྔ་སིལ་སྙན་གླིང་བུའི་སྒྲ། །གདུགས་དཀར་རྒྱལ་མཚན་བ་དན་ལྡ་ལྡི་སོགས། །ཡིད་འཕྲོག་ལྟ་ན་སྡུག་པའི་མཆོད་པའི་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེ་ནས། །བོད་སྐྱོང་མངའ་བདག་རྒྱལ་པོའི་སྐུ་ཡི་ལྷ། །དྲི་ཟའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་ཐང་ཀ་ར་ས་པ་རི་ཝཱ་ར་ཨརྒྷཾ། པུཥྤེ་སོགས་ཀྱིས་(༧བ)


GLG022_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། སྨན་མཆོད་དང་གཏོར་མ་འཕྲིན་ལས་ལྟར་བསྔོ། བདུན་པ་དབང་དུ་བསྡུ་བ་ནི། རང་ཉིད་ཁྲོ་བོའི་བསྐྱེད་རིམ་གསལ་ཆེ་བའི་ང་རྒྱལ་བསྐྱེད་ལ། ཧཱུཾ། ང་ནི་ཆེ་མཆོག་ཧེ་རུ་ཀ །ང་ནི་པདྨ་དབང་ཆེན་ཡིན། །སྐུ་ནི་རི་རབ་བས་ཀྱང་ཆེ། །གསུང་གི་ཧཱུཾ་སྒྲ་འབྲུག་ལྟར་སྒྲོག །ཤངས་ནས་བསྐལ་པའི་འཐོར་རླུང་འཚུབ། །མིག་ནས་མེ་ཡི་ཕུང་པོ་འབར། །སྨིན་མ་ཁྲོ་གཉེར་རྦ་རླབས་འཁྲུག །རལ་པ་ཁམ་ནག་སྲིད་རྩེར་འབར། །ཕྱག་མཚན་མཚོན་ཆ་སྐར་ལྟར་འཁྲུག །དུས་གསུམ་བཞུགས་པའི་སངས་རྒྱས་ང་། ཁྲོ་རྒྱལ་ཐམས་ཅད་སྐུ་ལ་རྫོགས། །གཟི་བརྗིད་ཕྱོགས་བཅུར་མེ་ལྟར་འབར། །བསྐལ་པའི་མེ་ཡི་ཀློང་དཀྱིལ་ན། །དྲེགས་པ་མ་ལུས་ལས་ལ་འཁོལ། ཁམས་གསུམ་སྲིད་གསུམ་དབང་དུ་སྡུད། །འཇིག་རྟེན་ཁམས་ཀུན་གཡོ་འགུལ་བྱེད། །དམ་ལས་འདའ་བའི་སྙིང་ཁྲག་འཐུང་། །བདུད་དང་ལོག་འདྲེན་ཞབས་ཀྱིས་གནོན། །དམ་ཅན་མ་ལུས་སྲོག་ནས་གཟིར། །དབང་གི་རྒྱལ་པོ་ལས་འཆོལ་གྱི། །ང་ཡི་བཀའ་ལས་གང་འདའ་བ། །ལུས་སེམས་རྡུལ་དུ་བརླག་པར་བྱེད། །དེ་བས་དམ་ཅན་མ་ལུས་པ། །གོང་གོང་ཆུམ་ཆུམ་དམ་ལ་འདུ། །ཨཱོཾ་ཨཱཿཧཱུཾ་སྭཱཧཱ། བཛྲ་ཀྲོ་དྷ་མཧཱ་ཤྲཱི་ཧེ་རུ་ཀ་ཡ་མཱནྟ་ཀ་པདྨ་ཀྲོ་ཏཱི་ཤྭ་རི། བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཙཎྜ་མཧཱ་རོ་ཥ་ཎ། ཀཱ་ལ་རཱུ་པ། བཛྲ་ཡཀྴ་ཀྲོ་དྷ་པདྨ་བནྡྷ་མུ་ཀ་ཨཱ་ཀཪྴ་ཡ། ཨཱ་ཀཪྴ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཤ་ཡ། ཏོ་ཤ་ཡ། མོ་ཧ་ཡ། མོ་ཧ་ཡ། ཤྲཱི་མཧཱ་ཀཱ་ལ་སརྦ་རཱུ་པ། བཛྲ་སརྦ་དུཥྚཾ་སརྦ་ཌཱ་ཀི་ནི་ཧྲྀ་ད་ཡ། ཧ་ཧ་ཧི་ཧི། ཨེ་ཨ་ར་ལི་ཧཱུཾ་(༨ན)


GLG022_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཞེས་བརྒྱ་རྩ་སོགས་ཅི་རིགས་པ་བཟླ། བརྒྱད་པ་མདོས་གླུད་ཀྱི་རབས་དང་ཡས་ཀྱི་ཆོ་འབྲང་འདོན་པ་ནི་རཀྴའི་གཏེར་བྱོན་གྱི་སྟོད་འཆོད་ལེན། དགུ་པ་མདོས་བསྔོ་ཞིང་འཕྲིན་ལས་འཆོལ་བ་ནི། ཧཱུཾ། འབྱུང་བ་རིམ་བརྩེགས་ནོར་འཛིན་དཀྱིལ་འཁོར་སྟེང་། །ཤར་ཕྱོགས་མན་ཤེལ་ཨིནྡྲ་ནཱི་ལ་ལྷོ། །ནུབ་ངོས་པདྨ་རཱ་ག་བྱང་གསེར་ལས། །ལེགས་གྲུབ་བང་རིམ་བཞི་ལྡན་རི་རབ་སྟེང་། །སྣ་ཚོགས་རིན་ཅེན་ཁང་བཟང་ལྕོག་བརྒྱད་མཛེས། །རྒྱ་ཕུབས་ནོར་བུའི་ཏོག་ཅན་དྲ་བ་དང་། །དྲ་ཕྱེད་དྲིལ་སིལ་དར་དཔྱངས་རིན་ཅེན་བརྒྱན། །ཡོངས་འདུ་ས་བརྟོལ་སྲོག་ཤིང་བརྟན་པའི་རྩེར། །དབང་གཞུ་ལྟར་བཀྲ་གདུགས་དང་ཁྱུད་ཚང་བརྩེགས། །རྐེད་ལ་ཉི་ཟླ་རྩ་བར་གསེར་གྱི་རི། །རོལ་མཚོ་བདུན་དང་གླིང་བཞི་གླིང་ཕྲན་མཐར། །ལྕགས་རིས་ལེགས་བསྐོར་བཞུགས་གནས་ཕོ་བྲང་ཆེ། །རྡོ་རྗེ་འབར་རྩལ་རྣམ་འཕྲུལ་གསང་བའི་ཡུམ། །མཆེད་སྤྲུལ་ཕོ་ཉ་འཁོར་ཚོགས་རྒྱ་མཚོར་འབུལ། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོངས་གྱུར་ནས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་མཛོད། །ནམ་མཁའ་ཁྲ་བོ་བྱ་དཀར་སྒྲོ་ཕོད་ཅན། །སྒྲོ་ཡུངས་བལ་ཚོན་གྱིས་སྤྲས་རྒྱང་བུ་སྤེལ། །ཡུལ་མཁར་ཕོ་གདོང་མོ་གདོང་སྡེ་བརྒྱད་ཀྱི། །བྱང་རྦོད་གནོད་བྱེད་མ་ལུས་བཟློག་པའི་ཁྲམ། །ཐབས་ཤེས་ཟུང་འཇུག་མདའ་ཁྲ་འཐང་ཁྲ་བསྣོལ། །ཡིད་ཚེ་སྲོག་དབུགས་ཕུང་ཁམས་སྐྱེ་མཆེད་དབང་། །གོས་རྒྱན་ལྡན་པ་མི་ལས་དགའ་བའི་(༨བ)


