Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
ཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར།next

ཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར།


GLG023_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བཞུགས་སོ། །


GLG023_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫོ་རྒྷོ་ཥ་ཤི་བ་ཀྲོ་ཏཱ་ཡ། ལྔ་ལྡན་ཟུར་ཕུད་འཆང་བ་འཇམ་པའི་དབྱངས། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་ཚེ་བདག་གར། །རབ་བསྒྱུར་འཁོར་མེད་དྲིན་ཅན་ཡོངས་འཛིན་ཚོགས། །སྙིང་གི་ཟེའུ་འབྲུར་སྤྱོན་ལ་བདག་བྱིན་རློབས། །གཙུག་ལག་དཔལ་དགེས་གཤེད་སྐོར་རྒྱུད་སྡེའི་དོན། །ལེགས་བཀྲལ་བཀའ་བབས་པདྨ་ཐོད་འཕྲེང་གིས། །བལ་པོའི་རྒྱལ་པོར་གཏད་དེ་གནུབས་ཆེན་གྱིས། །སྤུངས་པ་རི་བོའི་ངོས་སུ་རྒྱས་བཏབ་པ། །དུམ་པ་རྒྱ་ཡིས་སྤྱན་དྲངས་ཟབ་མོའི་གཏེར། །གནུབས་ཆུང་ཕྱག་མཚན་ལས་ཀྱི་རལ་གྲི་ཆེ། །དེང་དུས་རྗེ་བཙུན་རཏྣ་རྗེས་འབྲང་གིས། །རང་སྐྱོབ་གཞན་གསོད་གོ་མཚོན་གཅེས་པའི་ནོར། །དེ་ཕྱིར་སྨིན་བྱེད་རྣོན་པོ་ནང་གཅོད་ཀྱི། །དབང་ཆོག་ལག་མཐིལ་རྫས་བཞིན་གསལ་ནུས་པ། །པད་གནུབས་བརྒྱུད་པའི་ཕྱག་བཞེས་མི་ཉམས་སླད། །ཡི་གེར་འབྲི་ན་གཏེར་སྲུང་གནང་བ་སྩོལ། །དེ་ལ་འདིར་གཤིན་རྗེ་གཟའ་གདོང་དམར་ནག་མེའི་སྤུ་གྲིའི་དབང་གི་རིམ་པ་པདྨས་མིང་བཏགས་རྗེ་བཙུན་དབུ་རུ་སྨྱོན་པ་ལ་ཡི་དམ་གྱི་ལྷས་དངོས་སུ་གནང་བའི་དབང་མཆོད་རྟེན་གྱི་དཀྱིལ་(༢ན)


GLG023_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་བརྟེན་པའི་དབང་རྒྱས་པ་ཡོད་པ་རྗེ་ཉིད་ཀྱིས་མཛད་པའི་ཡིག་ཆ་ཤིན་ཏུ་ཁ་གསལ་བར་སྣང་ལ། གཏེར་སྟོན་རྒྱ་ཞང་ཁྲོམ་གྱི་ཞལ་གདམས་ཆོས་རྒྱལ་རིན་ཅེན་ཕུན་ཚོགས་ཀྱི་བར་དུ་སྙན་བརྒྱུད་དུ་བཞུགས་པའི་རྣོན་པོ་ནང་གཅོད་སྡེ་པ་སྣང་རྩེ་ནས་ཀྱིས་མཛད་པ་དེར་སྙིང་པོ་ནང་བཅུད་གསུང་བ་མིང་ཡང་མ་དགོངས་འདུག་པས་དོན་ལ་རེ་བ་མེད་པས་ནང་ཆ་ཕྱིར་བསྟན་ནོ། །ཀྱི་དབང་འདི་ལ་རྗེ་བཙུན་རཏྣའི་ཞབས་ཀྱི་རེག་ཟིག་ཉུང་ངུ་ཞིག་མ་གཏོགས་ཡིག་ཆ་ཁུངས་བཙུན་པ་གཞན་མི་སྣང་བས་བསྟན་པའི་རྒྱུན་ལ་ཕན་ཕྱིར་གོ་བདེ་བར་བཀོད་པ་ལ། གནས་ཁང་བྱི་དོར་བྱས་སློབ་དཔོན་གྱི་གཡས་སུ་སྟེགས་ཀྱི་ཁར་རྟེན་ཁེབས་སོགས་བཀོད་པས་མཛེས་པ་བྱས་པར་འབྲུ་སྣ་དར་བཏགས་མན་ངག་ལས་བྱུང་བའི་རྫས་རྣམས་འཚོགས་པར་བྱས་པ་ཁྲག་ཆང་གིས་སྦྲུས་པའི་གཏོར་མ་གཙོ་འཁོར་ལྔ་པ་བྲ་གཟུགས། ཁྲམ་རིས། འཁོར་ལོ། ཨོང་སྐྱུ། མེ་རི། ཤ་སྣང་རྩེ་ནས་ཀྱིས་ཐོག་མདེའུའི་གཟུགས་ཀྱི་དཀར་རྒྱན་ཤ་ཁྲག་གིས་བརྒྱན་པ་གསུང་བ་གསར་རྙིང་ཀུན་ལ་མ་གྲགས་པའི་ཁྱད་ཆོས་ཤིག་ཡིན་པ་འདྲ། ཁྲག་གིས་བརྒྱན་པར་སོ་སོའི་ལྷ་རྟེན་ཙཀ་ལི་གཏོར་གདུགས་སོགས་ཞིབ་ཆ་མཐའ་དག་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་མངོན་པར་འདུ་བྱས་པ་མཉྫིའི་སྟེང་དུ་བཀོད། (༢བ)


GLG023_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཆུ་གཉིས་སྔོན་སྣང་རྩེ་ནས་ཀྱིས་ཕྱི་ནང་གསང་མཆོད་སྨན་རཀ་གཏོར་གསུམ་ཞེས་སྨན་རཀ་གཏོར་གསུམ་ནང་མཆོད་ཀྱི་གྲལ་ནས་བཏོན་འདུག་པ་ཁྲག་གི་ཨརྒྷཾ་སོགས་ལ་འཁྲུལ་བར་སྣང་ཡང་ཕྱི་མཆོད་ལ་ཕྱི་མཆོད་ཀྱི་ཕྱི་མཆོད། ཕྱི་མཆོད་ཀྱི་ནང་མཆོད། ཕྱི་མཆོད་ཀྱི་གསང་མཆོད །དེ་བཞིན་དུ་ནང་གསང་གཉིས་ལ་ཡང་མུ་གསུམ་དུ་དབྱེར་ཡོད་པ་ནང་གསེས་ཀྱི་རྣམ་གཞག་ཡིན་པ་མ་དགོངས་པའི་ཤེས་བྱ་མཐའ་བཀག་པ་འདི་འདྲ་རྙིང་མ་བྱིངས་དང་མ་མཐུན་ཀྱང་ཉིད་ཀྱི་གཏེར་གསར་ན་ཡོད་ཤས་ཆེ། དབང་གཏོར་གྱི་སྨད་ཤ་ཁྲག་གི་རྒྱ་མཚོར་བསྐྱེད་གསུང་བ་དེ་ག་འབུལ་བའི་ཐུགས་རྩེ་གཏད་བཞིན་དུ་གཏོར་མ་ཟུར་པ་བཟོས་པར་དགོས་པ་ལྷག་པོ་མེད་ཅིང་གཉེར་ཚང་གི་བུ་ལོན་ལ་གནོད་པ་འདུག་གོ །དུ་འགྲོ་བའི་ཕྱི་ནང་གི་ཉེར་སྤྱོད། སྨན་རཀ །གཏེར་སྲུང་དང་གཞི་བགེགས་ཀྱི་གཏོར་མ། ལས་བུམ་རྫས་ལྡན་ཁ་རྒྱན་དང་བཅས་པ། ཡུངས་ཐུན། གུ་གུལ། རོལ་མོ། ཚོགས་ཆས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་འཚོགས་པར་བྱ། ལས་བྱང་གཞུང་བསྲང་རེག་ཟིག་ན་བདག་མདུན་གཉིས་སོ་སོར་བསྒོམ་པར་གསུང་བ་མི་རུང་བ་མ་ཡིན་ཀྱང་གཞུང་གྱེར་ཐེངས་གཅིག་པུ་དེ་ཀས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་བདག་མདུན་གྱི་ལྷ་ཞལ་སྤྲོད་དུ་བསྒོམ་པ་འཇུག་པ་བདེ་ཞིང་སྲུང་བཟློག་གི་སྐབས་ཀྱང་འདི་ཀ་མཛད། བ་སྦས་ལྷ་གཉིས་ཀྱི་མངོན་རྟོགས་ཀྱི་མཐར་རྦད་ཡ་བཟློག་ཡ་ཞེས་པའི་སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར་ཞེས་པའི་བར་བཏང་རྗེས་ལས་བུམ་གྱི་ནང་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཡ་མཐིང་ནག་ལས་སྐྱེས་པའི་ལས་ཀྱི་གཤིན་རྗེ་དམར་ནག་ཞལ་གཅིག་ཕྱག་གཉིས་པ། རལ་པ་ཁམ་ནག་ཟུར་གསུམ་གྱེན་དུ་འཕྱོ་བ་སྤྱན་གསུམ་དམར་ཞིང་འཁྲུག་པ། སྨིན་མ་དང་སྨ་ར་ཨག་ཚོམ་རྣམས་མེ་ལྟར་འབར་བ། མཆེ་བ་གཙིགས་ཤིང་ལྗགས་འགྱུར་ཧཱུཾ་གི་སྒྲ་སྒྲོག་པ། སྦོམ་ཐུང་གསུས་པ་འཕྱང་ཞིང་མི་སྡུག་པ། རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང་། སྐུ་སྟོད་ལ་(༣ན)


