Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིགnext

འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག


GLG023_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་བཞུགས་སོ།།


GLG023_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་བཛྲཱ་ཡ། ཅུང་ཟད་སེམས་གནས་ཙམ་ལ་གྲུབ་ཐོབ་ཅེས། །ཆེར་རློམ་མེ་ཁྱེར་མ་ཡིན་མཚན་དཔེའི་སྐུ། །འཇའ་ལུས་རྡོ་རྗེའི་སྣང་བས་སྲིད་ཞིའི་སྨག །མཐར་མཛད་པད་འབྱུང་ཉིན་བྱེད་རིགས་ཀྱི་བདག །མན་ངག་ཕྲ་མོའི་ཁྲོན་པར་ཁེངས་པའི་སྙིང་། །འགས་པའི་བན་སྔགས་སྦལ་ཆུང་མང་མཐོང་ཚེ། །ལས་བཞིའི་རྒྱ་མཚོར་མཐུ་སྟོབས་གདེངས་ཀ་ཅན། །གནུབས་ཆེན་ཀླུ་དབང་རྣམ་ཐར་ཡིད་ཀྱི་གསོས། །པད་གནུབས་གཤེད་སྐོར་བཀའ་གཏེར་མཐོ་རིས་ཆབ། །རྣམ་དཔྱོད་ལྟོར་གཏམས་རིགས་འཛིན་ཛཧྣུའི། །ལེགས་བཤད་ཞལ་སྐྱུགས་འཁྲུལ་མེད་གངྒཱའི་རྒྱུན། །སྔ་འགྱུར་འཛིན་མར་འབེབས་ཀུན་ཕྱག་གི་ཡུལ། ཁྱད་པར་སེ་སྟོན་པཎ་ཆེན་སྐུ་མཆེད་ཀྱི། །གདམས་པའི་བཀའ་བབས་ཆོས་རྒྱལ་དབང་པོའི་སྡེའི། །མན་ངག་མཁའ་འགྲོའི་ཞལ་རླངས་དྲོད་པོ་ཆེ། །སྩོལ་མཁས་ཆོས་དབྱིངས་རང་གྲོལ་སྙིང་དབུས་བཞུགས། །སྣང་བ་ལྷ་རུ་བལྟ་ཕྱིར་གང་ཟག་རྣམས། །དག་པར་མོས་ཀྱང་(༢ན)


GLG023_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ཆོས་ཚུལ་ཆེར། །དཔྱོད་པ་མཁས་པའི་ལུགས་ཡིན་ཕྱོགས་འདི་ལ། །སྦྱངས་རྣམས་རྣ་བ་བླགས་ཏེ་དཔང་པོ་མཛོད། །དེ་ཡང་འབྲུག་ལུགས་པ་རྣམས་ཀྱི་ནང་ནས་མཁས་པའི་ཡང་རྩེར་སོན་པ་སྤྲུལ་པའི་སྐུ་རིན་པོ་ཆེ་པདྨ་དཀར་པོས་མཛད་པའི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཡིག་ཆ་འགའ་ཞིག་འདུག་པའི་བརྒྱུད་འདེབས་བྱ་ནག་རིགས་ཀྱི་ཞབས་དྲུང་གོང་མའི་ཕྱག་དཔེ་ཐམས་ཅད་མཁྱེན་པའི་ཕྱག་བྲིས་ཀྱི་བུ་ཡིག་མར། རྒྱ་ནག་རི་བོ་རྩེ་ལྔ་ནས། །སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ། །ཞེས་གསུངས་པ་ནི། འཇམ་དཔལ་ཞེས་པའི་མཚན་ཙམ་ལ་འཁྲུལ་པའི་རྣམ་པར་མ་བརྟགས་པ་སྟེ་སློབ་དཔོན་འདི་ནི་སིངྒྷ་ལའི་པཎྜི་ཏ་ཡིན་ཞིང་རི་བོ་མེ་རི་འབར་བའི་རྩེ་མོར་གཤིན་རྗེ་གཤེད་ཀྱི་དངོས་གྲུབ་བརྙེས་པ་སོགས་རྣམ་ཐརཤིན་ཏུ་རྒྱས། རྒྱ་ནག་ཏུ་འབྱོན་བཞུགས་མ་མཛད་པའི་མཐའ་བཀག་པ་མིན་ཀྱང་འཕགས་ཡུལ་གྱི་པཎ་གྲུབ་ཏུ་གྲགས་ཆེ་བས། རི་བོ་རྩེ་ལྔ་གནས་ཀྱི་གཙོ་བོར་མཛད་པ་སྟག་ལུང་དུ་སེམས་ཅན་གྱི་ཁྲོད་ནས་མར་རྐྱལ་ཚོ་བ་དང་རྦབ་རྡོ་མགྱོགས་པ་གླེང་བར་(༢བ)


GLG023_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པའི་ལོ་རྒྱུས་ལྟར་བཀའ་བརྒྱུད་པའི་ཐུགས་མོས་བརྟན་པོ་དེ་གའི་དཀྱུས་སུ་སོང་བ་འདྲ། ཨྱོན་སྤྲུལ་པའི་ཞིང་ཁམས་སུ། །རིགས་འཛིན་ཤྲཱི་སིངྷ་ལ། །ཞེས་གསུངས་པ་ཤྲཱི་སིངྷ་པཎ་གྲུབ་ཀུན་གྱི་གཙུག་གི་རྒྱན་ལྟ་བུ་ཡིན་ནའང་། བཀའ་འབྱེད་དུ། ཤྲཱི་སིངྷས་བྱས་པ་ལ། །སྔོན་འགྲོ་སྙིང་བྱང་སྒྲོན་མ་ཡོད། །སྒྲུབ་ཐབས་རྟག་རབ་བརྩེགས་པ་ཡོད། །པྲ་ཁྲིད་འཁོར་ལོའི་སྒྲིག་རིམ་ཡོད། །ཚེ་བདག་གསུམ་དུ་ཕྱེ་བ་ཡོད། །མཎྜལ་རྒྱ་མདུད་བརྩེགས་པ་ཡོད། །ཐུན་མོང་ཚེ་བདག་ལ་སོགས་པའི། །ཕྱི་ནང་རྟགས་ཀྱི་ངོས་འཛིན་ཡོད། །ལས་བཞིའི་མངོན་རྟོགས་མེད་པ་ཡོད། །འཁོར་ལོ་ཉི་ཤུ་ཐམ་པ་ཡོད། །ཅེས་གནམ་ལྕགས་སྡིག་པའི་ཆོས་སྐོར་དུ་སྒྲིག་ཏུ་མེད་པར་གསུངས་ཤིང་། བམ་ཆེན་གསང་བའི་དབང་གི་མཇུག་ཏུ་འཇམ་དཔལ་བཤེས་གཉེན་དེས་སྒྲུབ་ཐབས་ལག་ལེན་ཐམས་ཅད་མཛད་ནས་ཤྲཱི་སིངྷ་ལ་ཞེས་པ་ལྕགས་འདྲའི་སྐོར་འགའ་ཞིག་ལ་དགོངས་ཀྱི་ལྕགས་སྡིག་ཕྱོགས་ཀྱི་བརྒྱུད་པར་ཡེ་མི་བཞུགས་པས་དེའི་བླ་མའི་ཁྲོད་དུ་འདྲེན་པ་ནི་རྗེ་མར་པས་ལྟ་བ་མཻ་ཏྲི་བ་ལ་ཕུ་ཐག་བཅད་པ་གསུང་ལ་གསལ་ཡང་གནས་ལུགས་ཕྱག་རྒྱའི་བརྒྱུད་ཁུངས་ཀྱི་སྐབས་སུ། ནཱ་རོ་པ། མར་པ། ཞེས་གཡག་མགོ་ཤོ་བཞག་གིས་འདྲེན་པའི་རྣམ་ཐར་དེ་འདིར་ཡང་འགེབས་པར་མཛད་སྣང་། བཀའ་འབྱེད་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ཞིག་ཀྱང་བཤད་རུང་འཇམ་དཔལ་བཤེས་གཉེན་ལ་ལྕགས་སྡིག་གནམ་ལྕགས་ཐོག་མེ། ལྕགས་འདྲ་གནམ་ལྕགས་ཐོག་མེ། ཐུན་མོང་བསྲུང་མཚམས་ཀྱི་ཆོས་སོགས་མང་དུ་ཡོད་པས་ལྐུགས་པའི་རིགས་འགྲེ་མཛད་པར་མི་རིགས་སོ། །ཆོས་འདིའི་བརྒྱུད་པའི་བླ་མ་ནི་(༣ན)


GLG023_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཕྱག་རྒྱ་ཟིལ་གནོན། སྤྲུལ་སྐུ་གསང་བའི་བདག་པོ། ལྷའི་བུ་ཚངས་པ། ལྷའི་བུ་ཉི་མ། ལྷའི་བུ་བདེ་བ་མཆོག་ལྡན། མཁའ་འགྲོ་མ་ཟླ་བའི་འོད་ཟེར། འཇམ་དཔལ་བཤེས་གཉེན། གཙུག་ལག་དཔལ་དགེ །རོམ་བུ་གུ་ཧྱ་དེ་བ་ཙནྡྲ། ཤནྟིཾ་གརྦྷ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར། ཇོ་བོ་གནུབས་བན་སངས་རྒྱས་རིན་པོ་ཆེ། གཏེར་སྟོན་རྒྱ་ཞང་ཁྲོམ་ཞེས་ཡོད་པས་བླ་མ་བརྒྱུད་པ་རྣམས་ཀྱང་ཕྱག་རྒྱ་ཆེན་པོའི་ཀློང་དུ་འཇམ་དར་ཡུག་གཅིག་ལ་སོང་བར་སྣང་། ལྕགས་སྡིག་གི་གླེགས་བམ་གཏེར་དུ་སྦས་པ་ལས་འདྲ་མིན་བཀའ་མར་བཞག་པ་མེད་པས་གཏེར་བརྒྱུད་ཁེ་རྐྱང་ཡིན་རུང་དབང་ལ་ཆུ་བོ་གཉིས་འདྲེས་སྟབས། གནུབས་ཆེན་ནས་གནུབས་ཡོན་ཏན་རྒྱ་མཚོ་སོགས་བཀའ་མའི་བརྒྱུད་ལུགས་རྒྱས་པར་ཡོད་པ་སྙན་གྱི་དབང་པོར་མ་སོན་པ་འདྲའོ། །རྒྱ་ཞང་ཁྲོམ་གྱི་རྗེས་སུ། གནུབས་ཆེན་གུ་རུ་མཆོག་ལྡན་དང་། །མཐུ་ཆེན་རྒྱལ་མཚན་ལྷུན་གྲུབ་ལ། །ཞེས་པའི་བརྒྱུད་ལུགས་འདི་འདྲ་ནི་བཀའ་བརྒྱུད་པ་དཔོན་སློབ་ཚོ་ཐུགས་ཁོག་ཡངས་དྲགས་པ་མིན་པ་གཞན་གྱི་བློར་མི་ཆུད་དེ། རྒྱུ་མཚན་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་ཕུང་པོ་རི་བོ་ཆེ་དང་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་འཇམ་དཔལ་གཤིན་རྗེ་མེའི་སྤུ་གྲིའི་ཆོས་སྐོར་རྣམས་གདན་དྲངས་ཏེ་ལྷ་རྗེ་གནུབས་ཆུང་བ་ལ་གནང་། རྗེ་བཙུན་མི་ལ་རས་པས་གནུབས་ཁུ་ལུང་དུ་དྲག་སྔགས་གཟའ་གདོང་དམར་ནག་གསན་ནས་ཨ་ཁུ་དང་ཨ་ནེ་སོགས་ཉེ་བ་དགྲར་ལངས་རྣམས་ལ་མཐུ་མཛད་པ། རས་པ་ཞི་བ་འོད་ཀྱི་དྲི་ལན་དུ། འོ་ན་ཁྱེའུ་ཆུང་བཞིན་ལེགས་སོ། །ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་། །མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས། །མི་ང་ངོ་(༣བ)


GLG023_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་མ་ཤེས་ན། །མི་ང་རང་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་སྨད་དུ་བཅད། །སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས། །ཕ་དགེས་སྟོན་རྔོག་མིས་དབུ་མཛད་ནས། །རོང་སྟོན་ལྷ་དགའ་ཡན་ཆད་དུ། །ལར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགས། །ཆོས་ནི་རྒྱུད་སྡེ་སྔ་འགྱུར་ཞུས། ཁོང་ལྟ་དགོངས་ཀྱི་ཆོས་ལ་མཁྱེན་པ་མཐོ། ཁྱད་པར་ལྷ་རྗེ་གནུབས་ཆུང་ལ། །དྲག་སྔགས་གཟའ་གདོང་དམར་ནག་ཞུས། །ཞེས་གསུངས་པས་གཏེར་སྟོན་རྒྱ་ཞང་ཁྲོམ་རྗེ་མི་ལ་ལས་ཅུང་ཞིག་སྔ། མི་ལ་དང་བླ་མ་བ་རི་ལོ་ཙཱ་བ་དུས་མཚུངས། བླ་མ་སྐུ་བསྲུང་པ་རྒྱལ་མཚན་ལྷུན་གྲུབ་དང་། སྒར་པ་ཆོས་གྲགས་རྒྱ་མཚོ། བྱ་འཇམ་དབྱངས་ཆོས་གྲགས། རྗེ་བཙུན་རྡོ་རིང་པ་ཆེན་པོ། དགའ་ལྡན་ཆོས་རྗེ་སྨོན་ལམ་དཔལ་བ་རྣམས་བགྲེས་གཞོན་ཙམ་མ་གཏོགས་ཐོག་མཉམ་པས་གནུབས་ཆུང་པ་ནས་བླ་མ་སྐུ་བསྲུང་པའི་བར་ལ། འདུས་པ་བདེ་དགྱེས་ཚེ་འཁྲིད་སོགས་བརྒྱུད་རིམ་མང་པོར་བླ་མ་སྐུ་ཚེ་ཐུང་བ་རྣམས་བོར་བའི་ཁ་གྲངས་ཉུང་ངུར་བསྡུས་ཀྱང་དྲུག་བདུན་མེད་ཐེབས་མི་འདུག་པས་དགོངས་འཚལ། རྗེ་བཙུན་མི་ལའི་རྣམ་ཐར་དུ་ང་ལ་མཐུ་གཟའ་གདོང་དམར་ནག་ཅེས་བྱ་བ་ཧཱུཾ་ཤི་དང་ཕཊ་འགྱེལ་ཐོངས་པ་ཞིག་ཡོད་པ་དེ། གཙང་རོང་གི་གནུབས་ཁུ་ལུང་བྱ་བ་ན་བླ་མ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་བྱ་བ་སྨན་ཡང་ཤེས་སྔགས་ཀྱང་ཤེས་པ་ཞིག་ཡོད་པ་དེ་ལ་བྱིན། ཁོང་ལ་སེར་བ་མཛུབ་ཁྲིད་ཐོངས་པ་ཞིག་འདུག་པ་དེ་ང་ལ་བྱིན་ནས་ངེད་གཉིས་མཐུན་པའི་གྲོགས་པོ་བྱས་ཏེ་ང་ལ་མཐུ་སློབ་ཏུ་བྱུང་ཚད་ཁོང་དུ་གཏོང་བར་བྱས། ཁོང་ལ་སེར་བ་སློབ་ཏུ་བྱུང་ཚད་ང་ཅན་གཏོང་བར་བྱས་ཡོད་པས། ཞེས་པའང་གཙང་སྨྱོན་པས་བླ་མ་གནུབས་ཆུང་པ་(༤ན)


GLG023_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་ཏན་རྒྱ་མཚོ་གཉིས་ནོར་བའི་འཁྲུལ་གཞིར་འདུག །རྣམ་ཐར་ཆོས་འབྱུང་ལོ་རྒྱུས་ཁུང་མ་ཚོར་གནུབས་ཆེན་གྱི་སྲས་གཉིས་འབངས་ཀྱི་གྱེན་ལོག་གིས་འཁྲུག་པར་བཀྲོངས་པས་ཐུགས་ཆད་དེ་རྒྱ་དཔེ་རྣམས་སྟག་སྒྲོ་གཟིག་སྒྲོར་བཅུག་པ་རྒྱ་བོང་གྭ་པ་ཞིག་ལ་བཀལ་ཏེ་རྒྱ་གར་དུ་སྐྱེལ་བར་དགོངས་ཏེ་ལམ་དུ་ཆས་པ་ན། གཡས་བན་མ་བོན་དང་མཇལ་ནས་ཁྱིམ་དུ་གདན་དྲངས། བོན་པོས་ཆང་ཉོ་བར་ཕྱིན་པ་སོ་ཡེ་ཤེས་དབང་ཕྱུག་དང་ཕྲད་ནས་དྲིས་པ་རང་ལ་མཆོད་གནས་གནུབས་སངས་རྒྱས་ཡེ་ཤེས་ཡོད་སྨྲས་པས་སོས་མཇལ་པར་བྱོན་དེ་དང་དུས་མཚུངས་སུ་པ་ཀོར་འཕགས་པ་བློན་ཆེན། སྲུ་ལེགས་པའི་སྒྲོན་མ། དན་ཡོན་ཏན་མཆོག་བཞིས་རྒྱ་གར་དུ་མི་གཤེགས་པར་གསོལ་བ་བཞིན་བཞུགས་ནས་མདོ་སྒྱུ་སེམས་གསུམ། ཡང་དག་དང་བདུད་རྩིའི་ཆོས་རྣམས་གསུངས། སྣར་གྱི་ཤུག་པ་ནག་པོར་བཞུགས་པའི་ཚེ་གནུབས་ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པ་ཞིག་ཁྱི་ར་ལ་བྱོན་པ་རི་དྭགས་མ་སོད་པར་ནུབ་མོ་འཁྱམས་ནས་འཁྱགས་ཤིང་ལྟོགས་པ་ལ་སྤོས་ཀྱི་དྲི་ཚོར་ཏེ་གནས་ཤིག་ཡོད་དམ་སྙམ་བཙལ་བས་རྙེད་དེ་གནུབས་ཆེན་གྱི་སར་བྱོན་དྲིས་པས་རུས་གནུབས་ཡིན་པར་མཁྱེན་ཏེ་ཆོས་སྒོར་བཅུག་ཇོ་མོ་འདྲེ་སྒོམ་དང་གཉིས་ལ་གཤིན་རྗེའི་དབང་བསྐུར། གཤིན་རྗེའི་མན་ངག་ལུང་རྫོད་ཕྲང་དང་མདོ་སྒྱུ་སེམས་ཕྱོགས་སོགས་ཆོས་མང་དུ་གསུངས། སྲས་ཀྱི་དམ་པ་ལྕམ་སྲིང་གཉིས་ཞེས་ཀྱང་གྲགས། བཀའ་ཤོག་རྒྱ་བོ་ཆེར། རྒྱ་གར་མཁས་པ་བི་མ་ལ་མི་ཏྲ་དང་། །ཨྱོན་མཁས་པ་པདྨ་འབྱུང་གནས་དང་། །བལ་པོའི་མཁས་པ་བྷ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །བྱང་ཆུབ་སེམས་ཀྱི་(༤བ)