GLG022_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

གླུད། །བཤོས་ཆང་རིལ་བུ་མཐེབ་སྐྱུས་བསྐོར་བ་འདི། །རྡོ་རྗེ་འབར་རྩལ་རྣམ་འཕྲུལ་གསང་བའི་ཡུམ། །མཆེད་སྤྲུལ་ཕོ་ཉ་འཁོར་ཚོགས་རྒྱ་མཚོར་འབུལ། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོངས་གྱུར་ནས། །ཞི་རྒྱས་དབང་དྲག་འཕྲིན་ལས་མ་ལུས་མཛོད། །མཆོད་ཡོན་གཡའ་གངས་སྐྱེ་ཆུ་ཤེལ་སྣོད་བསྐྱིལ། །ལྷ་མིའི་མེ་ཏོག་འདབ་རྒྱས་ཟེའུ་འབྲུ་རྒོད། །ཤིང་སྨན་བསངས་དུད་ན་བུན་བཞིན་དུ་འཁྲིགས། །ཉི་ཟླ་རྩི་འབྲུའི་མར་མེས་ཕྱོགས་ཀུན་གསལ། །ག་པུར་གུར་ཀུམ་འདག་ཆལ་བྱུག་པའི་དྲི། །དཀར་གསུམ་དངར་གསུམ་ཟན་སྦྱར་རོ་བརྒྱའི་བཤོས། །དགར་དུང་དུང་ཆེན་གླིང་བུ་རྔ་བོ་ཆེ། །སྦུག་སིལ་དྲིལ་བུ་གཡེར་ཁ་རོལ་མོའི་སྒྲ། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་ཕོ་ཉ་༝། །ཐུགས་དམ་གཉན་པོ་༝། །ཞི་རྒྱས་དབང་དྲག་༝། །འདོད་ཡོན་ལྔ་ལྡན་རྐེད་ཕྲ་ཟློས་གར་བསྒྱུར། །ཐོགས་མེད་གསེར་འཁོར་ནོར་བུ་བསམ་དགུ་འགྲུབ། །བདེ་སྟེར་བཙུན་མོ་གྲུ་འཛིན་ཁྱིམ་གྱི་བདག །སྟོབས་ལྡན་བལ་གླང་ཅང་ཤེས་རླུང་གཤོག་རྟ། །དགྲ་འཇོམས་དམག་དཔོན་ནོར་བུའི་ཏོག་མཛེས་གདུགས། །གསེར་ཉ་གཏེར་གྱི་བུམ་བཟང་པདྨ་དཀར། །གཡས་འཁྱིལ་དུང་དཀར་འཁོར་ལོ་དཔལ་བེའུ། །རྒྱལ་མཚན་བ་དན་རྔ་ཡབ་ལྡ་ལྡི་འཕན། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །ཐོར་ཚུགས་གཡས་འཁྱིལ་སུམ་སྟེང་ནོར་བུས་སྤུད། །དར་ཆིངས་ཅོད་པན་ཨུཏྤལ་ཆུན་པོ་ལྡེམ། །རིན་ཅེན་པྲོག་ཞུ་སྙན་ཆ་མགུལ་རྒྱན་དང་། །གདུ་བུ་དོ་(༩ན)


GLG022_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ཤལ་གསེར་ག་སེ་མོ་དོ། །གསེར་སྐེད་ཁ་དོག་སྣ་ཚོགས་ཙེ་བེར་གོས། །ཡུག་གྱོན་ཧོར་ལྷམ་པད་ཕྲེང་སྟག་ཤམ་སྦྲུལ། །ཆས་མཛེས་ངང་དཀར་རྟ་མཆོག་གཡུ་འབྲུག་དང་། །ནེའུ་ལེ་རྟ་ནག་པདྨ་ཉི་ཟླའི་གདན། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །རྡོ་རྗེས་མཚན་པའི་སྦ་ལྕག་ཤེལ་དཀར་ཕྲེང་། །ཆུ་སྲིན་རྒྱལ་མཚན་མེ་ལོང་སྲིད་གསུམ་གསལ། །སྨན་གྱི་ལྗོན་པ་བུམ་པ་བདུད་རྩིས་གཏམས། །རབ་འབར་ནོར་བུ་རིན་ཅེན་གྱིས་གང་སྒྲོམ། །མཆི་མེད་ཚེ་བུམ་གནམ་ལྕགས་མདའ་དང་གཞུ། །མདུང་རྣོན་ཨུཏྤལ་ལས་མཚན་ལྕགས་ཀྱུ་དང་། །ཞགས་པ་རྣོ་ངར་རལ་གྲི་གསེར་སྦྱངས་ཀྱི། །འཁོར་ལོ་རྩིབས་སྟོང་འབར་བའི་ཕྱག་འཚལ་སོགས། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ༝། །ཐུགས་དམ༝། །ཞི་རྒྱས་༝། །སྒ་ཆས་རབ་སྤྲས་རྟ་མཆོག་ངང་པ་དཀར། །འབྲོང་དཀར་དབང་སྔོན་རྭ་གདེངས་དར་སྣས་བརྒྱན། །བཻ་ཌཱུཪྻ་འདྲའི་རྭ་འཁྱིལ་ལུག་དཀར་མཛེས། ཁྱུང་ལྟར་ལྡིང་བའི་རྒྱ་ཁྲ་འཕུར་ཞིང་རྒྱུག །འཛད་མེད་འོ་མའི་རྒྱུན་སྤེལ་ཞོལ་མོ་དང་། །བསམས་པའི་རེ་སྐོང་འདོད་པ་འཇོ་བའི་བ། །མི་བཟད་ཁུར་ཆེན་འདེགས་པའི་གཉིས་འཐུང་པ། །ར་དཀར་མ་ཧེ་འདབ་ཆགས་རྒྱལ་པོ་ཁྱུང་། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། ཁྲུང་ཁྲུང་གོ་བོ་བྱ་ནག་སྐྱུང་ཀ་རྒོད། །རྨ་བྱ་ནེའུ་ཙོ་པུ་ཤུད་འུག་པ་གླག །ཁྱིམ་བྱ་འོལ་བ་གོང་མོ་ངང་ངུར་དང་། །སེང་(༩བ)


GLG022_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གཟིག་གུང་དོམ་དྲེད་ཝ་སྤྱང་གསའ། །ཅེ་སྤྱང་འཕར་བ་སྤྲ་སྤྲེལ་བྱི་ལ་ཁྱི། །ཤ་བ་དགོ་བ་གཉན་བཙོད་གླ་བ་རྒྱ། །རི་བོང་གནའ་ལ་རུ་རུ་བསེ་རུ་རྐྱང་། །སར་འཛུལ་གནམ་འཕུར་རི་དྭགས་འཕྱོ་དགུའི་ཚོགས། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །སྦལ་སྦྲུལ་ཉ་ལྕོང་རྟ་བླ་སྡོམ་སྡིག་སོགས། །ཀླུ་གཉན་ས་བདག་ཆགས་པའི་སྲོག་ལྡན་རིགས། །རྟ་དང་དྲེའུ་བོང་བུ་རྔ་མོ་གཡག །མི་བཟད་དཀོར་ནོར་ཁུར་གྱིས་རབ་ཏུ་ལྕི། །རྟེན་གཏེར་རྒྱུན་གཏོར་བསྐང་གཏོར་ཨ་མྲྀ་ཏ། །ཕྲུམ་ཐུད་ཕྱེ་མར་འཁུར་བ་ཤིང་ཏོག་ཚྭ། །འབྲུ་སྣ་ཇ་ཆང་དཀར་གསུམ་དངར་གསུམ་ཚོགས། །ལུག་ཤ་མགོ་འབྱར་དཀར་མོ་ལག་གཡས་རྟེན། །རྡོ་རྗེ་འབར་རྩལ་༝། །མཆེད་སྦྲུལ༝། །ཐུགས་དམ་༝། །ཞི་རྒྱས་༝། ཁྲབ་ཆེན་གོས་གཤམ་མགོ་ཆས་བརྗིད་པའི་རྨོག །སྦིར་ཕུབ་ཞོལ་བཏགས་ལྕགས་གཞིབས་བཙན་པོའི་གོ །མདའ་མདུང་རྩེ་གསུམ་དགྲ་སྟ་གྲི་གུག་གྲི། ཁྲི་སྒྱོགས་དཔག་ཆེན་ལ་སོགས་རྡོ་རྗེའི་མཚོན། །ཙན་དན་ག་པུར་སེ་འབྲུ་ཨ་ཀ་རུ། །བཟང་དྲུག་སྨན་སྣ་བཙོད་ཞུན་རམས་སྐག་མཚལ། །ཟ་འོག་དར་རས་སྣམ་ཕྲུག་པགས་པའི་རིགས། །ལྷ་དང་མི་ཡི་རིིན་ཅེན་སྣ་ཚོགས་པ། །རྡོ་རྗེ་འབར་རྩལ་༝། །མཆེད་སྤྲུལ་༝། །ཐུགས་དམ་༝། །ཞི་རྒྱས་༝། །འཕྲིན་ལས་འཚོལ་བ་ནི། ཧཱུཾ། ལྷ་ཁྱོད་སྦྲུལ་དཀར་གཟུགས་ཀྱིས་མཐོ་འཚམས་ཚེ། །པད་འབྱུང་གཟི་བྱིན་མ་བཟོད་ཁྱེའུའི་གཟུགས། །བསྟན་ནས་སྲོག་གི་སྙིང་པོ་ཕུལ་བ་ན། །(༡༠ན)


