Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར།next

འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར།


GLG023_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར་བཞུགས་སོ། །


GLG023_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་པདྨ་ཀ་ར་དང་། །བོད་ཡུལ་དྲག་སྔགས་བདག་པོ་གནུབས་ཆེན་ཞབས། །ཟབ་གཏེར་སྒོ་འཕྱེད་དུམ་པ་རྒྱ་ཞང་སོགས། །དངོས་བརྒྱུད་བླ་མའི་ཚོགས་རྣམས་ཕྱག་གི་ཡུལ། །བཅས་པས་རྡོ་རྗེའི་མཁར་རྫོང་བཙན་པའི་གོ །རང་གཤེད་དབབ་པ་བཟློག་བསད་མནན་གཏད་མཚོན། །ཕ་རོལ་བན་བོན་མུ་སྟེགས་བྱད་མཁན་གྱིས། །ལོ་བརྒྱར་བསྒྲུབས་འཇིག་གནམ་ལྕགས་འབར་བའི་ཐོག །དེ་ཕྱིར་ཆོས་སྐུ་འགྱུར་མེད་ཐུགས་ཀྱི་རྟེན། །འཁོར་འདས་ཕྱག་རྒྱ་ཟིལ་གནོན་དཀྱིལ་འཁོར་ཆ། །རབ་གནས་ཆོ་ག་མཁས་པའི་ཕྱག་ལེན་ལྟར། ཁྲིགས་སུ་བསྡེབ་བོ་ཤེས་ལྡན་རྣ་བ་ལྷོགས། །དེ་ལ་འདིར་སྡིག་པ་སྙིང་འཛིངས་ནག་པོ་སོགས་རྒྱུད་ཀྱི་དགོངས་དོན་ལྟར་རྒྱ་བལ་གྱི་མཁས་གྲུབ་རྣམས་ཀྱིས་ཁྲིགས་སུ་བསྡེབས་པའི་མཆོད་རྟེན་བཅས་ཆོག་བོད་ཡུལ་འདིར་དང་པོར་གནུབས་དང་གཏེར་སྟོན་རྒྱ། བར་དུ་མཁས་པ་གངས་པ་ཤཱཀ་འབུམ་དང་གཡུང་སྟོན་རྡོ་རྗེ་དཔལ། ཐ་མར་མཁས་པ་སེ་སྟོན་རིན་ཅེན་རྒྱལ་མཚན་དང་པཎ་ཆེན་སྐུ་མཆེད་སོགས་ཀྱི་ཕྱག་ལེན་ལྕགས་སྡིག་ལྕགས་འདྲ་གཉིས་ཀྱི་མཆོད་རྟེན་གང་ལག་ཏུ་བསྟར་(༢ན)


GLG023_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་མེད་དུ་མི་རུང་བ་ནི། ལྕགས་སྡིག་ཞལ་གདམས་ལས། མཆོད་རྟེན་རབ་ཏུ་གནས་པར་བྱ། །རབ་གནས་མེད་ན་འཕུང་བཤིག་ཡིན། །ཞེས་རབ་གནས་གལ་ཆེ་ཞིང་། དེའང་སྔགས་གསར་རྙིང་སྤྱི་གཞུང་ལས་འབྱུང་བའི་རབ་གནས་གྲུབ་ཀྱང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། མེད་དུ་མི་རུང་བ་གཏེར་གཞུང་ལས་བྱུང་བའི་ཆོ་གའི་ཕྱག་ལེན་གྱི་རིམ་པ་ནི། ཐོག་མར་ལྕགས་སྡིག་ཀུན་གཞི་གཏི་མུག་སེམས་བྱུང་ལས་ཆད་པའི་ཆོས་སྡེ་དབང་བཀའ་རིན་ཅེན་ཕྲེང་བ་ལས། སཱཙྪ་གདབ་ཅིང་ཆུ་གཏོར་བཏང་། །འགྲུབ་ན་ཕ་རོལ་ཕྱིན་ལ་འདོན། །མ་གྲུབ་དཔང་སྐོང་བཤགས་པ་བྱ། །ཞེས་པ་ལྟར་ལུས་ཀྱི་སྒྲིབ་སྦྱོང་སཱཙྪ་གདབ་པ། ངག་གི་སྒྲིབ་སྦྱོང་གསུང་རབ་ཀློག་པ། ཡིད་ཀྱི་སྒྲིབ་སྦྱོང་ཆུ་གཏོར་གཏོང་བ། བླ་མ་དངོས་སུ་བཞུགས་ན་དང་མིན་ན་རྩ་གསུམ་དགྱེས་པའི་ཚོགས་མཆོད་དབུལ་བ་སྟེ་ཕྱིའི་བཤགས་པ་བྱ། དཀར་གཏོར་དམར་གཏོར་ཉུང་ངུ་རྣམ་གསལ་བཞིན་བཏང་། རྒྱལ་ཆེན་མཐོ་འཛུགས་ནི། མཆོད་གཏོར་བྱིན་རླབས་དང་བསྐྱེད་ཆོག་མཆོད་གཏོར་འབུལ་བ་རྣམས་ཕུར་པའི་ས་ཆོག་གི་སྐབས་ཇི་ལྟ་བ་ལས།(༢བ)