GLG023_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་བཅོ་བརྒྱད་པོ། །དོན་ལ་དབྱེ་བ་མེད་ཀྱང་མན་ངག་སོ་སོའི་བཞེད། །རྩའགྲེལ་ཏི་ཀ་གཅེས་པའི་ཡིག་ཆུང་མ་བུ་རྣམས། །སོ་གནུབས་གཉིས་ལ་གཏད་ཀྱི་འགྲོ་དོན་གྱིས། །ཞེས་པ་སོ་ཡེ་ཤེས་དབང་ཕྱུག་དང་གནུབས་ཡོན་ཏན་རྒྱ་མཚོ་གཉིས་ཡིན་ལ། སེམས་ཅན་དོན་ལ་བྱེད་བའི་མན་ངག་བརྒྱ་བཅུ་གཉིས། །མཁས་པ་རྣམ་བཞིའི་མན་ངག་རྒྱུན་མ་བཅད། །བྱང་ཆུབ་སེམས་དོན་མན་ངག་ངོས་འཛིན་བྱེད་པའི་མཎྜི་ཀ །བུ་གཅིག་ཡོན་ཏན་རྒྱ་མཚོ་སེམས་ཀྱི་དཀྱིལ་དུ་བསྟིམ། །ཞེས་འབྱུང་བས་གནུབས་ཡོན་ཏན་རྒྱ་མཚོ་ནི་སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་ཡིན། གནུབས་ཡོན་ཏན་རྒྱ་མཚོ་ལ་ཐོག་མར་སྲས་གསུམ་བྱུང་བ་བླ་མ་གཤེགས་སྐྱེལ་ལ་བཏང་བའི་དུས་སེར་སྣ་བྱས་ནས་ཆོས་རྣམས་མ་ཕུལ་བས་དམ་ཚིག་གི་སེལ་བྱུང་སྟེ་བླ་མའི་བཀའ་བཞིན་ཆོས་མང་དུ་བསྐུར་ནས་གཞན་དུ་སྤྱུགས། བླ་མས་མིང་དང་བཅས་ཏེ་ལུང་བསྟན་པའི་སྲས་གཉིས་བྱུང་བའི་ཆེ་བ་གནུབས་ཡེ་ཤེས་རྒྱ་མཚོ་དང་ཆུང་བ་གནུབས་པདྨ་དབང་རྒྱལ་དུ་གྲགས། གཅེན་ཡེ་ཤེས་རྒྱ་མཚོ་བོན་པོ་དང་འགྲས་པར་གཅུང་ལ་དབུས་སུ་འཕྲིན་བཏང་སྟེ་གདམས་པ་ཟབ་མོའི་དཔེ་ཁྱེར་བ་རྣམས་བསྐུར་གསུངས་པ་བཞིན་འབྱོར་ནས་ལས་སྦྱོར་མཛད་པས་བོན་པོ་རྣམས་ཁ་ཕུད་དུ་བཏང་། གཅུང་པདྨ་དབང་རྒྱལ་ལ་སྲས་གཅིག་དང་སྲས་མོ་བརྒྱད་ཡོད་པའི་སྲས་གནུབས་ལྷ་རྗེ་འཇམ་དཔལ་གྱིས་ཞང་པ་ཚབ་ཀྱི་ཇོ་མོ་ཁབ་ཏུ་བཞེས་པར་སྲས་ལྷ་རྗེ་གནུབས་ཆུང་པའམ་ཡེ་ཤེས་གཟུངས་སུ་གྲགས་པ་འཁྲུངས། གནུབས་ཡོན་ཏན་རྒྱ་མཚོ་དང་གནུབས་ཆུང་པའི་བར་མི་རབས་གཉིས་ཀྱིས་ཆོད་པས་འཁྲུལ་གཞི་ཆེ་ཞིང་གསོ་རིག་གི་ལོ་རྒྱུས་ཚོར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དབུ་སྐྲ་ལ་དར་ཡུག་བཏགས་པའི་སྣེ་ལ་མཐའ་བཞིའི་སྨན་པ་བཀུག་པ་རྣམས་བཞག་ནས་(༥ན)


GLG023_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བཀུར་ཏེ། མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །དེས་ཀྱང་ཐོད་དུ་འཁུར་བས་ལྷ་རྗེར་ཐོགས། །ཞེས་རྒྱ་ཆེར་བསྔགས་པ་དང་ཆོས་མཚུངས་པ་བོན་གྱིས་མངའ་བདག་ལ་ཐོག་འབེབས་པའི་དུས་སྤར་བ་གུ་རུ་རིན་པོ་ཆེ་ཆོས་དབང་གི་ཡབ་མེས་སྤང་རྗེ་བཙན་ཁྲོམ་གྱིས་ཕོ་བྲང་གི་ཡང་ཐོག་ཏུ་བཞུགས་པའི་ཚེ་ཐོག་བར་སྣང་ལ་དམར་ཧྲིལ་ཧྲིལ་བྱུང་བ་སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་བོན་པོའི་སྟེང་དུ་འཕངས་པས་སྔགས་པ་རྣམས་ལ་ཡང་སྨན་པ་དང་འདྲ་བར་ལྷ་རྗེར་བཏགས་པ་མ་གོ་བར་ལྷ་རྗེ་ཟེར་ན་འཚོ་བྱེད་ཅིག་ལས་འོས་མེད་སྙམ་ནས། སྨན་ཡང་ཤེས་སྔགས་ཀྱང་ཤེས་ཞེས་སྒྲ་དག་མདོག་བྱེད་པ་རྨོངས་པའི་རང་མཚང་དུ་གསལ། དྲག་སྔགས་གཟའ་གདོང་དམར་ནག་གནུབས་ཆུང་པས་གཡུང་སྟོན་ཁྲོ་རྒྱལ་ལ་ཞུས་ཟེར་བའང་ཐེ་ཚོམ་གྱི་གཞི་ཆེ་སྟེ་གཟའ་གདོང་དམར་ནག་ངོས་འཛིན་རྣམ་གྲངས་མངས་པའི་གནོད་སྦྱིན་བཤན་པ་དམར་པོ་ཡིན་པའི་ཕྱོགས་བྱེད་མཁན་མང་བའི་ལུགས་ལྟར་ནའང་། ཆོས་སྐོར་འདི་གནུབས་ལུགས་རང་ལ་ཤིན་ཏུ་རྒྱས་པས་གཞན་ལ་ཞུ་བའི་དོན་མ་བྱུང་། ལ་ལ་བསམ་གཏན་གླིང་པའི་ཨ་ཏིའི་ནང་གི་གཟའ་རྒོད་སྒྱིད་རེངས་ཡིན་པར་འདོད་མོད། གནུབས་ཆེན་དྲག་སྔགས་ཐམས་ཅད་ཀྱི་བདག་པོ་ཡིན་པས་ཆོས་སྐྱོང་འདིའི་སྐོར་མ་བཞུགས་པའི་མཐའ་ནི་ཅི་བཀག དེང་སང་བཀའ་གཏེར་ཚད་མར་གྲགས་ཆུང་ཞིང་རྗེ་བཙུན་བསམ་གཏན་གླིང་པའི་གསན་ཡིག་ལྟར་ན་ཨྱོན་ཆེན་པོ་ནས། ཅོག་རོ་དཔལ་གྱི་མཆོད་གནས། འཁོན་རྡོ་རྗེ་རིན་ཆེན། འཁོན་ཤེས་རབ་ཡོན་ཏན། འཁོན་ཡོན་ཏན་འབྱུང་གནས། འཁོན་ཚུལ་ཁྲིམས་རྒྱལ་པོ། འཁོན་རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། འཁོན་དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། འཁོན་ཤེས་རབ་(༥བ)


GLG023_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས། འཁོན་དཀོན་ཅོག་རྒྱལ་པོ་ཞེས་འབྱུང་བས་གནུབས་ལུགས་ལ་བརྒྱུད་པ་གཞན་ཞིག་ཡོད་ན་མ་གཏོགས་འཁོན་ནས་བརྒྱུད་པ་རང་ནི་ཐེ་ཚོམ་གྱི་གཞིར་མཆིས། ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཡབ་སྲས་ཀྱི་བཞེད་པར་ཡང་བཟློག་མེའི་སྤུ་གྲིར་གཤིན་རྗེ་གཟའ་གདོང་དམར་ནག་ཏུ་ངོས་འཛིན་པས། རྒྱས་གཏེར་ནས་བཞེས་འཕྲལ་གྱི་གྲི་མགར་ལག་མ་དེ་ཨ་ཁུ་ཨ་ནེའི་མགོ་བོ་ལ་བསྣུན་པར་མངོན་མོད་ལུགས་གསུམ་པོ་གང་ཡིན་གཅིག་ཏུ་ཁ་ཚོན་མ་ཆོད་ཀྱང་གཡག་ཞར་པའི་རྩྭ་ལྟར་ཕྱོགས་རེའི་མིག་ཅན་དུ་མ་སོང་བ་ནི་གལ་ཆེ་བར་གདའ། རས་པ་བརྒྱད་བསྒྲིགས་དང་བཞི་བསྒྲིགས་ཟེར་བའི་མགུར་འབུམ་ལ་ལར་གནུབས་ཆུང་པ་བོན་པོ་ཡིན་ཁུལ་བྱས་འདུག་པ་གནག་རྫི་རྒན་པོ་ཆོས་སྒོར་ཞུགས་མ་ཐག་ནས་གྲུབ་པའི་དབང་ཕྱུག་ཆེན་པོར་སོང་བ་རྣམས་ཀྱིས་བན་བོན་དབྱེ་བ་མ་བྱེད་པ་ཐུགས་མད་ཅེས་བདེན་ཁ་འབུལ། བླ་མ་སྐུ་བསྲུང་པའི་འོག་ཏུ། སྐལ་ལྡན་རྡོ་རྗེ་རྒྱལ་པོ་དང་། །དྷརྨ་ཀེ་ཏུ་དཔོན་སློབ་ལ། །ཞེས་པ་པདྨ་ལས་འབྲེལ་རྩལ་གྱི་གཏེར་མའི་ཁྱབ་འཇུག་དང་གནོད་སྦྱིན་སོགས་ཀྱི་བརྒྱུད་པར། ལས་འབྲེལ་རྩལ། ལོ་སྟོན་རྡོ་རྗེ་འབུམ། མཐིང་མ་བྲག་འོད། སྐལ་ལྡན་རྡོ་རྗེ་རྒྱལ་པོ་ཞེས་འབྱུང་བས། ལས་འབྲེལ་རྩལ་གྱི་སྐུ་སྐྱེ་ཀུན་མཁྱེན་ཀློང་ཆེན་པ་ཡིན། དྲུང་ཆེན་རིན་པོ་ཆེ་ཏཱའི་སི་ཏུས་ཀློང་ཆེན་པ་འབྲི་གུང་པའི་བླ་མ་ཡིན་ཞེས་སྡང་བར་མཛད་པའི་ལོ་རྒྱུས་དེབ་སྔོན་དུ་ཡོད། རྒྱལ་བ་བཙོང་ཁ་པ་ཆེན་པོ་བོད་དུ་ཕེབས་སྐབས་དྲུང་ཆེན་རིན་པོ་ཆེ་གཤེགས་ཟིན། སྐལ་ལྡན་རྡོ་རྗེ་རྒྱལ་པོ་རྗེ་བཙུན་བཙོང་ཁ་པ་ཆེན་པོ་དང་དུས་མཚུངས་སུ་བྱུང་ཚོད་ནས། དེ་རྗེས་མི་ཐོག་གཉིས་ཙམ་སོང་ནས་བླ་མ་སྐུ་བསྲུང་པ་བྱུང་བ་གཏན་ཚིགས་ཀྱིས་བསྒྲུབ་ནུས། དྷརྨ་ཀེ་ཏུའི་(༦ན)


GLG023_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ། ལྕགས་གཏུན་ནག་པོ་ཆོས་ཀྱི་གྲགས། །གཏེར་སྟོན་བྱ་བྲལ་མཚན་ཅན་ལ། །ཞེས་སྣང་བའི་ལྕགས་གཏུན་ནག་པོ་ནི་གཏེར་སྟོན་རྒྱའི་དངོས་སློབ་ཡིན། དེའི་སློབ་མ་གནུབས་སྟོན་ཆོས་གྲགས་ཡིན། གནུབས་བྱ་བྲལ་བ་ཞེས་པ་ལས་གཏེར་སྟོན་ཡིན་པ་ཀུན་ལ་མ་གྲགས་པས་རྟོགས་ལྡན་ཕོ་མོ་རྣམས་ཀྱི་རྨི་ལམ་ལ་ཤར་བ་ཡིན་ཤས་ཆེ། འདིའི་སློབ་མ་སྐལ་ལྡན་རྡོ་རྗེ་རྒྱལ་པོ་ཡིན་པས་བླ་བརྒྱུད་འདི་སྔགས་སྡེབས་བཞིན་དཀྲུགས་པ་ནི་མིན་ལ་ཆེ། བརྒྱུད་འདེབས་མངོན་རྟོགས་ཀྱི་ཐོག་མར་འདོན་པ་སྔགས་གསར་རྙིང་ཀུན་གྱི་སྲོལ་ཡིན་རུང་ཁྱེད་དཔོན་སློབ་བསྟོད་པའི་མཇུག་ཏུ་གསུང་གི་ཡོད་གདའ་བ་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་ནམ་སྙམ། སྨོན་འགྲོ་པཎ་ཆེན་གྱི་ཕྱག་དཔེའི་ཁྲོད་དུ་ལོ་ཆེན་སངས་རྒྱས་དཔལ་བཟང་གི་གསན་ཡིག་ནས་བཤུས་པའི་སྔགས་སྡེབས་སྙིང་གཟེར་ནག་པོའི་བརྒྱུད་པར། པདྨ་དཀར་པོ་ཡན་ཚེ་བདག་གི་བརྒྱུད་པ་བཤད་མ་ཐག་པ་བགྲངས་པའི་མཇུག་ཏུ་རིན་པོ་ཆེ་ལྷ་རྩེ་བ་ངག་དབང་བཟང་པོ། དེ་ལ་ལོ་ཆེན་གྱིས་གསན་ཟེར་བ་བྲིས་འདུག་པ་གསང་རྫོགས་བརྒྱུད་པ་དང་མཐུན་པའི་གུ་རུ་ཆོས་དབང་ནས་གདུང་བརྒྱུད་སློབ་བརྒྱུད་ཀྱི་རིགས་ཚིག་གཅིག་ཀྱང་མེད་པའི་གནུབས་ལུགས་ནས་བརྒྱུད་པའི་ཁུལ་དེ་འདྲེ་ཤར་སྒོ་ལ་གླུད་ནུབ་སྒོ་ཁོ་ནའི་ནང་ཁྲོལ་གྱི་ལྟད་མོ་ཕྱི་བསྟན་དུ་སྣང་ཡང་རྗེས་འཇུག་རྣམས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་བརྟན་དྲགས་པས་ཕྱག་མཛུབ་གང་གཏད་ཤར་ལས་འོས་ཅི་མཆིས། ལས་བྱང་དངོས་ཀྱི་སྐབས་ལྕགས་སྡིག་གི་ལས་བྱང་ཆེན་མོར། ངེས་པའི་མཆོག་མཐུན་བསྒྲུབ་འདོད་ན༔ ལུས་དང་མཆོད་རྟེན་དཀྱིལ་འཁོར་བསྒྲུབ༔ དེ་ཡི་ལག་ལེན་རིམ་པ་རྣམས༔ འདི་རུ་ལེགས་གསལ་བཀོད་པའོ༔ (༦བ)


