Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
ཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས།next

ཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས།


GLG023_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས་བཞུགས་སོ། །


GLG023_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་དགྲ་བོ་འཇམ་དཔལ་རྡོ་རྗེ་དང་། །དབྱེར་མེད་དྲིན་ཅན་བླ་མའི་ཞབས་པད་ལ། །གུས་པས་བཏུད་ནས་ཐོད་སྐུ་དང་འབྲེལ་བའི། །ཚེ་བདག་བསྙེན་པའི་ལས་རིམ་ཁྲིགས་སུ་སྡེབ། །དེ་ལ་འདིར་གནམ་ལྕགས་སྡིག་པའི་ཆོས་སྡེའི་ཞལ་གདམས་ཆེན་པོ་ལས། ཕོ་ཐོད་མོ་ཐོད་བཟང་པོ་ལ། །ལྷ་བཟོ་སྟོབས་ལྡན་མཁས་པ་ཡིས། །རྒྱལ་ནས་བཟུང་སྟེ་ཡབ་ཡུམ་སྐུ། །སྲས་མཆོག་སྦྱོར་སྒྲོལ་མཁའ་ལྡིང་བཞི། །གསང་མཚན་གསེར་དངུལ་ཐུགས་ཀར་བཞེང་། །ཞེས་པ་ལྟར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ཐོད་སྐུ་སྒྲུབ་པར་བཅས་དང་ལག་ལེན་གཞུང་མན་ངག་མཐོང་རྒྱུད་ཀྱིས་རྟོགས་པར་བྱས་ནས་ལག་ཏུ་བླང་བའི་རིམ་པ་ནི། མངོན་རྟོགས་ཆེན་མོ་དང་བསྟོད་བསྐུལ་ཆེན་མོ་ལ་བརྟེན་ན་སྨོས་མ་དགོས། རང་ལུགས་པདྨའི་མན་ངག་རྩ་བ་སོར་བཞག་ཆོས་རྒྱལ་དབྱང་པའི་ཟུར་རྒྱན་དང་བཅས་ཉམས་སུ་བསྟར་བའི་དབང་གིས་འཇུག་པ་བདེ་བའི་ཆེད་དུ་ལས་གཞུང་ལྕགས་འདར་བརྟེན་རྩིས་དང་། དཀྱིལ་འཁོར་འབྲི་བའི་ས་བཅད་དང་པོས་བརྟག་བླང་སོགས་མུ་ཏིག་འཕྲེང་བར་མི་དགོས་པའི་ཕྱོགས་དང་། གནུབས་ཡེ་ཤེས་རྒྱ་མཚོའི་དབང་ཆོག་ཏུ་དགོས་པའི་ཕྱོགས་སོགས་རྣམ་གྲངས་མང་ཡང་། གནས་ཁང་རྙིང་པར་མེད་དུ་མི་(༢ན)


GLG023_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་མ་ཡིན་པས་བཏང་སྙོམས་སུ་བཞག་འོན་ཀྱང་དཀར་གཏོར་དམར་གཏོར་བ་ངེས་དོན་བདེ་འཇུག་ཏུའང་བྱུང་བས་ས་བླང་བ་ཉུང་ངུ་རྣམ་གསལ་ལྟར་བྱ་དེ་རྗེས་རྒྱལ་ཐོ། །དམ་སྲི། སྒོ་བྱང་། མ་ཏྲཾ་ཁྲོ་བཅུའི་མཚམས་གཅོད་རྣམས་གཤིན་རྗེ་རང་གཞུང་ལྟར་གྲུབ་ན་ལེགས་མོད་