GLG023_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཤར་གྱི་ཕྱོགས་ནས་ཡུལ་འཁོར་བསྲུང་། །དྲི་ཟའི་གདོན་ལས་མཚམས་ཆོད་ཅིག །ལྷོ་ཡི་ཕྱོགས་ནས་འཕགས་སྐྱེས་པོ། །གྲུལ་བུམ་གདོན་ལས་མཚམས་ཆོད་ཅིག །ནུབ་ཀྱི་ཕྱོགས་ནས་སྤྱན་མི་བཟང་། །ཀླུ་ཡི་གདོན་ལས་མཚམས་ཆོད་ཅིག །བྱང་གི་ཕྱོགས་ནས་རྣམ་ཐོས་སྲས། །གནོད་སྦྱིན་གདོན་ལས་མཚམས་ཆོད་ཅིག །ཅེས་འཕྲིན་ལས་བཅོལ། རི་རབ་ལྷུན་པོའི་རྩེ་བརྒྱད་ནས་ཞེས་སོགས་ནང་མཚམས་གཅོད་པ་དང་ནང་བཤགས་བྱེད་པ་བཤད་འདུག་ནའང་ལས་གཞུང་བསྲང་བའི་ཞར་ལ་འོང་བས་བཏང་སྙོམས་སུ་བཞག །སྟེགས་བུའི་ཁར་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་ཚོམ་བུའི་དཀྱིལ་འཁོར་གང་རུང་གི་སྟེང་དུ་མན་འཇིའི་ཁར་ལྷ་ཚོགས་རྣམས་ཀྱི་ཙཀླི་བཞག །སྨན་རཀ་གཏོར་གསུམ་ཕྱི་ནང་གི་ཉེར་སྤྱོད་གཏེར་སྲུང་གི་གཏོར་མ། ཚོགས་ཆོས་སོགས་བཤམ། ལས་བྱང་གཞུང་བསྲངས་ཏེ་འཛབ་བཟླས་བསྟོད་བསྐུལ་རྒྱས་བསྡུས་ཅི་རིགས་ཀྱི་བར་བྱས་ལ་བདག་མདུན་ལྷན་ཅིག་ཏུ་བསྒྲུབ། རྣམ་བུམ་དང་ལས་བུམ་གཉིས་རྫས་དང་བཅས་པ་གུ་གུལ་གྱིས་བདུག །བདག་ཉིད་ཁྲོ་རྒྱལ་སོགས་བརྗོད་ཅིང་ཡུངས་ཀར་གྱིས་བྲབས་ཏེ་བགེགས་བསྐྲད། སྲོག་ཆགས་མེད་པའི་ཆུ་གཙང་གིས་སུམ་གཉིས་བཀང་ལ་བུམ་རྫས་ཉེར་ལྔ་དང་བདུད་རྩི་ལྔ་བླུག །ཁ་རྒྱན་མགུལ་ཆིངས། དུད་ཆོས་གཟུངས་ཐག་བཏགས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་(༣ན)


GLG023_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བ། ལྷའི་གོས་ཀྱིས་མགུལ་པ་དཀྲིས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྨན་སྣ་ཚོགས་ཀྱིས་གང་བའི་ནང་དུ་ཨྱེ་ཡི་ཕོ་བྲང་ཟླ་གམ་གསུམ་ཞེས་པ་ནས་ནང་གི་འདོད་ཡོན་གྱི་བར་དཀྱུས་ལྟར་དང་། དེ་རྗེས་བསྟོད་པ་བྱ། རང་གི་སྙིང་ག་ནས་སྔགས་ཕྲེང་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། བུམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྒྲིབ་པ་སྦྱངས་ཏེ་རྒྱལ་བའི་གོ་འཕང་ལ་བཀོད། རྒྱལ་བ་རྣམས་ཀྱི་མཐུ་དང་བྱིན་རླབས་ཚུར་འདུས། ཡང་འོད་ཟེར་འཕྲོས་འོག་མིན་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། མཐུ་སྟོབས་དང་གཟི་བརྗིད་བྱིན་རླབས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་བུམ་པ་ལ་ཐིམ། བུམ་ལྷ་རྣམས་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་གྱིས་བུམ་པ་གང་བར་བསམས་ལ། སྐུ་གསུང་ཐུགས་སྔགས་དང་ཨྱེ་རིང་བཟླ། མཆོད་བསྟོད་བྱ། ཐོད་ཆུ་བླུག་པས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་པར་བསམ། མཆོད་རྟེན་ལ་ཁྲུས་གསོལ་གྱི་ཆེད་དུ་ལས་བུམ་དུའང་ཅུང་ཟད་ལྡུགས། ཁ་རྒྱན་གྱི་མདུན་ངོས་སུ་ཙཀླི་རྣམས་བཞུགས་དབུ་རྒྱན་དང་ཅོད་པན་བུམ་པའི་ཁ་ལ་བསྡམས་ཀྱང་རུང་། དཀྱིལ་འཁོར་གྱི་དབུས་སུ་བཀང་། ལས་བུམ་གྱི་ནང་དུ་ཉི་ཟླའི་དབུས་སུ་ཨ་དཀར་པོ་ལས་འོད་ཟེར་འཕྲོས་འོག་མིན་ནས་བདེ་བར་གཤེགས་པ་རྣམས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ་བུམ་ཆུ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་རྟེན་མི་གཙང་བས་འཕགས་པའི་དྲི་མ་ཐམས་ཅད་འདག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམ། ཨཱོཾ་ཨཱཿ(༣བ)