GLG023_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྤགས་ཀྱི་གཡང་གཞི་དང་སྐུ་སྨད་སྟག་གི་ཤམ་ཐབས་གྲོལ་བ། །གཡས་བེ་ཅོན་རྡེག་པའི་ཚུལ་དང་གཡོན་ཐུགས་ཀར་སྡིགས་མཛུབ་དགྲ་བགེགས་ཀྱི་དོན་སྙིང་འདྲད་པའི་ཚུལ་གྱིས་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བསྐལ་པ་དུས་མཐའི་མེ་འབར་བའི་ཀློང་ན་བཞུགས་པར་བསམ། ཞེས་པའི་བར་དབང་ཆོག་བདུད་དཔུང་ཟིལ་གནོན་ལྟར་དང་། དེ་ནས་སླར་ཡང་ཡབ་ཡུམ་ཐུགས་ཀའི་ཧཱུཾ་བྷྱོ་ལས། །ཞེས་པ་ནས་བཟུང་སྟེ་བསྒྲུབས་ན་ལང་ཚོ་དང་མཉམ། ཞེས་དག་པ་དྲན་པའི་བར་གྱི་རྗེས་སུ་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་མཐིང་ནག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། འགྲོ་བའི་དོན་བྱས་སླར་འདུས་སྔགས་འཕྲེང་ལ་ཐིམ་པར་བསམ་རྗེས་སུ། ཁམས་གསུམ་མ་ལུས་གཞལ་ཡས་ཆེན་པོར་ལྟ་ཞེས་སོགས་གདེངས་གསུམ་དང་ལྡན་པའི་སྒོ་ནས་རྩ་བའི་བསྙེན་སྔགས་རྣམས་འགྲུབ་ཚད་བཟླ། ལས་བུམ་ལ་དམིགས་ཏེ། ཨཱོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། ཅེས་པ་ཇི་ལྟར་རིགས་པ་དང་། ཇི་སྲིད་དབང་གི་བྱ་བ་མ་རྫོགས་ཀྱི་བར་དུ་བགེགས་རྣམས་བསྲུང་ཞིང་བཟློག་པར་མཛད་དུ་གསོལ། ཞེས་མེ་ཏོག་དོར། གཏེར་སྲུང་མཆོད། ཚོགས་མཆོད་དབུལ། ཏིང་ངེ་འཛིན་གྱི་སྒོ་ནས་བདག་ཉིད་ཀྱིས་དབང་བླང་། སློབ་མ་རྣམས་ཁྲུས་ནས་དབྱུང་། གྲལ་ལ་འཁོད། དཀར་གཏོར་དང་དམར་གཏོར་བཤམས་ནས་བགེགས་སྐྲོད་དང་བསྲུང་འཁོར་དཀྱུས་བཞིན་གཏོང་། མཎྜལ་འབུལ། སྤྱི་དང་བྱེ་བྲག་གི་ཆོས་བཤད། ཁྱད་པར་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པའི་ཕྱིར་སྔོན་བྱུང་རྫོགས་ལྡན་གྱི་བསྐལ་པར་ལྷའི་སྲིད་པ་ཀ་རུ་ཞེས་(༣བ)


GLG023_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔགས་ཀྱི་ལམ་དུ་ཞུགས་པ་ལྟ་སྤྱོད་ལོག་སྟེ་ལྷོ་ཕྱོགས་རིམ་པ་མདུན་གྱི་འོག་ལྕགས་མཁར་གླིང་དགུའི་བདག་པོ་འཆི་བདག་ནག་པོ་མ་རུངས་པར་སྐྱེས་ཤིང་འགྲོ་བ་རྣམས་འཕུང་བར་བྱེད་པ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ཏེ་འཕགས་པ་འཇམ་པའི་དབྱངས་ཁྲོ་རྒྱལ་གཤིན་རྗེའི་གཤེད་ཀྱི་སྐུར་བཞེངས་ནས་བཏུལ་ཞིང་དྲེགས་པའི་ཚོགས་རྣམས་འབངས་དང་བྲན་དུ་བཀོལ་ཅིང་བསྟན་པའི་སྲུང་མར་བསྐོས། དེ་ནས་ལྷོ་ཕྱོགས་གཤིན་རྗེའི་གནས་གཏུམ་དྲག་གི་ཚལ་ཞེས་བྱ་བ་ཕྱི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ནང་རྡོ་རྗེ་བཙུན་མོའི་མཁའ་ཀློང་རྣམ་པར་དག་པ་འོག་མིན་གྱི་གནས་སུ་འཇམ་དཔལ་ཀུན་ཏུ་བཟང་པོས་གཤིན་རྗེའི་གཤེད་ཀྱི་རྩ་བའི་རྒྱུད། བཤད་པའི་རྒྱུད། ཐུན་མོང་དང་ཐུན་མོང་མ་ཡིན་པ་མན་ངག་གི་རྒྱུད། ཆ་མཐུན་གྱི་རྒྱུད། འཕྲོས་པའི་རྒྱུད། སྤྱི་རྒྱུད་དང་། སྒོས་རྒྱུད་ལ་སོགས་པ་རྒྱ་ཆེར་བཀའ་སྩལ་པ་རྡོ་རྗེ་རྣོན་པོ་དང་། ལག་ན་རྡོ་རྗེ་སོགས་ཀྱིས་བསྡུས་ཏེ་བཻ་ཌཱུཪྻའི་གླེགས་བམ་དུ་བྱས་ནས་ཨྱོན་གྱི་ཡུལ་དུ་དཔལ་རང་བྱུང་གི་མཆོད་རྟེན་ཆེན་པོར་རྒྱས་བཏབ་པ་སློབ་དཔོན་དགའ་རབ་རྡོ་རྗེས་མ་མོ་མཁའ་འགྲོ་རྣམས་དམ་ལ་བཏགས་ཏེ་མཆོད་རྟེན་ནས་བྱུང་བ་ཨྱོན་གསང་ཡིག་ཏུ་བྲིས་ཏེ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ནས་གསང་མཚན་རྡོ་རྗེ་གཞོན་ནུ་རྩལ་ཞེས་པར་གཏད། ལུགས་གཅིག་ལ་འོག་མིན་ནས་ལྷའི་བུ་ཚངས་པ། ཉི་མ། བདེ་བ་མཆོག་ལྡན་རྣམས་ལས་རིམ་པར་བརྒྱུད་དེ་མཁའ་འགྲོ་མ་ཟླ་བའི་འོད་ཟེར་གྱིས་སིངྒ་ལའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་བཀའ་བབས་ཀྱི་ཚུལ་དུ་གཏད། དེ་ནས་སངས་རྒྱས་གཉིས་པ་པདྨ་ཐོད་འཕྲེང་། སློབ་དཔོན་ཤནྟིཾ་གརྦྷ། ཡེ་ཤེས་སྙིང་པོ། ཁ་གརྦྷ། གཙུག་(༤ན)