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་ཕུར་པ་སོར་བཞག་ལ་ཕུར་པ་ཞེས་པའི་མཚན་གྱི་ཚབ་ཏུ་ཚེ་བདག་དང་ཟིལ་གནོན་སོགས་ཀྱི་ཚིག་འདོན་འབྱིན་འཇུག་བྱེད། ཐིག་ཚོན་གྱི་སྐོར་ཡང་ཉུང་ངུ་རྣམ་གསལ་བཞིན་ནོ། །དེ་ནས་ལས་བྱང་གཞུང་བཞིན་གྱེར་བའི་སྣང་ལ་རང་བཞིན་མེད་པར་བལྟ། ཞེས་པ་ཡན་སོང་མཚམས་མདུན་སྐྱེད་ལ་དམིགས་ནས། ཨོཾ་སྭ་བྷཱ་ཝ་ཤུད་དྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། མདུན་སྐྱེད་ཀྱི་རྟེན་བརྟེན་པ་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཞེས་པ་ནས་འཁོར་ལོ་པདྨ་ཉི་ཟླའི་གདན་སྟེང་དུ་ཞེས་པའི་མཇུག་ཏུ་སྐུ་མ་བྲིས་གང་དུ་ཐོད་པ་ཁ་སྦྱར་སྨན་འབྲུས་བཀང་བའི་སྒྲུབ་པ་བཤད་ནའང་། དེ་སྐོར་གྱི་སྒྲུབ་པ་དང་སྐུ་འབྲི་བ་ཐོག་མ་ཉིད་ནས་ལོགས་སུ་བྱས་ཟིན་པ་འཇུག་པ་བདེ་བས་དེའི་དབང་དུ་བྱས་ནས། ཐོད་སྐུ་ལྷ་ཚོགས་རྣམས་ཀྱི་སྐུ། གྲི་སྙིང་གི་སྲོག་ཡིག་སྟོང་སྲོག་འཁོར་ལོའི་སྐུ་རྣམས་(༢བ)


GLG023_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་འཁོར་སོ་སོའི་རྣམ་པར་གྱུར་པ་ནི། སྐད་ཅིག་གིས་འཇམ་དཔལ་ཚེ་བདག་ནག་པོ་ཞལ་གསུམ་ཕྱག་དྲུག་ཅེས་པ་ནས་བཟུང་ཐམས་ཅད་ཀྱང་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཡན་དང་ཟིལ་གནོན་གྱི་ལྟོ་བར་བསྲུང་བའི་འཁོར་ལོ་དྷོ་ར་མེ་རི་ཉི་ཟླ་ཁ་སྦྱོར། རྩིབས་སོ་གཉིས་ཕྱི་ནང་ཅན། ལྟེ་བར་འཇམ་དཔལ་ཚེ་དཔག་མེད་ཀྱི་བུམ་པའི་ནང་དུ་བསྲུང་བྱ་རྣམས་སྦ་ཞིང་ཕྱི་ནང་དུ་ཀུན་ཏུ་སྔགས་ཀྱི་འོད་ཟེར་གྱི་དྲ་བས་འབྲེལ་བ། བླ་བྱང་བསྒྲུབ་བྱ་སོ་སོ་དངོས་སུ་གསལ་བ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཞེས་པ་ནས་འབུམ་འབུམ་གྱིས་བསྐོར་བར་གྱུར་ཞེས་གསལ་གདབ་པ་རྣམས་ལས་བྱང་གནམ་ལྕགས་འཁོར་ལོ་ལྟར་བྱ། ཨེ་མི་རྟོག་ངང་ལས་ཐུགས་རྗེའི་སྐུ། །ཞེས་པ་ནས་ནང་གི་འདོད་ཡོན་ཡན་དཀྱུས་ལྟར་བྱས་རྗེས། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཉི་མའི་དབུས་སུ་རང་རང་གི་ས་བོན་གྱི་མཐར་རང་སྔགས་དང་དེའི་མཐར། ཨྱཱཻ་རིང་རེ་རེས་བསྐོར་ཞིང་འོད་ཟེར་ཁ་དོག་སྣ་ཚོགས་པ་མེ་འོད་ལྟར་འབར་ཞིང་འཕྲོ་བས་རྩ་གསུམ་ཞི་ཁྲོ་དཀོན་མཆོག་གསུམ་དང་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་ལ་སོགས་པ་མཆོག་མན་བར་པ་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་མ་ལུས་པ་བསྡུས་ནས་སྒྲུབ་རྫས་རྣམས་ལ་ཐིམ་པར་བསམ་ལ་ཐུན་བཞིའམ་དྲུག་གང་རིགས་སུ་བཅས་ནས་བཟླ། ཐུན་མཚམས་སུ་བསྟོད་བསྐུལ་བྱེད་དེ་ལྟར་བཟླས་པ་འབུམ་ཕྲག་བདུན་སོང་ནས་སྡེབ་ཀྱི་བཟླས་པའི་ཡི་གེ་ཟུར་གསལ་ལྟར་དང་། ཐུགས་ཀར་ཉི་མ་འཁོར་ལོ་རྩིབས་བཅུ་གཉིས་པའི་དབྱིབས་ཅན་སྲན་མའི་ཁ་ཙམ་གྱིས་དབུས་སུ་ཧཱུཾ་ལ་ཨྱཱཻ་ཐུང་གི་སྔགས་ཀྱིས་བསྐོར་བར་བསམས་ལ། ཨྱཱཻ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཀཱ་ལ་རཱུ་པ་ཧྲཱིཿཥྚི་ཨ་པ་ཡེ་ཧཱུཾ། ཞེས་འབུམ་ཕྲག་བཟླ། གང་བཟླ་བྱའི་ལྷའི་ཐུགས་ཀའི་ས་བོན་སྔགས་བཅས་ལས་འོད་འཕྲོས་དོན་གཉིས་བྱས་འཕྲིན་ལས་ཐམས་(༣ན)


GLG023_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྒྲུབས་ཚུར་འདུས་སྒྲུབ་རྫས་ལ་ཐིམ་པར་བསམ། ཨོཾ་ཨཱཿཧཱུཾ་ཛཿཨྱཻ་བྷེ་ཏ་ལི་ཀྲོ་ཏི་ཤྭ་རི་ཧཱུཾ། སྦྱོར་ཡུམ་ཨྱཱཻ་མ་མ་ཨེ་ཀ་ཙ་ཏི་ཧཱུཾ། སྒྲོལ་ཡུམ། ཨྱཱཻ་སྡེ་མ་ཀཱ་ལི་པཾ་རིལ་རུ་ལུ་རུ་ལུ་བྷྱོ་ཧཱུཾ། དབྱིངས་ཡུམ། ཨྱཱཻ་ཡ་མ་རཱ་ཙ་ཀྲོ་ཏ་ཧཱུཾ། ཡ་མ། ཨྱཱཻ་བཛྲ་ཀྲོ་ཏ་རོ་ཥ་ཎ་ཧཱུཾ། དྲེགས་པ། ཨྱཱཻ་མ་ཧཱ་བྷེ་ཏུ་ཀ་ཡེ་ཧཱུཾ། མཆོག །ཨྱཱཻ་ཁྲཾ་ཀ་རུ་ཏ་ཧཱུཾ། ཁྱུང་། ཨྱཱེ་ཀ་ཧེ་དུན་ཡ་མ་ར་ཙ་ཧཱུཾ། གྱད་གནོན་བརྒྱད་དེ་གོང་གསལ་སོ་སོར་ཁྲི་ཁྲག་རེ། ཨྱཱཻ་ཡ་མ་དུ་ཤ་ཧཱུཾ། སྐུ་སྤྲུལ། ཨྱཱཻ་ཡ་མ་རཀྵ་ཧཱུཾ། གསུང་སྤྲུལ། ཨྱཱཻ་ཡ་མ་ཡཀྵ་ཧཱུཾ། ཐུགས་སྤྲུལ། ཡ་མ་ར་ཙ་ས་ཏོ་མེ་ཡ། སྲིན་པོ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། གཤིན་རྗེ། ཡ་ད་ཡོ་ནི་ར་ཡཀྵེ་ཡ། བདུད། ཡཀྵེ་ཡཙྪ་ནི་རཱ་མ་ཡ། གནོད་སྦྱིན། ཙནྡྷ་རུ་ཏྲ་མོ་མོནྟ་ཛཿ དུང་མོན། ཡ་མ་མོནྟ་ཛ༔ ལྕགས་མོན། རཀྵ་མོནྟ་ཛ༔ བསྲེ་མོན། ཡཀྴ་མོནྟ་ཛཿ གསེར་མོན། དུ་ཏྲི་རུ་ལུ་ཧ་ཧ་ཡ་ཧེ་ལེ། དུ་རུ་ཡ་མ་སྙིང་དུ་ཡ། འཛུམ་མེད། རུ་ཏྲ་བྷ་ཏི་རུ་ཤ་ཡ། སོ་བསྡར། རུ་ཏྲ་ཡཀྴ་ཏྲིག་ན་ཡ། རལ་པ། ཨྱཱཻ་ཡ་མ་རཱ་ཙ་ཀྲོ་ནེ་ཀྲོ་ནེ་པ་ཏྲ་པ་ཏྲ། ཤུ་ལ་ཤུ་ལ། དྷ་ཤ་གྷྲི་ཝ། ཨཀྴ་གྷྲི་བ་རུ་ལུ་རུ་ལུ། ཧ་ཧ་ཡ་ཡ། ཟླ་གཤེད། མ་མོ་རེ་མ་ཏི། མ་བྷ་ར་མ་ནི། མ་བྷི་བུ་ནི། མ་ཙ་མུནྟི། མ་བཞི། བདུད་རུ་ཏྲ་ཧ་ལ་ནག་པོ། ཡ་མ་དུན་རཀྴ་ཡ། རུ་རུ་ཙ་པ་ལ་ཁ་ལ་རཀྨོ་མཾ་ཐུན་བྷྱོ། ཡཀྴ་ཏི་ན་བཾ་བྷྱོ། ཞག་གཤེད། ཏྲི་ཙ་པ་ལ་ཨ་ཤཱུ་མེ་ཡ། མ་ཧཱ་ཀཱ་ལ་ཡ། རུ་ཏྲ་པུ་ཏྲ་ཡ། ཡཀྴ་རུ་ལུ་ཧ་ཧ་ཡ། སྒོ་བ། ཡ་མ་ཡ་མ། དུན་ན་དུན། ཤ་ཤུ། གྷྲི་ཎ་གྷྲི་ཎ། པ་ཙ་པ་ཙ། ཧུ་ལ་ཧུ་ལ། བེ་ར་བེ་ར། ཧ་ལ་ཧ་ལ། ཧུ་ལ་ཡ་ཧུ་ལ་ཡ། མ་མ་རུ་རུ། ནག་པོ་ཧ་དྷེ། ཧྲི་ཏ་ཡ་ཧྲི་ཏ་ཡ། ནི་ལ་དུན་བྷྱོ་དུན་བྷྱོ་ཡ། ཟ་གཤེད་རྣམས་སོ་སོར་སྟོང་ཕྲག་རེ་རེ་བཟླ། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཨཱོཾ་ལ་འོད་ཟེར་དཀར་པོ་འཕྲོས། །(༣བ)


GLG023_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། །དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །སྐུ་ལ་ཕོག་པའི་བྱིན་རླབས་རྣམས། །བདག་གི་ལུས་ལ་ཐིམ་པ་ཡིས། །སྐུ་ནི་གཟི་བརྗིད་ལྡན་པར་བསམ། །ཨྱཱཻ་ཀ་ཡ་མ་ཧེ་དུན་རཀྴ་དུན་དུན་ཛ་ཡ་ཨ། སྐུ། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཨཱཿལས་འོད་ཟེར་དམར་པོ་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། །་དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །གསུང་དབྱངས་ཡན་ལག་དྲུག་ཅུ་རྣམས། །བདག་གི་ངག་ལ་ཐིམ་པ་ཡིས། །གསུང་ནི་བྱིན་རླབས་ནུས་ལྡན་བསམ། །ཨྱཱཻ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། གསུང་། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཧཱུཾ་ལས་འོད་ཟེར་མཐིང་ག་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། །དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །རྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། །བདག་གི་ཡིད་ལ་ཐིམ་པ་ཡིས། །ཐུགས་ཉིད་ཚེ་ཉིད་རྡོ་རྗེའི་བདག །ཚེ་ཡི་བདག་པོར་མྱུར་བར་བསམ། །ཨྱཱཻ་མྱགས་ཡ་རྔུབས་མུགས་ཤག་དུན། ཐུགས། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། ཏྲཾ་ལས་འོད་ཟེར་སེར་པོ་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་(༤ན)


GLG023_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །ལོངས་སྤྱོད་ཡོན་ཏན་ཀུན་བསྡུས་ནས། །ཐོད་བཟང་ཁ་སྦྱོར་རྫས་ལ་ཐིམ། །ཡོན་ཏན་ཡིད་བཞིན་ནོར་ལྟར་གྱུར། །ཨྱཻ་དུན་ཀ་ཡཾ། ཡོན་ཏན་གྱི་སྔགས་ཏེ་གོང་གསལ་བཞི་ག་སོ་སོར་ཁྲི་ཚར་རེ་བཟླ། སྒྲོལ་ཡུམ་ཐུགས་ཀའི་ཛ་ལ་ནི། །ཧྲཱིཿལས་འོད་ཟེར་ལྗང་གུ་འཕྲོས། །ཡབ་ཀྱི་ཐུགས་དམ་རྒྱུད་བསྐུལ་ནས། །སེམས་ཅན་ཡོངས་ཀྱི་སྡིག་སྒྲིབ་སྦྱངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། བླ་མ་ཡི་དམ་མཁའ་འགྲོ་དང་། ཁྲོ་བོ་ཁྲོ་མོ་ཐམས་ཅད་དང་། དྲེགས་པ་གཤིན་རྗེའི་ལྷ་ཚོགས་ཀྱི། །འཕྲིན་ལས་ཕུར་རྫས་ཐུན་ལ་ཐིམ། །དྲག་པོ་མཐུ་སྟོབས་ནུས་ལྡན་བསམ། །ཨྱཱཻ་མྱགས་ཀྱི་མཐར་དགྲ་བོའི་སྲོག་ལ་གྷྲི་ཧུར་ཐུམས་ཛཿ ཙ་ཁྲག་སྙིང་ཐུམ་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་གྷྲི་ཧུར་ཐུམས་རྦད། ཨེ་དགྲ་བོའི་སྲོག་ལ་ཐུམས་རིལ་རྦད་བྷྱོ༔ དུན་ཁྲཾ་ཤིག་ཙིཏྟ་ལ་མྱོགས་རྦད་བྷྱོཿ དགྲ་བོའི་རྩལ་དུན་མུགས་རྦད་བྷྱོཿ དགྲ་བོ་ཡཾ་ཁྲག་ལ་མུགས་ཏི་ཐུན་རྦད་བྷྱོཿ སྔགས་པ་སྙིང་དུ་སོད། ཙིཏྟ་གཏུབས་རྦད་ལོང་། སྲོག་ཙིཏྟ་ལོང་། མྱགས་མྱགས། མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོ། འདི་འབུམ་ཙམ་བཟླ་བར་བཤད། སྲོད་ལ། རང་ཉིད་སྦྱོར་ཡུམ་པེ་ཏ་ལི། སྐུ་མདོག་ནག་མོ་དུར་ཁྲོད་ཆས། །གཡས་པ་ཁ་ཊྭཱཾ་གཡོན་ཐོད་ཁྲག །པདྨ་ཉི་མ་རོ་གདན་ལ། །གར་སྟབས་ཚུལ་གྱིས་བཞུགས་པར་གྱུར། །ཐུགས་ཀར་ཉི་དཀྱིལ་དམར་པོའི་སྟེང་། །བྷུ་རུ་ལྟ་བུའི་མ་དམར་པོ། །སྙིང་པོ་འབྲུ་ཡིག་གཡོན་དུ་འཁོར། །ཨཻ་བེ་ཏ་ལི་ཀྲོ་ཏ་ཤྭ་རི་ཧཱུཾ། སྔགས་ཀྱི་འོད་ཟེར་ར་ཧ་བཅས། །ཡབ་ཀྱི་གསང་བའི་གནས་སུ་ཞུགས། །ཡབ་ཀྱི་གསང་བའི་སྒོ་(༤བ)