GLG023_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་བརྒྱ་རྩ་བཟླ། རང་གི་གཡས་ངོས་སུ་བཞག །ལྕགས་སྡིག་མཁལ་མ་ལས་ཆད་པའི་ཆོས་སྡེ་རབ་གནས་ཡེ་ཤེས་ཟུང་འཇུག་ལས། མཆོད་རྟེན་གྱི་ཆ་ཚད་བསྟན་ཅིང་ཐ་མལ་གྱི་མཆོད་རྟེན་བཅས་པའི་དྲི་ངན་དབྱི་བར་བཤད་པའི་ཆ་ཚད་ནི་འདིར་སྨོས་མ་དགོས། དྲི་ངན་དབྱི་བ་ནི་འབྲས་ཟན་གྱི་ཆངས་བུ་ཐོགས་ཏེ་ཨཱོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཁ་ཡར་བརྗོད་པ་དང་ལྷན་ཅིག་པར་མཆོད་རྟེན་གྱི་ཕྱི་ལ་ཟན་ཕྱིས་བརྒྱག་པའི་ཚུལ་བྱས་ལ་རོ་མ་ཕྱིར་དོར། བགེགས་བསྐྲད་ཅིང་ཡེ་ཤེས་སེམས་དཔའ་གཞུག་པ་ལ་བགེགས་གཏོར་བཏང་། གུ་གུལ་གྱིས་འདུག །བདག་ཉིད་ཁྲོ་རྒྱལ་མ་སོགས་བརྗོད་དེ་ཡུངས་ཀར་བྲབས་ལ་བགེགས་བསྐྲད། དུར་ཁྲོད་མེ་རིམ་སོགས་ཀྱིས་མཚམས་བཅད། རང་གི་ཐུགས་ག་ནས་འོད་ཟེར་འཕྲོས་སྤྱན་མ་ལ་སོགས་པའི་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་བཛྲ་ས་མ་ཛཿས་སྤྱན་དྲངས། དེ་རྣམས་ཀྱིས་སྟོང་གསུམ་དང་མཉམ་པའི་མཆོད་རྟེན་ལ་ཁྲུས་གསོལ་བས་མ་དག་པའི་དྲི་མ་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལྟར་ནག་ཉིལ་གྱིས་ཕྱིར་ཐོན། མཆོད་རྟེན་དངས་ཤིང་དྲི་མ་མེད་པ་ལྟ་བུར་གྱུར་བར་བསམས་ནས་ལས་བུམ་ཐོགས་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ལ། ཧཱུཾ། གུར་ཀུམ་ལ་སོགས་སྦྱར་བའི་ཆུ། །དག་པ་ཡེ་ཤེས་ཆུ་ཡིས་ཁྲུས་གསོལ་བས། །མི་གཙང་དྲི་མའི་ཚོགས་རྣམས་རབ་དག་ནས། ཡེ་ཤེས་སེམས་དཔའ་བཞུགས་པའི་གནས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཇི་ལྟར་བལྟམས་པ། དེ་དག་སྐུ་ལ། རྒྱལ་བའི་སྐུ་གསུང་ཐུགས་ལ། ཕར་ཕྱིན་དྲུག་གི་བར་(༤ན)