GLG023_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པའི་དོན་བཀའ་འབྱེད་དུ། སྨད་ཀྱི་གཉེར་མ་གསུམ་པོ་ལས༔ བསྟོད་བསྐུལ་རྒྱས་འབྲིང་བསྡུས་གསུམ་བྱུང་༔ དེ་ཡང་གཅེས་པའི་ཆོས་ཚན་གཅིག༔ བར་གྱི་གཉེར་མ་གསུམ་པོ་ལས༔ མངོན་རྟོགས་ཆེ་འབྲིང་ཆུང་གསུམ་བྱུང་༔ དེ་ཡང་གཅེས་པའི་ཆོས་ཚན་གཅིག༔ ཅེས་ལས་བྱང་ཆེན་མོ་དང་འབྲེལ་བར་མངོན་རྟོགས་ཆེན་མོས་དཀྱིལ་འཁོར། ལས་བྱང་འབྲིང་པོ་དང་འབྲེལ་བར་མངོན་རྟོགས་འབྲིང་པོས་མཆོད་རྟེན་བཅས་ཆོག །ལས་བྱང་ཆུང་བ་དང་འབྲེལ་བར་མངོན་རྟོགས་ཆུང་བས་གཏོར་བཟློག་གམ་ལུས་དཀྱིལ་རྒྱུན་འཁྱེར་གྱི་ཉམས་ལེན་དུ་སྦྱར་ནས་མཛད་པ་སྤྱིར་བཏང་དང་བྱེ་བྲག་ལས་བྱང་དང་མངོན་རྟོགས་ཆེན་མོར་སྦྱར་བའི་གཏོར་བཟློག་མེད་ཅེས་མཐའ་བཀག་པ་མིན་རུང་གཞུང་གི་དངོས་བསྟན་དང་བསྟུན་པ་ནི་བསྟོད་བསྐུལ་ཆེན་མོར། བཀའ་འབྱེད་གསེར་གྱི་ལྡེ་མིག་བརྩམས༔ དེ་ལས་གྱེས་པའི་འཕྲིན་ལས་ཆེ་འབྲིང་ཆུང་གསུམ་ཡོད༔ དཀྱིལ་འཁོར་མཆོད་རྟེན་གཏོར་བཟློག་དོན༔ ལག་ལེན་དོན་དུ་གསལ་བར་བཀོད༔ ཅེས་སོགས་སྔ་ཕྱིའི་དགོངས་པའི་དབང་གིས་ལས་བྱང་གསུམ་དང་མངོན་རྟོགས་གསུམ་བྱུང་བ་ཡིན་པའི་ཤེས་བྱེད་མེད་པར། དཀྱིལ་འཁོར་གསུམ་ལས་ཨེ་ཐུང་ལ་ཞེས་པའང་མུན་ནག་འདོམ་འཇལ་དུ་ཟད། བསྟོད་བསྐུལ་ཆེན་མོར། ཧཱུཾ་ལས་འཕྲོས་པའི་ཁྲོ་བོ་བཅུ། །ཞེས་སོགས་བགེགས་སྐྲོད་ཀྱི་སྔོན་དུ་འདུག་པ་དང་འོག་ཏུ། སྟེང་ཡང་ཁྲོ་བོའི་རང་བཞིན་ལ་ཞེས་སྣང་བ་འཁྲུགས་སྡེབས་ཀྱི་དགོངས་པ་མ་ལོན་པར་ཐོག་མར་ཁྲོ་བོ་བཅུའི་བསྲུང་འཁོར་མཛད་ནས་དེ་རྗེས་བགེགས་གཏོར་བཏང་ཞིང་མཚམས་བཅད་པ་ནི་གོ་རིམ་འཆོལ་བར་མ་ཟད་དམིགས་པ་དང་ལག་ལེན་ཤིན་ཏུ་མི་བདེ་བའི་སྟེང་སྔ་འགྱུར་གྱི་སྒྲུབ་འཕྲིན་ཕལ་(༧ན)


GLG023_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་དང་འགལ། འདི་གའི་བརྗོད་བྱ་ཡང་སྣང་སྲིད་འཁོར་ལོ་རྩིབས་བཅུར་འཕྲོ་ཟེར་བ་སྣང་སྲིད་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པའི་ངང་ནས་ཡེ་ཤེས་ཀྱི་འཁོར་ལོ་བསྒོམ་དགོས་རྒྱུ་ལ་སྣང་སྲིད་ཐ་མལ་གྱི་སྣང་བ་དེ་ག་འཁོར་ལོ་རྩིབས་བཅུར་སོང་བ་དོན་དང་མ་འབྲེལ་ཞིང་བསྒོམ་ཚེ་དེ་ལྟར་ཡིན་ཞེ་ན་ཚིག་སྐྱོན་དངོས་སུ་ཞུགས་པའི་ཉེས་པ་གང་གིས་སེལ། ལྟེ་བར་བདག་ཉིད་ཟིལ་གནོན་སྐུ། །འཇིགས་བྱེད་ཀི་ལ་ཡ་སྒྲོག་པ། །ཞེས་པའི་ཀི་ལ་ཐུང་ངུ་ཅ་ཅོལ་བྱེད་ན་འཇིགས་བྱེད་ཅ་ཅོའི་སྒྲ་སྒྲོག་པར་ཡ་མཚན་རྒྱུ་མ་བྱུང་ཞིང་ཚིག་གྲོགས་ཀྱིས་ཡ་མ་ཐོབ་རྣམ་དབྱེ་སྟེར་ན་དྲུག་པ་འཇུག །རིང་པོར་བྱས་ཏེ་ཕུར་བུ་ལ་བྱེད་ན་གདབ་ལས་ཀྱི་སྐབས་མ་གཏོགས་གཤིན་རྗེ་ལ་ཕུར་པའི་སྒྲ་བཅུག་པའང་འབྲེལ་ཆགས་པར་མ་མངོན། བྱིན་འབེབས་ལ་དམ་རྫས་བྱིན་འབེབས་ཞེས་དམིགས་ཀྱིས་བཀར་བ་སྒྲུབ་པ་པོ་གནས་ཁང་དམ་རྫས་སོགས་ཐམས་ཅད་ལ་བྱིན་ཕབ་ཆོག་པས་དེ་འདྲའི་རྒྱ་ཆུང་བ་ཅི་ལ་དགོས། མཆོད་རྫས་བྱིན་བརླབ་ཀྱི་སྐབས་རཾ་ཡཾ་ཝཾ་ཞེས་ཆུའི་ས་བོན་ཝཾ་དུ་མཛད་པ་སྔགས་རྙིང་མ་ལ་ཁཾ་བྱེད་པ་མི་འཐད་པའི་དག་ཆ་ཡིན་འདུག་རུང་གསར་མ་དང་མི་མཐུན་པ་རྒྱུ་མཚན་དུ་བྱེད་ན་ཆོ་ག་ཕྱག་ལེན་གསང་སྔགས་མཐའ་དག་རྣམས་རྩ་བ་ནས་གྲ་སློག་པའི་བརྡ་ཆད་གསར་དུ་དགོས་ཡོང་བས་དེ་ལྟར་ན་ལྕགས་སྡིག་འཕྲིན་ལས་ལ་བརྟེན་པ་བས་དྲག་པོ་ཕུར་ཞབས་མ་ལྟར་ལྷའམ་བླ་མ་ཆེ་གེ་མོ་ཞིག་གིས་ཁོ་བོ་ལ་རྨི་ལམ་དུ་གནང་བ་ཡིན་ནོ་ཞེས་ཚེ་བདག་གསར་པ་ཆུ་ལས་ཆུ་ཝུར་རྡོལ་བ་ལྟ་བུ་མཛད་ཀྱང་ཅིས་མ་ཁྱབ། ཏིང་འཛིན་རྣམ་གསུམ་གྱི་སྐབས། སྣང་སྟོང་དབྱེར་མེད་ཡེ་ཤེས་སྒྱུ་མའི་སྐུ། །ཞེས་སྣང་སྟོང་ཟུང་དུ་འཇུག་པའི་སྒྱུ་མའི་རོལ་པ་ལྟ་བུར་འཆད་པ་ནི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི་ཕྱོགས་ཙམ་དུ་ཡང་མ་སོང་(༧བ)


GLG023_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་ཏིང་གི་དོན་ཆོས་སྐུ་སྤྲོས་བྲལ་ཀ་དག་ཏུ་ངོ་འཕྲོད་པ་ཞིག་དགོས་པས། བསྟོད་བསྐུལ་དུ། གང་ལ་དངོས་པོའི་མཚན་མ་རྡུལ་ཙམ་མེད་ཅེས་འབྱུང་བས་སོ། །ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ། ཡོན་ཏན་ཡེ་ཤེས་མཚན་དང་དཔེ་བྱད་ལྡན། །ཞེས་རྣམ་པར་སྣང་མཛད་གངས་ཅན་མཚོ་ལྟ་བུའི་ཉམས་ཤར་བའང་ཕྱོགས་ཙམ་དུ་མ་སོང་སྟེ། དེ་ཏིང་གི་དུས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་གདངས་ཀུན་ཏིང་ལ་འདིར་སྤྲོས་བྲལ་གྱི་དོན་དམ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་འགག་མེད་དུ་འཆར་བའི་གསལ་བ་ལ་འཛིན་པ་མ་ཞུགས་པ་ཞིག་དགོས་པ་ཡིན་པས། བསྟོད་བསྐུལ་ལས། སེམས་ཅན་ཡོངས་ལ་ཁྱབ་པ་ཡི། །སྙིང་རྗེའི་འོད་ཟེར་དམར་སྨུག་ནི། །རང་བཞིན་གསལ་བའི་ངང་དུ་བསྒོམ། །ཞེས་འབྱུང་བས་སོ། །རྒྱུའི་ཏིང་འཛིན་གྱི་ཚེ། སྐུ་ནི་སྒྱུ་མའི་ཕྱག་རྒྱ་ཅིར་ཡང་སྣང་། །གསུང་ནི་ཁྲོ་བོའི་རྔམ་སྒྲ་ལྔ་དང་ལྡན། །ཞེས་འདིའི་སྐབས་ནས་ཕྱག་རྒྱ་ཟིལ་གནོན་གྱི་སྤྲུལ་སྐུར་བཞེངས་པ་འདྲ་ཞིག་འདུག་ནའང་སྐུའི་རྣམ་པ་མ་ཡིན་པའི་རྒྱུའི་ས་བོན་སྟོང་པའི་ཆོ་འཕྲུལ་ཨེ་ཡིག་ནམ་མཁའ་ལས་སྤྲིན་བྱུང་བ་ལྟ་བུ་བསྒོམ་པ་ནི་ལུགས་འདི་ལ་བྱང་བའི་སྔགས་རྒན་རལ་པ་ཅན་རྣམས་ཀྱི་བཞེད་པ་ལགས་པས་རྩལ་བཤད་ཀྱི་ཐུགས་བཟོ་འདི་དག་བྱ་བྲལ་རྒན་པོ་རྣམས་ཀྱི་པང་དུ་ངལ་གསོ་བར་བྱོས་ཤིག །ཏིང་འཛིན་གསུམ་ནི། གནུབས་ཀྱི་ལས་རིམ་གསལ་སྒྲོན་དུ། ཧཱུཾ། རྟོག་པ་མེད་པའི་ཆོས་ཉིད་ལས། །དངོས་པོ་མེད་པའི་ངང་ཉིད་དུ། །སྟོང་པའི་ཡེ་ཤེས་ཅིར་ཡང་གསལ། །ཆོས་ཉིད་དུ་ནི་དབྱེར་མེད་གྱུར། །ཨཱོཾ་ཨ་ཏི་ས་མ་ཏི་ཧཱུཾ། ཧཱུཾ་གསལ་བའི་རང་བཞིན་དངོས་པོ་མེད། །ཀུན་གྱི་རང་བཞིན་གསལ་བ་ལས། །འཛིན་སེམས་མེད་(༨ན)


GLG023_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཅིར་ཡང་སྣང་། །གསལ་ཞིང་དག་པ་དབྱེར་མེད་གྱུར། །ཨཱོཾ་མ་ཧཱ་ས་པ་ཏ་ས་མ་ཏི་ཧཱུཾ། ཧཱུཾ་རིག་པའི་ཡེ་ཤེས་གསལ་བ་ལས། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །བྱང་ཆུབ་སེམས་ཀྱི་རྩ་བ་ཡིན། །སྟོང་པའི་ཆོ་འཕྲུལ་ཅིར་ཡང་འཆར། །ཨཱོཾ་མ་ཧཱ་ཛྙཱ་ན་ས་མ་ཏི་ཧཱུཾ། ཞེས་བྱུང་ཞིང་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་ལས་བྱང་སོགས་ཁུངས་མ་མང་པོར་ཡང་དེ་ལྟར་ཡོད་པ་གཟུར་གནས་རྣམས་ཀྱི་སྙིང་ལ་བཅང་ངོ་། །གཞལ་ཡས་ཁང་གི་སྐབས། གྲུ་བཞི་སྒོ་བཞི་རྟ་བབས་མཆོད་རྟེན་དབྱིབས། །ཞེས་པ་སྒྲུབ་ཆེན་སོགས་དཀྱིལ་འཁོར་ལ་མཆོད་རྟེན་དབྱིབས་ཡོང་དོན་མེད། བཅས་ཆོག་བསྒྲུབ་པའི་ཚེ་གྲུ་བཞི་སྒོ་བཞིའི་བཤད་ཚོད་དང་བསྒོམ་ཐེབས་གཉིས་ཀ་མེད་པས་དེ་འདྲ་ལྷན་ཅིག་ཏུ་བསྒོམ་པའི་དཀྱིལ་འཁོར་ཡ་མ་ཟུང་དེ་གནུབས་ཀྱི་སྔགས་རྒན་རྣམས་ལ་བེད་མི་འདུག་པས་མགོན་མང་གི་སྣོན་མ་ལ་རྒྱག་པ་ཞུ། ཡང་རྟ་བབས་སྟེང་ཆོས་ཀྱི་འཁོར་ལོ་ཞེས་སྔགས་གསར་མ་ལ་གྲགས་པའི་འཁོར་ལོ་དཀྱུས་མའི་ཚབ་ལ་མཆོད་རྟེན་གྱི་བུམ་པ་ཡན་ཆད་མཛད་པ་རྟ་བབས་བུམ་མགོ་མ་ལ་ཐུགས་རྩེ་གཏད་ན་ནི་བཀའ་བརྒྱད་སོགས་གཞན་ལའང་མཆོད་རྟེན་བཅས་ཆོག་གི་རྣམ་གཞག་འཇོག་དགོས་པས་ཧ་ཅང་ཐལ་ལོ། །རྟ་བབས་མཆོད་རྟེན་དབྱིབས་ཞེས་པའི་ཚིག་རིས་ལ་དཔགས་ན་རྟ་བབས་དེ་མཆོད་རྟེན་གྱི་དབྱིབས་སུ་སོང་འདུག་པས་བང་རིམ་རྣམས་རྟ་བབས་ཀྱིས་ཡོང་བའི་བཀྲ་བཀྲ་ཞིག་ཤར་བ་འདྲ་རུང་། རྟ་བབས་སྣམ་བུ་བཞི་མ་ལ་གླང་རྒྱབ་མིག་གསུམ་མ་དགོས་པས་མཆོད་རྟེན་གྱི་ཐིག་རྩ་ལ་གླང་རྒྱབ་ཡོད་པ་མ་མཐོང་ལྷག་ཏུ་ཚེ་བདག་ལ་རྟ་བབས་སྣམ་བརྒྱད་མ་བཤད་པས་རྟོག་བཟོའི་དཔེ་འགེབས་ཐེབས་ཀྱང་མ་བྱུང་བས་དེ་བཞིན་གཤེགས་པའི་དུས་མཆོད་རྟེན་བརྒྱད་ལས་མ་གྲགས་རུང་(༨བ)


GLG023_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་དགོན་ཚོར་རྫ་གཅོག་མཆོད་རྟེན་དབྱར་གྱི་ལོ་མའི་ཅོད་པན་ཅན་ཞིག་གསར་དུ་བསྐྲུན་དགོས་པ་འདྲའོ། །གཙོ་བོ་བསྐྱེད་པའི་སྐབས། ཨེ་ཉིད་ཨེ་ཀ་ཛ་ཊི་འཕྲོས་འདུས་ཐིམ་ཞེས་རྒྱུད་དངོས་སུ་བཤད་ནས་དེ་མ་ཐག །རྒྱུ་མེད་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཞེས་སོགས་དངོས་འགལ་ལ་སོང་ཞིང་གནམ་ཐོག་ཆེན་མོའི་ལམ་སྲོལ་གྱི་སྐབས། རྒྱུ་དང་རྐྱེན་ལས་མ་བསྐྱེད་པར། །ཞེས་པའི་ཚིག་གསན་པར་བརྟེན་ཡོ་ག་གསུམ་གྱི་བསྒོམ་ལུགས་མ་དགོངས་པར་ཞལ་ནས་ར་འདོན་ལུག་འདོན་བྱུང་བ་འདྲ། ཁྱུང་གཤོག་ཙམ་མ་གཏོགས་དཔལ་གྱི་ཆས་བརྒྱད་སོ་སོར་བགྲངས་པ་དང་གཅིག་ཏུ་བསྡོམས་པའི་གསལ་ཁ་མ་མཛད་འདུག་པ་གཏེར་གཞུང་ཚོར་ཚིག་སྣ་ཐུང་བའི་མི་གསལ་ཞིང་རྣམ་བཤད་དང་གསུང་རྒྱུན་སྙན་དུ་མ་དངས་པའི་སྐྱོན་འདྲ་བས། སྔ་འགྱུར་གྱི་རང་སྐད་དུ། སྤྱི་གཙུག་མི་འགྱུར་རྡོ་རྗེ་ཕྱེད་པའི་ཆས། ཁམས་གསུམ་ཟིལ་གནོན་ལྕང་ལོ་རལ་པའི་ཆས། །རྫུ་འཕྲུལ་ཤུགས་ལྡན་ཐབས་ཤེས་གཤོག་པའི་ཆས། །ཕ་རོལ་དཔུང་འཇོམས་ཕྱག་མཚན་མཚོན་ཆའི་ཆས། །གཞན་གྱིས་མ་ཐུབ་བསྲུང་བ་གོ་ཁྲབ་ཆས། །ཉམ་ང་ཀུན་བྲལ་རྟོག་མེད་རོ་གདན་ཆས། །འཁོར་འདས་རོ་མཉམ་ཁྲག་ཞག་རྒྱ་མཚོའི་ཆས། །ཉོན་མོངས་ཀུན་བསྲེག་བསྐལ་པ་མེ་དཔུང་ཆས། །ཞེས་འབྱུང་བའང་རྗེས་འཇུག་ཐུལ་གོག་གཅིག་གི་འོག་ནས་སྤྲུལ་སྐུ་བ་དགུ་བཞེངས་མཁན་རྣམས་ཀྱི་ཐུགས་སུ་བཞུགས་འཚལ། ཚོགས་མཐའ་མའི་སྐབས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཐུན་བདུན་པའི་ཚིག་དོན་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་སྣང་། བཀའ་བརྒྱད་གཙོ་བོ་འཕོ་བའི་དབང་དུ་མཛད་དེ་ཚེ་བདག་གི་བཀའ་གཞན་རྣམས་ལས་ལ་བསྐུལ་བ་པད་གནུབས་གཉིས་ཀྱི་ཕྱག་ཏུ་མ་ལོན་(༩ན)