GLG023_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དཔལ་དགེ །དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར་སོགས་སློབ་དཔོན་འདི་དག་ལ་གཤིན་རྗེའི་རྒྱུད་མན་ངག་གི་བཀའ་བབས་ཚུལ་ནི་གོ་རིམ་མི་མཐུན་པ་སྣ་ཚོགས་ཡོད་པ་མཐའ་གཅིག་པར་ངེས་བཟུང་དུ་གཏན་ཚིགས་ཀྱིས་བསྒྲུབ་མི་ནུས་ཤིང་སློབ་དཔོན་སོ་སོས་རྒྱུད་མན་ངག་ལ་བརྟེན་ནས་ཁ་ཐུན། ཚེ་བདག །ཁྲོ་འདུས། འཇོམས་བྱེད། ཁྲོ་ཆུ་སོགས་སྒྲུབ་ཐབས་ཀྱི་རིམ་པ་མཐའ་ཀླས་པ་མཛད་ཅིང་བྱེ་བྲག་གཤིན་རྗེ་གཟའ་གདོང་དམར་ནག་གི་སྐོར་འདི་འཇམ་དཔལ་བཤེས་གཉེན་ནས་རིམ་པ་བཞིན་འཕུང་བྱེད་ཤིནྟཾ་གརྦྷ། དེས་སློབ་དཔོན་ཁྲག་འཐུང་ནག་པོའམ་གསང་མཚན་རྡོ་རྗེ་མྱུ་གུ་གཏེར་ལ་གཏད་པ་བཀའ་མ་དང་ཟླ་གསང་འཇམ་དཔལ་ཐུགས་ཀྱི་རྒྱུད་རྩ་བ་ཆེན་པོ་ནི་ཚངས་པ་ཀླུ་གནད་ཀྱི་བསེའི་ཀ་བ་ནས་སློབ་དཔོན་ཛྙཱ་ན་གརྦྷས་གཏེར་ནས་བཏོན་ཏེ་སིནྡུ་ནགས་ཚལ་དུ་སློབ་དཔོན་ཨ་ཀཱ་ཤ་གརྦྷ་ལ་གཏད། དེས་ཁྲག་འཐུང་ནག་པོ་ལ་གཏད་དེ་བཀའ་གཏེར་ཟུང་དུ་འཇུག་པ་སློབ་དཔོན་གཙུག་ལག་དཔལ་དགེ་ལ་བབས། སློབ་དཔོན་འདིས་རྒྱུད་མན་ངག་རྣམས་ཀྱི་ནང་ནས་ཕྱུང་བ་ཤིན་ཏུ་ཟབ་པ་སྐོར་གསུམ་མཆན་བཞི་གནད་གསུམ་དུ་གྲགས་པར་ཡང་བཟློག་མེའི་སྤུ་གྲིར་བཏགས་ནས་སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་རྩལ་ལ་གནང་། དེས་བལ་བོའི་སློབ་དཔོན་བྷ་སུ་དྷ་ར་ཞེས་གསང་མཚན་རྡོ་རྗེ་ཐོག་འབེབས་རྩལ་དུ་གྲགས་པ་ལ་གཏད། དེའི་དྲུང་དུ་དྲག་སྔགས་ཀྱི་བདག་པོ་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་ལན་བདུན་བྱོན་པའི་ཕྱི་མའི་ཚེ་བཀའ་རྒྱས་བཏབ་སྟེ་གནང་བ་ཆུ་དར་སྔོན་པོ་ལ་དངུལ་གྱི་ཡི་གེར་བྲིས་ཏེ་ཤེལ་གྱི་པར་བུར་སྩལ་པ་མཆོང་སྒྲོམ་སྨུག་པོར་བཅུག་ནས་ཕུང་པོ་རི་བོ་ཆེ་དང་ལྷོ་(༤བ)


GLG023_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་མཁོ་མཐིང་ལྷ་ཁང་གཉིས་སུ་གཏེར་དུ་སྦས། ཕུང་པོ་རི་བོ་ཆེ་ནས་གནུབས་ཆེན་གྱི་སྐྱེ་བ་སྤྲུལ་པའི་གཏེར་སྟོན་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས་ནས་ལྷ་རྗེ་གནུབས་ཆུང་རྒྱ་དང་གནུབས་ཆུང་གི་བར་དུ་བླ་མ་གཉིས་ཙམ་ཞིག་སྣང་སོག་གོང་གསུམ་གྱི་བརྒྱུད་ཡིག་ཏུ་འདུག་པ་སྣང་རྩེ་ནས་ཀྱིས་འདི་སྐོར་འབྲི་གུང་དུ་གསན་པས་དེའི་བརྒྱུད་པར་ནི་ཡོང་དོན་མི་འདུག་ཁོ་རང་རྣམས་ཀྱི་རྨི་ལམ་དུ་བྱུང་བ་ནི་མིན་ལ་ཆེ། ལར་ཟག་ཟོག་གི་རིགས་འདི་ལ་རྒྱས་བསྡུས་མ་མཛད་ན་རྫུན་གྲོག་པོ་ཕུ་རྡུགས་ད་རྡོལ་གཉེན་གདའོ། །པ་གསང་མཚན་རྡོ་རྗེ་གཏེར་བཞད་རྩལ་ལ་གནང་། གནུབས་ཆུང་པས་ལྷོ་བྲག་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་གཏེར་ཁ་གསར་རྙིང་ཞུས་དག་ཕེར་བ་བྱུང་། རྗེ་བཙུན་མི་ལས་མངོན་སྤྱོད་ཀྱི་གྲགས་པ་ཐོན་པའང་གཤིན་རྗེ་གཟའ་གདོང་དམར་ནག་འདི་ཉིད་ཡིན་པར་གྲགས་ཤིང་མཚུར་སྟོན་རིན་ཅེན་རྡོ་རྗེས་སྤོང་ཞོན་སྟོན་ལ་མཐུ་བྱས་པའི་ཚེ། དེའི་བཟློག་པའི་རིམ་གྲོ་པ་རོལ་པོ་མེས་སྟོན་གྱིས་བྱས་པར་བརྟེན་མཐུ་ལོག་སྟེ་ཆོ་འཕྲུལ་ཆེན་པོ་བྱུང་བ་ན་མཚུར་སྟོན་གྱིས་ཁ་རག་ལྷ་མོ་དབང་ཕྱུག་རྡོ་རྗེའི་དྲུང་དུ་རྒྱུ་མཚན་རྣམས་ཞུས་པས་རོལ་པོ་མེས་སྟོན་ལས་བཟློག་པ་མཁས་པ་གཙང་གི་རྒྱལ་ཁམས་ན་མེད། ངེད་ཀྱི་བཟློག་པ་ཡང་ཞུན་གྱི་རིགས་དང་ཁྱོད་རང་ལ་ཕྱག་ཆ་ཨུར་མོ་འདུག་པ་རྣམས་ཀྱི་མི་འོང་བས་གཙང་རོང་དུ་ལྷ་རྗེ་གནུབས་ཆུང་པར་ཞུས་ཤིག་པའི་ལུང་བསྟན་པ་ལྟར་སྣམ་བུ་ཚོས་མ་བདུན་ཁྱེར་ནས་ཞུས་པར་གདམས་པ་མ་ཆད་པ་ཞིག་གནང་བས་རང་ཡུལ་དུ་ལོག་སྟེ་བསྒྲུབས་ཀྱང་ཆོ་འཕྲུལ་ཆེར་སོང་། སླར་ཁུ་ལུང་དུ་བྱོན་ནས་རྟ་ཕོ་ངང་ཞུར་ཞིག་དང་གསེར་སྲང་དུ་མ་ཕུལ་ཏེ་ཞུས་པས་གདམས་པ་ཆད་ལྷག་མེད་པའི་དབུ་དབྱུང་དང་བཅས་རྫོགས་པར་གནང་(༥ན)