GLG023_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ནི། །སྣ་ཚོགས་རྒྱ་གྲམ་ལྟེ་བ་ན། །དོན་ཡོད་གྲུབ་པ་བཞུགས་པ་ལ། །སྣ་ཚོགས་བདེ་སྟོང་མཆོད་པར་འབུལ། །འཕྲིན་ལས་ཐམས་ཅད་གྲུབ་པར་བསམ། །ལྟེ་བ་སྙིང་ཁ་མགྲིན་པ་སྤྱི། །རིགས་ཀྱི་ལྷ་རྣམས་དེར་བཞུགས་ལ། །ཨོཾ་ཨཱཿཧཱུཾ་སྭཱཧཱ་བསམ། འོད་ཟེར་ཡི་གེ་བསྡུས་པ་ལས། །ཡོན་ཏན་ཐུགས་གསུང་སྐུ་ཡི་ནི། །བདེ་སྟོང་མཆོད་པས་རབ་མཉེས་ཏེ། །ཐུགས་དམ་དབྱིངས་སུ་སྐྱེ་མེད་སྟོངས། །འོད་ཟེར་དམར་པོ་ལུ་གུ་རྒྱུད། །སྤྱི་བོ་ཚངས་པའི་གནས་སུ་ཐིམ། །ཡུམ་ལྔ་བརྒྱུད་དེ་གསང་བར་ཐོན། །ཡང་ཡང་འཁོར་བའི་མཆོད་བྱས་པས། །དབང་རྣམས་རྫོགས་ཏེ་ཟིལ་གནོན་གྱུར། །ནམ་གུང་། ནམ་ཕྱེད་དབྱིངས་ཡུམ་མུ་ཁ་ལེ། །སྐུ་མདོག་ནག་མོ་རེ་ལྡེ་གསོལ། ཁྲཾ་ཤིང་ནད་ཀྱི་རྐྱལ་པ་བསྣམས། །རོ་ཡི་གདན་ལ་བརྐྱང་བསྐུམ་བཞུགས། །ཐུགས་ཀར་ཉི་དཀྱིལ་དྲག་ལས་ནི། །སྙིང་པོ་སྔགས་དང་འོད་ཟེར་ནི། ཨེ་དྷེ་མ་ཀ་ལི་པཾ་རིལ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཐོ་རངས། པདྨ་ཉི་ཟླ་རོ་གདན་ལ། །རང་ཉིད་ཨེ་ཀ་ཙ་ཏི་ནི། །སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པ་རལ་གྲིས་སྐྱེ་ཤི་ཡི། །སྲོག་དང་མགོ་ལུས་གཏུབས་པར་བསམ། །གཡོན་པ་ལྕེ་སྦྱང་མགོ་དགུ་འགྱེད། །ཉམས་པའི་སྲོག་དབུགས་ཐོ་རངས་ལེན། །མི་ལྤགས་གཡང་གཞི་གོས་སུ་གྱོན། །ཐུགས་ཀར་ཉི་དཀྱིལ་བྷྱོ་ནག་ལས། །སྔགས་བཅས་འོད་ཟེར་འཕྲོས་པ་ཡིས། །སྔར་དང་འདྲ་བའི་མཆོད་པ་འབུལ། །ཨེ་མ་མ་ཨེ་ཀ་ཙ་ཏི་ཧཱུཾ། ཉིན་མོ། ཐུན་ལྡང་བཅས་པའི་དང་པོ་ལ། །སྐུ་ཡི་ཚེ་བདག་སྐུ་མདོག་དཀར། །སྒྲོལ་ཡུམ་ནས། དུན་དུན་ཛ་ཡ་ཨ་ཞེས་པའི་བར། གཉིས་པ། གསུང་གི་ཚེ་བདག་སྐུ་མདོག་དམར། །སྒྲོལ་ཡུམ་ནས། ར་མ་ཙ་ཡའི་བར་གསུམ་པ་ལ། ཐུགས་ཀྱི་ཚེ་བདག་སྐུ་མདོག་མཐིང་། །སྒྲོལ་ཡུམ་ནས། མུགས་(༥ན)