GLG023_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་འདྲ་ཐུགས་ཉམས་སུ་བཞེས་ཐུབ་པ་རྟོགས་ལྡན་རྣམས་གང་ཡོད་འདིར་ཤོག་གི་བློ་ཤེད་ཆེ་བའི་ཞེ་མེད་སྒལ་རལ་གྱི་དཔའ་མཚན་དུ་འདུག་གོ །ཚོགས་ལྷག་གི་མཇུག་ཏུ་ཆད་མཐོ་སྦྲེལ་བ་ལས་བྱང་ཆེན་མོར་ཡང་མི་འདུག་ཅིང་འདི་ལ་གཏོར་མ་ཟུར་དུ་བཅས་ན་ཟོར་འཕངས་པའི་རྗེས་སུ་གཏོང་བའི་ལུགས་དང་གཏོར་མ་དངོས་གཞི་ལ་དམིགས་ན་ཟོར་འདོན་ཁར་མཛད་པས་མཚམས་འདིར་བྲིས་པ་བསྟོད་བསྐུལ་དཀྱུས་མའི་ཉམས་ཤར་བ་འདྲ། ལྕགས་སྡིག་ཏུ་སྡིག་དྲུག་ཡན་ལག་གི་གཏོར་བཟློག་ཤིན་ཏུ་རྒྱས་པ་ཟོར་ལས་བྱེད་ན་ཆ་ལག་ཏུ་ངེས་པར་དགོས་ཀྱང་གསན་གཟིགས་མ་བྱུང་བའམ་བྱུང་ཡང་འཁྲུགས་སྡེབས་ཀྱི་གནད་མ་དགོངས་པར་མཆིས། སྒོ་དབྱེ་གཏོང་བ་གཏོར་མ་བསྒུལ་བའི་ཚེ་ལྷ་འདྲེར་འཕོག་ཐུག་བྱུང་དོགས་སེལ་བྱེད་ཡིན་པ་དཔེར་ན་ནག་རྩིས་པའི་ཕུང་པོ་འདོན་མཚམས་ལོའི་སྒོ་ཕྲ་མོ་གཤག་པའི་གནད་དང་འདྲ་བ་མ་དགོངས་པར་གཏོར་མ་སྤགས་ནས་སྒོ་དབྱེ་བྱ་གསུང་བ་གསར་མ་བའི་བག་ཆགས་ངན་པའི་ཤོག་ཧྲིལ་བསྒྲིལ་མཆིས། ཤར་ཕྱོགས་སྒོ་མ་རྟ་གདོང་དཀར་སོགས་ཚེ་བདག་ལ་འཕྲོས་ཙམ་ཡང་མེད་པའི་བཀའ་བརྒྱད་ཀྱི་སྒོ་མ་བཞི་སླེབས་གདའ་བ་ཁོང་རྣམས་ལ་ཚེ་བདག་གི་ཁྲལ་འཁྲི་ཡི་མེད་པས་དགོངས་པ་ཞུ། སྒོ་དབྱེའི་རྗེས་སུ་བཟློག་གཞུང་གི་ཆལ་པ་ཞིག་འདྲི་བ་མཛད་པ་མཚམས་མ་ཕྱེས་པའི་འདྲེས་སྐྱོན་ལ་ཅི་ཞུ། ཟོར་གྱི་སྐབས་ཚེ་བདག་གི་རང་སྐད་ཐུན་མོང་མ་ཡིན་པའི་རྭ་ཟོར་མེད་པ་ལ་ཕུར་ཟོར་བསྣན་པ་དག་དུག་བསྡུས་པའི་བམ་པོ་དེ་ཕུག་པའི་སྦུག་ཏུ་དྲོ་པོ་ཡོང་ཤས་ཆེ། ཕྱོགས་འདི་ལ་ཚད་མར་གྱུར་པའི་གཤིན་རྗེ་མཁན་པོ་རྣམས་ནི་ལྕགས་སྡིག་ལྕགས་འདྲར་ཁ་མི་གསལ་བ་གང་ནས་ཁ་འགེང་ན་འདི་ལ་རྣ་ཆ་བརྒྱད་དུ་གྲགས་པའི་ཁྲོ་འདུས་བཟློག་པའི་(༩བ)


GLG023_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་ཆ། ཨུར་མོ་བསད་པའི་རྣ་ཆ། འཆར་ཀ་མདོས་ཟོར་གྱི་རྣ་ཆ། ཀིང་ཀང་མནན་པའི་རྣ་ཆ། ཁ་ཐུན་ཐོད་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འབྱེད་པའི་རྣ་ཆ། ས་འཚོལ་གཏད་ཀྱི་རྣ་ཆའམ་ཡང་ན་རྣོན་པོ་ནད་གཅོད་བསྲུང་བའི་རྣ་ཆ། ཁྲོ་འདུས་བཟློག་པའི་རྣ་ཆ། འཁྲུལ་འཁོར་རྒྱས་སྡེབ་སྡེབས་ཀྱི་རྣ་ཆ། རླུང་ནག་འབྱེད་པའི་རྣ་ཆ། དུར་ཁ་མནན་པའི་རྣ་ཆ། འཆར་ཀ་མདོས་ཀྱི་རྣ་ཆ། སྲོག་དམར་ལེན་བསད་པའི་རྣ་ཆ། ཨུར་མོ་ངན་སྔགས་ཀྱི་རྣ་ཆ་ཞེས་འདྲེན་ལུགས་གཉིས་ཡོད་པའི་འཆར་ཀ་ནག་པོ་ནས་ཟོར་རྣམས་སྣོན་པ་ལ་འཆར་ཀ་ཕུར་ཟོར་ལོགས་སུ་བཤམ་སྲོལ་མེད། རྭ་ཟོར་ཡོད་ཕྱིན་ཐོད་ཟོར་མི་དགོས་པས་བཀའ་གཏེར་གྱི་གཞུང་སོ་སོར་གཟིགས་འཚལ། ཨེ་རིང་བསྙེན་པའི་མན་ངག་ཅེས་བྱ་བ་ཞིག་མཛད་འདུག་པར། མངོན་རྟོགས་ཆུང་བ་ལྟར་དཔྲལ་བར་ཡ་མ་ར་ཙ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཕྱག་རྡོར། ལྟེ་བར་རུས་སྦལ། གསང་གནས་སུ་རྡོ་རྗེ་ཕུར་པ་བསྐྱེད་འདུག་པ་མངོན་རྟོགས་ཆུང་བ་འདི་རྒྱུན་འཁྱེར་དུ་བཤད་པ་ལ་བརྟེན་ནས་བསྙེན་པའི་དུས་ལས་བྱང་ཆེན་མོ་བསྲང་བ་མི་ལྕོགས་པ་གཞིར་བཞག་ཡིན་སྣང་བ་ཁྱེད་རང་བཀའ་བརྒྱུད་པ་དཔོན་སློབ་བསྙེན་པ་དབང་སྒྲུབ་སོགས་གང་ལའང་ཕྱག་རྒྱ་ཆེན་པོའི་ངང་ནས་བྱེད་པ་ཡིན་ཞེས་ལས་བྱང་མངོན་རྟོགས་ཅི་ཡང་མེད་པ་དེ་འདྲ་གོང་ར་ལོ་ཙཱ་བ་དབང་གི་དཀྱིལ་འཁོར་ཐིག་ཚོན་གྱི་ཆོ་ག་མེད་པར་མ་ཏྲཾ་གི་ལྟོ་བར་ལྷ་གནས་ཙམ་བཀོད་པའི་བཟློག་དཀྱིལ་དཀྱུས་མ་ལྷར་བྲིས་ཡོང་འདུག་པས་མཚོན་རྙིང་མ་བར་རློམ་པའི་ཟོག་པོའི་རིགས་འདྲས་བྱེད་མཁན་ནི་ཡོང་ཤས་ཆེ། མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི་བརྒྱུད་འཛིན་སོགས་རྙིང་མ་བ་ཚད་ལྡན་རྣམས་ནི་རྨི་ལམ་དུ་ཡང་མི་འདོད། ཐུན་བཞིན་བྱས་(༡༠ན)


GLG023_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཅིག་ལ་རྒྱས་པ་ངེས་པར་མཛད། གཞན་རྣམས་ལའང་སྔོན་འགྲོ་དང་མཆོད་བསྟོད་མདོར་བསྡུས་ལ། མངོན་རྟོགས་ཆུང་བ། མན་ངག་རྩ་བའི་གཞུང་རྐྱང་། མངའ་རིས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཁྲོ་རྒྱལ་ལམ་བསྡུས་ལྟ་བུ་སྦྱོར་བ་ཡིན། ཁྱེད་ཀྱི་བསྙེན་ཡིག་འདིར་བསྲུང་འཁོར་ལྟར་བསྒོམ་ན་ཞེས་གཤིན་རྗེ་དྲེགས་པ་རུས་སྦལ་གསུམ་གཅིག་གི་ཐུགས་ཀར་གཅིག་གསལ་འདེབས་བདེ་ལ་ངོས་བཟུང་བ་བསྙེན་པའི་མན་ངག་གི་ཉམས་ལེན་ཕྱོགས་འགྲོ་ཡང་སྙན་དུ་མ་སོན་པར་གདའ། བསྙེན་ཡིག་ཅེས་པའི་མིང་ཙམ་ཐོས་སྐབས་དེར་བསྙེན་པ་སྒྲུབ་པ་སྒྲུབ་པ་ཆེན་པོའི་ཁྱད་པར་དང་དམིགས་པའི་ཟབ་གནད་རྣམས་བྲིས་ཡོད་དམ་སྙམ་ཙ་ན་དོན་དུ་མངོན་རྟོགས་ཉུང་ངུ་སྦྱོར་མཇུག་གང་ཡང་མེད་པའི་མཐར་བསྙེན་པ་གཞུང་བཞིན་བྱ་ཟེར་བ་ཞིག་ལས་མི་སྣང་བས་ཐམས་ཅད་སྟོང་པ་ཡིན་ནོ་ཞེས་པའི་ཧང་ཧང་གི་ལྟ་བ་དེ་ག་བསྙེན་ཡིག་ལ་ཡང་བྱུང་བས་སྒོ་ངའི་མཐིལ་ནི་ཧ་ཅང་མི་རིང་། བསྙེན་སྒྲུབ་འདི་འདྲའི་རིགས་བྱུང་ཙ་ན་ཞྭ་དམར་ནག་བསྒྲིལ་བའི་དམག་གིས་ཀོང་པོ་ཀླུ་སྡིངས་ནས་དབུ་ལ་ཕྱག་བཀབ་སྟེ་ཕེབས་འཇུག་པ་ལས་འོས་ཅི་མཆིས། སྙིང་གཟེར་ནག་པོའི་དཀྱིལ་འཁོར་གྱི་ཆོ་ག་ཁྲག་འཐུང་རོལ་པའི་དགའ་སྟོན་དུ་གྲགས་པ་ཞིག་མཛད་འདུག་པ། རྒྱུད། དགའ་རབ་རྡོ་རྗེ་དང་གནུབས་སངས་རྒྱས་ཡེ་ཤེས་ལ་སོགས་པའི་ལུང་གཅིག་ཏུ་བསྡུས་ཞེས་ཁུངས་དྲངས་པ། དཔལ་ཟླ་གསང་ནག་པོ་མེ་ལྕེ་འཕྲེང་བའི་རྒྱུད། གཤིན་རྗེ་ཟླ་གསང་ནག་པོ་ངན་སྔགས་ཐམས་ཅད་ཀྱི་རྩ་བའི་རྒྱུད། དཔལ་ཟླ་གསང་ནག་པོའི་རྒྱུད་དྲེགས་པ་ཚར་གཅོད། འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོ་མན་ངག་གི་ཡིག་ཆུང་སྒྲུབ་ཐབས་ཀྱི་རྒྱུད་འཇམ་དཔལ་(༡༠བ)


GLG023_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཤེད་པོའི་གསང་བ་དྲུག་ཅུ་པའི་རྒྱུད། འཇམ་དཔལ་གསང་བ་སུམ་ཅུ་པའི་རྒྱུད། སེང་གེ་འོ་མའི་རྒྱུད་ཕྱི་མ་དང་བཅས་པ། འཇམ་དཔལ་གཤིན་རྗེ་ཟླ་གསང་རིན་པོ་ཆེ་གསང་བའི་རྒྱུད། ཟླ་གསང་ནག་པོ་ཡན་ལག་གི་རྒྱུད། འཇམ་དཔལ་ཁྲོ་བོ་རིན་ཆེན་གསང་རྒྱུད། གཤིན་རྗེ་ནག་པོའི་སྔགས་རྒྱུད། གཤིན་རྗེ་དམར་ནག་གི་དམེ་རྒྱུད། གཤིན་རྗེ་ནག་པོ་ལས་སྣ་ཚོགས་པའི་རྒྱུད། ཡ་མ་ར་ཙ་ཁྲོས་པའི་རྒྱུད་ཅེས་པ་ངན་སྔགས་བཀོལ་བའི་ལས་རྒྱུད། འཁོར་ལོ་དྲག་པོ་རྡོ་རྗེ་ཨུར་མོ་ཞེས་བྱ་བ་རྟོགས་པ་བསྡུས་པའི་རྒྱུད། རྡོ་རྗེ་ཉི་མ་ཁྲག་འཐུང་གི་རྒྱུད། གཤིན་རྗེའི་གཤེད་ཁྲོ་བོ་ཊཀྐི་རཱ་ཛའི་རྒྱུད། ཁྲོ་བོ་རྣམ་པར་རྒྱལ་བའི་རྩ་རྒྱུད། གཤིན་རྗེ་ནག་པོའི་རྒྱུད་བསྐལ་པ་མེ་དཔུང་འབར་བ་ལས་ཕྱུང་བ། ཐོད་པ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད། ཟློག་བྱེད་འཆར་ཀ་ནག་པོའི་རྩ་རྒྱུད། སྲིན་པོ་མགོ་བརྡུང་གི་རྒྱུད། ཡ་མ་ར་ཙ་སྐུ་ཁྲོས་པའི་རྒྱུད། འཇོམས་བྱེད་འབར་བའི་རྒྱུད། མོན་པ་ནག་པོ་ཁྲོས་པ་ཙིཏྟ་བཾ་ལོག་གི་རྒྱུད། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འཁྲུལ་འཁོར་རིན་པོ་ཆེའི་རྒྱལ་མཚན་འཕྲུལ་གྱི་མེ་ལོང་ཁྲི་དྲུག་སྟོང་པ་ཞེས་བྱ་བའི་རྒྱུད། རྒྱལ་མཚན་མེ་ལོང་ཆུང་བའི་རྒྱུད། འཇམ་དཔལ་དྲི་མེད་གསང་རྒྱུད། གཤིན་རྗེ་ནག་པོའི་རྒྱུད། གཤིན་རྗེ་ནག་པོ་གསང་བ་དེ་ཁོ་ན་ཉིད་ཁ་ཐུན་གྱི་རྒྱུད། དེའི་ཕྱི་མའི་རྒྱུད། ཚེ་བདག་ནག་པོའི་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད། ཚེ་བདག་ནག་པོའི་དགོངས་རྒྱུད། གཤིན་རྗེ་ནག་པོ་མེ་རླུང་སྐྱིན་ཐང་འཁྱུག་པའི་རྒྱུད། དྲག་སྔགས་ཟླ་གསང་ནག་པོའི་རྒྱུད། འཇམ་དཔལ་ཁྲོ་བོ་སྙིང་གཟེར་གསང་བའི་རྒྱུད། ཟླ་གསང་དྲག་སྔགས་ནག་པོ་(༡༡ན)


GLG023_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཤན་པ་སྤུ་གྲིའི་རྒྱུད། འཇིག་རྟེན་གསུམ་གྱི་ཤེས་པ་བསྒྲལ་བའི་རྒྱུད། ངན་སྔགས་གཙུག་ལག་གི་རྒྱུད་ཕྱི་མའི་ཡང་ཕྱི་མ་སྡིག་པ་སྙིང་འཛིངས་གསང་བའི་རྒྱུད། སྡིག་པ་སྙིང་འཛིངས་སྙིང་པོ་དོན་གྱི་རྒྱུད། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་སྲོག་དམར་ལན་གྱི་རྒྱུད། སྡིག་པ་སྟོབས་ཆེན་གསང་བའི་རྒྱུད། ཆུ་ཐིགས་སྔོན་མོའི་རྒྱུད། དེའི་རྒྱུད་ཕྱི་མ། དྲག་པོ་འཕུང་བྱེད་མཆོད་རྟེན་ནག་པོའི་རྒྱུད། འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད། པྲ་ཁོག་བླང་བའི་རྒྱུད། འཇམ་དཔལ་ཁྲོ་བོ་གཤིན་རྗེ་གསང་རྒྱུད་འཇམ་དཔལ་རྣམ་པར་རོལ་པ་རྣལ་འབྱོར་རྒྱལ་པོའི་ལེའུ་སྟོང་ཕྲག་ལྔ་བཅུ་རྩ་ལྔ་པ་ལས་ཏིང་འཛིན་གསང་བའི་རྒྱུད་ཁོལ་དུ་ཕྱུང་བ། གཤིན་རྗེ་ནག་པོ་ཁྲོས་པ་རྩ་བའི་རྒྱུད། གསང་རྒྱུད་ཕྱི་མ། དྲེགས་པ་ཕོ་མོ་འདུས་པའི་ལས་རྒྱུད། གཤིན་རྗེ་འཆར་ཀ་ནག་པོའི་རྒྱུད། གདོང་ཟོར་ནག་པོའི་བསྟོད་པའི་རྒྱུད། ཤ་ཕོ་རུ་འཛིངས་ཀྱི་རྒྱུད། འཇོམས་བྱེད་ནག་པོའི་རྒྱུད། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཀྱི་རྒྱ་སྡེབས་ཀྱི་རྒྱུད། དྲག་སྔགས་འཁོར་ལོ་གསང་བ་སྡེབས་ཀྱི་རྒྱུད། དམོད་པ་དྲག་སྔགས་གསང་བ་མཆོག་གི་སྤྱི་རྒྱུད། དྲག་པོ་སྔགས་རྒོད་དེ་ཁོ་ན་ཉིད་ཕྱིར་བཟློག་པའི་སྔགས་རྒྱུད། ཐོད་པ་ནག་པོ་ཞེས་བྱ་བ་སྤུ་གྲི་གཅོད་པའི་རྒྱུད། འཁྲུལ་འཁོར་རྒྱ་སྡེབས་ཀྱི་རྒྱུད། འཇམ་དཔལ་དངོས་གྲུབ་སྣ་ཚོགས་འབྱུང་བ་རླུང་ལས་བྱེད་འཁོར་ལོའི་རྒྱུད། འབྱུང་བ་རླུང་ནག་འཁྲུགས་པའི་རྒྱུད། རླུང་ནག་འཁྲུགས་པའི་བསྐལ་པ་དུམ་བུར་ཕྱུར་བའི་རྒྱུད། དྲགས་སྔགས་འདུས་པའི་འཁོར་ལོ་དྲག་སྔགས་གཅོད་པའི་རྒྱུད། རྣམ་གསུམ་དྲག་པོ་གཤིན་རྗེ་དྲག་སྔགས་གཅོད་པའི་རྒྱུད། གཤིན་རྗེ་ཡིད་བཞིན་ནོར་བུའི་རྒྱུད། (༡༡བ)


