Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད།next

འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད།


GLG023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད་བཞུགས་སོ། །


GLG023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཕྱག་རྒྱ་ཟིལ་གྱིས་གནོན་པའི་རྩལ། །འཇམ་དཔལ་རྣམ་པར་ཁྲོས་པ་དུས་དགྲའི་གར། །སྒྱུར་མཛད་ཚེ་བདག་ནག་པོ་ལ་བཏུད་ནས། །དེ་ཉིད་བསྙེན་པའི་མན་ངག་འབྲི་བར་བྱ། །དེའང་འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་པ་བྱ་བ་ལ། སྔོན་དུ་འགྲོ་བ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ནི། པད་གནུབས་བརྒྱུད་པའི་བཀའ་སྲོལ་མ་ཉམས་པའི་དབང་གི་ཆུ་བོ་མ་ནུབ་པ། མི་དབར་ཁྱིས་མ་ཆོད་པའི་རིགས་འཛིན་རིམ་པར་བརྒྱུད་དེ། ཚད་ལྡན་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་ཟབ་མོར་བཅུག་སྟེ་སྨིན་པར་བྱས་པ་ཞིག་གིས་གནས་དབེན་ཞིང་ཉམས་དགའ་བ། དམ་པ་གོང་མས་བྱིན་གྱིས་བརླབས་པ་ལྟ་བུ་དགྲ་འདྲེའི་འཚེ་བ་མེད་པའི་གནས་སུ། སྒྲུབ་ཆེན་རྣམས་ལས་བཤད་པ་ལྟར་སྤྱིར་བཏང་དམིགས་བསལ་བྱེད་པའི་སྒོ་ནས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་བསག །གནས་ཁང་ཕྱག་བདར་བྱ། བསྙེན་སྒྲུབ་ཡར་ངོ་ལ་མཚམས་ལ་ཞུགས་ནས་ཡར་ངོ་ལ་འགྲོལ་བ་དང་། ལས་སྦྱོར་མར་ངོ་ལ་མཚམས་ལ་ཞུགས་ནས་མར་ངོ་ལ་འགྲོལ་བར་མཛད་ཅིང་། གཟའ་ཚེས་སོགས་ལས་སོ་སོར་འོས་པའི་འཇམ་རྩུབ་དང་བསྟུན། རྒྱས་པར་སྤྲོ་(༢ན)


GLG023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡུལ་ཚོན་གྱི་དཀྱིལ་འཁོར། འབྲིང་རས་བྲིས་ཀྱི་དཀྱིལ་འཁོར། བསྡུ་ན་སྨན་རཀ་གཏོར་གསུམ་ཙམ་ལའང་བརྟེན་དུ་རུང་། སྒྲུབ་ཆེན་ནས་བཤད་པའི་སྔོན་འགྲོ་རྒྱས་པ་མི་མཛད་ཀྱང་། དཀར་གཏོར་དམར་གཏོར་བཤམས་ནས་གཞི་བགེགས་ལ་བཀའ་བསྒོ། མཐོ་བཞི་ལ་རྒྱལ་པོ་བཞིའི་སྐུ་དང་བཅས་ཏེ། བསྐྱེད་ཆོག་ནས་འཕྲིན་བཅོལ་གྱི་བར་སྤྱི་དང་མཐུན། སྲུང་འཁོར་བསྒོམ་ཞིང་སྒོ་དྲུང་དུ་མཐོ་དཀར་པོ་ཞིག་བརྩིག །སྒྲུབ་པ་པོ་ཁ་ལྷོར་བལྟ་བའི་སྟན་གྱི་འོག་ཏུ་ས་དཀར་རམ་འབྲུ་དཀར་པོའི་གཡུང་དྲུང་རིས་ཆོས་སྐོར་དུ་འབྲི། རྩ་བ་གསུམ་གྱི་བྲིས་འཕུར་གྱི་སྐུ་བྱིན་རླབས་ཅན་བཤམ། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ན་ངེས་དོན་བདེ་འཇུག་པས་འབྱུང་བ་ལྟར་དང་། རས་བྲིས་ལ་བརྟེན་ན་རྡུལ་ཚོན་གྱི་ཚབ་ཏུ་དེ་ཉིད་དགྲམ་ཞིང་། བསྙེན་པའི་སྐབས་བདག་མདུན་ཐ་མི་དད་པ་ཡིན་པས་དཀྱིལ་འཁོར་ཞལ་ལྷོར་གཟིགས་པའམ། གནས་ཁང་གི་སྟབས་དང་མ་འགྲིག་ན་སྐབས་དང་སྦྱོར། བསྡུ་ན་སྟེགས་བུའི་ཁར་སྒྲུབ་གཏོར་ལ་ཙཀླི་བཙུགས། དར་ནག་གི་གདུགས་ཕུབ། སྨན་རཀ །མཆོད་གཏོར། ཕྱི་ནང་གསང་བའི་མཆོད་པ་(༢བ)