GLG022_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་བཏགས། །ཧལ་པོ་རིའི་མདུན་གཡུ་ཡི་ཟུར་ཕུད་ཅན། །རྣམ་པར་བསྟན་ཚེ་བོད་སྐྱོང་རྒྱལ་པོའི་གདུང་། །རྫོགས་མིན་སྐུ་ལ་གཉན་པོ་བྱེད་དོ་ཞེས། །སློབ་དཔོན་སྤྱན་སྔར་དམ་བཅའ་མཛད་མིན་ནམ། །གཏེར་སྟོན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནས། །རྡོ་རྗེ་འཆང་དངོས་ཆོས་དབྱིངས་རང་གྲོལ་བར། །རྩ་བརྒྱུད་བླ་མ་རིམ་པར་བྱོན་རྣམས་ལ། །ཞལ་འཆེས་དམ་ཚིག་གཉན་པོ་མ་གཡེལ་དགོངས། །འགྲོ་ལ་ཕན་བདེ་འབྱུང་གནས་ཐུབ་པའི་བསྟན། །མདོ་རྒྱུད་ལུང་དང་མངོན་པར་རྟོགས་པ་ལ། །འཆད་ཉན་དེ་དོན་བསམ་སྒོམ་སྡེ་རྣམས་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བའི་འཕྲིན་ལས་མཛོད། ཁྲི་སྲོང་ལྡེའུ་བཙན་རྗེས་སུ་བརྩེ་བའི་ཡུལ། །བོད་འབངས་ངོ་ཚ་ཁྲེལ་ལྡན་བཟང་སྤྱོད་ཀྱིས། །ལེགས་སྐྱོང་ས་དབང་རྒྱལ་པོའི་མངའ་ཐང་དང་། །སྐུ་ཚེ་མཚན་ཇུས་ཆབ་སྲིད་འཕེལ་བར་མཛོད། །གངས་ཀྱི་ར་བས་བསྐོར་བའི་སྨན་ལྗོངས་འདིར། །ནད་ཡམས་སྐྱ་ཕམ་མུ་གེ་གཡུལ་འཁྲུག་སོགས། །མི་མཐུན་ཉེས་པའི་དྲི་མ་མ་ལུས་པ། །བྱིན་རླབས་མཐོ་རིས་ཆུ་བོས་དག་པར་མཛོད། །ཚེ་ཡང་རིང་གནས་མི་ཕྱུགས་རིགས་བརྒྱུད་དར། །སྨན་རྣམས་ནུས་འཕེལ་བཟླས་བརྗོད་མཐུ་ཆེ་ཞིང་། །བརླང་སྤྱོད་མེད་པར་ཕན་ཚུན་མཉེས་གཤིན་པ། །རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས་པར་མཛོད། །འབྱུང་བཞི་འཁོད་སྙོམས་ལོ་ཏོག་དུས་སུ་སྨིན། །མཐའ་བཞི་ལས་སྒོ་མ་ལུས་ཡོངས་སུ་འདུ། །ཚོང་དང་ཁེ་སྤོགས་དོན་གྲུབ་(༡༠བ)


GLG022_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ལ། །ཅི་བདེར་སྦྱོར་པའི་དགའ་སྟོན་ལ་སྦྱོར་མཛོད། ཁྱད་པར་ལོག་སྨོན་མཐུ་བཙན་ས་བོན་ཚོགས། །ལྷ་མིན་ཕུང་སྲིའི་གཤེར་གྱིས་བསྐྱེད་པའི་འབྲས། །བྱུར་ཆགས་སྨྲ་མཆུ་འཐིབས་པོ་དཔུང་པའི་སྨག །དྲག་ཤུལ་ཉི་མའི་འོད་ཀྱིས་སངས་པར་མཛོད། །སྟོད་སྨད་མཐའ་དམག་སྡང་བའི་སེམས་ལྡན་པས། །དྲག་ཤུལ་བརྩོམ་པའི་རྗེ་བློན་མངག་གཞུག་སྡེ། །སྒོ་གསུམ་སྤ་བཀོང་མངའ་ཐང་ཚེ་སྲོག་རྣམས། །རྡུལ་ཕྲན་ལྟ་བུར་རློག་པའི་འཕྲིན་ལས་མཛོད། །ཡང་སྒོས་བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ། །གནོད་བྱེད་ཕྱི་རོལ་མུ་སྟེགས་སྦྱོར་ངན་མདའ། །བར་པ་དྲང་སྲོང་བྲམ་ཟེ་དམོད་པའི་མཚོན། །ནང་པ་སངས་རྒྱས་བདེན་མཐུ་ཕྱིར་ཟློག་མཛོད། །སྔོན་བསགས་འཕྲལ་གྱི་སྤྱོད་ལམ་མ་དག་པས། །འཕོག་དང་ལས་ཀྱི་དབང་གི་རང་བཞིན་གྱིས། །ལྷ་སྲིན་སྡེ་བརྒྱད་ཟ་ཁ་ཟག་པ་ཡི། །ཉེར་འཚེའི་བར་གཅོད་མ་ལུས་ཞི་བར་མཛོད། །སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བགེགས་ཀྱི་རིགས། །སུམ་བརྒྱ་དྲུག་ཅུའི་མ་རུངས་གདུག་པའི་གདོན། །མཚན་དང་ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །སུམ་བརྒྱ་དྲུག་ཅུའི་ཡེ་འབྲོག་བཟློག་པར་མཛོད། །བྱིས་པའི་གདོན་ཆེན་བཅོ་ལྔས་རྣམ་འཚེ་བ། །བཞི་བརྒྱ་རྩ་བཞིའི་ནད་ཀྱི་ཟུག་རྔུ་དང་། །དུས་མིན་རྐྱེན་གྱིས་འཆི་བ་རྣམ་པ་བརྒྱད། །གཤིས་ངན་འགུམས་པ་བཅོ་ལྔ་ཞི་བར་མཛོད། །ལོ་ཟླ་ཞག་དུས་གེག་དང་སྲི་ངན་སོགས། །དངོས་ཉམས་རྨི་ལྟས་མོ་པྲ་ངན་བབས་པ། །དུག་མཚོན་བཤོམ་པའི་མི་དང་(༡༡ན)