GLG023_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལྟར་བྱ། ཨ་མྲྀ་ཏས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རི་རབ་བང་རིམ་བཞི་པ་སེང་གེའི་ཁྲི་དང་བཅས་པའི་སྟེང་དུ་བྷྲཱུཾ་ལས་ཆོ་འཕྲུལ་མཆོད་རྟེན་བང་རིམ་བཞི་མན་ཆད་ནག་པོ། བུམ་པ། བྲེ། གདུགས་ཆར་ཁེབས་ཏོག་དང་བཅས་པ་རྣམས་དཀར་པོ་དངས་གསལ་རྙོག་པ་མེད་པ་ཤེལ་ལྟར་འཚེར་བར་བསམ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པའི་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་སྔོན་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མ་ཛཿ ཤར་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་སྔོ་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་ཤར་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ཨཀྵོ་བྷྱ་སཱཙྪ་ཛཿཧཱུཾ་བཾ་ཧོ༔ཞེས་ལན་གྲངས་མང་དུ་བརྗོད། མདུན་ངོས་ནས་ཐིམ་པས་མཆོད་རྟེན་དེ་ཨིནྡྲ་ནཱི་ལའི་མདོག་ལྟར་སྔོ་ཞིང་འཚེར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷོ་ཕྱོགས་དཔལ་དང་ལྡན་པ་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་རིན་ཅེན་འབྱུང་གནས་ལ་སོགས་པའི་རིན་ཅེན་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་སེར་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛ༔ ལྷོ་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །རིན་ཆེན་རིགས་ཀྱི་མཆོད་རྟེན་སེར་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་ལྷོ་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་(༤བ)


GLG023_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གཤེགས་སུ་གསོལ། །རཏྣ་སཾ་བྷ་ཝ་ཏྲཱཾ་སཱཙྪ་ཛཿཧཱུཾ་བཾ་ཧོ༔ ལན་གྲངས་མང་དུ་བརྗོད། ལྷོ་ཕྱོགས་ནས་ཐིམ་པས་མཆོད་རྟེན་དེ་གསེར་ཞུན་མའི་མདོག་ལྟར་སེར་ཞིང་འཚེར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་སོགས་པ་པདྨའི་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་དམར་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛ༔ ནུབ་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །པདྨའི་རིགས་ཀྱི་མཆོད་རྟེན་དམར་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་ནུབ་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཨ་མི་ཏྭ་བྷ་ཧྲཱིཿསཱཙྪ་ཛཿཧཱུཾཿབཾ་ཧོཿ ལན་གྲངས་མང་དུ་བརྗོད། ནུབ་ཀྱི་ཕྱོགས་ནས་ཐིམ་པས་མཆོད་རྟེན་དེ་པདྨ་རཱ་གའི་མདོག་ལྟར་དམར་ཞིང་འཚེར་བར་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། བྱང་ཕྱོགས་ལས་རབ་རྫོགས་པ་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པ་ལ་སོགས་པ་ལས་ཀྱི་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་ལྗང་གུ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛཿ བྱང་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །ལས་ཀྱི་རིགས་ཀྱི་མཆོད་རྟེན་ལྗང་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་བྱང་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །ཨ་མོ་གྷ་སིདྡྷི་ཨཱཿསཱཙྪ་ཛཿཧཱུཾ་བཾ་ཧོཿ ལན་གྲངས་མང་དུ་བརྗོད། བྱང་གི་ཕྱོགས་ནས་ཐིམ་པས་མཆོད་རྟེན་མརྒད་ཀྱི་མདོག་ལྟར་ལྗང་ཞིང་འཚེར་བར་བསམ་(༥ན)


GLG023_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྟེང་ཕྱོགས་འོག་མིན་ལ་སོགས་པའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་རྣམས་རྣམ་པ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གྱི་དབྱིབས་ཅན་ཁ་དོག་དཀར་པོ་གྲངས་མེད་པ་ཨཱོཾ་བཛྲ་ས་མཱ་ཛཿ དབུས་ཕྱོགས་བདེ་གཤེགས་ཞིང་ཁམས་གྲངས་མེད་ནས། །དེ་བཞིན་གཤེགས་པའི་མཆོད་རྟེན་དཀར་ལ་འཚེར། །མཆོད་རྟེན་གཞལ་ཡས་ཆེན་པོའི་དབུས་ཕྱོགས་སུ། །འགྲོ་བའི་དོན་དུ་སྤྱན་འདྲེན་གཤེགས་སུ་གསོལ། །བཻ་རོ་ཙ་ན་ཨཱོཾ་སཱཙྪ་ཛཿཧཱུཾ་བཾ་ཧོ༔ ལན་གྲངས་མང་དུ་བརྗོད། དབུས་ཕྱོགས་ནས་ཐིམ་པས་མཆོད་རྟེན་ཤེལ་དཀར་ལྟར་དཀར་ཞིང་འཚེར་བར་གྱུར། མཆོད་ཅིང་བསྟོད་པ་ནི། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་མཎྜལ་དང་བཅས་པ་བཤམ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ། འདོད་ཡོན་ལྔ་ལ་སོགས་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་བསམ། ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར། ཨཱོཾ་རཱུ་པ་ནས་སྤརྴའི་བར་བརྗོད། མཆོད་པ་སྤྲིན་གྱི་གཟུངས། ཨཱོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མ་རྡ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱ་ཀྶཾ་བུདྷྱ་ཡ། ཏདྱ་ཐཱ། ཨཱོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མཧཱ་བོདྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་(༥བ)


GLG023_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ་སྭཱཧཱ། ཞེས་བརླབ། རྙོག་མེད་དངས་ཤིང་བསིལ་བའི་མཆོད་ཡོན་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །རྙོགས་མེད་དངས་ཤིང་བསིལ་བའི་ཞབས་བསིལ་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཆུ་སྐྱེས་ཐང་སྐྱེས་ཤིང་སྐྱེས་མེ་ཏོག་ཀུན། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཤིང་སྣ་སྨན་སྤོས་བསྲེགས་པའི་བདུག་སྤོས་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །འབྲུ་མར་རྩི་བཅུད་ལས་སྤར་སྒྲོན་མེ་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །སྤོས་དང་དྲི་ཞིམ་སྦྱར་བའི་དྲི་ཆབ་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ནས་འབྲས་གྲོ་སྲན་སྦྱར་བའི་ལྷ་བཤོས་འདི། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །མཁར་རྔ་དུང་དང་ཆ་ལང་གླིང་བུའི་སྒྲ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཨརྒྷཾ་ནས་ཤཔྟའི་བར་བརྗོད། གཟུགས་མཛེས་གར་བསྒྱུར་སྙན་པའི་རོལ་མོ་འཁྲོལ། །དྲི་ཞིམ་སྤོས་ཆུ་རོ་བརྒྱ་བདའ་བའི་ཟས། །འཇམ་མཉེན་ན་བཟའ་ཁྱད་པར་ཇི་སྙེད་པ། །དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་དུ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་རཱུ་པ་ནས་སྤརྴའི་བར་བརྗོད། རི་རབ་ལྷུན་པོ་གླིང་བཞི་གླིང་ཕྲན་དང་། །རིན་ཅེན་རི་བོ་དཔག་བསམ་ལྗོན་པའི་ཤིང་། །འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཚོགས། །རྒྱལ་སྲིད་བདུན་དང་ཉེ་བའི་རིན་ཅེན་བདུན། །གཏེར་ཆེན་བུམ་པ་སྒེག་སོགས་ལྷ་མོ་བརྒྱད། །ཉི་ཟླ་གདུགས་དང་རྒྱལ་མཚན་ལ་སོགས་པ། །ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་ཀུན། །དེ་བཞིན་(༦ན)


GLG023_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཐུགས་ཀྱི་རྟེན་ལ་འབུལ། །ཨཱོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས། །རྡོ་རྗེ་རིགས་ཀྱི་མཆོད་རྟེན་སྔོན་པོ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །མེ་ལོང་ཡེ་ཤེས་འོད་ཟེར་སྔོན་པོ་འཕྲོ། །ཞེ་སྡང་རྣམ་རྟོག་མ་ལུས་ཚར་བཅད་ནས། །དམྱལ་བའི་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་རིན་ཅེན་ཡོད་པའི་ཞིང་ཁམས་ནས། །རིན་ཅེན་རིགས་ཀྱི་མཆོད་རྟེན་སེར་པོ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །རིན་ཅེན་རིགས་ཀྱི་འོད་ཟེར་སེར་པོ་འཕྲོ། །སེར་སྣ་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །ཡི་དྭགས་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །ནུབ་ཕྱོགས་སྣང་བ་མཐའ་ཡས་ཞིང་ཁམས་ནས། །པདྨ་རིགས་ཀྱི་མཆོད་རྟེན་དམར་པོ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །པདྨ་རིགས་ཀྱི་འོད་ཟེར་དམར་པོ་འཕྲོ། །འདོད་ཆགས་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །མི་ཡི་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །བྱང་ཕྱོགས་འབྲུག་སྒྲ་སྒྲོག་པའི་ཞིང་ཁམས་ནས། །ལས་ཀྱི་རིགས་ཀྱི་མཆོད་རྟེན་ལྗང་གུ་ནི། །སྒོ་མང་རྟ་བབས་ཆོས་འཁོར་གདུགས་དང་བཅས། །ལས་ཀྱི་རིགས་ཀྱི་འོད་ཟེར་ལྗང་གུ་འཕྲོ། །ཕྲག་དོག་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །བྱོལ་སོང་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །དབུས་ཕྱོགས་བདེ་བ་ཆེན་པོའི་ཞིང་ཁམས་ནས། །དེ་བཞིན་རིགས་ཀྱི་མཆོད་རྟེན་དཀར་པོ་ནི། །འདུས་པ་ཆོས་དབྱིངས་འཁོར་ལོ་སྤུངས་པའི་ཚེ། །ཆོས་འཁོར་གདུགས་ལ་དྲིལ་བུ་གཡེར་(༦བ)