GLG023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བཤམ། སྒྲུབ་གཏོར་དང་མཆོད་གཏོར་སོ་སོར་མཛད་སྲོལ་རྙིང་མ་གལ་ཆེར་ལ་མི་འདུག་ནའང་། འདིར་བྱུང་བས་སོ་སོར་ཡོད་ན་དངོས་གྲུབ་ལེན་མ་རན་གྱི་བར་སྒྲུབ་གཏོར་ལྷར་བསྐྱེད་པ་ཁོ་ནས་ཆོག་མོད། དེའང་རྣམ་པ་ཐ་དད་ཡིན་པའི་དཀྱིལ་འཁོར་དང་མི་འདྲ་ལ། གཏོར་མ་གཅིག་ལས་མེད་ན་ཤེས་པ་རྣམ་པ་གསུམ་གྱི་དབྱེ་བས་འཕྲལ་འཕྲལ་འགྱུར་འགྲོ་བས་སྐབས་ཐོབ་ཤེས་དགོས་སོ། །གཉིས་པ་དངོས་གཞི་ནི། སྲོད་ཐུན་ནས་འགོ་འཛུགས་དགོས་པས་འཕྲིན་ལས་གཞུང་བསྲངས་ཏེ་རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་བསྐྱེད། བསྙེན་པའི་འགོར་འཕྲེང་བ་མན་ངག་ལྟར་བྱིན་གྱིས་བརླབས། རང་ཟིལ་གནོན་དུ་གསལ་བའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ། ཡེ་ཤེས་སེམས་དཔའ་ཡ་མ་རཱ་ཛ་སྐུ་མདོག་སྨུག་ནག་ཕྱག་མཚན་གང་ཡང་མི་མངའ་བ་ཞིག་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་གི་མཐར། ཨ་ཀྲོ་འབྲུ་བཅུ་བདུན་པས་བསྐོར་བ་ལ་དམིགས་ནས། དེ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་སོགས་ལ་མཆོད་པ་འབུལ་བ་དང་། སེམས་ཅན་རྣམས་ཀྱི་དོན་བྱས་ཏེ། ཚུར་འདུས་འོད་ཟེར་བདག་ལ་ཐིམ་པས་རང་གི་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཡང་དག་བྱིན་གྱིས་བརླབ་པའི་དམིགས་པ་ཞལ་ཤེས་ལྟར་དང་། དོ་ལིའི་བཟླས་པ། ལས་བཞིའི་དམིགས་སྐོར་རྣམས་གསུང་རྒྱུན་ལྟར་བྱ། སྲོད་ཐུན་གྱི་སྐབས་བར་ཆད་བསྲུང་བའི་དམིགས་པ་ཟུར་ཁྱད་ཅན་ཞལ་ཤེས་བཞིན་བྱེད། ཐུན་འཇོག་པར་དབྱངས་གསལ་ལ་མན་ངག་ལྟར་གྱི་སྤེལ་ཚིག་བཏགས་པ་ལན་བདུན་བརྗོད། (༣ན)