GLG022_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

མི་མིན་གྱི། །བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་མཛོད། ཁྱད་པར་རྒྱལ་བསེན་འགོང་པོ་སྤུན་དགུའི་རིགས། །ཆོས་བྱེད་ལས་མཐའ་ལོག་པས་དམ་སྲི་རུ། །སྐྱེས་ནས་འགྲོ་མང་འཕུང་བའི་བྱ་བ་ལ། །ཞུགས་པའི་མ་རུངས་མཐའ་དག་རྡུལ་དུ་རློག །ཁྱོད་ཉིད་ལྷག་པའི་ལྷར་བསྟེན་གཉེར་གཏད་པ། །དམིགས་ཡུལ་བསྲུང་བྱར་གྱུར་པའི་ཚོགས་རྣམས་ཀྱིས། །ལུས་ལ་ནད་དང་རིམས་ཀྱིས་མི་འཚེ་ཞིང་། །ལྕགས་སྲོག་རྡོ་རྗེའི་སྲད་བུས་བསྡམ་པར་མཛོད། །ལོ་བརྒྱར་འཚོ་བའི་ཚེ་ཡི་དངོས་གྲུབ་དང་། །རྣམ་ཐོས་བུར་འགྲན་བསོད་ནམས་མངའ་ཐང་རྒྱས། །ཅི་བསམས་འགྲུབ་པའི་རླུང་རྟའི་དར་པོ་ཆེ། །སྲིད་པའི་རྩེ་མོའི་བར་དུ་འཕྱར་བར་མཛོད། ཁམས་གསུམ་གནས་སོ་ཅོག་གི་གཙུག་ཏོར་ངོས། །རྐང་སེན་ཟླ་བ་ཚེས་པས་ཉེར་བརྒྱན་ཏེ། །འབངས་སུ་བཀོལ་ནས་ཇི་ལྟར་བསྒོ་བའི་ལས། །ཐོགས་པ་མེད་པ་ལྷུན་གྱིས་གྲུབ་པར་མཛོད། །གཏན་མདུན་དཀར་པོ་དམ་པའི་ཆོས་བསྒྲུབ་པར། །ཡིད་སྲུབས་མདའ་ཡིས་འཚེ་བར་མི་ནུས་ཤིང་། །མཐུན་རྐྱེན་ཀུན་ཚང་ལུང་རྟོགས་ཡོན་ཏན་གྱིས། །རང་གཞན་དོན་རྣམས་འགྲུབ་པའི་འཕྲིན་ལས་མཛོད། །མདོར་ན་དེང་ནས་བྱང་ཆེན་མ་ཐོབ་པར། །ལྷ་མཆོག་རྡོ་རྗེ་འབར་བ་རྩལ་ཁྱོད་ཀྱིས། །ཉིན་མཚན་དུས་དྲུག་མེལ་ཚེ་རབ་མཛད་དེ། །བསམས་པའི་དོན་ཀུན་ཐོགས་མེད་སྒྲུབ་པར་མཛོད། །གཞན་ཡང་། པདྨ་ཐོད་འཕྲེང་རྒྱལ་བའི་སྤྱན་སྔ་རུ། །ཞེས་སོགས་བྱ། བཅུ་པ་བསྟོད་པ་ཆོས་དབྱིངས་མ་དང་བསྐུལ་(༡༡བ)


GLG022_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདམ་ཤོད་སྣང་མོ་དང་གནས་བརྒྱད་མ་གཏོང་། བཅུ་གཅིག་པ་འབུལ་བ་ནི། ཐོག་ཏུ་མདོས་བཏེག་སྟེ་གསོ་སྦྲན་བྱིན་གྱིས་བརླབ། ཡེ་ཤེས་གཞལ་ཡས་མས་སྤྱན་དྲང་ཞིང་མཆོད་གཏོར་འབུལ། གཡས་རུ་རི་རྒྱལ་བཀྲ་བཟང་རྩེར། ཞེས་སོགས་ཀྱིས་མདོས་ཞལ་ཕྱིར་བསྒྱུར་ཞིང་གཏོང་། མངའ་གསོལ་བྱེད། ནང་དུ་ལོག་ནས། བཅུ་གཉིས་པ་མཇུག་མཆོག་དཀྱུས་བཞིན་ནོ། །ཞག་སྦྲེལ་དུ་བྱེད་ན་ཐུན་གཏོར་གྱི་རྗེས་སུ་མངའ་གསོལ། བསམ་པ་ལྷུན་གྲུབ་མ་སོགས་སྨོན་ལམ་ཅི་རིགས་པ་བྱ། བསྐང་མདོས་བསྡུས་པ་བྱེད་ན་སྐུ་རྟེན་སོགས་དོར་བའི་ལག་ལེན་བཅས་བདེར་ཤམས་ཏེ་འཕྲིན་ལས་ཀྱི་བསྟོད་པ་ལྷ་ཡི་ལྷ་མཆོག་མ་སོང་མཚམས་བྱིན་རླབས་ཤེས་པ་བཞིའི་གཉིས་པ་དོར། སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ། མདོས་བསྔོ་བ་དང་འཕྲིན་བཅོལ་གྱི་རྗེས་སུ་བསྟོད་པ་ཆོས་དབྱིངས་མ་ནས་ཡང་ཐོག་ཏུ་མདོས་བཏེག་པ་སོགས་མཇུག་ཆོག་རྣམས་སྔར་ལྟར་རོ། །རྟེན་མདོས་སུ་བྱེད་ན་འཕྲིན་ལས་ཀྱི་སྨན་གཏོར་བྱིན་རླབས་ཡན་དཀྱུས་ལྟར་ལ་མདོས་བརླབ་པ་ནས་བཀའ་བསྒོའི་རྗེས་སུ་འཕྲིན་ལས་ཀྱི་དམ་བསྒྲགས་ནས། ཇི་བཞིན་མཉམ་པར་གཞག་པས་ཐུགས་དམ་བསྐང་། ཡན་བྱ། དེ་ནས་མདོས་གཞུང་གི་ཆེ་བའི་ང་རྒྱལ་བསྐྱེད་པ་ནས་མདོས་འབུལ་བའི་བར་གཏོང་། དེ་ཡང་བལྡབ་རྒྱུའི་ཤླཽ་ཀ་གཅིག་པོའི་ཚབ། རྡོ་རྗེ་འབར་རྩལ་རྣམ་འཕྲུལ་གསང་བའི་ཡུམ། །མཆེད་སྤྲུལ་ཕོ་ཉ་བཀའ་སྡོད་རྒྱ་མཚོ་རྣམས། །རྟེན་འདིར་བརྟན་བཞུགས་མཆོད་པའི་ཚོགས་བཞེས་ལ། བཅོལ་བའི་འཕྲིན་ལས་མ་ལུས་སྒྲུབ་(༡༢ན)


GLG022_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཅེས་བསྒྱུར། འཕྲིན་ལས་འཆོལ་བ་ནས་བསྐུལ་གྱི་བར་བསྐང་མདོས་ལྟར་དང་ཐུན་གཏོར་མངའ་གསོལ་མཇུག་ཆོག་པར་འདྲ། ཞག་གྲངས་སུ་བྱེད་ཀྱང་འཕྲི་བསྣོན་མེད། བཟློག་མདོས་སུ་བྱེད་ན་ཐོག་མར་སྔགས་པ་བདག་ཉིད་བེར་ཐོད་ཁ་གཡུ་ཁ་གསེར་སོགས་ཀྱི་ཆས་སུ་གཞུག །འབྲུ་སྣ་བྲེ་བཅུ་གསུམ་གྱི་སྟེང་དུ་བསངས་ཕྱེ་ལ་མདའ་དར་རིན་ཅེན་བཏགས་པ་བཙུགས། རྒྱ་ཕོར་དང་དངུལ་སྐྱོགས་གསེར་སྐྱེམས་ཀྱིས་བཀང་། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ནས། མགྲོན་རྣམ་པ་བཞི་ལ་མཆོད་པ་ཕུད་སྐོང་གཏོང་ཞིང་ཞི་ཁྲོ་གང་རུང་གིས་གཞུང་བསྲང་བ་ནས་ཁོར་ཡུག་གནམ་ལྷ་བརྒྱད་ཀྱི་གངས་རི་ཤེལ་གྱི་མཆོད་རྟེན་ལྟ་བུས་བསྐོར་བ་ཡན་མདོས་གཞུང་ལྟར་ལ། ཤར་དུ་ཡིད་འོང་འཇའ་གུར་འཁྲིགས་པའི་ནང་དུ་རིན་པོ་ཆེ་ལས་གྲུབ་པའི་འཆི་མེད་ལྷའི་ཁང་བཟང་བཀོད་པ་ཕུན་སུམ་ཚོགས་པའི་ཁོར་ཡུག་ཏུ་ལྷའི་སྐྱེད་ཚལ་གྱིས་ཡོངས་སུ་བསྐོར་བ། ལྷོར་དྲག་པོ་གནམ་ལྕགས་ཀྱི་གཞལ་མེད་ཁང་རྒྱ་ཕུབས་ཅན་ར་བས་བསྐོར་བའི་ཕྱི་རོལ་ཏུ་མཚོན་ཆའི་བུ་ཡུག་དང་ནང་དུ་མེ་རླུང་འཚུབ་མ་འཁྱིལ་བ། ནུབ་ཏུ་བྱུ་རུའི་བ་གམ་རྒྱ་ཕུབས་ཅན་ལྕགས་རིས་བསྐོར་བའི་ར་བར་ཨུཏྤ་ལ་དམར་པོས་མཚོན་པའི་མེ་ཏོག་དང་ལྗོན་ཤིང་སྣ་ཚོགས་པའི་ཚལ་གྱིས་ཁོར་ཡུག་ཏུ་དཀྲིགས་པ། བྱང་དུ་དྲག་པོ་གནམ་ལྕགས་འབར་བའི་མཁར་སྟེང་དུ་རྒྱ་ཕུབས་དང་ཁོར་ཡུག་ཏུ་ར་བས་བསྐོར་བའི་ནང་མཚོན་ཆ་སྣ་ཚོགས་ཀྱི་དྲ་བས་སྦྲེལ་བ། དབུས་མའི་ཕོ་བྲང་གི་ལྟེ་བར་ཉི་ཟླ་པདྨའི་གདན་ལ་ཞེས་པ་ནས། རྒྱབ་ཀྱི་རུ་འདྲེན་(༡༢བ)