GLG023_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཐུགས་ཚིམ་ནས་སྲས་འཇམ་དཔལ་ལོ་བཅོ་བརྒྱད་པ་དང་མཚུར་སྟོན་དབང་དེ་ལོ་བཅོ་ལྔ་འགྲོ་བ་གཉིས་དང་ལྷན་དུ་སྲུང་བཟློག་བསད་མནན་གྱི་སྔགས་རྒྱུན་བཙུགས་པས་ཚུར་བཟློག་མཁན་པོ་རོལ་པོ་མེས་སྟོན་དཔོན་གཡོག་བཞི་ཁྲག་སྐྱུགས་ཏེ་ཤི །དེ་རྗེས་སྤོང་ཞོན་སྟོན་ཕོ་མོ་དྲུག་ཅུ་རྩ་གཅིག་ཟླ་བ་དགུའི་ཁོངས་སུ་འཇིག་རྟེན་ཕ་རོལ་གྱི་ལྟད་མོར་སོང་། མཚུར་སྟོན་རིན་ཅེན་རྡོ་རྗེ་ལ་སྐུ་ཞང་དཔལ་ལྡན་གྱིས་གསན། དེ་ནས་རིམ་བཞིན་བླ་མ་ཚུལ་ཁྲིམས་རིན་ཆེན། སྔགས་འཆང་བྱང་ཆུབ་མགོན་པོ། མཁས་གྲུབ་ནམ་མཁའི་མཚན་ཅན། དེས་རིགས་འཛིན་ཚུལ་ཁྲིམས་ཞབས། རྒྱ་སྟོན་དབོན་པོ་ནམ་མཁའ་རིགས་འཛིན་གསང་བ། འདིའི་ཞལ་ངོར་རྭ་བའི་བླ་མ་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་སོགས་མཁས་གྲུབ་མང་དུ་བྱུང་ཞིང་ཕྱི་མ་འགའ་ཞིག་ཚེ་བདག་ལ་ཤིན་ཏུ་མཁས་པས་ཡང་བཟློག་གི་ལྷན་ཐབས་ཀྱི་ཡིག་ཆ་མང་དུ་མཛད། དེ་ལ་ལྷ་སྲས་རྒྱལ་པོའི་རྣམ་སྤྲུལ་ཆོས་རྒྱལ་འབྲི་གུང་པ་རིན་ཅེན་ཕུན་ཚོགས་ཀྱིས་གསན་ཅིང་ཐུགས་ཉམས་སུ་བསྟར་བས་ཡི་དམ་ལྷས་ཞལ་གཟིགས་ཤིང་གཞིས་ཀ་རིན་སྤུངས་པ་སོགས་བསྒྲལ་བའི་ཞིང་དུ་མར་རྟགས་མཚན་དངོས་སུ་བསྟན་པ་སོགས་འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ། དེས་རྒྱལ་སྲས་ལྷ་རྗེའི་ཡང་སྲིད་རིགས་ཀྱི་སྲས་ཆོས་རྒྱལ་ཕུན་ཚོགས་ལ་གནང་། དེས་ནཱ་རོ་པའི་རྣམ་སྤྲུལ་སྲས་བཀྲ་ཤིས་ཕུན་ཚོགས་ལ་སྩལ། དེས་རིགས་འཛིན་གནམ་ལྕགས་མེ་འབར་གྱི་སྤྲུལ་པའི་སྐུ་གཅུང་རིགས་འཛིན་ཆོས་ཀྱི་གྲགས་པ་ལ་གནང་། ཡབ་སྲས་འདི་གསུམ་གས་ཀྱང་ཡི་དམ་གྱི་ལྷ་ཞལ་གཟིགས་ཤིང་མངོན་སྤྱོད་ལ་རྟགས་ཐོན་པ་ཤ་སྟག་ཡིན། དམ་པ་འདི་ཉིད་ལ་བདག་ཅག་གི་རྣམ་(༥བ)


GLG023_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པའི་ཟློས་གར་ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱིས་རྣོན་པོ་ནང་གཅོད་ཀྱི་དབང་གསན། ཡིག་རྙིང་གི་ལུང་དང་ཕྱག་ལེན་ནི་རྗེ་རིན་ཅེན་ཕུན་ཚོགས་ནས་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིགས་འཛིན་ཀུན་དགའ་ཚེ་མཆོག །ངག་དབང་ཡེ་ཤེས་གྲུབ་པ། ཟུར་ཀུན་མཁྱེན་ཆེན་པོ། ཡང་ཕྱག་ལེན་གནད་འགག་རྣམས་དུ་མ་རང་གྲོལ་ནས་ཡབ་ཟུར་ཆེན་གཞོན་ནུ་དོན་གྲུབ་ལ་གསན་པ་ཐམས་ཅད་བདག་ལ་བཀའ་དྲིན་དུ་སྩལ་ཞིང་ཕྱག་ལེན་ཤིན་ཏུ་ཞིབ་པ་ནི་དབུར་སྨྱོན་ཆོས་ཀྱི་གྲགས་པ་ཉིད་ལས་དངོས་སུ་ཐོས། དཀྱིལ་འཁོར་ལ་བརྟེན་པའི་དབང་དང་རྣོན་པོ་ནང་གཅོད། ལུང་ཡོངས་སུ་རྫོགས་པ་ནི་དབུར་སྨྱོན་དཀོན་ཅོག་ཕུན་ཚོགས་ནས་སྔགས་འཆང་དཀོན་ཅོག་ལྷུན་གྲུབ་སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པ། དེས་བདག་ལ་གནང་ཞིང་གཞན་ཡང་བཀའ་གཏེར་གྱི་བརྒྱུད་པ་མཐའ་ཀླས་ཡོད་པ་ཐམས་ཅད་ཆུ་བོ་གཅིག་ཏུ་འདྲེས་པའི་རྒྱུན་མ་ཉམས་པས་རྒྱལ་བ་དགོངས་པའི་བརྒྱུད་པ། རིགས་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། སྨོན་ལམ་དབང་བསྐུར་བརྒྱུད་པ། བཀའ་བབས་ལུང་བསྟན་བརྒྱུད་པ། ལས་འཕྲོ་གཏེར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སྟེ་བདུན་ལྡན་བརྒྱུད་པའི་བཀའ་མ་ཉམས་པ། མ་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། ཕྱག་ལེན་མཐོང་བརྒྱུད་ཀྱི་དམར་འཁྲིད་མ་ཆད་པ། དམ་ཉམས་འདྲེས་ཁྱེར་གྱི་བསླད་ས་ལ་མ་ཞུགས་པ། སྟེང་ན་བསྲུང་བ་རྡོ་རྗེའི་གུར་ཁང་མ་ཞིག་པ། བར་ན་བཟློག་བསད་རླུང་ཟོར་གྱི་དབལ་ངར་མ་ཆག་པ། འོག་ཏུ་མནན་གཏད་སྡེབས་ཧོམ་གྱི་ཚ་ངར་མ་ཉམས་(༦ན)