GLG023_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུད་ཕྱི་མ། འཁྲུལ་འཁོར་ནག་པོའི་སྔགས་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པ། གནོད་སྦྱིན་ཟླ་གསང་དམར་པོའི་རྒྱུད། སྒྲོལ་གིང་མ་རུ་ཙེ་བཤན་པ་སྤུ་གྲི་རེག་ཆོད་གནམ་ལྕགས་ཐོག་གི་སྟ་རེ་བསེ་མདུང་དམར་པོའི་དྲག་སྔགས་དུག་མདའ་ནག་པོ་དམོད་པའི་མཚོན་ཆ་འཕྲིན་ལས་ཀྱི་མདོ། གནོད་སྦྱིན་དམར་པོ་མ་ར་ཁྲག་སྐྱུག་གི་རྒྱུད། གནོད་སྦྱིན་གིང་དམར་པོ་སྒྲོལ་བ་སྲིན་པོའི་རྒྱུད། རྡོ་རྗེ་སྲིན་པོ་བསེའི་སྐྱེས་བུ་རྩ་བའི་རྒྱུད། གཤིན་རྗེ་དམར་པོ་བཤན་པ་སྲོག་གི་འཁོར་ལོའི་རྒྱུད། ཟ་བྱེད་བཤན་པའི་འཁོར་ལོ་གནོད་སྦྱིན་དྲ་བ་ནག་པོའི་རྒྱུད་ཕྱི་མ། གཤིན་རྗེ་ནག་པོ་མ་ར་ཁྲག་སྐྱུག་གསང་རྒྱུད་སྤུ་གྲི་རེག་ཆོད། འཇམ་དཔལ་དམར་པོའི་སྔགས་རྒྱུད། གཤིན་རྗེ་དམར་པོ་བཤན་པ་ལའི་སྤུ་གྲི་རེག་ཆོད་རུ་མཚོན་དམར་པོའི་རྒྱུད། མ་རུ་ཙེ་གསུང་གི་རྒྱུད། འཇམ་དཔལ་མཆེད་བཞིའི་རྒྱུད་ཕྱི་མའི་ཕྱི་མ་དང་བཅས་པ། ཟོར་བ་དམར་ནག་གི་རྒྱུད། མ་རུ་ཙེའི་སྔགས་རྒྱུད། མ་རུ་ཙེའི་ཐུགས་རྒྱུད། དཔའ་བོ་གར་མཁན་མཆོག་གི་རྒྱུད། འདི་རྣམས་ནས་རེ་གཉིས་མ་གཏོགས་ལྷུན་གྲུབ་ཕོ་བྲང་གི་རྙིང་མ་རྒྱུད་འབུམ་ཤིན་ཏུ་འཛོམ་ཆེ་བ་དེར་བཞུགས་པ་ཤ་སྟག་ཡིན། གནུབས་ཀྱི་བཀའ་ཤོག་རྒྱ་བོ་ཆེ་དང་རྒྱལ་སྲས་རྡོ་རྗེ་ཐུགས་མཆོག་རྩལ་གྱི་མཛད་པའི་ཆོས་འབྱུང་པཎ་ཆེན་སྐུ་མཆེད་ཀྱི་གསན་ཡིག་སོགས་སུ་གཤིན་རྗེ་དང་དྲག་སྔགས་ཀྱི་རྒྱུད་ཚོར་ཡང་སྙིང་གཟེར་ནག་པོ་ཟེར་བ་མ་རྙེད། དགའ་རབ་རྡོ་རྗེའི་ཡི་གེའི་ཁུངས་མེད་པའི་སྤོམ་ཡོར་འདི་འདྲ་གཞན་ལ་རྫུན་ཁག་བཀལ་བའི་ཟག་ཟོག་གི་གསུང་རབ་རིབ་ཅན་དུ་དོགས། ལྕགས་སྡིག་གི་སྒྲུབ་ཐབས་སྙིང་གཟེར་ནག་པོ་ལ་བསྙེག་ན། ཐོག་མར་ནུས་ལྡན་བརྩོན་པ་ཡིས༔ ས་ཆོག་དུས་བཟང་ལེགས་ལྡན་ལ༔ རྡུལ་(༡༢ན)


GLG023_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྲོག་ཆགས་སྤངས་བྱས་ལ༔ ལྷོ་ཡི་ཕྱོགས་ནས་ས་བསླངས་ལ༔ དཀྱིལ་འཁོར་མདའ་གང་གྲུ་བཞི་པ༔ ཚད་དང་ལྡན་པ་རབ་ཏུ་བཞེངས༔ གཏོར་མ་མཆོད་པ་རྒྱས་པར་བཤམས༔ རྒྱལ་པོ་བཞི་ལ་བཀའ་ཡང་བསྒོ༔ ཁྲོ་བོ་བཅུ་ཡིས་མཚམས་ཀྱང་བཅད༔ དམ་སྲི་འདུལ་ཞིང་སྒོ་བྱང་གདགས༔ མ་ཏྲཾ་རུ་དྲ་བསྒྲལ་ལས་བྱ༔ དེ་ནས་ཐིག་སྐུད་ལྔ་ལྡན་ལ༔ ཞེས་བྱུང་བ་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་ཏུ་སའི་ཆོ་གར། བརྟག་པ། བསླང་བ། སྦྱང་བ། བྱིན་གྱིས་བརླབས་པ། བསྲུང་བ་སྟེ་ལྔར་དབྱེ། སྟ་གོན་གྱི་སྐབས། ལྷ། བུམ་པ། སློབ་མ་གསུམ་དུ་དབྱེ་བའི་རྣམ་གཞག་མཛད། སེ་སྟོན་ཆེན་པོས་ངེས་དོན་བདེ་འཇུག་ཏུ་ཡོ་བྱད་བཤམ་ཞིང་གཏོར་མ་བཏང་བ། ཐིག་ཚོན་རབ་ཏུ་གནས་ཤིང་ཆག་ཆག་གདབ་པ། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་སྟེ་སྔོན་འགྲོ་གསུམ་དུ་བསྡུས་ནས་འཇུག་པ་བདེ་བར་མཛད། སྒྲུབ་ཆེན་ཧ་ཅང་གི་སྤྲོས་པར་འདོད་ན་བཀའ་མའི་འདུས་པ་མདོ་དང་སྒྱུ་འཕྲུལ་གཏེར་མའི་བདེ་འདུས་གསང་རྫོགས་ལྟ་བུ་ནས་ཟུར་བརྒྱན་དུ་རུང་ནའང་དབང་ཆོག་འདིར་གཏེར་མ་བམ་ཆེན་གསང་བ་དང་མུ་ཏིག་འཕྲེང་བ། རྟ་ནག་སྒྲོལ་མ་དང་སེ་སྟོན་སོགས་ཕྱོགས་འདི་ལ་ཚད་མར་གྱུར་པའི་བླ་མ་རྣམས་ཀྱི་ཡིག་ཆ་གང་དང་ཡང་མི་མཐུན་པའི་རྒྱུ་མཚན་དཀར་གཏོར་སའི་ལྷ་མོས་གཙོས་པའི་གཞི་བདག་རྣམས་ལ་བསྔོ་ཞིང་དམར་གཏོར་ནག་ཕྱོགས་ཀྱི་འབྱུང་པོ་ལ་བྱིན་ནས་བགེགས་སྐྲོད་དགོས་རྒྱུར། སའི་ལྷ་མོ་མི་སྣང་བའི་ཁྲོད་དུ་མ་བཅུག་པར་མི་སྣང་བར་ས་བསླང་བའི་ཆོ་ག་ལོགས་སུ་བྱས། དེའི་འོག་ཏུ་ས་སྦྱང་བའི་ནང་ཚན་གྱི་ལྟོ་འཕྱེ་བརྟག་ཐབས་བྲིས། དེ་ནས་སའི་ལྷ་མོའི་ཆོ་ག་བཀོད་པ་གསང་སྔགས་གསར་རྙིང་ཐམས་(༡༢བ)


GLG023_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་འགལ་བའི་དྭགས་བརྒྱུད་རྒན་པོའི་རྣམ་ཐར་ཟངས་ཐལ་དུ་སོང་། སྒྲུབ་ཐབས་སྙིང་གཟེར་ནག་པོའི་རྗེས་སུ་འབྲངས་ན་རྒྱལ་ཆེན་མཐོ་འཛུགས་ཀྱི་རྗེས་སུ་ཁྲོ་བཅུའི་སྐབས་ཕུར་གདབ་བྱ་རིགས། གནུབས་ཡེ་ཤེས་རྒྱ་མཚོའི་དབང་ཆོག་ལྟར་ན་ས་གཟུང་བ་དང་འབྲེལ་བར་བགེགས་བསྐྲད་ཅིང་སྲས་མཆོག་ཡ་མ་ར་ཙའི་ཕུར་པ་གདབ་པར་གསུངས། བཀའ་བརྒྱད་ཚོར་ས་གཟུང་བའི་མཇུག་ཏུ་ཕུར་པ་གདབ་པའི་རྣམ་གཞག་ཡོད་པས་དེ་དག་གང་དང་ཡང་ཡེ་མི་འདྲ་བའི་ས་ལྷའི་རྗེས་དེ་མ་ཐག་ཕུར་པ་འདེབས་པ་འཁྲུལ། ཕུར་པ་ཡང་པདྨ་ཀྲོ་ཏ་སོགས་རྟ་མགྲིན་གྱི་ཕུར་པ་བཏབ་འདུག་པ་གསེར་གར་བླུག་ལས་གྲུབ་པའི་དངུལ་སྐུ་མཐོང་བ་དོན་ལྡན་ཞིག་བཞེངས་སྣང་བ་བཀའ་བརྒྱུད་གོང་མའི་གདན་ས་ཆེ་བ་ཞིག་ཏུ་སྐྱེལ་བ་ཞུ། སྒྲུབ་ཐབས་སྙིང་གཟེར་ནག་པོར་མ་ཏྲཾ་གི་རྗེས་སུ་ཆག་ཆག་འདེབས་པར་གསུངས་པ་བཀའ་བརྒྱད་སོགས་དང་མཐུན་པར་འདིར་རྒྱལ་མཐོའི་སྔོན་དུ་ཆག་ཆག་གདབ་པ་གཞུང་དང་མ་འབྲེལ་ཆག་ཆག་གི་རྗེས་སུ་ཐིག་གདབ་དགོས་རྒྱུར་ས་གཟུང་བའི་སྟང་སྟབས་ཀྱི་གར་འཆམ་བཤད་པ་གསང་སྔགས་གསར་རྙིང་གི་ཕྱག་ལེན་བྱིངས་དང་ནི་མི་མཐུན། བཀའ་བརྒྱད་ཁྲག་འཐུང་གི་འཆམ་ལྟ་བུའི་རྒྱས་འགེབས་ན་མ་གཏོགས་ཚེ་བདག་ལ་འཆམ་ཡིག་དང་དེའི་རྒྱུན་ཟུར་པ་ཡོད་འཕྲོས་མི་འདུག་པས་ལས་བཞིའི་སྟང་སྟབས་ཙམ་མ་གཏོགས་རྩ་འཆམ་གྱི་ངལ་བ་ཆེད་གཉེར་མི་དགོས་པ་འདྲ་དགོས་ཀྱང་། བར་དུ་གང་བཤད་འཆམ་གྱིས་བསྒྲུབ། །གལ་ཏེ་མ་གྲུབ་འདི་ཡིས་བྱ། །རྡོ་རྗེ་རྒྱལ་པོ་དབུས་སུ་འདུག །རྒྱས་ཐེབས་བཞི་ནི་སྒོར་འཁོད་ལ། །ཞེས་པའི་ཞེ་འདོད་ལ་དཔགས་ན་འཆམ་མ་འགྲུབ་ཚེ། དེའི་ཚབ་ལ་རྡོ་རྗེ་སློབ་དཔོན་གཙོ་བོའི་ང་རྒྱལ་གྱི་དབུས་སུ་འདུག་(༡༣ན)


GLG023_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པར་སློབ་མ་རྣམས་ཕྱོགས་སུ་འཁོད་ནས་འཁོར་གྱི་རྣམ་པས་མཆོད་པ་འབུལ་ཞིང་གསོལ་བ་གདབ་པས་གོ་གཅོད་རྒྱུའི་ལུགས་དེ་ནི་ནམ་ཡང་མ་ཡིན་ཏེ་འཆམ་བྱེད་ཀྱང་དེའི་སྔོན་དུ་གསོལ་གདབ་ངེས་པར་འགྲོ་དགོས་པས་བླ་འཚོང་འདི་འདྲའི་ཅ་པོ་ཡོད་ན་ལྷ་ས་དང་རྩེས་དང་གི་ཚོང་འདུས་ཚོར་ཕེབས་པ་ཞུ། དེང་སང་ཡིག་ཆ་དང་ཕྱག་ལེན་ཕལ་ཆེར་ལས་ཆོག་མཛད་པ་ཤས་ཆེ་མོད་ལྕགས་སྡིག་གི་དབང་ཆོག་མུ་ཏིག་འཕྲེང་བར་སྣང་སྲིད་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར་སའི་ཆོ་ག་བྱ་མི་དགོས་ཏེ། ཇི་ལྟར་རུང་བ་ལྟར་སྤྱད་པར་བྱའོ། །ཞེས་བཤད་པས་མཐའ་གཅིག་ཏུ་མ་བྱས་ཀྱང་སྐྱོན་དུ་མི་འགྱུར་བའི་ཕྱིར་ས་གཟུང་བའི་གར་འཆམ་སོགས་སྤྲོས་བཅས་དོན་དུ་གཉེར་བར་ཟད་ལ། ཡང་ན་མུ་ཏིག་འཕྲེང་བ་ཁུང་མ་མིན་པའི་སྒྲུབ་བྱེད་དམ་དགོངས་པ་འགྲེལ་ལུགས་གང་རུང་དགོས་པས་གཤིན་རྗེ་མཁན་པོ་ཡོད་ན་ལྗགས་རྐྱོང་བར་རིགས་སོ། །ཕུར་པའི་རྩ་འཆམ་གྱི་བམ་རྡེའུས་བརྟག་པ་ལ་གཞོགས་དྲུད། དེ་ལ་འཇམ་དཔལ་ཚེ་བདག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གནུབས་ཆེན་གྱིས། སློབ་དཔོན་བལ་པོའི་རྒྱལ་པོ་ཡིས༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས༔ བམ་ཆེན་རོ་ཡི་དབང་བསྐུར་ནས༔ ལྷ་རུ་འཇམ་དཔལ་ཚེ་བདག་གཏད༔ ཅེས་གསུངས་པའི་བམ་ཆེན་གསང་བའི་དབང་གི་བམ་སྒྲུབ་གཉིས་ནོར་བའི། འགྲོས་བདུན་སྟང་སྟབས་བརྒྱད་དུ་གྲགས། །ཚུལ་དེ་ཕྱིན་ནས་ལེན་རྒྱུའི་རོ། །ཞེས་དབང་རྟེན་གྱི་བམ་རོར་ངོས་བཟུང་བ་ནི་ཉ་དང་ཉུང་མ་བསྲེ་བའི་གཏམ་ཁོ་ནར་མངོན། འདིར་ཕུར་པའི་འཆམ་ཕྲོགས་ནས་ཚེ་(༡༣བ)


GLG023_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བདག་གིར་མཛད་པ་བདེ་ཆེན་ཆོས་འཁོར་བས་རྐུན་མ་བརྒྱབ་ནས་མགོན་མང་ལ་ཤོར། ད་ནི་རྟོགས་ལྡན་རང་གྲོལ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་སྔོན་འགྲོར་རྩ་འཆམ་ཚར་རེ་རྒྱག་ཤས་ཁ་བ་རི་མཐོན་པོའི་བུ་ཆུང་ཐང་ལ་འཁྱམས་པའི་རྣམ་ཐར་ངོ་མཚར་ཅན་ནོ། །དམ་སྲིའི་སྐབས་མི་རྟ་ཁྱི་གསུམ་གྱི་མགོ་བོ་ཡོད་པ་དམིགས་ཀྱིས་བསལ་བ། དམ་སྲི་ལ་མཐའ་གཅིག་ཏུ་མ་ངེས་པས་མཚན་ལྟས་དང་བསྟུན་དགོས་པ་ཡིན། དམ་སྲི་དབུ་གསུམ་པ་འདི་ཞལ་གཟིགས་ཤིག་ཡིན་འདྲ་བ་མགོན་མང་དུ་དམ་སྲིའི་མགོན་པོ་ཞིག་ཀྱང་ཞལ་འདེབས་སུ་ཡོང་བར་མཆིས། གསང་སྔགས་སྤྱི་ལ་ནི་ལིངྒ་བསྐྱེད་བསྟིམ་ཟིན་ནས་བྱང་ཐག་གིས་འཆིང་བ་ཡིན་པར་དེ་ལས་གོ་ལྡོག་པའང་ཁྱད་ཆོས་སུ་འདུག །ཡ་ཐེམ་ཤིང་བྱང་གི་གཤིན་རྗེ་མ་ཧེའི་གདོང་ཅན་དུ་མཛད་པ་སྤྱིར་ལས་ཀྱི་གཤིན་རྗེར་སྐུའི་རྣམ་འགྱུར་ལ་མཐའ་གཅིག་ཏུ་མ་ངེས་ཀྱང་སྔགས་རྙིང་མ་ཕྱོགས་ལ་སྲིན་ཞལ་ལས་མ་ཧེའི་ཞལ་གྱི་གསལ་ཁ་ཉུང་བ་ཁ་ཐུན་སོགས་གཞུང་ཁུང་མ་ཚོར་གཟིགས་འཚལ། གསར་མ་ལའང་རྭ་པོད་སོགས་སུ་མ་ཧེ་དང་སྲིན་ཞལ་འདམ་ཀ་མང་ཡང་དེང་སང་ས་དགེ་གཉིས་ལ་མ་ཧེའི་གདོང་ཅན་གྱི་གཏོར་ཆོག་གྲགས་ཆེ་བ་ལས། གཤིན་རྗེ་ཡིན་ན་མ་ཧེའི་གདོང་ཅན་ལས་འོས་མེད་དགོངས་པའི་གཞན་ཟེར་ཚིག་གི་འཁར་བ་ཙམ་ལ་བརྟེན་པ་རང་སྐྱ་མི་ཕེར་བ་ཀུན་གྱི་སྲོལ་ཡིན་པས་ཐུགས་དག །ནག་པོ་གསུམ་སྒྲིལ་གྱི་ལས་གཤིན་མ་ཧེའི་ཞལ་ཅན་སྣང་བ་ཤོག་སེར་ངོས་མ་མཐོང་བས་ཁྱེད་ཀྱི་མཆེད་ཟླ་ཡིན་མིན་གྱི་རྒྱུ་མཚན་འབུལ་ཚོད་མ་ཟིན། མ་ཏྲཾ་བསྒྲལ་བ་འདི་ལ་དོན་དམ་པ་བདག་འཛིན་གྱི་མ་ཏྲཾ་བསྒྲལ་བ་དང་ཀུན་རྫོབ་གདོན་བགེགས་ཀྱི་མ་ཏྲཾ་བསྒྲལ་བ་སོགས། (༡༤ན)