GLG022_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་མི་སྔོན་འཇིགས་པ་སྟེ་སོ་སོ་བརྒྱ་ཕྲག་དང་བཅས་པས་བསྐོར་བ། ཤར་གྱི་འཆི་མེད་ལྷའི་ཁང་བཟང་གི་དབུས་སུ་རིན་པོ་ཆེའི་ཁྲི། པདྨ་ཟླ་ཉི་དགྲ་བགེགས་ཕོ་མོའི་གདན་ལ་ལྷ་མཆོག་སྲིད་གསུམ་གྱི་བདག་པོ་སྐུ་མདོག་དམར་སེར་མཆེ་བ་གཙིགས་ཤིང་ཨག་ཚོམ་དང་སྨིན་མ་གློག་སྟོང་ལྟར་འཁྱུག་པ། དབུ་སྐྲ་ལི་ཁྲིའི་མདོག་ཅན་ཐོར་ཚུགས་ཀྱི་རྩེར་སྐྱེ་བ་ལྔ་པའི་དུང་སུམ་ཚོམ་གྱི་སྟེང་དུ་ནོར་བུ་འབར་བས་མཚན་པ། གཡས་ཡེ་ཤེས་ཀྱི་རལ་གྲི་མེ་འབར་བ་ནམ་མཁར་འཕྱར་ཞིང་གཡོན་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་བསྐོར་བ། སྟག་ལྤགས་ཀྱི་རྐེད་དཀྲིས་དང་སྦྲུལ་གྱི་དོ་ཤལ་གསོལ་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ནས་མེ་འོད་ཀློང་ན་བཞུགས་པར་ཚངས་རེས་ལྷའི་འཁོར་ཚོགས་གྲངས་མེད་པས་བསྐོར་བ། ལྷོའི་གཞལ་མེད་ཁང་གི་དབུས་སུ་གནོད་བྱེད་དམིགས་བྱ་རྣམས་ཀྱི་སྟེང་ན་སྐྱེ་འགྲོའི་སྲོག་གཤེས་སྨྱོ་འདྲེ་སྲིན་པོ་འདུལ་བའི་གཉེན་པོར་ལྷ་ཆེན་གྱི་ངོ་བོ་རྣམ་པ་འབྲོང་གཡག་ཞོལ་ཅན་དཀར་པོ་འགྱིང་བག་དང་ལྡན་པ། རྭ་གཉིས་ཐང་ཤང་བརྒྱངས་པ་ཙམ་ལ་ཤིན་ཏུ་རྣོ་བ། ཁ་རླངས་ན་བུན་ལྟར་འཐིབས་ཤིང་དུང་སྒྲ་འབྲུག་ལྟར་སྒྲོག་པ། གནམ་ལྕགས་རྨིག་པ་མེ་ལྟར་འབར་བས་རྒྱལ་འགོང་དམ་སྲི་འདམ་ལྟར་རྫིས་ཤིང་རང་འདྲའི་སྤྲུལ་པ་དཔག་མེད་འགྱེད་པ། ནུབ་ཀྱི་བྱུ་རུའི་བ་གམ་གྱི་ནང་དུ་པད་ཉིའི་གདན་ལ་རླུང་སེམས་ལས་རུང་གི་ལྷ་དཔའ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་དམར་ལ་འཚེར་བ། པདྨ་དམར་པོའི་ཕྲེང་རྒྱན་ཅན། གཡས་ལྕགས་ཀྱུས་བསྒྲུབ་བྱའི་སྙིང་ནས་འགུགས་ཤིང་གཡོན་ཞགས་པས་མགུལ་ནས་འཆིང་བ། (༡༣ན)


GLG022_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཕྱེད་སྐྱིལ་གྱིས་བཞུགས་པར་འགུགས་བྱེད་དབང་གི་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་འབར་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་ལ་ཀརྨ་ལས་ཀྱི་ཁྲོ་བོ་རྡོ་རྗེ་འབར་བ་རྩལ་སྐུ་མདོག་ནག་ལ་ཁྲོས་པ་མིག་རྩ་དམར་ཞིང་མཆེ་བ་གཙིགས་པ། རལ་པ་དམར་སེར་གྱེན་དུ་བརྫེེས་ཤིང་རིན་པོ་ཆེའི་རྒྱན་རྣམས་དང་དུག་སྦྲུལ་གྱིས་བརྒྱན་པ། ཙེ་བེར་དམར་ནག་བརྩེགས་པའི་ནང་མ་གསེར་སྐེད་ཅན། གཡས་མདུང་དམར་དང་གཡོན་ལྕགས་ཀྱི་མདའ་གཞུ་འཛིན་པ། རིན་པོ་ཆེའི་ཧོར་ལྷམ་གྱོན་ནས་རྟ་མཆོག་བྲ་ནག་རླུང་ཤུགས་ཅན་ལ་བཅིབས་ཤིང་མེ་རླུང་འཁྲུག་པའི་ཀློང་ན་བཞུགས་པར་མངའ་བདག་དྲེགས་པའི་སྡེ་དཔོན་ཚོགས་ཀྱིས་བསྐོར་བ། ཚངས་པ་དང་འགུགས་པ་སྟེ་གཉིས་ཀའང་སྤྱན་གསུམ་དང་ལྡན་ཅིང་། ཞེས་པ་ནས། མདོས་བསྔོ་བའི་བར་བསྐང་མདོས་བཞིན་གཏོང་། མདོས་བསྐང་ཤམ་བུ་བསྒྱུར་ལུགས། རྡོ་རྗེ་འབར་རྩལ་སྤྲུལ་ཡུམ་འཁོར་དང་བཅས། །མདོས་མཆོད་འདི་བཞེས་བདག་སོགས་རྒྱུ་སྦྱོར་གྱི། །ནད་གདོན་བར་གཅོད་མི་མཐུན་ཕྱོགས་རྣམས་ཀུན། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་འཕྲིན་ལས་མཛོད། །ཅེས་བསྒྱུར་བ་རིགས་འགྲེ། བཤོས་ཆང་རིལ་བུ་མཐེབ་སྐྱུས་སྐོར་བ་འདི། །རྡོ་རྗེ་འབར་རྩལ་༝། །མདོས་མཆོད་འདི་བཞེས་༝། །ནད་གདོན་བར་ཆད་མི་མཐུན་༝། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་༝། །ཅེས་པའི་མཇུག་ཏུ། མཚོན་ཆ་སྣ་ཚོགས་རྫས་ཀྱིས་དར་བཏགས་པའི། །འབྲུ་ནག་རྗེན་(༡༣བ)