GLG023_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་བམ་བསྐང་དང་ཚོགས་ནུབ་རེ་བཞིན་མི་གཏོང་ཕྱིན་ལྷག་མ་བསྟན་མ་སྐྱོང་བའི་བར་གཞུང་བཞིན་བཏང་། སླར་ཡང་དཀྱིལ་འཁོར་རྣམས་གསལ་འདེབས་སྐྱོར་བྱས་ནས་རང་གིས་རང་མཆོད་པའི་ཚུལ་གྱིས་མཆོད་བསྟོད་བསྡུས་པ་ཞིག་བྱ། དེ་ནས་རྟེན་བརྟེན་པ་ཐམས་ཅད་མི་དམིགས་པ་རྫོགས་ཆེན་ཀ་དག་གི་ངང་དུ་ཅུང་ཟད་མཉམ་པར་བཞག །སླར་ཡང་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་རྟེན་བརྟེན་པ་ཐམས་ཅད་ཁྲ་ལམ་གྱིས་གསལ་བཏབ། དགེ་བ་བསྔོ་བའི་ཚིགས་བཅད་ཅི་རིགས་བརྗོད། སྔགས་བཟླ་བཞིན་པའི་ངང་ནས་དགུང་ཐུན་ལ་གཉིད་ལོག་པས། དབུགས་འབྱུང་འཇུག་ཐམས་ཅད་བཟླས་པར་འགྲོ། དེ་ནས་ཐོར་ཐུན། སྔ་ཐུན། དགོངས་ཐུན་གསུམ་ལ། ལས་བྱང་རྒྱས་པ་བྱས་ཀྱང་འགལ་བ་མེད། མི་སྤྲོ་ན་མངོན་རྟོགས་བསྡུས་པ་ཞིག་གིས་གསལ་བཏབ་རྗེས་བཟླས་པ་སྲོད་ཐུན་ལྟར་ལ། བར་ཆད་བསྲུང་བའི་དམིགས་པ་དབྱངས་གསལ་ལ་སྤེལ་ཚིག་བཏགས་པ་སྔགས་བཟླ་བཞིན་པའི་ངང་ནས་གཉིད་ལོག་པ་གསུམ་པོ་མི་བྱེད། སྔ་ཐུན་ལ་ཁྱད་ཆོས་འབྲུ་གསུམ་གྱི་མཇུག་ཏུ་དབྱངས་གསལ་ལ་སྤེལ་ཚིག་བཏགས་པ་ལན་བདུན་བརྗོད། ཚོགས་འཁོར་ཉིན་ལྟར་གྱི་སྤྲོ་ན་བྱེད་མི་རུང་པ་མིན་ཀྱང་། །བསྙེན་པ་ལ་ངེས་ཅན་མི་དགོས་ཐུན་མཚམས་གང་ཡང་རུང་བ་ལ་དགེ་སྦྱོར་གཞན་གྱི་རིགས་དང་། ཁྱད་པར་གཏེར་སྲུང་གི་གསོལ་ག་སོགས་ཆག་མེད་དུ་བྱེད། བསྙེན་ཚད་ནི་འབུམ་ཕྲག་གསུམ་ཡིན་ཞེས་གོང་མ་རྣམས་གསུང་། དེ་ནས་ཨྱེ་རིང་གི་བཟླས་པ་ལ་ཞུགས་པས་ཆོག་མོད། འོན་ཀྱང་སྐུ་གསུང་ཐུགས་སྔགས་ཀྱི་བསྙེན་པ་སྔོན་དུ་སོང་བ་འཇམ་ཞིང་ལེགས་(༣བ)