GLG023_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་དབྱེ་བའི་རྣམ་གྲངས་ཡོད་ཀྱང་འདིར་ནི་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པར་གདའ། དཀྱིལ་འཁོར་རྒྱན་དགོད་ཀྱི་སྐབས་སྒྲུབ་ཆེན་ལ་སྒྲུབ་ཁྲིད་དང་ལྡིང་ཁྲི་བྱས་ན་ནི་དཀྱིལ་འཁོར་གྱི་སྟེང་དུ་ཡོང་བ་སྨོས་མ་དགོས་འཇུག་པ་བདེ་སྐབས་ཀྱང་དཀྱིལ་འཁོར་གྱི་དབུས་སུ་བུམ་པ། བམ་དབུས་སཾ་ལྷོ་གང་རིགས། ཚེ་ཟན་ནུབ། གསང་རྫས་བྱང་དུ་འགོད་དགོས་པར་འདིར་བུམ་པ་ཤར། ཚེ་ཟན་ལྷོ། གསང་རྫས་ནུབ། བམ་བྱང་དུ་བཀོད་པ་སོགས་སྔ་འགྱུར་ཁུངས་ཐུབ་རྣམས་དང་རྒྱབ་འགལ་དུ་སོང་བའི་འཁྲུལ་པའི་རང་བཞིན་དུ་སྣང་རུང་ཁྲོ་ཕུ་བའི་དགེ་བཤེས་ཆེ་ཆེ་མོ་གཅིག་གིས་ཁྱེད་དཔོན་སློབ་ཚོས་ཚེ་བདག་བཙུགས་ཡོད་འདུག་པ་རྙིང་ལུགས་ཡིན་ནམ་འབྲུག་ལུགས་ཡིན་ཞེས་དཔོན་ཚང་བྱང་ངོས་པར་དྲི་ལུགས་ལ་དཔགས་ན་འབྲུག་པ་ཞིག་གིས་རྒྱ་བལ་དུ་ཕྱིན་ཏེ་པཎ་གྲུབ་ལ་གཏུགས་ཚེ་བདག་གསར་དུ་བསྒྱུར་ནས་བླངས་པ་ལས་འོས་ཀྱང་མ་བྱུང་ཡིག་ཆ་འདི་ཚོའི་བབས་དང་བསྟུན་ན་པད་ལུགས་དང་གནུབས་ལུགས་ལ་ལྟོས་མི་དགོས་པའི་གདེང་ཡོད་པར་ངེས་པ་རྙེད། བཟློག་བསད་མ་ཏྲཾ་གཟུགས་སུ་བྱ་ཞེས་བསྒྲལ་དབང་གི་ལིངྒ་མ་ཏྲཾ་གི་གཟུགས་སུ་བྱས་ན་དགྲ་བོ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞི་ཅན་ཤིན་ཏུ་འཇིགས་པ་ཡོང་འདུག་པས་པ་རྣམ་ལྷུན་གྲུབ་རྩེ་ནས་རིན་སྤུངས་པས་དྲག་འབུད་བཏང་པའི་སྐབས་ཞབས་དྲུང་ངག་དབང་འཇིགས་གྲགས་དེ་རུ་དྲ་ཐར་པ་ནག་པོ་ལྟ་བུར་གཟིགས་ནས་བྱ་ཡུལ་དུ་བྲོས་ཕེབས་པ་འདྲ། བམ་ལ་ལུས་ཀྱི་ཆ་རྣམས་སུ་དཀྱིལ་འཁོར་བསྒོམ་པའི་ཟབ་གནད་གང་ཡང་མེད་པར། གསེར་གཡུ་དར་རྒྱན་སྙིང་ཐག་ནི། །ཞེས་རིན་ཆེན་རྒྱན་སྤྲོད་མཛད་པ་ནི་སྣེའུ་གདོང་རྩེ་དང་རྒྱལ་རྩེ་བ་གཉིས་དང་འབྲེལ་ཆེ་བའི་སྤྱན་ལྟོས་བྱུང་(༡༤བ)


GLG023_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བས་མི་ལ་སྤྲོད་པའི་ཚབ་རོ་ལ་སྤྲོད་པ་རྟོགས་ལྡན་ཚེ་བློས་བཏང་གི་རྣམ་ཐར་ཡིན་པ་འདྲ། སློབ་མ་ལྷག་གནས་ལ་བྱེད་ཀུན། བཾ་ལའང་བྱ་བ་ཤེས་པར་བྱ། །ཞེས་བཾ་ལ་ཀུ་ཤ་གཏད་ནས་རྨི་ལམ་སྒུག་བཅུག་པར་པ་རྣམ་གཡར་པོ་བདག་རེངས་རོང་པས་འཕྲོག་པའི་མཚན་མ་ཞིག་ཤར་ཡོད་དམ། དཀྱིལ་འཁོར་བཞི་དེ་རྡུལ་ཚོན་དང་། །ལུས་དང་བྷ་ཀ་བཾ་ཆེན་ནོ། །ཞེས་པའང་སྤྱི་བྱེ་བྲག་གཉིས་ཀ་དང་མ་མཐུན་ཏེ། རྡུལ་ཚོན། བྱང་སེམས། བྷ་ག །དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བཞིའི་རྣམ་གཞག་འདིར་བྱེད་ཀྱང་བཾ་དེར་མི་འདྲེན། བྱེ་བྲག་འདི་ག་ཁྱད་ཆོས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས། བདེ་ཆེན་ཡེ་ཤེས་སྐུ་དང་མཆོག་གི་བམ། །མཚན་ལྡན་གཟུང་མ་ལུས་ཀྱི་དཀྱིལ་འཁོར་དུ། །རབ་འབྱམས་བགྲོད་པ་རྣམ་གསུམ་ལ་བརྟེན་ནས། །ཞེས་དཀྱིལ་འཁོར་གསུམ་དུ་བསྡུ་བ་ནི་རྒྱུད་དང་པད་གནུབས་ཀྱི་དགོངས་པ་ཡིན་ནོ། །ཚེ་རྫས་ཚེ་བདག་དམར་པོར་བསྒོམ་པར་གསུངས་པའང་ཚེ་དཔག་མེད་ལ་དམར་པོ་ལས་འོས་མེད་སྙམ་པའི་འབའ་ར་ལུགས་ཀྱི་ལྷ་གཅིག་བུམ་གཅིག་ལ་ཐུགས་ཧ་ཅང་ཞན་དྲགས་པར་སྣང་། གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་ཆོག་ཏུ་ལྷ་ཚོགས་ཐམས་ཅད་སྐུ་མདོག་གངས་ལ་ཉི་མ་ཤར་བ་འདྲ་བ་ཞེས་ཡོད་པས་གཉའ་ནང་གྲོད་ཕུག་གི་རྒྱས་མི་ལ་རས་པ་རང་ཆེ་བ་ལས་འོས་ཅི་ཡོད། དབང་དངོས་གཞིའི་སྐབས། རིན་འབྱུང་བུམ་པའི་དབང་། འོད་དཔག་མེད་ཅོད་པན་གྱི་དབང་། མི་བསྐྱོད་པ་རྡོ་རྗེའི་དབང་བསྐུར་བའི་རྣམ་གཞག་འདུག་པ། རྣམ་སྣང་དང་མི་བསྐྱོད་པ་གཉིས་གོ་ས་འཕོ་བ་སྔ་འགྱུར་ལ་ཤིན་ཏུ་མང་ཞིང་གསར་མ་ཁུངས་ཐུབ་ལའང་ཡེ་ཤེས་གོ་ས་འཕོ་བ་ཡོད། གཞན་འདི་(༡༥ན)


GLG023_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་དཀྲུག་ལུགས་བྱས་པ་ནི་མ་མཐོང་། གཏེར་མའི་དབང་ཕལ་ཆེ་བར་རིག་པའི་དབང་ལྔའི་ལྷ་བསྒོམ་པ་སོགས་དོན་གྱིས་ཐོན་པ་ལས་ཚིག་གསལ་བ་མེད་པ་མང་། རྙིང་མ་བཀའ་མའི་རྒྱུད་དང་དཀྱིལ་ཆོག་ཚོར་ཚིག་སྣ་རིང་བ་གསར་མ་དང་ཆ་འདྲ་ཙམ་ཡོང་བ་བླ་མ་དམ་པའི་ཕུར་པའི་དཀྱིལ་ཆོག་ལྟ་བུ་ཡིན། མངའ་རིས་པཎ་ཆེན་ཀྱང་བཞེད་པ་བཀའ་མ་ལ་ཆེ་འོན་ཀྱང་ས་ལོ་འཇམ་དཔལ་རྡོ་རྗེའི་ཕུར་པ་ལ་དཀྱེ་རྡོར་འདོན་པ་བསྒྱུར་བ་དེ་འདྲ་ནི་མིན་པས་ཕོ་རོག་མ་ནག་ཅིང་སྐྱ་ཀ་མ་ཁྲས་པ་ཞིག་དགོས་པ་ལགས། ལྕགས་འདྲའི་བཾ་ཆེན་གསང་བའི་དབང་ཆོག་ཏུ། བུམ་པ་འདི་ཡི་དབང་བསྐུར་བས། །ཉོན་མོངས་ཞེ་སྡང་རྣམ་དག་ནས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག །ཅེས་དང་། དབུ་རྒྱན་འདི་ཡི་དབང་བསྐུར་བས། །ཉོན་མོངས་ང་རྒྱལ་རྣམ་དག་ནས། །ཞེས་སོགས་དང་། གནུབས་ཡེ་ཤེས་རྒྱ་མཚོའི་དབང་ཆོག་ཏུ་རྣམ་སྣང་དང་མི་བསྐྱོད་པ་བརྗེས་པ་མ་གཏོགས་གསང་སྔགས་སྤྱི་ཁྱབ་དང་མཚུངས། རྟ་ནག་སྒྲོལ་མ་བ་དང་སེ་སྟོན་ཆེན་པོའི་དབང་ཆོག་སོགས་ཀྱང་ཚིག་སྣ་མ་སྤྲོས་པ་མ་གཏོགས་དགོངས་པ་གཅིག་པས་ཉོན་མོངས་པའི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་རྣམས་བསྲེ་ལུགས་དེ་འདྲ་མཛད་ན་འབྲི་གུང་དཔལ་འཛིན་གྱིས། ཀྱེ་མ་བླུན་པོ་སྙིང་ཁམས་ཅན། །ཐུབ་པའི་བསྟན་པ་འདི་འདྲར་དཀྲུག །ཅེས་པའི་མཆེད་ཟླ་བྱུང་གི་དོགས་སོ། །གསུང་དབང་གི་སྐབས། རྣམ་རྟོག་གདོད་ནས་ཆོས་སྐུ་ཡི། །སྣང་སྲིད་མ་བཅོས་ཕྱག་རྒྱ་བཞི། །ཞེས་དྭགས་བརྒྱུད་པ་རྣམས་ཀྱི་ཆོས་སྐད། རྣམ་རྟོག་ཆོས་སྐུ་དེ་ཕེབས་འདུག་ཀྱང་དེ་འདྲ་ལ་ལྟོས་མི་དགོས་པའི་སློབ་དཔོན་ཆེན་པོ་པདྨས་སྟག་ཚང་བཀྲ་ཤིས་དཔལ་ཕུག་ཏུ་རྒྱས་བཏབ་པའི་འཇམ་(༡༥བ)


GLG023_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྫོགས་པ་ཆེན་པོ་སྤྲུལ་སྐུ་གསར་བན་ཕྱོགས་མེད་ཀྱིས་སྤྱན་དྲངས་པའི་མན་ངག་དང་ལྕགས་སྡིག་གི་སྟོང་དྲིལ་ཉི་མ་ཤར་བའི་གདམས་པ་ལ་བརྟེན་ནས་ཐེག་པའི་རྩེ་རྒྱལ་ཨ་ཏི་ཡོ་གས་གྲོལ་ལམ་ཉམས་སུ་ལེན་པ་ལ་རྟ་ལས་བབས་ནས་བོང་བུ་ཞོན་པ་ནི་ནམ་ཡང་མི་འདོད་པ་ལགས། དུར་ཁྲོད་ཆས་སོགས་མཐའ་རྟེན་གྱི་དབང་རྣམས་བུམ་དབང་གི་མཐར་མཛད་པ་ཤས་ཆེ་ཞིང་ཡང་དབང་བཞི་རྫོགས་པའི་མཇུག་ཏུ་མཛད་པའང་ཡོད། འདིར་གསང་དབང་གི་མཐའ་རྟེན་དུ་བྱུང་བའང་འབྲེལ་མ་ཆགས། བམ་དབང་དངོས་བསྐུར་བའི་དུས་རྟེན་བརྟེན་པར་བསྒྲུབས་ཟིན་པའི་དྭངས་མས་བྱིན་གྱིས་བརླབ་རྒྱུ་ལ། དྲག་པོས་བསྒྲལ་ཕྱིར་རལ་གྲི་གཏད། །གཤེད་ཆེན་མཐུ་སྟོབས་ཡོངས་རྫོགས་ལས། །ཞེས་སོགས་ཀྱིས་གཏུབས་པ་ནི་ལིངྒ་སྒྲོལ་བའི་ཉམས་ལྟ་བུ་ཤར་བས་ཆོས་འདིའི་དགོངས་པར་ནི་སྤུ་ཙམ་མ་སོང་རྟོགས་ལྡན་འཁྱམས་པོ་རོ་བཤའ་བའི་རྣམ་ཐར་ནི་ཡིན་ཤས་ཆེ། བམ་དབང་དངོས་བསྐུར་ཟིན་པའི་འོག་ཏུ་གསང་རྫས་དང་བསྲེ་བའི་ལག་ལེན་དང་དབང་དངོས་གཞི་ནོར་ཚོད་དུ་འདུག་པ་སྔགས་འཆང་ཚེ་བདག་བཀྲ་ཤིས་ཀྱིས་ལན་དེ་འཁྱོར་བོ་ཞིག་མ་བྱུང་སྣང་བས་དེ་རིགས་ལས་དུང་དཀར་རས་པས་ལུང་གིས་དབང་གི་གོ་གཅོད་པ་དོགས་ཅི་ལས་བདེ་བ་ཡོང་མཆིས་དྲག་པོ་མཐུ་དབང་རྡོ་རྗེ་ལས་རིམ་ནས་བཤད་ཀྱང་བསྒྲལ་དབང་སྒེར་དུ་མི་མཛད་པ་གོང་དུ་སྦྱོར་སྒྲོལ་གྱི་དབང་གི་དོད་སོང་ཟིན་པ་ལ་དགོངས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོངས་རྫོགས་མཆོད་རྟེན་གྱི་དབང་ནི་སྙན་གྱི་བུ་གར་མ་ལྷོན་འདུག་པ་མེད་པ་ལ་ཁྱེར་ཤོག་གི་དཔེར་སོང་བས་རྩོད་པ་ཞུ་ཅི་འཚལ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་མཉམ་(༡༦ན)


GLG023_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནུབ་དགོན་པ་དང་རིགས་འཛིན་མངའ་རིས་པ་ཆེན་པོ་ཡོངས་འཛིན་དུ་བསྟེན་ནས་ཕྱོགས་འདི་ལ་མཁས་ཤིང་གྲུབ་བརྙེས་ཀྱི་རྩེར་སོན་པས་སོམ་ཉིར་གྱུར་ནས་དྲི་བ་ག་ལ་ཡིན་ཡང་ཚོད་བགམ་པའི་དྲི་བ་ཕུལ་བའི་ལན་འདེབས་སུ་བཀའ་འབྱེད་ཀྱི་ཨྱོན་པདྨས་མཛད་པ་ལ་ཞེས་པའི་ལུང་དྲངས་པའི་མཇུག་ཏུ། ཞེས་པ་སངས་རྒྱས་ཡེ་ཤེས་ཉིད་གསུང་ལགས། །དེ་བས་དང་པོ་པད་ལུགས་ཕྱི་མ་ལ། །གནུབས་ལུགས་ཞེས་སུ་དྲག་སྔགས་མཁས་པས་བསྒྲགས། །པདྨས་མི་མཁྱེན་གནུབས་ཀྱིས་ཤེས་སྨྲ་མིན། །དང་པོར་ཟབ་སྦས་ཕྱི་མར་གསལ་བསྟན་ཕྱིར། །ལུགས་ཕྱི་ལྷག་པ་དངོས་སུ་འཐོན་མིན་ནམ། །ཞེས་གསུང་བ་ལ་དཔགས་ན་བཀའ་འབྱེད་ནས་བཤད་པའི་ཤིན་ཏུ་མི་ཟབ་པའི་ཐུན་མོང་བསྲུང་མཚམས་ཀྱི་ཆོས་ཙམ་ལས་པད་ལུགས་ཟུར་པ་མེད་པར་ཐག་ཅད་ཅིང་། གནུབས་ལུགས་ཀྱང་ལྕགས་སྡིག་ཁོ་ནར་ངོས་བཟུང་བ་བླ་ཆེན་ཚོའི་རྣམ་པར་ཐར་པ་འབའ་ཞིག་ལྷུར་བླངས་པའི་འཇམ་དཔལ་ཚེ་བདག་གི་སྐོར་གསན་ནོ་མཁྱེན་ནོ་ཞེས་པའི་མིང་ཙམ་ལ་གཙོ་བོར་གཟུང་བླུན་པོ་དད་པ་ཅན་རྣམས་ཀྱིས་ཐལ་མོ་སྦྱར་ནས་སྨིན་མ་ཟངས་ཟངས་བྱས་པར་རློམ་པ་ཁོ་ནའི་སྐྱོན་ཏེ། ཞེ་འདོད་གནུབས་ཀྱིས་ཨྱོན་ཆེན་པོ་ལ་ཤིན་ཏུ་ཟབ་པ་ཞིག་ཞུས་པ་ལ་ལྕགས་སྡིག་སྦས་ནས་མ་གནང་བར་མི་ཟབ་པའི་ལྕགས་འདྲ་གནང་བར་བརྟེན་དེས་ཐུགས་མ་ཁེངས་པར་བལ་ཡུལ་དུ་རྒྱལ་པོ་བྷ་སུ་དྷ་ར་ལ་ལྕགས་སྡིག་གསན་པར་འདོད་པ་ནི། གནུབས་ཆེན་གཤིན་རྗེའི་བཀའ་བབས་ཡིན་པས། ལྕགས་སྡིག་ཞུས་ན་མི་གནང་བ་ག་ལ་སྲིད་རུང་། ཉང་གི་གཏེར་མའི་རྣམ་ཐར་ཟངས་གླིང་མར། ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་གཏད་མི་(༡༦བ)