GLG023_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པ། དཀར་པོ་ཆོས་བསྒྲུབ་པ་ལ་མེད་དུ་མི་རུང་བ་ནག་པོ་མཐུའི་ལྕགས་རི་གཤིན་རྗེ་གཟའ་གདོང་དམར་ནག་གི་བྱིན་རླབས་རྣོན་པོ་ནང་གཅོད་ཀྱི་དབང་འབུལ་བར་བྱེད་པ་ལ། ཐོག་མར་མདུན་གྱི་ནམ་མཁའི་གནས་སུ་རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་སེམས་བསྐྱེད་དང་རིག་པ་འཛིན་པའི་སྡོམ་པ་གཟུང་བའི་སླད་དུ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་གྱིས་བསམ་ཡས་དབུ་རྩེ་ནས་གདན་དྲངས་པའི་འཇམ་དཔལ་དོན་གྱི་གསང་ཏིག་ལས། ན་མོ། བླ་མ་འཇམ་དཔལ་ཚེ་ཡི་བདག །དུས་འདི་ནས་བཟུང་ཡེ་ཤེས་སེམས་དཔའི་སྐུ་མ་ཐོབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི་འཁོར་བའི་སྡུག་བསྔལ་ཐམས་ཅད་སྒྲོལ་བར་ཤོག །ཅེས་ལན་གསུམ་དང་། འཇམ་པའི་རྡོ་རྗེ་ལ་སོགས་པ། །སྲས་བཅས་རྒྱལ་བ་འཁོར་དང་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་འགྲོ་བའི་དོན་གྱི་ཕྱིར། །དུས་གསུམ་མགོན་པོ་གང་མཛད་པའི། །དོན་དེ་བདག་གིས་བཟུང་བར་བགྱི། །དྲི་མ་བྲལ་བའི་ཚུལ་ཁྲིམས་དང་། །ཆོས་རྣམས་ཡོངས་སྡུད་དགེ་བ་དང་། །སེམས་ཅན་དོན་བྱེད་རྣམ་པ་གསུམ། །བདག་གིས་ཡོངས་སུ་བཟུང་བར་བགྱི། །མ་རྒལ་བ་རྣམས་བདག་གིས་བསྒྲལ། །དེ་བཞིན་མ་དགྲོལ་བ་རྣམས་གྲོལ། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང་། །ཐམས་ཅད་མྱ་ངན་འདས་ལ་འགོད། །འཇམ་དཔལ་སྐུ་ཡི་དམ་ཚིག་ཏུ། །དཀོན་མཆོག་གསུམ་བཟུང་མི་གཏང་ངོ་། །འཇམ་དཔལ་གསུང་གི་དམ་ཚིག་ཏུ། །ཐེག་པ་གསུམ་པོ་མ་ཉམས་བཟུང་། །འཇམ་དཔལ་ཐུགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བཟུང་། །འཇམ་དཔལ་ཡོན་ཏན་དམ་ཚིག་ཏུ། །དུས་དྲུག་སྦྱིན་པ་རྣམ་བཞི་སྦྱིན། །འཇམ་དཔལ་འཕྲིན་ལས་དམ་ཚིག་ཏུ། །ཕྱི་ནང་གསང་བའི་མཆོད་པ་བྱ། །འཇམ་དཔལ་ཐམས་ཅད་འདུས་པ་ཡི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །སྡོམ་(༦བ)


GLG023_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་དང་ཡང་དག་ལྡན། །རྒྱུད་ཀུན་ཡོངས་སུ་བཟུང་བར་བགྱི། །ཞེས་ལན་གསུམ་བརྗོད། རྗེ་རཏྣའི་རེག་ཟིག་ཏུ་གུར་ལས་བྱུང་བའི་རྒྱུན་བཤགས་དང་ཕྱི་འགྱུར་ལ་གྲགས་པའི་སྡོམ་བཟུང་ལ་ཞལ་འཕངས་ཤིང་གནུབས་ཡེ་ཤེས་རྒྱ་མཚོས་ཟིལ་གནོན་གྱི་དཀྱིལ་འཁོར་གྱི་ཆོ་གར་ཡང་སྡོམ་བཟུང་དེ་དང་ཆ་མཚུངས་སྣང་བས་གང་བདེ་བྱས་པས་ཁྱབ་ལ། གསར་མ་དང་ཕྱོགས་མཐུན་པ་ཡང་ཕུར་སོགས་རྙིང་མ་བཀའ་མ་མང་པོར་ཡོད་པས་ཕྱོགས་རེའི་མིག་ཅན་གྱི་སྦུགས་འཐུམ་བྱ་མི་དགོས། གསོལ་བ་གདབ་པ་ནི། གསང་ཏིག་ལས། ཨེ། མཐིང་ནག་ཨེ་ལས་དྲག་པོའི་གཞལ་ཡས་སུ། །གཤིན་རྗེ་ཆུ་གླང་བརྫིས་པའི་གདན་སྟེང་དུ། །འཇམ་དཔལ་ཡ་མཱནྟ་ཀ་གཤིན་རྗེའི་གཤེད། །གཤེད་པོ་ཁྲོ་བོ་དྲེགས་པའི་འཁོར་གྱིས་བསྐོར། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་བརྗོད། རེག་ཟིག་ཏུ་རྡོ་རྗེ་འཛིན་པ་སོགས་འདུག་པ་མི་འཐད་པ་མ་ཡིན་ནའང་ཁ་འགེང་དགོས་པ་རྣམས་རྗེ་དབུར་སྨྱོན་གསང་ཏིག་ནས་བླངས་པ་ལེགས་པའི་ཕྱོགས་སུ་བཞེད། དེ་ནས་བླ་མ་དང་གཏོར་མ་འཇམ་དཔལ་གཤིན་རྗེའི་གཤེད་གཙོ་འཁོར་ལྔའི་རྣམ་པ་ཅན་བདག་མདུན་གྱི་ཚུལ་དུ་བཞུགས་པར་བརྡ་སྤྲད། ཡེ་ཤེས་དབབ་པའི་ཕྱིར་དུ་སློབ་མ་ལས་སྔགས་དང་ལས་བུམ་གྱི་ཆུས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སློབ་མ་འཇམ་སྣང་རྩེ་ནས་ཀྱིས་མངོན་རྟོགས་སྲུང་འཁོར་གཞུང་བཞིན་བསྐྱེད་གསུང་བ་བྱང་ཆེན་འདིའི་དཀྱིལ་འཁོར་ཡིན་(༧ན)