GLG022_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་བཤོས་བུ་ཟུར་གསུམ་པ། །དམར་གྱི་གཏོར་ཟོར་གང་བཟང་མཚེ་ཡིས་བརྒྱན། །དྲེགས་པའི་དམག་ཚོགས་བུ་ཡུག་ལྟ་བུར་འཚུབ། །ལྕགས་རིའི་སྟེང་ན་དྲག་པོའི་ཤིང་གི་རྩེར། །དམར་ནག་སྟོད་ནས་འབྲུག་སྒྲས་སྟོང་གསུམ་འགེང་། །སྨད་ནས་གློག་སྟོང་དམར་པོ་འཁྱུགས་སེ་འཁྱུག །རྐེད་པར་གནམ་ལྕགས་ཐོག་སེར་འཁྲུགས་པ་འདི། །རྡོ་རྗེ་འབར་རྩལ་༝། །མདོས་མཆོད་༝། །ནད་གདོན་༝། །དགྲ་བགེགས་༝། །ཞེས་འཇུག་པ་ཁྱད་པར་རོ། །འཕྲིན་ལས་འཆོལ་བ་ལེ་ཚན་གྱི་མཇུག་ཏུ་བཟློག་བསྒྱུར་ནི། ཧཱུཾ། རྔམ་བརྗིད་གཏུམ་དྲག་རོལ་པའི་ཕོ་བྲང་ན། །པདྨ་ཉི་ཟླ་ངང་དཀར་རྟ་ཡི་སྟེང་། །ལྷ་ཡིས་ལྷ་མཆོག་རྡོ་རྗེ་འབར་བ་རྩལ། །སྤྱན་གསུམ་མཆེ་གཙིགས་མ་བདུན་ལས་ལ་དགྱེད། །གཙུག་ན་ཁྱུང་ཆེན་ས་བདག་ཀླུ་གཉན་འདུལ། །བདུད་མོའི་གཙོ་མོ་གསང་ཡུམ་གནམ་མཚོའི་རྒྱལ། །སུམ་བརྒྱ་དྲུག་ཅུའི་མཆེད་འཁོར་ལས་ལ་རྔམས། །རུ་བཞིའི་དམག་ཚོགས་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་ནད་རིམས་དུག་མཚོན་དམག་གི་ཚོགས། །བན་བོན་མཐུ་བྱང་སྟེང་འོག་བར་གསུམ་གདོན། ཁྱད་པར་རྒྱལ་འགོང་དམ་སྲིའི་གནོད་པ་ཀུན། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་འཕྲིན་ལས་མཛོད། །ཤར་ཕྱོགས་ལྷ་ཡི་ཁང་བཟང་ཆེན་པོ་ན། །པདྨ་ཟླ་ཉི་དགྲ་བགེགས་བསྣོལ་བའི་སྟེང་། །སྲིད་གསུམ་ཟིལ་གནོན་ཚངས་པའི་རྒྱལ་པོ་ཆེ། །བཀྲ་ཤིས་གཡས་འཁྱིལ་དུང་གི་ཐོར་ཚུགས་ཅན། །རྣོ་ངར་རལ་གྲིས་དགྲ་བགེགས་ཡན་ལག་གཏུབ། །རྩིབས་སྟོང་གསེར་འཁོར་མགོ་ལུས་ཚལ་པར་ཤོག །(༡༤ན)


GLG022_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་དམག་དཔུང་བྱེ་བ་ཕོ་ཉར་འགྱེད། །བཀའ་ཉན་ལས་བྱེད་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་ནད་རིམས་དུག་མཚོན་༝། །བན་བོན་མཐུ་བྱད་སྟེང་འོག་བར་༝། ཁྱད་པར་རྒྱལ་འགོང་དམ་སྲིའི་༝། །དགྲ་བགེགས་སྟེང་དུ་བཟློག་བསྒྱུར་༝། །ལྷོ་ཕྱོགས་གནམ་ལྕགས་འབར་བའི་གཞལ་མེད་ནང་། །མཚོན་ཆ་མེ་རླུང་འཁྲུག་པའི་དབུས་ཤེད་ན། །སྤྲུལ་བ་ལྷ་ཡི་འབྲོག་གཡག་གངས་རིའི་མདོག །དབང་སྔོན་མདངས་འཛིན་རྭ་རྩེ་མཁའ་ལ་བསྙེག །དུག་གི་ཁ་རླངས་ན་བུན་ལྟ་བུར་འཐུལ། །མེ་འབར་རྨིག་པས་འབྱུང་པོ་འདམ་བཞིན་བརྫིས། །གྲངས་མེད་གཡག་རྒོད་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །ནུབ་ཕྱོགས་རབ་དམར་བྱུ་རུའི་བ་གམ་ནང་། །པདྨ་ཉི་མ་བརྩེགས་པའི་གདན་སྟེང་དུ། །རླུང་སེམས་ལས་རུང་དཔའ་བོ་འབར་བ་རྩལ། ཁྲོ་ཆགས་ཉམས་ལྡན་གཡས་པའི་ལྕགས་ཀྱུ་ཡིས། །དགྲ་བགེགས་སྙིང་ནས་རང་དབང་མེད་པར་འདྲེན། །གཡོན་པའི་ཞགས་པས་ཡན་ལག་བཅིངས་ནས་འགུགས། །རང་འདྲའི་སྤྲུལ་པ་སྟོང་གསུམ་ཁྱབ་པར་སྤྲོ། །མངག་གཞུག་ལས་མཁན་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །བྱང་ཕྱོགས་འཇིགས་རུང་ལྕགས་མཁར་འབར་བའི་ནང་། །པད་ཉིད་དགྲ་བགེགས་བྲ་ནག་རྟ་ཡི་སྟེང་། །དྲག་པོ་ཀརྨ་རྡོ་རྗེ་འབར་བ་རྩལ། །ལྕགས་གཞུར་ལྕགས་ཀྱི་མདའ་བཀང་དགྲ་སྙིང་འབིགས། །མདུང་རྣོན་ལོག་(༡༤བ)


GLG022_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ལྔ་ཕུང་ཚོགས་ལ་བསྣུན། །སྤྲུལ་པའི་ཕོ་ཉ་སྲིན་པོའི་གཟུགས་འཛིན་པ། །གྲངས་མེད་བླ་ཚེ་ཤ་ཁྲག་སྲོག་ལ་རྔམས། །ལྷ་སྲིན་དམག་ཚོགས་མང་མཐོང་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །དུང་ཁྲ་དཀར་པོ་ནམ་མཁའི་དབྱིངས་སུ་བཤུར། །ལྕགས་སྡིག་ཡན་ལག་རྭ་མཇུག་ཕྱོགས་བཅུར་ཁྱབ། །དུང་སྤྱང་མཆེ་གཙིགས་ས་ལ་གློག་ལྟར་འཁྱུག །ལྷ་ཀླུ་གནོད་སྦྱིན་རྩུབ་འགྱུར་དྲག་ཤུལ་སྟོན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བགྲང་ཡས་པ། །སྣ་ཚོགས་མཚོན་འཛིན་གཏུམ་ཁྲོས་མི་སྡུག་བཞིན། །འགུགས་འཆིང་གསོད་སྒྲ་འབྲུག་སྟོང་ལྟ་བུར་ལྡིར། །བཀའ་ཉན་བཤན་པ་མདོས་ཟོར་མཐུ་དཔུང་བསྐྱེད། །ཆགས་ཆེ་༝། །བན་བོན་༝། ཁྱད་པར་༝། །དགྲ་བགེགས་༝། །བྷྱོ། ལྷ་ཆེན་རྡོ་རྗེ་འབར་བ་རྩལ། །སྐྱིན་མཐིང་རྡོ་རྗེ་གཡའ་མ་སྐྱོང་། །རྣམ་སྤྲུལ་སྤྲུལ་པ་ཡང་སྤྲུལ་དང་། །བཀའ་ཉན་འཁོར་ཚོགས་རྒྱ་མཚོ་ཡིས། །གཞན་ཡང་བཟློག་ཅིང་བསྒྱུར་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་ཅིང་བར་དུ་གཅོད་པ་ཡི། །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །གློ་བུར་བདུན་བརྒྱ་ཉི་ཤུ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །གདོན་རིགས་སྟོང་ཕྲག་བཅོ་བརྒྱད་བཟློག །སྐེག་ཆེན་སུམ་བརྒྱ་དྲུག་ཅུ་བཟློག །ལྷ་ཆེན་དྲག་པོའི་གདུག་རྩུབ་བཟློག །ལྷ་མ་ཡིན་གྱི་རྒྱུ་སྟབས་བཟློག །མགོན་པོའི་བར་བུ་བསྐོར་བ་བཟློག །གཤིན་རྗེའི་འཁྲུལ་འཁོར་བཅས་པ་བཟློག །དྲང་(༡༥ན)