GLG023_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་ཀ་དུན་གྱི་བར། བཞི་པ། ཡོན་ཏན་ཚེ་བདག་སྐུ་མདོག་སེར། །སྒྲོལ་ཡུམ་ནས། ཨེ་དུན་ཀ་ཡཾ་གི་བར། ལྔ་པ། འཕྲིན་ལས་ཚེ་བདག་སྐུ་མདོག་ལྗང་། །སྒྲོལ་ཡུམ་ནས། མྱགས་མྱགས། མཱ་ར་ཡ་ཙིཏྟ་ལ་ཐུན་བྷྱོ། ཞེས་པའི་བར་ཞག་གཉིས་སམ་བདུན་གང་རུང་བྱ། དེ་ནས་ཡབ་ཡུམ་འཁྲིལ་སྦྱོར་ནས། །གཡས་སུ་དབྱིངས་ཡུམ་སྐྱེད་པར་བྱ། །གཡོན་དུ་སྒྲོལ་ཡུམ་སྐྱེད་པར་བྱ། །ཡབ་ཀྱི་ཐུགས་ཀར་འོད་ཟེར་འཕྲོས། །ཕོ་རྒྱུད་རྣམས་ལ་ཕོག་པ་ཡིས། ཁས་བླངས་དམ་བཅས་བསྙེན་པ་རྫོགས། །རང་གི་ཐུགས་ཀའི་ཧཱུཾ་ལ་འདུས། །ཡ་ཁོད་བརྩེགས་པ་ལྟ་བུར་བསམ། །ཕོ་རྒྱུད་རྣམས་ཀྱི་སྲོག་དབང་ཐོབ། །བྷྱོ་ཡིས་གསང་བའི་དྲེགས་པ་རྣམས། །སྲོག་དབང་ཐོབ་པ་བསྙེན་པའི་གནད། །བླ་རྡོ་འཆིང་བ་ཉིད་དུ་འགྱུར། །མཚན་མོ་ཡུམ་གསུམ་སྙིང་པོ་ལས། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །མོ་རྒྱུད་རྣམས་ལ་ཕོག་པ་ཡིས། །མོ་རྒྱུད་སྲོག་དབང་ནུས་པ་རྣམས། །ཡེ་ཤེས་མོ་རྒྱུད་གསུམ་ལ་བསྡུ། །མ་ཁོད་བརྩེགས་པ་ལྟ་བུར་གྱུར། །མོ་རྒྱུད་བླ་རྡོ་གསང་བའི་གནས། །ཨྱཻ་རིང་སྟོང་ཕྲག་གཅིག་བཟླ་དངོས་གྲུབ་ཀྱི་རྫས་རྣམས་གཞུང་ལྟར་བཤམས་བསང་བརླབ་བྱ། བདག་ཟིལ་གནོན་དུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་སྲོག་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ལུས་པ་བསྡུས་ཚེ་རྒྱས་དང་ཚོགས་རྫས་ལ་ཐིམ་པར་བསམ། ཀཱ་ཡ་ཝཀྩིཏྟ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ནི་ཛཿཧཱུཾ་སྭཱཧཱ། སྟོང་ཕྲག་གཅིག་བཟླས་རྗེས། ཕྱི་སྣོད་ནང་བཅུད་ཐམས་(༥བ)