GLG023_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །དུས་ངན་བྱུང་ན་དགོས་པས་གཏེར་དུ་སྦ། །ཞེས་བྱུང་བ་ལྟར་དུས་སྐབས་བཟང་བས་རྗེ་འབངས་རྣམས་ཀྱི་མངོན་སྤྱོད་ལ་ཧ་ཅང་རྩལ་འདོན་མ་བྱུང་། གླང་དར་མས་བསྟན་པ་གནུབས་པའི་དུས་གནུབས་ཆེན་གྱིས་སླར་ཡང་བསྟན་པ་བསྲུང་བའི་ཆེད་དུ་ལྕགས་སྡིག་ཁྲོ་ཆུ་དུག་སྡོང་དུ་བརླུང་ཞོན་སྲོག་སེར་གཏད་སེལ་སྡེབས་གཤོར་རླུང་བསྐྲད་སོགས་མངོན་སྤྱོད་ཀྱི་མཐའ་རྒྱ་གཅོད་པར་སྐྱེ་བ་སྔོན་མའི་སྤུན་ཟླ་བལ་པོ་བྷ་སུ་དྷ་རའི་སར་བྱོན་པ་ཡིན་པས་ཡུས་པོ་ཆེ་མི་མཛད་པར་ཞུ། པད་ལུགས་གནུབས་ལུགས་དང་ལྕགས་སྡིག་ལྕགས་འདྲའི་དབྱེ་བ། བཀའ་འབྱེད་ལས། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱི༔ དྲག་སྔགས་ཚེ་བདག་ནག་པོ་ལ༔ ཡང་གཅེས་ཟབ་པའི་སྐོར་གསུམ་ལས༔ ཕྱི་སྐོར་ལྕགས་འདྲའི་སྐོར་དང་གཅིག༔ ནང་སྐོར་ཐོག་འདྲའི་སྐོར་དང་གཉིས༔ གནམ་ལྕགས་ཐོག་མེའི་སྐོར་དང་གསུམ༔ ཞེས་ལྕགས་འདྲ་ཤིན་ཏུ་ཟབ་པ་ཡོད་པའི་ཚིག་འདི་ཕྱག་ཤན་རྣོན་པོ་ཞིག་གིས་འབྲད་དགོས་པ་ཡོང་ཞིང་སྤྱིར་ལྕགས་འདྲ་ལ་ཡང་ཕྱི་ནང་གསང་གསུམ་དུ་ཡོད་པས་པད་ལུགས་ཤིན་ཏུ་ཟབ་པ་གནམ་ཐོག་ཆེན་པོའི་སྐོར་སློབ་དཔོན་པདྨས་མཛད་པའི་མན་ངག་རྩ་བ་སྒྲོལ་མ་དྲུག་གི་གསལ་བྱེད་ཕག་སྟོན་གྱིས་མཛད་པའི་རིན་ཆེན་འོད་འཕྲོ། དེའི་འགྲེལ་པ་བྲག་སྟག་པ་རྡོ་རྗེ་རིན་ཆེན་གྱིས་མཛད་པའི་སྒྲོལ་མ་དྲུག་པ། མཆོད་རྟེན་གསལ་བྱེད་སྒྲོན་མ་སེ་སྟོན་ཆེན་པོས་མཛད་པ། མན་ངག་རྩ་བའི་ལེ་ལག་ཏུ་གཏོགས་པའི་གཏེར་གཞུང་སྤྲུལ་སྐུ་རྒྱས་ཕུང་པོ་རི་བོ་ཆེ་སོགས་ནས་སྤྱན་དྲངས་པ་ཁ་ཡར་སྣང་། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ལྐོག་བཞེངས། སྔགས་ཐུག་ཕྲད་སོགས་གནམ་ཐོག་ཆེན་པོའི་ལམ་གྱི་ཟབ་གནད་སློབ་དཔོན་བྷ་སུ་དྷ་རའི་སྤྱི་གཅོད་(༡༧ན)


GLG023_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱི་ལྡེ་མིག་ཏུ་གསུངས་པ་དང་མན་ངག་རྩ་བའི་དགོངས་པ་ཤིན་ཏུ་མཐུན། གནུབས་ལུགས་ལའང་ལྕགས་སྡིག་བཀའ་འབྱེད་ནས་བཤད་པའི་ཐེམས་ཅན་དང་དེར་མི་གསལ་བའི་ཐེམས་མེད་ཐོར་བུ་ཡོད། ཟབ་པའི་ཆོས་དྲུག་གི་དཀར་ཆག་ནས་བཤད་པ་རྣམས་ལྕགས་སྡིག་མིན་པས་གནུབས་ལུགས་ཡིན་ཚད་ལྕགས་སྡིག་ཏུ་བྱས་ན། དཀར་ཆག་ལས། གནུབས་ཀྱི་བན་ཆུང་སངས་རྒྱས་ངས༔ ལོ་ནི་བརྒྱ་དང་སུམ་ཅུ་ལོན༔ ཉོན་མོངས་བོད་ཡུལ་དབུས་སུ་ལངས༔ འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ༔ རྒྱ་གར་ཡུལ་དུ་ལན་བདུན་ཕྱིན༔ དཀར་ཆག་གནུབས་ཡུལ་རོང་དུ་བཏབ༔ རྩལ་ཆེན་རྡོ་རྗེ་སྒྲོམ་བུར་རྫོགས༔ བླ་མ་བཅུ་གཅིག་ཞབས་ནས་བཏེག༔ འོན་ཀྱང་མཁས་པ་བཞི་ལ་གཏུགས༔ སློབ་དཔོན་དཔལ་གྱི་སེང་གེ་དང་༔ རྒྱ་གར་ཁྲག་འཐུང་ནག་པོ་དང་༔ འཕུང་བྱེད་ཤནྟིཾ་གརྦྷ་དང་༔ བལ་པོ་བྷ་སུ་དྷ་ར་བཞི༔ མཁས་པ་བཞི་ཡི་ཐུགས་བརྟོལ་ནས༔ ཟབ་པའི་ཆོས་དྲུག་ཐུགས་ལ་བཅང༔ གཞན་ཡང་གདམས་ངག་རྩིས་ལས་འདས༔ ཞེས་པའི་ནང་གི་ཚེ་བདག་གི་ཆོས་སྐོར་རྣམས་གནུབས་ལུགས་ལྕགས་འདྲ་གནམ་ཐོག་ཆེ་བའི་ལམ་སྲོལ་གྱི་ཆོས་སྐོར་དུ་ངོས་འཛིན་པ་ལས་འོས་མེད། ད་ལྟ་རྙིང་རློམ་ཧྲུལ་པོ་རྣམས་ཀྱི་བསམ་ངོར་ལྕགས་སྡིག་ཟབ་ཅིང་ལྕགས་འདྲ་མི་ཟབ་པར་གླེང་བའི་ཁ་སྐྱུགས་ཀྱི་རྗེས་ཟློས་མཛད་པ། ལྕགས་འདྲ་ཐམས་ཅད་དེ་ལ་ནང་གསེས་ཀྱི་གསུམ་དུ་ཕྱེ་བའི་ཕྱི་སྐོར་མི་ཟབ་པ་ཁོ་ནར་ངོས་བཟུང་བའི་སྐྱོན་ཡིན། ཕྱི་སྐོར་ལྕགས་འདྲ་ནི་བཀའ་འབྱེད་ནས་བཤད་པའི་ཤོག་ལེ་གསུམ་ལ་ཚང་བ་སོགས་ཀྱི་རིགས་རྣམས་ཡིན། པད་གནུབས་ཀྱི་ལྕགས་འདྲ་(༡༧བ)


GLG023_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་ནི་གསང་སྐོར་ལྕགས་འདྲ་གནམ་ཐོག་ཆེན་པོའི་ལུགས་ཡིན་པས་ལྕགས་སྡིག་དང་མཆོད་རྟེན་བཅས་ཆོག་ལ་འཁོར་ལོའི་མང་ཉུང་ཙམ་མ་གཏོགས་ལམ་གྱི་གནད་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཅི་ཡང་མེད་པས་ཕྱོགས་འདི་ལ་འཁྲུལ་པའི་དྲི་མ་བྲལ་བ་སེ་སྟོན་ཆེན་པོའི་གསུང་ལས། དེ་ལྟར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་ལམ། །པདྨའི་མན་ངག་རྩ་བ་སོར་བཞག་ལ། །པད་ལུགས་ཞེས་གྲགས་གནུབས་ཀྱི་ཡང་མཛོད་འདི། །སྒྲུབ་ཁོག་སོར་བཞག་གནུབས་ལུགས་ཞེས་གྲགས་མོད། །ལམ་གྱི་གནད་ལ་ཁྱད་པར་ཅི་ཡང་མེད། །འོན་ཀྱང་འཕྲིན་ལས་བྱང་བུའི་བརྗེད་བྱང་ལ། ཁྱད་པར་ཅུང་ཟད་ཡོད་པ་ལེགས་ཕྱེ་ནས། །འདི་ནི་པདྨའི་ལུགས་ཉིད་གསལ་བར་བྱས། །ཞེས་གསུངས་ཤིང་དེ་ལ་ཡིད་བརྟན་དུ་བྱེད་པའི་རྒྱུ་མཚན་ཅི་ཡིན་ན་ཆེན་པོའི་སྟོང་འུར་གྲགས་སྐམ་གྱི་མཁས་གྲུབ་མ་ཡིན་པའི་ཕྱོགས་འདི་ལ་ཕུལ་དུ་ཕྱིན་པས། གསུང་ལས། རྗེ་བཙུན་དམ་པའི་དྲིན་གྱིས་ལམ་སྲོལ་འདིར། །རིང་དུ་སྦྱངས་པས་བློ་གྲོས་མི་དམན་ཞིང་། །རྒྱུད་དང་གདམས་པའི་གནད་ལ་འདྲིས་པའི་ཕྱིར། །དོན་འདིའི་ཆེད་ལ་སྤྲོ་བ་ལྷོད་མ་གྱུར། །ཅེས་ལུགས་མགོ་ཚོས་ནས་རྣ་བ་བྲེགས་པ་ཡིན་འདུག་པ་དགོངས་དགོས། མཆོད་རྟེན་སྲོག་ཤིང་དབྱིབས་མདོར་གསུངས་པ་ལ། །ད་ལྟའི་མདའ་ཚད་དགོས་དགོངས་འཁྲུལ་པ་འདི། །བློ་ལྡན་ཁྱོད་ཐུགས་རྨོངས་པ་མི་སྲིད་ཀྱང་། །གཞན་ལ་ཅོ་འདྲིར་རྫུ་བ་ཡིན་ནམ་སྙམ། །ཞེས་པ་འོད་ཟེར་དྲི་མེད་དུ་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པའི་སྐོར་ཤིན་ཏུ་རྒྱས་ཤིང་བུམ་གདན་གྱི་སྟེང་ནས་འཛུགས་པ་བཤད་པར་ཁུངས་ཆེ་ཡང་དེ་འདྲའི་རྒྱུན་ས་ཕྱོགས་དེ་ནས་ཙནྡན་འཁྲུངས་དོགས་མ་དགོས་ཤིང་རྣ་ཐོས་འདྲ་གསན་པས་འཁྲུལ་(༡༨ན)


GLG023_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཚེ་དེའི་ཕྱག་ལེན་ལུགས་འདི་ལ་མི་འགྲིག་པས་ཞྭ་དཔེ་ལྷམ་འགབས་སུ་འགྲོ་མོད་བླ་མ་ཞང་གི་དབུ་ཞྭ་ཡང་བླ་མའི་ཕྱགས་ཡིན་འདུག་པས་བཀའ་བརྒྱུད་པ་དཔོན་སློབ་ལ་དེ་འདྲའི་སྲོལ་ནི་ཡོད་ཤས་ཆེ། རྒྱུད་དུ། ནག་པོ་གྲུ་གང་བང་རིམ་བཞི༔ ཞེས་པའི་དགོངས་པ་མ་ལོན་པར་མཆོད་རྟེན་ལ་ཁྲུ་གང་ཙམ་ལས་མི་ཡོང་བའི་རྩིས་ཀྱི་སྲོག་ཤིང་གི་དབྱིབས་ལས་མདའ་ཚད་མི་དགོས་གསུང་བ་སྤྲུལ་སྐུ་རིན་པོ་ཆེ་རང་གྲུབ་མཐའི་སྟབས་ཀྱིས་ཕྱོགས་འདི་ལ་ཐུགས་འདྲིས་ཆུང་བའི་ཞལ་ལེན་གནང་ཡང་ཐུགས་མི་འཚེར་ཤས་ཁའང་བྱ་བ་སྐུ་བསྲུང་པ་ཡབ་སྲས་ཀྱི་ཞབས་ལ་ཐག་པ་འདོམ་པ་བཅོ་བརྒྱད་བཏགས་ནས་བྱ་བྲལ་ཕོ་མོ་བྱེ་བ་ཕྲག་བརྒྱས་ཤོ་གཅིག་ཤོ་གཉིས་ཀྱིས་འཐེན་པ་ལས་འོས་མི་འདུག །གཙོ་བོར་རྒྱུད་དུ། གྲི་མདའ་སྨྱུག་རྒོད་ཁྲག་ཅན་ལྡན། །ཞེས་ཤིན་ཏུ་གསལ་ཞིང་རྒྱ་བོད་ཀྱི་མཁས་གྲུབ་ཚོས་མཛད་པའི་གཏེར་གཞུང་དང་རྗེས་འབྲང་རྣམས་ཀྱིས་བཀྲལ་བའི་ཡིག་ཆ་ཁུངས་བཙུན་མང་པོར་གྲི་མདའ་ཁྲག་ཅན་དགོས་པར་བཤད། ལྕགས་འདྲར་སེང་ཁྲིའི་ནང་དང་ལྕགས་སྡིག་ཏུ་དེའི་འོག་ས་འཛིན་ལ་ཐོད་པ་ཞལ་དབྱེ་གཞུག་དགོས་པའི་འབྲུབ་ཁུང་རྒྱུད་ལས། མཎྜལ་མཐིང་ནག་གྲུ་གསུམ་དག༔ འཕུང་ས་གསུམ་དང་དུག་ཁྲག་སྦྲུས༔ བང་རིམ་གསུམ་ལ་ཁ་ཁྱེར་རྩང་༔ དུག་ཁྲག་སོལ་བས་ནག་པོར་བྱུགས༔ དཔའ་རྟུལ་ཅན་གྱི་སྔགས་པ་ཡིས༔ ཞིང་ལྤགས་དག་གམ་རོ་གོས་ལ༔ རྣོ་མྱུར་གདུག་བྱེད་ཕག་མོའི་ལྟོར༔ ཞེས་ཁ་བཤད་ཙམ་མིན་པའི་རྒྱུད་འགྲེལ་མན་ངག་ཞལ་ཤེས་ཕྱག་ལེན་ཤིག་མཛུབ་སྤྲོད་རྒྱུ་ཡོད་པས་དེ་ལྟར་ན་མཆོད་རྟེན་ཁྲུ་གང་ཙམ་གྱི་སེང་ཁྲི་དང་(༡༨བ)