GLG023_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། དེའང་སྔར་བཤད་པའི་ཨ་ཀྲོ་སྤྱི་བསྙེན་གྱི་དམིགས་པ་རྣམས་སྔགས་ཁ་སྤོ་བ་མ་གཏོགས་འདིར་ཡང་བླངས་ལ། དེ་ལ་བསྙེན་པ། སྒྲུབ་པ། སྒྲུབ་པ་ཆེན་པོ། ལས་སྦྱོར་དང་བཞི་ཡོད་པའི་བསྙེན་པའི་དམིགས་པའི་མཇུག་ཏུ། རྣམ་ངེས་རིན་ཅེན་སྒྲོན་མེ་ནས་གསུངས་པའི་སྐུ་གསུང་ཐུགས་སོ་སོའི་སྒོས་ཀྱི་དམིགས་པ་རྣམས་སྦྱོར། སྐུ་གསུང་ཐུགས་ཀྱི་བསྙེན་ཚད་འབུམ་ཕྲག་དྲུག་མཛད་པ་མང་། གཞུང་དུ་འབྲུ་འབུམ་བཤད་པ་ལེགས་ཤིང་། ལོང་ཡོད་ན་གསུང་དང་ཐུགས་ལའང་བྱེ་བ་རེ་གཏོང་ངོ་། །དེ་རྗེས་ཨྱེ་རིང་གི་བསྙེན་པ་བྱ་བ་ནི། རྣམ་ངེས་ནས་བཤད་པའི་བསྙེན་པར་བཟླ་བའི་དམིགས་པ་ལ་ཕྲི་བསྣན་མ་བྱས་པས་གོང་གི་དམིགས་པ་རྣམ་གྲངས་བཞིར་བཤད་པ་སོགས་མཐའ་དག་གོ་རིམ་མ་གཏོགས་ཚང་བས་བཅོས་བསླད་མ་བྱས་པས་འགྲུབ། འོན་ཀྱང་ཞལ་ཤེས་ཀྱི་ཟུར་རྒྱན་ཅུང་ཟད་དགོས་པ་ནི་བརྒྱུད་ལྡན་བླ་མའི་གསུང་གི་བདུད་རྩི་ཉམས་སུ་མྱོང་བར་བྱའོ། །བསྙེན་ཚད་འབུམ་དུ་བཤད་ཀྱང་དེང་སང་ཕྱག་ལེན་དུ་འབུམ་ཕྲག་གསུམ་མཛད། བསྙེན་པའི་སྐབས་འདིར་ཡེ་ཤེས་པ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཡ་མ་རཱ་ཛ་ཕྱག་མཚན་མེད་པ་དེ་ཡེ་ཤེས་སེམས་དཔའི་ཚུལ་དུ་གསལ་ཐེབས་པ་དེ་གཙོ་ཆེ་བ་དང་། ལས་སྦྱོར་གྱི་དུས་རྒྱན་གྱི་ལྷ་བརྒྱད་གལ་ཆེ་ཞེས་དཔལ་བཀྲ་ཤིས་སྟོབས་རྒྱལ་གསུང་ངོ་། །གསུམ་པ་མཇུག་གི་རིམ་པ་ནི། དེ་ལྟར་བསྙེན་པ་ཐེམས་ནས་འགྲོལ་བར། སྔ་ཐུན་ལས་བྱང་རྫོགས་པར་བཏང་། བསྙེན་པ་ཅུང་ཟད་བྱས། ཚོགས་འཁོར། བམ་བསྐང་། གཏེར་སྲུང་མཆོད་པ། བསྟན་སྐྱོང་། སྒྲུབ་གཏོར་ལས་དངོས་(༤ན)


GLG023_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བླང་བ། དཀྱིལ་འཁོར་བསྡུ་ཆོག །ཤིས་བརྗོད་ཀྱི་བར་རྒྱས་པར་བྱ། རྒྱལ་ཆེན་བཞི་ལ་གཏང་རག་འབུལ། ནང་མཚམས་འགྲོལ་ཉིན་དེར་དམ་ཚིག་གཙང་བའི་མཆེད་ལྕམ་འགའ་ཞིག་དང་འཕྲད། མིག་དགྲ་ཕྱོགས་སུ་ལྟ་སྟངས་བྱེད་པ་ནི་དེ་ཐུལ་བའི་དགོས་པ་དང་། ཉི་ཟླའི་ཕྱོགས་སུ་བལྟ་བ་ནི་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡིན་ཞེས་གོང་མ་རྣམས་གསུང་ངོ་། །འཕྲེང་བ་བྱིན་གྱིས་བརླབས་ནས་གཞན་གྱིས་མི་རེག །མཆིལ་མ་མི་འདོར། སྐྲ་སེན་མི་འབྲེག །ནང་གི་དངོས་པོ་ཕྱིར་མི་གཏོང་། ཕྱིའི་མི་དང་དངོས་པོ་མཚམས་ནང་དུ་མི་གཏོང་། དམིགས་བསལ་གྱི་རིགས་དགོས་པ་བྱུང་ན་ཐོག་མ་ནས་མཚམས་འོག་ཏུ་ཆུད་པ་བྱེད། བྱིན་རླབས་དང་། སྲུང་མདུད་སྟེར་བ་སོགས་མཚམས་རལ་བའི་སྐྱོན་རྣམས་ཐམས་ཅད་སྤངས་ཏེ་བསྙེན་པའི་སྐབས་ཀྱི་བླང་དོར་རྣམས་མ་འཕྱུགས་པར་ཉམས་སུ་བླང་བ་ནི་གནད་དམ་པའོ། །ཨྱེ་རིང་དྲག་པོར་བཟླ་བ་ནི་རྣམ་ངེས་ནས་ཀྱང་ཅུང་ཟད་བཤད་མོད། དེ་དག་ནི་བསྙེན་པ་ཐེམས་པའི་རྗེས་སུ་ནར་མར་བཟླ་བ་དང་། དམིགས་ཀྱིས་བསལ་བ་ལ་མཚམས་བཅད་དེ་སྒྲུབ་པ་དང་ལས་སྦྱོར་གྱི་ཚུལ་དུ་བཟླ་བ་དང་། སྟོང་སྲོག་དང་སྒོས་སྲོག་གི་ཁྱད་པར་སོགས་རྣམ་གྲངས་ཤིན་ཏུ་མང་བ་ནི་ཕྱི་ནང་གསང་གསུམ་གྱི་གདམས་སྐོར་ལས་ཤེས་པར་བྱའོ། །པད་གནུབས་ཞལ་ལུང་ཚངས་པའི་རལ་པ་ནས། །གཤེད་སྐོར་གངྒཱའི་ཆུ་རྒྱུན་འདྲེན་མཛད་པའི། །རིགས་ཛིན་བརྒྱུད་པའི་སྐལ་ལྡན་ཤིང་རྟ་ཡི། །དྲིན་ལས་མ་དག་དྲི་མ་རྣམ་པར་བཀྲུས། །ལུགས་འདིའི་སྲོལ་འབྱེད་གནུབས་དང་དུམ་པ་(༤བ)