GLG023_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འཁྲོལ། །དེ་བཞིན་རིགས་ཀྱི་འོད་ཟེར་དཀར་པོ་འཕྲོ། །གཏི་མུག་ལས་གྱུར་རྣམ་རྟོག་རྩད་ནས་གཅོད། །ལྷ་ཡི་སྐྱེ་སྒོ་གཅོད་ལ་ཕྱག་འཚལ་བསྟོད། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། དཀོན་ཅོག་གསུམ་གྱི་བདེན་པས་བདེན་པ་ཆེན་པོ་འདི་འགྲུབ་པར་གྱུར་ཅིག །ཅེས་ཕྱག་འཚལ་བ་དང་བཅས་ལན་གསུམ་བརྗོད། དེ་ལྟར་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོ་བྱིན་གྱིས་བརླབས་པ་ལ་དབང་བཀའ་རིན་ཅེན་ཕྲེང་བ་ལྟར་གསུང་སྔགས་སྒྲིབ་དབང་གི་ལྷ་བསྒོམ་དུ་རུང་བའི་དབང་ནི། ལྷ་བསྐྱེད་ཅིང་འཛབ་བཟླ་དགོས་པས། དཔལ་འབྲི་གུང་པ་ཆེན་པོ་ཆོས་ཀྱི་གྲགས་པས་མཛད་པའི་ལྕགས་སྡིག་ནག་པོའི་བཅའ་གཞི་རྒྱས་བསྡུས་གཉིས་ཀའི་མཆོད་རྟེན་གྱི་ལས་བྱང་ངག་སྒྲིགས་མའི་སྐྱབས་འགྲོ་ནས་བཟུང་ཨྱེ་རིང་ལ་ཨཱ་ལི་ཀཱ་ལི་དང་རྟེན་འབྲེལ་སྙིང་པོ་བཏགས་ནས་བཟླ་བའི་བར་དཀྱུས་བཞིན་བྱ། རོལ་མོའི་སྒྲ་དྲག་པོ་དང་བཅས་པ་ཡུལ་ཡངས་པ་ཡོད་ན་མཆོད་རྟེན་ལ་དངོས་སུ་བསྐོར་བ་དང་མེད་ན་ཡིད་ཀྱིས་བསྐོར་བ་བྱ། ལྷ་བཀའ་དོན་གྱི་དབང་བསྐུར་བ་ནི། ཙཀླི་རྣམས་རིམ་པར་ཐོགས་ཏེ། དཀྱིལ་འཁོར་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆོད་རྟེན་གྱི་ལྷ་སོ་སོ་ལ་ཐིམ་པར་བསམས་ལ། ཧཱུཾ། ཆོས་ཀྱི་དབྱིངས་ལ་འཕོ་འགྱུར་མི་མངའ་ཡང་། །ཐབས་མཁས་ཐུགས་རྗེས་འགྲོ་བའི་སྐུར་སྤྲུལ་ཏེ། །ཡེ་ཤེས་ཁྲོ་བོ་ཚེ་བདག་ནག་པོ་ནི། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། ཕྱོགས་སྐྱོང་གཤིན་རྗེ་མ་ཧེ་བསྣོལ་བའི་སྟེང་། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་བཞུགས། །གཡས་དཀར་གཡོན་(༧ན)