GLG023_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀའ་བརྒྱད་ཀྱི་དབང་ལྟ་བུ་ལ་ཡང་སློབ་མ་ཆེ་མཆོག་ཏུ་བསྐྱེད་པས་མི་ཆོག་པར་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་གྱིན་ཡོད་པ་ཡིན་ནམ། རྫ་བཅོག་མང་ན་ཇ་ཁང་གི་སྣོད་ལ་ལག་རྡུགས་འབྱུང་དོགས་དགོས་འདུག་གོ །དཔལ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་ཤེས་རབ་ཀྱི་རལ་གྲི་དཔུང་པའི་ཐད་སོར་འཛིན་ཅིང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་འཛིན་པ་འདབ་མ་སྙན་ཀྱི་ཐད་ཀར་ཁ་ཕྱེ་བ་རྒྱས་པའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀླུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེས་བརྒྱན་པ། ཞི་ཞིང་འཛུམ་པའི་མདངས་དང་ལྡན་ཞིང་། རལ་པའི་ཟུར་ཕུད་ལྔ་དང་ལྡན་པའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པའི་གནས་གསུམ་གྱི་ཡི་གེ་ལས་འཕྲོས་པའི་འོད་ཟེར་དང་བདག་མདུན་གྱི་ཐུགས་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་གྱིས་རང་བཞིན་དག་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་སྲས་འཁོར་དང་བཅས་པ་སྐུ་ཆེ་བ་རི་རབ་དང་ཆུང་བ་རྡུལ་ཕྲན་ཙམ་པ་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས་ཏེ། སློབ་མའི་ལུས་ལ་སྐུ། ངག་ལ་གསུང་། ཡིད་ལ་ཐུགས། མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པའི་དམིགས་པ་སྤྲད། གུ་གུལ་སོགས་རྫས་སྦྱར་བའི་དུད་པ་བཏང་ཞིང་རོལ་མོ་དབྱངས་དང་བཅས་པས་ལས་བྱང་རྡོ་རྗེའི་ཐོག་མདའ་ལས་བྱུང་བའི་བྱིན་འདེབས་ཀྱི་མཇུག་ཏུ་ཨཱོཾ་སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་གཟི་བྱིན་བསྐྱེད་དུ་གསོལ། །ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །སྐུ་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ། །ཨཱཿ(༧བ)


GLG023_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་ལ་ནུས་པ་སྤར་དུ་གསོལ། །ངག་གི་སྒྲིབ་པ་སྦྱང་དུ་གསོལ། །གསུང་གི་སྙིང་པོ་ལུང་གི་དངོས་གྲུབ་སྩོལ། །ཧཱུཾ་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །སེམས་ལ་རྟོགས་པ་སྤར་དུ་གསོལ། །སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཐུགས་སྐྱེ་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །ཞི་དྲག་གི་སྔགས་དང་རྩ་སྔགས་རྣམས་ཀྱི་མཐར་ཏིཥྛ་མ་ཧཱ་ཀྲོ་དྷ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཛྙཱ་ན་མཎྜ་ལ་ཨ་བ་ཤ་ཡ་ཨ་ཨཱཿ ཞེས་དབྱེར་མེད་དུ་བསྟིམ་ཞིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་སྟེ་བརྟན་པར་བྱ། བྱིན་ཕབ་པའི་རྐྱེན་གྱིས་རྒྱུ་འཇམ་དཔལ་འབྲས་བུ་གཤིན་རྗེའི་གཤེད་ཀྱི་སྐུར་གསལ་བར། དབང་དངོས་བསྐུར་བ་ལ། དང་པོ་སྐུའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ནི། གཏོར་མ་གཙོ་འཁོར་ལྔར་གསལ་སྣང་རྩེ་ནས་ཀྱིས་གཏོར་མ་ལྷར་བསྐྱེད་གསུང་བ་ལྟར་ན་དབང་བསྒྲུབ་ཀྱི་རིགས་མཛད་ཀྱིན་མེད་པ་འདྲ་དཔྱོད་ལྡན་རྣམས་ནི་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་ཟེར་བ་ཡིན། སྡེ་པ་སྐྱིད་ཤོད་པའི་དམག་དཔོན་མཛད་འཕྲོར་དབང་བསྐུར་ལ་བྱོན་པའི་སྐྱོན་དུ་འདུག །བའི་གཙོ་བོའི་དཔྲལ་བའི་ཨཱོཾ་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་ནང་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་དཔྲལ་བར་གཏུགས་ལ། ལས་བྱང་གི་བསྟོད་རིང་གི །ཨེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས། །གཤིན་རྗེ་མ་ཧེ་ཉི་ཟླ་པདྨའི་སྟེང་། །ཞེས་པ་ནས་བཟུང་སྟེ་དམིགས་པ་གང་ཡིན་དེ་ཉིད་ད་ལྟ་བརླག །ཁྲོ་རྒྱལ་གཤིན་རྗེའི་གཤེད་ཀྱི་དབང་བསྐུར་རོ། །འཁོར་གྱི་གཤིན་རྗེ་བྱེ་བའི་དབང་ཐོབ་ཤོག །གསང་ཏིག་ལས། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་སྐུ་དང་ལྡན། །(༨ན)


GLG023_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེ་ཨཱོཾ་ཡང་སྦྱིན། །ཨཱོཾ་ཨ་སྣང་རྩེ་ནས་ཀྱིས་དབང་བསྐུར་ཚིག་བསྟོད་རིང་ནས་ལེན་དགོས་པ་རྩད་མ་ཆོད་ཅིང་སྔགས་ཀྱང་ཨ་ཀྲོ་འབྲུ་བཅུ་གཅིག་པ་སྦྱར་བ་འབྲི་གུང་དུ་དབང་གསན་དུས་སྙན་བལ་དུག་གིས་བསྒགས་ཡོད་པ་འདྲ། འདི་འདྲའི་རྡོ་རྗེ་སློབ་དཔོ་གྱི་ཐུགས་ཁུར་སྣེའུ་སྡོང་རྩེར་རིན་ཅེན་རྒྱན་སྤྲོད་ལ་འབྱོན་པ་རང་བབས་སམ་སྙམ། ཀ་ཡ་མ་དུ་རུ་ཙཀྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱི༔ ཞེས་དབང་བསྐུར་བས། ལུས་ཀྱི་སྒྲིབ་པ་དག །བུམ་པའི་དབང་ཐོབ། ལུས་འཇམ་དཔལ་གཤིན་རྗེའི་སྐུ་བསྒྲུབ་པ་ལ་དབང་། སྐུའི་དམ་ཚིག་མ་ལུས་པ་བསྲུང་། ལུས་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངོ་སྤྲད། གཏོར་མ་མ་མོ་ཁྲག་མིག་མར་གསལ་བའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཁྱོད་རང་རྣམས་ཀྱི་མགྲིན་པར་ཐིམ། མགྲིན་པའི་ནང་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་མགྲིན་པར་གཏུགས་ལ། ཧཱུཾ། ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ནས་ནི། །གསོད་བྱེད་ཡུམ་ཆེན་མ་མོ་ཁྲག་མིག་མ། །ཞེས་པ་ནས་བཟུང་སྟེ་ཞབས་གཉིས་དོར་སྟབས་རབ་བགྲད་དགྲ་བགེགས་གནོན། །ཡུམ་མཆོག་ཨེ་ཀ་ཛཱ་ཏིའི་དབང་བསྐུར་རོ། །འཁོར་གྱི་མ་མོའི་དམག་ཚོགས་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུང་དང་ལྡན། །དེང་བདག་སངས་རྒྱས་གསུང་འཛིན་པ། །གསུང་གི་རྡོ་རྗེ་ཨཱཿཡང་སྦྱིན། །ཧྱ་ཀ་ཡ་མ་དུ་རུ་ཙཀྲ་ཝ་ཀ་ཨ་བྷི་ཥཱིཉྩ་ཧཱུཾ་ཧྲཱིཿ ཞེས་དབང་བསྐུར་བས། ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། ངག་འཇམ་དཔལ་གཤིན་རྗེའི་གསུང་བསྒྲུབ་པ་ལ་དབང་། གསུང་གི་དམ་ཚིག་མ་ལུས་པ་བསྲུང་། ངག་ལོངས་(༨བ)