GLG023_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སེམས། །འཇིག་རྟེན་དྲེགས་པ་ཡབ་ཡུམ་ཐིམ། །ཡབ་ཡུམ་སྔགས་བཅས་ཧཱུཾ་ལ་བསྡུ། །ཧཱུཾ་བཅས་དངོས་གྲུབ་རྫས་ལ་བསྡུ། །རང་གི་ལུས་ངག་ཡིད་ལ་ཐིམ། །ཞེས་བརྗོད། ཚེ་རྒྱས་ཀྱི་ཕུད་ལྷ་ལ་དབུལ། །བར་པ་དངོས་གྲུབ་ཀྱི་རྫས་སུ་རྣལ་འབྱོར་པ་རྣམས་རོལ། ཐ་མ་སྒྲུབ་རྫས་ཀྱི་ཕབས་རྒྱུན་ལ་བསྲེ་རྒྱུར་བཞག །ཚོགས་གཞུང་བཞིན་བཏང་། འཇུག་ཏུ་སྦྱིན་སྲེག་མ་གྲུབ་ན་ཡི་གེ་བརྒྱ་པ་གང་མང་བཟླ། ཐོད་སྐུ། སྟོང་སྲོག་འཁོར་ལོ། གྲི་སྙིང་གི་ལྷ་རྣམས་དམ་ཡེ་དབྱེར་མེད་དུ་རྟེན་སོ་སོར་བརྟན་བཞུགས་དང་རྟེན་འབྲེལ་སྙིང་པོ་དང་སུ་པྲ་ཏིཥྛས་རབ་ཏུ་གནས། རྡུལ་ཚོན་རྣམས་བསྡུ་ཤིས་པ་བརྗོད་དོ། །ལྗོངས་འདིར་ཨུ་རྒྱན་མཁན་པོའི་བཞེས་གཞུང་། སངས་རྒྱས་ཡེ་ཤེས་མནོག་ཆོས་བཀའ་གཏེར་ལ། །འཇམ་དཔལ་ཚེ་བདག་པད་གནུབས་ལུགས་སྲོལ་ཞེས། །སྔགས་འཆང་ཕལ་གྱི་ངག་ལས་རླུང་ལྟར་གྲགས། །གནུབས་ལུགས་ལྕགས་འདྲ་ལྕགས་སྡིག་ནང་ཚན་ལ། །ལམ་གྱི་གནད་དོན་ཟབ་པར་མཚུངས་ནའང་། །བཅས་ཆོག་མཆོད་རྟེན་སྒྲུབ་སོགས་ལས་རིམ་ལ། །རྒྱས་བསྡུས་མི་འདྲའི་དབྱེ་བ་ཕ་མཐའ་ཡས། །ལེགས་ལྡན་རྡོ་རྗེའི་མ་དྲོས་རྒྱ་མཚོ་ལས། །འབྲི་བྱང་ཕྱག་བཞེས་གངྒཱ་པཀྵུའི་ཀླུང་། །དབུར་སྨྱོན་ཆོས་གྲགས་ཁྱབ་བདག་ཟུར་ཆེན་གྱིས། །དྲིན་ལས་སྐོམས་པའི་གདུང་བ་ཅི་ཡང་སེལ། །དེ་ཕྱིར་ཚད་ལྡན་མདའ་ཡི་སྲོག་ཤིང་སོགས། །མི་དགོས་སྨྲ་བའི་གྲལ་ཁྱུར་མ་ཚུད་པར། །དཀའ་གནད་བཅུ་དྲུག་ཆ་ཤས་གང་བའི་བཟླ། །བློ་གྲོས་ཤར་གྱི་རི་དབང་རྩེ་ནས་ཐོན། །དགེ་དཔེ་རྨོངས་པའི་སྨག་རུམ་ཀུན་སངས་ནས། །རྒྱ་བལ་བོད་ཀྱི་རིགས་འཛིན་དགོངས་པའི་གཟུགས། །མ་འདྲེས་སོ་སོར་ལྟ་བའི་ཆོས་ཀྱི་སྤྱན། །(༦ན)


GLG023_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིང་མིན་ཐོབ་སྟེ་གཞན་དོན་བྱེད་པར་ཤོག །ཅེས་པའང་མེ་འབྲུག་ལྕགས་སྡིག་སོར་བཞག་གི་མཆོད་རྟེན་བཅས་ཆོག་བཞེང་སྐབས་ཟ་ཧོར་གྱི་བནྡེས་རེག་ཟིག་ཏུ་བཀོད་པའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་བསྟན་འཛིན་ནོ།། །།


previousཐོད་སྐུ་ལ་བརྟེན་ནས་ཚེ་བདག་ནག་པོ་བསྙེན་པའི་རེག་ཟིག་མཁའ་འགྲོའི་ཁ་རླངས།next