GLG023_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དབུས་མཐིང་ནག་པོའི་ཞལ། །གཡས་པ་རྡོ་རྗེ་འཁོར་ལོ་རལ་གྲི་བསྣམས། །གཡོན་པ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་འཕྱར། །ཆོས་ཀྱི་སྐུ་ལ་འཕོ་འགྱུར་མེད་པའི་དགོངས། །དབྱིངས་སུ་སྒྲོལ་བའི་དོན་གྱི་དབང་ཐོབ་ཤོག །ཨེ་ཀ་ཏེ་དུན་ཡ་མ་སྙིང་ཁྲག་རཱ་མ་ཙ་ཡ་ཨ་བྷི་ཥིཉྩ་ཧཱུཾ། བདུད་མོ་མཐིང་ནག་ཐོད་འཕྲེང་བརྒྱན། །ཡུམ་ཆེན་རང་བྱུང་རྒྱལ་མོ་ནི། །སྐུ་མདོག་ཡབ་དང་མཐུན་པ་ལ། །གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད། །གཡོན་པ་དུང་དམར་གཙོ་ལ་སྟོབ། །འཁོར་བ་དབྱིངས་སྒྲོལ་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་མ་མ་ཏྲག་རཀྴ་ཀྲོ་ཏི་ཨ་བྷི་ཥིཉྩ་ཧཱུཾ། ཚེ་བདག་ཐུགས་ཀར་ཡ་མ་རཱ་ཛ་ནི། །སྐུ་མདོག་སྨུག་ནག་མཆོད་སྨུག་བཅག་པ་འདྲ། །གཡས་པ་གསེར་གྱི་འཁོར་ལོ་རྩིབས་བཞི་འཛིན། །གཡོན་པ་ཙིཏྟའི་ཕྲེང་བ་འདྲེན་པ་ཡིས། །དྲེགས་པ་དབང་དུ་སྡུད་པའི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་ཡ་མ་རཱ་ཙ་ཨ་བྷི་ཥིཉྩ་ཧཱུཾ། ཡ་མའི་ཐུགས་ཀར་དྲེགས་པ་ཕྱག་རྡོར་ནི། །སྐུ་མདོག་མཐིང་ནག་ཨིནྡྲ་ནཱི་ལའི་མདོག །གཡས་པ་གསེར་གྱི་རྡོ་རྗེ་རྩེ་དགུ་འཛིན། །གཡོན་པ་ཙིཏྟའི་ཕྲེང་བ་སྨུག་ནག་འདྲེན། །གནོད་སྦྱིན་དབང་དུ་སྡུད་པའི་དབང་ཐོབ་ཤོག །ཨཱོཾ་བཛྲཱ་པཱ་ཎི་ཨ་བྷཱི་ཥིཉྩ་ཧཱུཾ། དྲེགས་པའི་ཐུགས་ཀར་རུས་སྦལ་ཁྱམས་ཁང་ནི། །སྨེ་བའི་ཐིག་ལེ་ཁྲག་དང་དུག་གིས་བརྒྱན། །ཡན་ལག་བཞི་ནི་ཤེལ་གྱི་མཆོད་རྟེན་བརྒྱན། །སྣང་སྲིད་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །ཨེ་ཀ་ཧེ་དུན་མཧཱ་བྷིརྐ་ཨ་བྷི་ཥིཉྩ་ཧཱུཾ། མཁའ་ལྡིང་རྒྱལ་པོ་གྷ་རུ་ཌ། །གཤོག་གཡུ་མཚོན་ཆ་འཁོར་ལོར་གཏམས། །ཀླུ་གཉན་དཔའ་བོ་གདུག་པ་གཟིར། །བྱ་ཁྱུང་རྒྱལ་པོའི་(༧བ)


GLG023_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཧཱ་གྷ་རུ་ཌ་ཨ་བྷི་ཥིཉྩ་ཧཱུཾ། ཁྱུང་མོ་སྨུག་ནག་ཀླུ་གཉན་ས་བདག་འདུལ། །སྟག་མ་རོ་ཟན་བཙན་དང་ས་བདག་འདུལ། །སེང་གེ་དཀར་མོས་རིག་འཛིན་ལས་ལ་འཛུད། །དུག་སྦྲུལ་ནག་པོས་ལས་ཀྱི་རྦོད་གཏོང་བཟློག །སྤྲུལ་པ་གྱད་གནོན་དབང་མཆོག་ཐོབ་པར་ཤོག །ཨེ་ཀ་མཧཱ་གྷ་རུ་ཌ་བྱ་ཏྲི་ཙནྡྷ་སིདྷ་རོ་ཧེ་ཧ་ལ་ཨ་བྷི་ཥིཉྩ་ཧཱུཾ། སྤྲུལ་སྐུ་བྱེ་བ་དགུ་རིང་དང་། །གསུང་སྤྲུལ་ཨཱཪྻ་མ་རུ་དང་། །ཡ་མ་གཏུམ་པོ་མགོ་དགུ་པའི། །མནན་བཤིག་བསད་ལས་དབང་ཐོབ་ཤོག །ཨེ་ཡ་མ་དུ་ཤ་ཧཱུཾ། ཡ་མ་རཱཀྴ་ཧཱུཾ། ཡ་མ་ཡཀྴ་ཧཱུཾ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་དང་པོ་ལ། །ཚེ་སྲོག་ཀུན་འཛིན་གཤེད་ཆེན་བཞི་པོ་ནི། །སྐུ་མདོག་མི་འགྱུར་དེ་བཞིན་རིགས་དང་མཐུན། །གཡས་པ་བེ་ཅོན་གཡོན་པ་འཁོར་ལོ་འཛིན། །དྲེད་དང་དོམ་དང་དྲེལ་རྟ་རྔ་མོ་བཅིབས། །དམ་ཉམས་དགྲ་བོའི་ཚེ་སྲོག་སྡུད་པ་དང་། །མ་མོ་ལས་ལ་བསྐུལ་བའི་དབང་ཐོབ་ཤོག །ཡ་མ་རཱ་ཙ་ས་དོ་མེ་ཡ་སོགས་ཀྱི་མཇུག་ཏུ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་གཉིས་པ་ལ། །ཚེ་བདག་ལས་མགོན་མོན་པ་བཞི་པོ་ནི། །དུང་གི་མོན་པ་སེང་གེའི་མགོ་ཅན་དང་། །ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་དང་། །བསེ་ཡི་མོན་པ་དྲེད་ཀྱི་མགོ་ཅན་དང་། །གསེར་གྱི་མོན་པ་ཁྱུང་གི་མགོ་ཅན་བཞི། །གཡས་པ་གྲི་གུག་གཡོན་པ་ཙིཏྟ་ཟ། །རུ་དྲ་རྡུལ་དུ་བརླག་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་མོནྟ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་གསུམ་པ་ལ། །ཚེ་བདག་ནག་པོ་ཕྱི་ཡི་གཤེད་བཞི་ནི། །ཧེ་ལེ་ཁྱབ་བྱེད་སོ་འདར་འཁྲིགས་པ་དང་། །(༨ན)