GLG022_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བྲམ་ཟེའི་དམོད་པ་བཟློག །གཟའ་ཡི་ཀི་ཀང་འཕེན་པ་བཟློག །བཙན་ནད་གཟེར་ཁ་གཏོང་བ་བཟློག །ས་བདག་ཀླུ་ཡི་མཛེ་ནད་བཟློག །པེ་ཀར་རྒྱལ་པོའི་ཆོ་འཕྲུལ་བཟློག །འགོང་པོ་སྤུན་དགུའི་གནོད་པ་བཟློག །འདྲེ་ངན་དམ་སྲིའི་བར་ཆོད་བཟློག །བནྡེའི་འབུམ་སྐོར་བྱེད་པ་བཟློག །སྔགས་པའི་སྔགས་ཟོར་འཕེན་པ་བཟློག །བོན་གྱིས་བཙོ་དམར་འཕེན་པ་བཟློག །མུ་སྟེགས་ངན་སྔགས་བྱེད་པ་བཟློག །བྱད་ཕུར་རྦོད་གཏོང་བྱུང་བ་བཟློག །མནན་གཏད་སྲེག་འཕང་བྱས་པ་བཟློག །སྔ་ཞགས་མདའ་ལྟར་འཕེན་པ་བཟློག །ཕྱི་ཞགས་དྲུ་ལྟར་འཐུལ་བ་བཟློག །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །ཕ་ཚན་ནང་གི་རྒྱ་འདྲེ་བཟློག །མ་ཚན་ངན་པའི་དུག་འདྲེ་བཟློག །མོ་བཏབ་མོ་རུ་ངན་པ་བཟློག །རྩིས་བྱས་རྡེའུ་ངན་པ་བཟློག །ཁྱིམ་གང་མི་ཡི་ནད་འདྲེ་བཟློག །སྒོ་གང་ནོར་གྱི་གོང་འདྲེ་བཟློག །བན་བོན་སྔགས་པའི་ཟོར་ལ་བཟློག །མགོན་པོས་སྦྱིན་སྲེག་བྱེད་པ་བཟློག །མ་མོས་ཐུན་ཟོར་འཕེན་པ་བཟློག །ཡུངས་ཀར་ཁྲོ་བོའི་རྦབ་ཟོར་བཟློག །བནྡེ་ཡོངས་ཀྱི་སྔགས་བྱད་བཟློག །དབང་ཕྱུག་ཆེན་པོའི་པར་བུ་བཟློག །ཀླུ་བདུད་ནག་པོའི་གཏད་ཁྲམ་བཟློག །བོན་པོ་ཡོངས་ཀྱི་ལྷ་ཆད་བཟློག །བལ་པོའི་ངན་སྔགས་སྦྱོར་བ་བཟློག །རྒྱ་གར་ཆོས་ཀྱི་མཐུ་བྱད་བཟློག །མར་པས་ཕྲ་མེན་གཏོང་བ་བཟློག །སུམ་པས་གླང་དམར་རྨོ་བ་བཟློག །མི་ཉག་འབོ་(༡༥བ)


GLG022_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཐམས་ཅད་བཟློག །བོད་ཀྱི་རྦོད་གཏོང་བྱེད་པ་བཟློག །བྲམ་ཟེའི་སྔགས་རྒོད་དམོད་པ་བཟློག །དྲི་ཟས་སྨྱོས་ཤིང་འཐིབས་པ་བཟློག །རྒྱལ་པོས་སྨྱོ་འབོག་གཏོང་བ་བཟློག །སྲིན་པོ་ཤོད་ཁ་གཏོང་བ་བཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་བཟློག །བཙན་གྱི་ཞགས་པ་འཕེན་པ་བཟློག །གནོད་སྦྱིན་རྩིས་ལ་འདབས་པ་བཟློག །འབྱུང་པོས་ཉམས་ལེན་བྱེད་པ་བཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །ཐེའུ་རང་བསྲིས་ལ་བརྐུ་བ་བཟློག །གློ་བུར་ཡེ་འབྲོག་ཐམས་ཅད་བཟློག །འབྱུང་པོས་གོད་འདྲེ་བྱེད་པ་བཟློག །གས་རགས་བསྲིས་ལ་བརྐུ་བ་བཟློག །དར་ཚན་ནང་གི་སྟོང་འདྲེ་བཟློག །བདུད་བཙན་ཡོངས་ཀྱི་གནོད་འདྲེ་བཟློག །མ་མོ་ཡོངས་ཀྱི་རིམས་ནད་བཟློག །ནད་དང་མཚོན་གྱི་དྲུ་བུ་བཟློག །རིམས་ནད་གག་ལྷོག་གཟེར་གསུམ་བཟློག །མི་ནད་སྣ་དགུ་ཐམས་ཅད་བཟློག །རྒན་སྲི་དར་སྲི་ཐམས་ཅད་བཟློག །བྱིས་པའི་ཆུང་སྲི་ཐམས་ཅད་བཟློག །བདུད་ཀྱི་ཆོ་འཕྲུལ་གཏོང་བ་བཟློག །གཤིན་གྱི་དུར་སྲི་ལངས་པ་བཟློག །རུས་ལ་ཆིག་ངན་གཏོང་བ་བཟློག །སྣག་ལ་མཚན་ངན་འདོགས་པ་བཟློག །རྟ་ནད་ནོར་ནད་ཐམས་ཅད་བཟློག །ལོ་དགྲ་བཙའ་དང་སད་སེར་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །ལྟས་ངན་ཉི་ཁྲི་ཆིག་སྟོང་བཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་བཟློག །ཕྱི་ཡི་ལྟས་ངན་ཕྱི་རུ་བཟློག །བར་གྱི་ལྟས་ངན་དབྱིངས་སུ་བཟློག །བྱད་མ་ལྷ་སྲུང་བཅས་པ་བཟློག །མི་མཐུན་གནོད་པའི་ཕྱོགས་ཀུན་བཟློག །བཟློག་གོ་མདོས་དང་ཟོར་གྱིས་བཟློག །(༡༦ན)