GLG023_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངོ་སྤྲད། གཏོར་མ་སྲས་མཆོག་ཡ་མ་རཱ་ཙར་གསལ་བའི་ཐུགས་ཀའི་ཧཱུཾ་སྔོན་པོ་ལས་འོད་ཟེར་སྔོན་པོ་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། སྙིང་གི་ནང་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་སྙིང་གར་གཏུགས་ལ། ཧཱུཾ། གཡས་ན་སྲས་མཆོག་ཡ་མ་རཱ་ཙ་ནི། །ཞེས་པ་ནས་བཟུང་སྟེ་ཕྱག་གཡོན་དགྲ་བགེགས་རྣམས་ཀྱི་དོན་སྙིང་འདྲད། གསོད་བྱེད་ཡ་མ་རཱ་ཙའི་དབང་བསྐུར་རོ། །འཁོར་གྱི་ལས་མཁན་སྡེ་བརྒྱད་དབང་ཐོབ་ཤོག །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་ཐུགས་དང་ལྡན། །དེང་བདག་སངས་རྒྱས་ཐུགས་འཛིན་པ། །ཐུགས་ཀྱི་རྡོ་རྗེ་ཧཱུཾ་དུ་མཛོད། །གྷྲི་མ་ཡ་མ་དུ་རུ་ཙཀྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱིཿ ཞེས་དབང་བསྐུར་བས། ཡིད་ཀྱི་སྒྲིབ་པ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་འཇམ་དཔལ་གཤིན་རྗེའི་ཐུགས་བསྒྲུབ་པ་ལ་དབང་། ཐུགས་ཀྱི་དམ་ཚིག་མ་ལུས་པ་བསྲུང་། ཡིད་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་སོ། །ཞེས་ངོ་སྤྲད། གཏོར་མ་ཡབ་ཡུམ་སྲས་གསུམ་སྐུ་སྤྲུལ་འཆི་བདག་གསུང་སྤྲུལ་སྲོག་བདག་སྟེ་གཙོ་འཁོར་ལྔའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ། མགྲིན་པ། སྙིང་གའི་གནས་རྣམས་སུ་ཐིམ། ལུས་ཀྱི་ནད་ཐམས་ཅད་གང་བས་བྱིན་གྱིས་བརླབ་པར་བརྡ་སྤྲད། གཏོར་མ་ལག་རྗེ་ཟུར་པའི་དུས་སྦས་ལྷ་གཉིས་ཞལ་ཤེས་སུ་མཛད་པས་ལས་མཁན་བཀའ་བཏད་ཀྱི་ཚུལ་དུ་དགོངས་པ་སྣང་རྩེ་ནས་ཀྱིས་མ་རྟོགས་པར་གཏོར་མ་གནས་གསུམ་དུ་བཞག་ནས་སྟིམ་པ་ནི་དངོས་བསྟན་གྱི་ལྷ་ཡབ་ཡུམ་སྲས་(༩ན)


GLG023_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་མེད་པ་སོར་བཞག་གི་རང་མཚང་ངོ་། །ཏུ་གཏད་ལ། ཧཱུཾ། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ། །འཕྲིན་ལས་བཅོལ་བ་འདི་རྣམས་ད་མཛོད་ཅིག །ཅེས་པ་ནས་བཟུང་སྟེ། བཅོལ་བའི་འཕྲིན་ལས་མྱུར་དུ་སྒྲུབ་པ་མཛོད། །སརྦ་ཙིཏྟ་གཟེར་ཐུམས་བྷིག་ནན་ཏྲིག་ནན། རྦད་ཡ། བཟློག་ཡ། སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུཾ་ཧྲཱི༔ ཞེས་དབང་བསྐུར་བས། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་དབང་། གསང་སྔགས་བརྡའི་དམ་ཚིག་བཞི་བསྲུང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་རྒྱས་པར་སྤྲོ་ན་གཙོ་བོའི་གནས་གསུམ་གྱི་འཕྲོ་འདུ་སོགས་ལ་བརྟེན་ནས་གཏོར་མ་སྤྱི་མགྲིན་སྙིང་ག་ལག་པར་གཏད་ནས་སྐུལ་ཚིག་ཁ་བསྒྱུར་བའི་དབང་བཞི་དང་ཡབ་ཡུམ་སྲས་གཙོ་འཁོར་ལྔ་ག་ལ་ཡང་སོ་སོར་དབང་བཞི་ཁ་ཕྲལ་ནས་བྱེད་པ་ཡོད་ནའང་དེང་སང་གོང་མ་ཉིད་མཛད་པ་ཤས་ཆེའོ། །བ་ཅན་དུ་བྱས་སོ། །བསྒོམ་པ་ལྷའི་བསྐྱེད་རིམ་དེ་དག་ནི་སྐུའི་དབང་ཡིན་ལ། ཞེས་དེའི་མཇུག་ཏུ་སྣང་རྩེ་ནས་ཀྱིས་ཡབ་ཡུམ་གྱི་དབང་བསྐུར་རྒྱས་གདབ་མཛད་འདུག་པ་རྙིང་རྒན་རྣམས་ལ་དེ་འདྲའི་དབང་མི་དགོས་པས་ར་ལུང་དུ་འབྲུག་པ་མི་ཕམ་ཆོས་རྒྱལ་ལ་བསྐུར་བ་ཞུ། ངོ་སྤྲད། གཉིས་པ་གསུང་བཟླས་པའི་ལུང་སྦྱིན་པ་ནི་བདག་མདུན་གྱི་གཙོ་འཁོར་ལྔ་སོ་སོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོའི་ཐུགས་ཀར་ཧཱུཾ་མཐིང་ནག །ཡུམ་གྱི་ཐུགས་ཀར་བྷྱོ་སྨུག་ནག །སྲས་དང་སྦས་ལྷ་གཉིས་ཀྱི་ཐུགས་ཀར་ཡ་དམར་ནག་གི་མཐར་རང་སྔགས་ཀྱིས་གཡས་སྐོར་དུ་འཁོོར་བ་ཤངས་བུག་གཡས་ནས་ཐོན། སློབ་མའི་སྣ་བུག་གཡོན་ནས་ཞུགས། སྙིང་གར་ཉི་མའི་སྟེང་དུ་ཧཱུཾ་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལ་ཐིམ། སླར་སྣ་བུག་(༩བ)