GLG023_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །བར་དུ་རྒྱས་མཛད་ཤཱཀ་འབུམ་གཡུང་སྟོན་རྗེ། །ཐ་མར་གཤིན་རྗེ་མཁན་པོ་ནུབ་དགོན་པའི། །གདམས་པའི་གཏེར་འཛིན་དབང་པོའི་སྡེའི་གསུང་རྒྱུན། ཁྱབ་བདག་པདྨ་དབང་གི་ཞལ་ལུང་ལས། །ཟབ་དོན་རོ་བརྒྱའི་དཔལ་གྱིས་དངར་བའི་བཅུད། །སྙིང་གི་ཟ་མ་ཏོག་ཏུ་ལེགས་བཀོད་པས། །ཅུང་ཟད་སྨྲ་བའི་མགྲིན་པ་གཟེངས་སུ་མཐོ། །གོང་ཆོག་ལག་ལེན་ཕྲ་མོའི་མགྲོན་བུ་ཡི། །འོད་ཀྱིས་འདྲེན་བྱེད་ཕྱིང་བའི་སྔགས་འཆང་རྣམས། །ཟླ་གསང་རྒྱུད་སྡེའི་ཀཻ་ལ་ཤ་ཡི་རིའི། །རབ་དཀར་སྣང་བའི་གཟི་འོད་བཟོད་ནུས་མིན། །དང་པོར་ཕྱག་ལེན་དམར་ཁྲིད་ཞུན་ཐར་དཔྱད། །བར་དུ་བསྙེན་སྒྲུབ་ཉམས་ལེན་གནད་དུ་བསྣུན། །ཐ་མར་དྲག་པོ་མིག་གསུམ་འདར་ནུས་པའི། །གནུབས་བསྟན་འཛིན་ངེས་རྣམས་ཀྱི་བཙས་སུ་བསྡེབས། །དགེ་དེས་བདག་ཏུ་འཛིན་པའི་དགྲ་སྡེའི་དཔུང་། །ངོ་བོ་ཀ་ནས་དག་པའི་མཚོན་རྣོན་པོས། །བསྒྲལ་ཏེ་ལྷུན་གྲུབ་འཇམ་མགོན་ཀུན་ཏུ་བཟང་། །འོད་གསལ་སྣང་བཞིའི་ལམ་བཟང་མངོན་གྱུར་ཤོག །འཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་འདི་ནི། ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིམ་པར་བརྒྱུད་པ་བྱང་པ་རིགས་འཛིན་ཆེན་པོ་ངག་གི་དབང་པོའི་སྤྲུལ་པའི་ཟློས་གར་བྱ་ནག་གི་རིགས་སུ་བྱོན་པ་བློ་བཟང་པདྨ་འཕྲིན་ལས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས། ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ལོ། །ཤུབྷམ་སྟུ་སརྦ་ཛ་ག་ཏཾ།། །།


previousའཇམ་དཔལ་ཚེ་བདག་ནག་པོའི་བསྙེན་ཡིག་དངོས་གྲུབ་གཏེར་མཛོད།next