GLG022_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་རོ་ཚངས་པ་ཆེན་པོས་བསྒྱུར། །ཟོར་རོ་དགྲ་དང་བགེགས་ལ་ཟོར། །དྲི་ཟའི་རྒྱལ་པོ་འཁོར་བཅས་ཀྱིས། །མདོས་གླུད་ཡས་མཆོད་འདི་བཞེས་ལ། །དགྲ་བགེགས་གནོད་པ་བསྒྱུར་བ་དང་། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཐུན་གཏོར་དང་མངའ་གསོལ་གཏོང་། བཅུ་གཅིག་པ་གླུད་ཡས་རྣམས་བྱིན་གྱིས་བརླབས་ནས་གཏོང་བ། བཅུ་གཉིས་པ་མདོས་གླུད་ཁ་བསྒྱུར་ཞིང་ཁྲོམ་སྣ་བསྒྱུར་བ། བཅུ་གསུམ་པ་སྒོ་དབྱེ་ཞིང་ལམ་བསྟན་པ། བཅུ་བཞི་པ་གསེར་སྐྱེམས་གཏོང་བ། བཅོ་ལྔ་པ་མཇུག་ཟོར་གྱིས་གཅོད་པ། བཅུ་དྲུག་པ་ཡས་གཞི་སྤྲུག་པ་རྣམས་རཀྴ་གཏེར་སྟོན་གྱི་སྨད་འཆོད་བཞིན་བྱ། གཏོར་མ་ཕྱིར་བཏེག །གསེར་སྐྱེམས་འབུལ། ཧཱུཾ། དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །འཁོར་ཚོགས་དམ་ཅན་མཐུ་རྩལ་དཔུང་སྐྱེད་ཅིག །མདོས་དང་ཡས་གླུད་འདི་ཡི་སྣ་དྲངས་ཏེ། །བདག་སོགས་རྒྱུ་སྦྱོར་དམིགས་བྱར་བཅས་པ་ལ། །གནོད་ཅིང་འཚེ་བའི་གདོན་བགེགས་ཆགས་ཆེ་བ། །དུག་མཚོན་དམག་འཁྲུག་མཐུ་བྱད་ཀེག་ངན་སྲི། །མི་ཕྱུགས་དལ་ཡམས་རིམས་དང་ནད་ཀྱི་རིགས། །ལྷ་སྲིན་སྡེ་བརྒྱད་འཁྲུག་པའི་དལ་ཁ་དང་། ཁྱད་པར་མཐའ་དབུས་རྒྱལ་བསེན་འགོང་པོའི་ཚོགས། །དམ་ཉམས་སྔགས་པ་ནག་པོ་རུ་དྲར་སྐྱེས། །བཙུན་པ་ཁྲིམས་འཆལ་སྨོན་ལམ་ལོག་པའི་མཐུས། །དམ་སྲིར་གྱུར་ནས་མཐོ་འཚམ་བར་ཆོད་ཀུན། །མ་སྲུན་དགྲ་བོ་སྡེ་དཔུང་སྟེང་དུ་སྒྱུར། །བཟློག་གོ་དྲག་པོ་མདོས་དང་ཟོར་གྱིས་བཟློག །བྷྱོ་བྷྱོ་དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ། །བཟློག་(༡༦བ)


GLG022_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་བཟློག་པ་བྱ་ཞིང་རོལ་མོ་བརྡུང་། མཚོན་ཆ་བརྡབ། ཞིང་ལྤགས་བརྡུལ། བྷྱོས་གདབ། མེ་ཆུའི་རྒྱས་འདེབས་བྱེད་ཅིང་ཕྱི་མིག་མི་ལྟ་བར་ནང་དུ་ལོག་གོ །བཅུ་བདུན་པ་ཚེ་འགུགས་ཤིང་མཇུག་གི་ཆོ་ག་དཀྱུས་བཞིན་བྱའོ། །སྨྲས་པ། རྟེན་འཛུགས་དམ་སྐོང་བཟློག་པའི་རྣམ་དབྱེ་དག །མེ་ཤེས་བལ་ཚོན་ཤིང་རིས་འཇིམ་པའི་ལས། །གང་དྲན་ལག་ལེན་ཟོག་གིས་བསླུ་བ་མཁན། །སྔགས་རློམ་དེ་འདྲ་རི་མོའི་གར་མཁན་བཞིན། །འགའ་ཞིག་སྣ་བོའི་ལུགས་ལ་རྨོངས་པས་ཞེན། །ལ་ལ་ཆད་ལྟའི་སྟོང་སྐད་ལྟ་བ་ངོམ། །ཕལ་ཆེར་ཟེར་ལོའི་ཚིག་ལ་ཡིད་བརྟན་འཛིན། །དཔྱད་གསུམ་དག་ན་དཀར་པོའི་ཕོ་རོག་རྒྱུ། །སྔ་འགྱུར་སྔ་དགོན་གཟུང་དང་གྲོང་ཆོག་དཀོར། །ཟོས་པའི་ཁྲལ་འབབ་རེས་སུ་སོན་མིན་ཡང་། །སྔགས་པའི་གྲལ་རིང་ཤོག་པར་ཉེར་མཁོ་འདི། །དམ་པའི་ཞབས་རྡུལ་བསྟེན་པའི་དྲིན་ལས་རྙེད། །བླ་མ་མི་འཆོལ་ང་ཆེའི་ཁེངས་པས་འགྱིང་། །ཐོས་བསམ་བོར་ནས་ཚེ་འདིའི་ཁོལ་པོར་བྲེལ། །དབང་ཐང་ཙམ་ལ་རྣམ་དཀར་འཕྲིན་ལས་སུ། །རེ་རྣམས་མུན་མལ་ཅི་བདེར་གཟིམ་འཇམ་མཛོད། །དངོས་པོའི་གཤིས་ལུགས་བརྗོད་ན་གཞན་མཚང་ལ། །ཕོག་སྟེ་དྲང་པོའི་གཏམ་གྱིས་དགྲ་བོ་འགུགས། །གཅམ་བུའི་ཚིག་གིས་མེ་ཏོག་མཐོར་བ་ན། །མི་མངོན་དབྱིངས་ནས་དཀོན་ཅོག་ཁྲེལ་གྱི་དོགས། །དེ་ལྟའི་ཁེ་ཉན་སེམས་ཀྱི་སྣང་ཆ་ཙམ། །བརྟགས་ན་ཀ་དག་སྐྱོན་བྲལ་ཆོས་སྐུ་རུ། །ཐག་ཆོད་ཞེ་བློ་བདེ་བའི་གདེངས་ཚད་ཀྱིས། །ཅི་བྱས་དམ་(༡༧ན)


GLG022_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་སུ་འགྱུར་རམ་སྙམ། །རང་རིག་དག་པ་འཕགས་མཆོག་ནམ་མཁའི་སྙིང་། །ཀུན་རྫོབ་དྲེགས་པའི་མཐུ་སྟོབས་སེང་གེ་ཡིས། །འཁྲུལ་གཟུགས་དགྲ་བགེགས་སྒྱུ་མའི་རྟ་གླང་སྲོག །རབ་འཕྲལ་གདོད་མའི་ཡེ་ཤེས་སར་སྦྱོར་ཤོག །ཅེས་དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས། བསྐང་མདོས། བཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ་འདི་ནི་གཞུང་ལུགས་ཀྱི་པོ་ཏི་གཡག་ཤད་ཙམ་ལ་གཟིགས་པ་ཡངས་པའི་གསར་མ་ཕྱོགས་ལ་མཁོ་བྱེད་མེད་པར་མ་ཟད། སྔ་འགྱུར་གྱི་བསྟན་འཛིན་རལ་ཁུར་ལྕི་བ་ཁོ་ནས་མཐུ་སྟོབས་ཆེ་ཞིང་བླ་གོས་འཇོལ་བ་ཙམ་གྱིས་ཚུལ་ཁྲིམས་དག་པ་རྣམས་ལ་རྔོ་ཐོགས་པར་མི་སྣང་ཡང་། བདག་དང་བདག་འདྲའི་སྔགས་ཆུང་གསར་བུ་རྣམས་ཀྱི་དྲན་གསོས་སུ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དང་ཁྱབ་བདག་ཁྲ་ཚང་པ་རྣམ་གཉིས་ཀྱི་བཀའ་དྲིན་ལས་མདོས་གླུད་ཡས་ཀྱི་ཕྱག་ལེན་ལ་གོམས་འདྲིས་དང་ལྡན་པའི་ཟ་ཧོར་གྱི་སྔགས་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་མགོན་པོ་གཡུལ་བཟློག་དང་ཁྲོ་ཆུ་དུག་སྡོང་ནས་ཁ་ཅུང་ཟད་བཀང་ཞིང་གཞན་མའི་ཚིག་སྦྱོར་རྣམས་གསར་དུ་བསྒྲིགས་ཏེ་ཤིང་སྟག་གྲོ་ཞུན་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ།། །།སརྦ་མངྒ་ལཾ།


previousརྡོ་རྗེ་འབར་བ་རྩལ་གྱི་རྟེན་མདོས་བཀང་མདོས་ཟློག་མདོས་ཀྱི་རིམ་པ་རྒྱ་འབག་མིག་གི་རྣམ་འཕྲུལ།no next