GLG023_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ས་འཛིན་ནང་དུ་མི་མགོ་བམ་རིལ་ཅི་ལ་ཤོང་། འབྲུག་ལུགས་ཀྱི་འཆི་བདག་ཞལ་དབྱེ་དེ་ཚེ་ལོ་བཅུ་པའི་བུ་ཆུང་ཞིག་གི་ཐོད་པར་མཛད་དགོས་ཡོང་བ་འདྲ། ཕྱག་ལེན་དེ་ཚོ་གཙང་དྲགས་པས་དཔའ་བོ་གཙུག་ལག་འཕྲེང་བ་དང་རིན་སྤུངས་ཞབས་དྲུང་སྐུ་ཚེ་མཐར་ཕྱིན་པས་རྟག་བརྟན་སྤྲུལ་སྐུས་པཎ་ཆེན་སྨོན་འགྲོ་བར་མངོན་སྤྱོད་མཛད་པའི་དཔེར་སོང་། ཚེ་སྒྲུབ་དེ་རིགས་བྱུང་ན་མཛད་རོགས་ལ་རྔན་པ་འབུལ་དགོས་མཆིས། རྩ་བའི་ལྷ་དང་རྒྱན་ལྷ་རྣམས་འགོད་ལུགས་སློབ་དཔོན་སོ་སོའི་བཞེད་པ་གཙོ་བས་མཐའ་གཅིག་ཏུ་ངེས་པ་མི་དགོས་པས་ཆོས་ཅན་མི་གཅིག་ཞབས་ལ་གསོལ་བ་འདེབས་མི་འཚལ། ཞབས་དྲུང་བདག་པོས་མ་གསུངས་པའི་གཏམ་འཁྱམས་ལ་བདག་པོ་མཛད་ནས། ཐོད་སྐུ་གསར་མའི་རྒྱས་འགེབས་མིན་པའི་སྒྲུབ་བྱེད་ཅི་ལ་མཛད་དགོས། ཐོད་སྐུ་སྒྲུབ་པ་ལྕགས་སྡིག་ཏུ་ཤིན་ཏུ་གསལ་ཞིང་ཆོས་སྡེ་ཡོངས་སུ་རྫོགས་པ་ལ་སྟོད་བྱང་དུ་བཞུགས་སྐབས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལེགས་ལྡན་རྗེ་ལ་ཞིབ་ཏུ་གསན་སྣང་། པཎ་ཆེན་སྐུ་མཆེད་ཀྱིས་ཆོས་འདི་ལ་དཀའ་བ་སྤྱད་པའི་རྒྱུ་མཚན་གསུང་ལས། རྒྱལ་ཁམས་གཡེངས་པས་བླ་མ་རྙེད། །བསམ་ཡས་བསྐོར་ནས་འཕྲང་ཕུར་ཕྱིན། །བླ་མ་རྙེད་ནས་གདམས་ངག་ཞུས། །རྩ་རྒྱུད་སྡིག་པ་སྙིང་འཛིངས་ལས། །མན་ངག་ཟུར་ཆོས་བརྒྱན་པ་རྣམས། །ངལ་དུབ་སྤངས་ནས་ཞུ་གཏུགས་བྱས། །སྒྱུ་ལུས་ལྦུ་བར་སོང་སྙམ་འདུག །ཁོང་པ་ཁྲག་གིས་གང་སྙམ་བྱེད། །ལྷུ་གཟུགས་དུམ་བུར་ཕྲལ་སྙམ་བྱེད། །དེ་ལྟར་གྱུར་པ་ཁྱད་བསད་ནས། །སྲོག་དང་བསྡོས་པའི་དམ་ཆོས་འདིས། །སངས་རྒྱས་བསྟན་པ་བསྲུང་བར་ཤོག །ཅེས་ཆོས་ཕྱིར་དཀའ་བ་སྤྱད་པ་ལས་(༡༩ན)


GLG023_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ངོམས་གྲོད་འགྲངས་ཀྱིས་ཐོས་བསམ་དང་མི་འདྲ་བར་གདའ། ཨེ་རིང་ལ་ཨོཾ་ཨཱཿཧཱུཾ་མི་སྣོན་པ་ལྕགས་འདྲ་ལུགས། སྣོན་པ་ལྕགས་སྡིག་ཏུ་བཞེད་ཅིང་དེར་མ་ཟད་པའི་ཡི་གེ་འབྱིན་འཇུག་གི་གསུང་རྒྱུན་ཡང་མཆིས། ཨེ་རིང་བསྣལ་བཟློག་དཀྲུག་གཤག་སོགས་ཉིད་ཀྱི་གསན་གཟིགས་ཙམ་བྱུང་བ་ལས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཕྱག་ཏུ་བཞེས་ནས་གཙང་པ་ཞིང་ཤག་པ་ཕ་བུ་དང་རྗེས་འབྲང་བྱང་པ་དཔོན་བློན་མང་པོ་དང་པོའི་སངས་རྒྱས་འཇམ་དཔལ་གྱི་ཞིང་དུ་གདན་འདྲེན་མཛད་པ་ཡིན་པས་གཏེར་གཞུང་གི་སྐྱོར་ཟློས་ཁ་ཡར་གསུང་བ་ཞང་པོའི་མདུན་དུ་ཚ་བོའི་སྔར་གཏམ་མི་མཛད་པ་ཞུ། དབང་ཆོག་གི་མཛད་བྱང་དུ་འཇམ་དཔལ་རྡོ་རྗེ་ཉིད་ལས་ཆོས་ཐམས་ཅད་ལ་ཅི་དགའ་བར་སྤྱོད་པའི་ལུང་ཐོབ་གསུང་བ་ཤིན་ཏུ་ཐུགས་བདེན་པར་མཆིས་ཏེ། འཇམ་དཔལ་དབྱངས་ཀྱིས་ཁྱེད་རང་གི་ཐུགས་ལ་གང་དྲན་དྲན་ལག་ཐོག་ཏུ་ཁོལ་ཞེས་གནང་བ་བྱིན་པར་གོར་མ་ཆག་གོ །སྨྲས་པ། ཕྱོགས་འཛིན་མི་འདོད་རླུང་གིས་མ་བསྐྱོད་ཅིང་། །ཐོས་བརྩོན་རྣམ་དཔྱོད་ཡངས་པའི་གྲུ་རྫིངས་ལ། །བརྟེན་ནས་གཙུག་ལག་རྒྱ་མཚོའི་མཐའ་འཇལ་བའི། །གཟུར་གནས་དེད་དཔོན་བློ་གྲོས་གསལ་རྣམས་ཀྱི། །མ་དག་ཆུ་དོང་གཞན་འདྲིད་ཕུབ་མའི་ཟོལ། །བཀབ་པའི་རྣམ་ཐར་དངོས་པོའི་གནས་ཚུལ་ཙམ། །བརྗོད་ལས་ཡུལ་ལ་མ་བསྙོན་མཚང་འདྲུའི་གཏམ། །ཡིན་མིན་ནན་ཏན་དཔྱོད་ཅིག་ཤེས་ལྡན་ཚོགས། །ཆོས་རྣམས་མ་བསླབས་སྙིང་ནས་རང་རྡོལ་དུ། །ཡོང་བར་ལུང་བསྟན་གྱིས་བསྙེམས་འོལ་ཚོད་ཀྱི། །བསྒྲིགས་པའི་བསྟན་བཅོས་བྱེ་མའི་ཆངས་བུ་དེ། །(༡༩བ)


GLG023_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་བརྡར་གཤེར་གྱིས་འཇིག་པ་རང་གི་གཤིས། །ཐམས་ཅད་མཁྱེན་པ་པདྨ་དཀར་པོ་ཞེས། །སྙན་གྲགས་གཡུ་འབྲུག་སྔོན་པོའི་སྐད་ལ་ཟ། །སྟར་རྡོག་སྐམ་པོ་འདིས་ཀྱང་དེ་འདྲའི་མཚན། །འཛིན་པ་ཕལ་གྱི་སྒོང་མཐིལ་མཛུབ་མོས་ལོན། །མཁས་གྲུབ་གྲལ་སྙེག་སྙེ་མ་འཕང་མཐོའི་མགོ །རྣམ་དཔྱོད་འབྲས་བུ་མེད་པའི་ལང་ལོང་གིས། །སྟོན་གྱི་བྲེ་འཇལ་སྒུག་པའི་རྗེས་འཇུག་མཁན། །འདོད་ཅན་ཞིང་པའི་རྒྱུ་མ་ལེབ་མོར་གཏོང་། །སྒོམ་ཆེན་ཕོ་མོའི་འཁོར་ལ་སྨྲས་ཚད་གཏམ། །སོང་བའི་མགལ་དུམ་པད་གནུབས་དགོངས་པའི་དོན། །ཡིན་ན་སྣག་ཚ་བྱུགས་པས་གསེར་ཞུན་མདོག །གསལ་བར་འབྱུང་ངམ་ཟ་ཧོར་རིག་སྔགས་འཆང་། །རྒྱུད་དང་གདམས་པར་གོམས་སྟོབས་མི་ལྡན་པར། །རྩལ་བཤད་རང་བཟོའི་སྒྲུབ་འཕྲིན་སྔོན་བྱོན་གྱི། །རིགས་འཛིན་བཞེད་པར་དོགས་ན་ཁྱོད་ལས་གཞན། །བླུན་པོ་མ་མཆིས་ཟ་ཧོར་རིག་སྔགས་འཆང་། །འཁྲུལ་པའི་ལོག་རྟོག་ཟག་རྫས་མཐོར་བརྩེགས་པར། །འགྲིག་འགྲིག་ཚིག་གི་སྦྱོར་བའི་ས་གཡོགས་པ། །རོ་བརྒྱའི་ཟས་སུ་མངོན་ན་ཕག་རྒོད་ཀྱི། །སྤུན་ཟླར་ངེས་སོ་ཟ་ཧོར་རིག་སྔགས་འཆང་། །བླ་ཆེན་བཟང་རྫུ་མཁས་པའི་འཆལ་སྒྲ་ལ། །ཡིད་བརྟན་དལ་འབྱོར་སྟོང་ཟད་མཚོར་མཆོངས་ན། །མི་ལུས་དུད་འགྲོའི་འདུ་ཤེས་རང་མཚང་ལ། །མི་ཁྲེལ་སུ་ཞིག་ཟ་ཧོར་རིག་སྔགས་འཆང་། །འབྲི་བྱང་ཟིལ་གནོན་མན་ངག་བདུད་རྩིའི་ཆུས། །སྙིང་གི་བུམ་བཟང་གཏམས་བཞིན་ཟག་ཟོག་གི །དཔེ་ཧྲུལ་འཚོལ་བ་བློ་གྲོས་གྲོན་ཡིན་པས། །བག་ཡོད་སྟེན་ཅིག་ཟ་ཧོར་རིག་སྔགས་འཆང་། །བསམས་ཀྱིན་སྔགས་(༢༠ན)


GLG023_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་སྨིག་རྒྱུའི་རྒྱང་འོད་ལ། །ནམ་ཡང་མི་རེའི་སྨོན་ལམ་ལེགས་ཐེབས་བདག །ཁ་པོའི་ཅ་ཅོ་མི་སྒྲོག་ཟབ་མོའི་ཀླུང་། །བཏུངས་པས་ལོག་རྟོག་སྐོམ་པའི་གདུང་བབ་ཅིལ། ཁོ་བོ་བློ་གྲོས་གསེར་མིག་འཁྱིལ་མིན་ཡང་། །ལོག་བཤད་ཐན་སྐད་སྒྲོག་ལ་མི་བྲེལ་བར། །རྒྱུད་དང་གདམས་པར་རིང་སྦྱངས་གཤོག་པའི་རྩལ། །རྫོགས་པའི་བྱ་རྒོད་གནུབས་བསྟན་ནམ་འཕང་སྤྱོད། །བརྒྱུད་པའི་ཕྱག་བཞེས་སྲོག་ཕྲལ་ཐོ་ཅོའི་བམ། །རང་བཟོ་ལྷ་མིན་གདོན་བཏབ་ལངས་པའི་མགོར། །དགག་སྒྲུབ་རིག་སྔགས་རྡོ་རྗེ་བསྣུན་པའི་མོད། །འཇིགས་རྔམས་བཟང་རྫུའི་འབྱུང་པོ་ཕ་མཐར་བྲོས། །སྔ་འགྱུར་རིགས་དང་སྐྱེ་བས་བསྙེམས་རྣམས་ཀྱིས། །བསྟན་པའི་དག་ཐེར་མཛད་པར་རིགས་མོད་ཀྱང་། །སྡུག་ཁུག་བྷྱོ་ཕཊ་མཆིས་བྲང་ཆས་དང་ཆང་། །སྒྲ་ཚད་གསར་ཆོས་ངུར་སྨྲིག་ཟོལ་གྱིས་གཡེངས། །གཞུང་བརྒྱའི་མང་བཀུར་ཁྲི་ལ་རང་རིགས་མེས། །ཞྭ་སེར་ཅོད་པན་བཅིངས་ཀྱང་རིས་བྲལ་བསྟན། །གླིང་བཞིར་འཁོར་ལོས་སྒྱུར་བས་ཆོས་ཀྱི་ཁྲིམས། །བླང་དོར་འབྱེད་པའི་སྤོབས་པ་གཟེངས་སུ་མཐོ། །འདི་ལན་ལུང་དང་རིག་པས་ཚུལ་བཞིན་དུ། །འདེབས་པོ་ཡོད་ན་སྨྲ་བའི་སྒོ་ཕྱེ་དང་། །ལེགས་སོ་བརྗོད་ལས་བཞིན་རས་ཉེར་གནག་པའི། །གུ་དོག་ཟོག་པོའི་རང་གནོང་ཅི་ལ་སྟོན། །དགེ་འདིས་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་ལ། །བརྟེན་ནས་བདུད་བཞིའི་དགྲ་ཡི་ཚོགས་བཅོམ་སྟེ། །རང་རིག་དོན་གྱི་ཀུན་བཟང་ཧེ་རུ་ཀ །འགྲོ་འདིས་མངོན་སུམ་(༢༠བ)


GLG023_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་འཕྲོད་པར་ཤོག །ཅེས་སྒྲུབ་བརྒྱུད་པ་རྣམས་ཀྱི་དབུས་ན་མཁས་པའི་སྙན་གྲགས་ཉི་ཟླ་ལྟར་གསལ་བ་འབྲུག་གནས་སྤྲུལ་སྐུ་རིན་པོ་ཆེ་པདྨ་དཀར་པོས་མཛད་པའི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཡིག་ཆ་འགའ་ཞིག་སྣང་བ་འཁྲུལ་པ་མེད་པའི་རྡོ་རྗེའི་གསུང་ལས་འོས་ཅི་མཆིས་ཀྱང་བདག་སོགས་ཚུར་མཐོང་གི་སྐྱེ་བོ་ལས་ཉོན་གྱི་སྒྲིབ་པས་ཆེས་ཆེར་སྦགས་ཏེ་དག་སྣང་གི་ཉི་མ་མ་ཤར་བའི་ནམ་མཁར་ལོག་རྟོག་གི་རྒྱུ་སྐར་གོ་མཚམས་མེད་པར་བཀྲམས་པའི་དབང་གིས་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིག་འདི་ནི་རང་གཞན་གྱི་ཆོས་པར་རློམ་པ་མཐའ་དག་ཇ་ཆང་གི་གར་སླ། ཕྱེ་ཁའི་མཐོ་དམའ་ཚོང་དང་ཞིང་ལས་ཀྱི་ཁེ་སྤོགས་སོགས་འདི་སྣང་ཁོ་ནས་གཡེངས་ཏེ་བསྐུལ་བ་པོའི་རིགས་མ་བྱུང་ཡང་ཤེས་ལྡན་མང་པོ་བློ་མིག་ཡངས་པའི་རྐྱེན་དུ་འགྱུར་རམ་སྙམ་པས་ཀུན་ནས་བླངས་ཏེ་ཚུལ་འདིར་དང་པོར་མཁས་པ་གནུབས་དང་རྒྱ། བར་དུ་མཁས་པ་གངས་གཡུང་གཉིས། མཐའ་མར་མཁས་པ་སེ་སྟོན་ཆེན་པོ་རིན་ཆེན་རྒྱལ་མཚན་དང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མངའ་རིས་པཎ་ཆེན་སྐུ་མཆེད་ཀྱི་གདམས་པའི་ཆུ་བོ་གཅིག་ཏུ་འདྲེས་པ་ཁྲི་སྲོང་ཡང་སྲིད་དཔལ་བཀྲ་ཤིས་སྟོབས་རྒྱལ་ལས་ཉེ་བར་བརྒྱུད་པའི་དབང་ལུང་བཤད་བཀའ་ཕྱག་བཞེས་མན་ངག་གི་ཟབ་གནད་ཕྲ་མོར་བཅས་པ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་གྱི་བཀའ་དྲིན་ལས་བུམ་པ་གང་བྱོར་ཐོབ་ཅིང་། རིགས་འཛིན་མངའ་རིས་པ་ཆེན་པོ་ནས་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ལ་བརྒྱུད་པའི་ལྕགས་སྡིག་གི་ཕྱག་ལེན་མན་ངག་རྣམས་དཔལ་འབྲི་གུང་པ་ཆོས་ཀྱི་གྲགས་(༢༡ན)


GLG023_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རིགས་འཛིན་དཀོན་ཅོག་ལྷུན་གྲུབ་གཉིས་ཀྱི་དྲུང་དུ་ཞུན་ཐར་བཅད། བརྒྱུད་པ་དེ་ལས་འོངས་པའི་ལུང་རྒྱུན་ཡོངས་སུ་རྫོགས་པ་ཁྱབ་བདག་ཁྲ་ཚང་བ་ཆེན་པོར་ནོས་ཤིང་། འཇམ་དཔལ་གྱི་གནང་བ་ཐོབ་པ་སོགས་མིའི་ཆོས་བླ་མའི་རྫུན་སྨྲར་མ་ནུས་རུང་། བསྙེན་སྒྲུབ་ལས་གསུམ་ཚད་ལྡན་ལག་ཏུ་བླངས་པས་ལག་འདྲེན་ཁ་ཡར་ཆམ་ལ་ཕབ་པའི་ལག་རྗེས་ཀྱང་ཅུང་ཟད་བཞག་པ་ཟ་ཧོར་གྱི་སྔགས་པ་རྒན་པོ་ཟིལ་གནོན་བཞད་པ་རྩལ་གྱིས་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་ལོ་རྒྱལ་བས་ཆོ་འཕྲུལ་བསྟན་པའི་དུས་དགེ་བར་རང་བྱུང་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཙུག་ལག་ཁང་རྒྱལ་ཁབ་ཆེན་པོ་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་རིག་པ་འཛིན་པ་འཇམ་དབྱངས་གྲགས་པས་བགྱིས་པ་ཛ་ཡནྟུ། ཞེས་པ་འདི་ཡང་པ་རི་དྷཱ་ར་ཞེས་པ་ཆུ་ཕོ་བྱི་བའི་ལོ་ཆུ་ཤེལ་དབང་པོ་རྒྱུ་སྐར་ཁྲུམས་སྟོད་ཀྱིས་ཉེ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ལ་བབས་པའི་ཚེ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་གྲུབ་པར་བགྱིས་སོ། །མངྒ་ལཾ།།


previousའབྲུག་པ་སྤྲུལ་སྐུ་རིན་པོ་ཆེས་མཛད་པའི་ཚེ་བདག་གི་ཡིག་ཆར་རྣམ་པར་དཔྱད་པའི་ཡི་གེ་རི་ཐང་མཚམས་ཀྱི་ནད་བརྒྱ་འཇོམས་པའི་སྨན་གཅིགnext