GLG023_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ནས་ཐོན། བདག་མདུན་གྱི་སྣ་བུག་གཡོན་བརྒྱུད་ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པ་སོགས་གསལ་བར་བསྒོམ་ཞིང་རྩ་སྔགས་དང་བསྲུང་སྔགས་ཀྱི་རྗེས་ཟློས་ལན་གསུམ། སྔགས་འཕྲེང་གཡོན་དུ་འཁོར་བ་ལ་འཕྲོ་འདུ་གོང་ལྟར་བྱས་ནས་བཟློག་བསད་མནན་གསུམ་གྱི་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱི་མཐར་རུ་དྲ་ཀྵའི་སྣང་རྩེ་ནས་ཀྱིས་མེ་ཏོག་གཏོར་ཏེ་བཅོམ་ལྡན་བདག་ལ་སྩལ་སོགས་སྒྲུབ་ཐབས་རྒྱ་རྒྱམ་ནས་བཛྲ་ས་མ་ཛཿས་སྤྱན་དྲངས་འདུག་པ་སི་ཏུ་དྲུང་པའི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་མགོ་མེད་རྩ་མེད་དེ་དང་ལྷན་དུ་མཚུར་ཕུར་སྐྱེལ་བ་ཞུ། འཕྲེང་བ་མགྲིན་པར་བཞག་སྟེ་ཛཿཧཱུཾ་བཾ་ཧོ༔ ཞེས་བྱིན་གྱིས་བརླབ། དེ་ནི་སྔགས་ཀྱི་བཟླས་ལུང་ཞེས་པ་གསུང་གི་དབང་ཡིན་ཞེས་བརྡ་སྤྲད། གསུམ་པ་ཐུགས་ཀྱི་སྡེ་པ་སྣང་རྩེ་བས་འདི་མེད་པ་ལ་རྡོ་རྗེས་གནས་གསུམ་དུ་གོ་བགོ་བ་འདུག་པ་རྣམ་འཇོམས་ཀྱི་བྱབ་ཁྲུས་ཀྱི་དཔེ་ཚལ་པ་ཞིག་རྙེད་པའམ། ཡང་ན་གཏེར་ཞབས་ཚུལ་དུ་ཁྱུང་ཚང་བྲག་ནས་བཏོན་པ་འདྲའོ། །དབང་ནི། ཚེ་དཔག་མེད་བདུད་རྩི་འཁྱིལ་པ་ལས། གཞི་དོན་བསྒོམ་བྱ་སྒོམ་བྱེད་བྲལ། །ངང་གིས་གསལ་ལ་གཟུང་འཛིན་མེད། །སོ་མ་རང་གདངས་ལྷུག་པའི་ངང་། །གསལ་སྟོང་ལམ་བསྒོམ་དབང་བསྐུར་རོ། །ཞེས། གནས་ལུགས་ཀྱི་གཞི་བསྒོམ་བྱ་སྒོམ་བྱེད་དང་བྲལ་ཡང་གང་དུ་སྐུའི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་དང་གསུང་གི་བྱིན་རླབས་སྔགས་ཀྱི་བཟླས་པའི་ལུང་གི་སྤྲོ་བསྡུ་སོགས་བསྐྱེད་རིམ་པའི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་དེ་ཐམས་ཅད་མཁའ་ལ་འཇའ་ཚོན་བཞིན་ངང་གིས་གསལ་ཡང་གཟུང་བ་དང་འཛིན་པའི་རྟོག་པ་མེད་པ་རིག་པ་སོ་མ་རང་གདངས་སམ་བཅོས་ལྷུག་པའི་གཤིས་གསལ་སྟོང་འཛིན་བྲལ་སྤྲོས་མེད་བདེ་བ་ཆེན་པོ་ཆོས་དབྱིངས་རང་བཞིན་རྣམ་པར་མི་རྟོག་པའི་ངོ་བོར་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ་ཞེས་ངོ་སྤྲད་པ་ནི་


GLG023_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་དབང་ཡིན་ནོ། །སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ལ་ནན་ཏན་དུ་བསྲུང་སྙམ་པས། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བདག་ནི་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབས་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རློབས། །ཞེས་ལན་གསུམ་གྱི་རྗེས་ཟློས་བྱ། གཏང་རག་གི་མཎྜལ་དབུལ། ཚོགས་ལྷག །ཆད་མཐོ། བསྟན་མ། བྲོ་བརྡུང་། ཟིལ་གནོན་ལས་བྱང་ཆེན་མོ་བཞིན་གཏང་རག་གིས་མཆོད། བཟོད་གསོལ། རྟག་ཆད་ཀྱི་མཐའ་བསལ་བ། ལུས་བསྲུང་བ་རྣམས་ལས་བྱང་རྡོ་རྗེ་ཐོག་མདའ་ལྟར་དང་སྨོན་ལམ་ཤིས་བརྗོད་བྱའོ། །མི་བསྲུན་གདུག་པ་འདུལ་བའི་གཉེན་པོ་རུ། །དུས་ཀྱི་དགྲ་བོར་འཇམ་དཔལ་དཔའ་བོ་ཆེ། །སྲིད་གསུམ་ཟ་བྱེད་ཁྲོ་ཞལ་གདངས་པའི་མོད། །ཡིད་སྲུབས་སྡེར་བཅས་འཕམ་པའི་ཆོ་ངེ་འདོན། །གཙུག་ལག་དཔལ་དགེས་ཟླ་གསང་བཅུད་ཕྱུང་བའི། །གཤིན་རྗེ་གཟའ་གདོང་དམར་ནག་གངྒཱའི་ཆབ། །རྒྱ་བལ་པཎ་གྲུབ་མ་དྲོས་ལས་བབས་པ། །གནུབས་ཆེན་བརྒྱུད་པའི་ཐུགས་ཀྱི་རྒྱ་མཚོར་འཁྱིལ། །དུམ་པ་རྒྱ་ནས་རིམ་བཞིན་ཞལ་སྒྲོས་སུ། །འོངས་པའི་སྨིན་བྱེད་རྣོན་པོ་ནང་གཅོད་དབང་། །ལྷ་སྲས་རྣམ་སྤྲུལ་ཆོས་རྒྱལ་འབྲི་གུང་པས། །འཁྲུལ་པའི་དྲི་བྲལ་རེག་ཟིག་རྨད་དུ་བྱུང་། །འོན་ཏེ་བློ་དམན་རྣམས་ཀྱིས་མ་རྟོགས་དང་། །ལོག་རྟོགས་བགྲོད་དཀའི་དཔྱ་འཕྲང་ལ་རྡུགས་ཤིང་། །ཟག་ཟོག་རྫུན་བྲིས་ཡིག་ཧྲུལ་རྡུལ་འཚུབ་ཀྱིས། །ཕྱག་ལན་དངས་པའི་ཆུ་ཀླུང་རྙོག་མར་བྱས། །སྔོན་བྱོན་དམ་པའི་རིང་ལུགས་རྟ་ལྗང་ཅན། །སྐལ་དམན་ཐུན་མཚམས་སྟེགས་ལ་ཉེ་བའི་ཚེ། །རིགས་འཛིན་(༡༠ན)


GLG023_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཀུནྡ་བཞད་པའི་སྨིན་བྱེད་གཞུང་། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་དིང་འདིར་ཤར། །ལག་ནོམ་མུན་པའི་རྫས་འཚོལ་མི་དགོས་པར། །ཕྱག་བཞིས་རྗེན་པར་མཐོང་བའི་སྙིང་ནོར་འདི། །མིང་བཏགས་མ་ཡིན་བསྟན་སྲོག་འཛིན་ངེས་པའི། །སྔགས་འཆང་རལ་པའི་ཁུར་ཅན་རྣམས་ཀྱིས་ལོང་། །དགེ་འདིས་མགོན་པོ་ཟུར་ཕུད་ལྔ་ལྡན་དེས། །གྲངས་མེད་སྐྱེ་བར་བཤེས་མཛད་རྗེས་བཟུང་ནས། །འཇམ་དཔལ་རྫོགས་ཆེན་ཐེམ་སྐས་ལ་འཛེགས་ཏེ། །རང་རིག་དག་པའི་འོག་མིན་ཞིང་བགྲོད་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོ་མེའི་སྤུ་གྲིའི་རྣོན་པོ་ནང་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་འདི་ནི་རྩོད་དུས་པདྨའི་རྒྱལ་ཚབ་སྤྲུལ་པའི་སྐུ་མཆོག་གཏེར་བདག་གླིང་པས་སྔ་གོང་ནས་གསུང་གིས་བསྐུལ་བ་དང་ཆོས་རྒྱུན་གྱི་ཕྱག་ལེན་མི་འཕྱུགས་པར་ཕན་པའི་ལྷག་བསམ་གྱིས་ཀྱང་ཡིད་དྲངས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་མཚུངས་མེད་གནམ་ལྕགས་མེ་འབར་གྱི་རེག་ཟིག་དང་བརྒྱུད་པའི་ཕྱག་བཞེས་ལ་ཡིད་གཏན་དུ་བཟུང་། མེད་དུ་མི་རུང་བ་རྣམས་རང་བཟོའི་བསླད་པ་མ་ཞུགས་པས་ཁ་བཀང་ནས་བག་ཡོད་ཀྱི་ལོ་སྣྲོན་གྱི་ཟླ་བའི་ཉེར་གསུམ་པ་སངས་ནམ་གྲུའི་འགྲུབ་སྦྱོར་ཐོག་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པའོ། །མངྒ་ལཾ།། །།


previousཚེ་བདག་རྣོན་པོ་ནད་གཅོད་ཀྱི་དབང་གི་ཆོག་སྒྲིགས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར།next