GLG023_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་འཛུམ་མེད་རལ་པ་ཆར་དགུ་བཞི། །སྐུ་མདོག་མི་འགྱུར་དེ་བཞིན་རིགས་དང་མཐུན། །གཡས་པའི་ཕྱག་ན་གཅོད་པའི་འཁོར་ལོ་འཛིན། །གཡོན་པ་འཇོམས་བྱེད་བེ་ཅོན་བར་སྣང་འཕྱར། །དགྲ་བགེགས་ཕུང་པོ་གཞོམ་པའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་བདུད་ཏྲཾ་ཀཱ་ལ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་བང་རིམ་བཞི་པ་ལ། །ཚེ་བདག་ལས་མཁན་འཆི་བདག་བཅུ་གཉིས་ནི། སྐུ་མདོག་མ་ངེས་སོ་སོར་གསལ་བ་ལ། །གཡས་པ་འཁོར་ལོ་གཡོན་པ་བེ་ཅོན་འཛིན། །རུ་དྲའི་ཚེ་སྲོག་སྡུད་བའི་དབང་ཐོབ་ཤོག །ཨེ་ཀ་ཡ་མ་ཀྲིཥྞ་ཛ་མ་རི་ཡ་མ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། མཆོད་རྟེན་ཡོངས་རྫོགས་རི་རབ་སྒོ་བཞི་ལ། །དཀར་པོ་སྙིང་འབྱིན་མགོན་པོ་ནག་པོ་དང་། །ཡབ་རྗེ་ནག་པོ་སྐུ་མཆོག་དམར་པོ་བཞི། །གཡས་པས་འཁོར་ལོ་གཡོན་པ་དགྲ་སྟ་འཕྱར། །ལྟ་སྤྱོད་ཚད་མེད་བཞི་ཡི་དོན་རྟོགས་ནས། །ལྷ་ཚོགས་ལས་ལ་བསྐུལ་བའི་དབང་ཐོབ་ཤོག །ཛཿཧཱུཾ་བཾ་ཧོཿཨབྷི་ཥིཉྩ་ཧཱུཾ། ཐུགས་བུམ་པའི་དབང་ནི། རྣམ་རྒྱལ་བུམ་པ་བཏེགས། ཧཱུཾ། སྣང་སྟོང་གཉིས་མེད་རྣམ་རྒྱལ་བུམ་པ་ནི། ཁ་རྒྱན་ནམ་མཁའ་འཁོར་ལོ་རྩིབས་བརྒྱད་ལ། །ཞབས་རྒྱན་ས་གཞི་པདྨ་འདབ་བརྒྱད་ཡིན། །བར་གྱི་ཡོན་ཏན་བཀྲ་ཤིས་རྫས་བརྒྱད་འཕྲོས། །བུམ་པ་རྣམ་དག་གཞལ་ཡས་དབང་བསྐུར་བས། །མི་རྟོག་ཆོས་ཀྱི་དབྱིངས་ཀྱི་དབང་ཐོབ་ཤོག །བུམ་པའི་དར་དཔྱངས་ལས་འོད་གསལ་སྤྲོ་བསྡུ་ཅོད་པན་གྱི་དབང་ནི། ཅོད་པན་ལྷ་གྲངས་དང་མཉམ་པ་གསར་དུ་འདོགས་པའམ་སྔར་ནས་བཏགས་ཟིན་པའི་དབང་དུ་བྱས་ན་འཇུག་པ་བདེ་(༨བ)


GLG023_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ལ་དམིགས་ཏེ་ཅོད་པན་ཐོགས་ལ། ཧཱུཾ། ཅོད་པན་རིན་ཅེན་ལྷ་ཡི་དར་དཔྱངས་འདི། །ནས་འབྲས་འབྲུ་ཡི་ཕྲེང་བརྒྱུས་ནས། །ཐེག་པ་རིམ་དགུ་འཛེག་པའི་རྟགས། །འདི་ལ་དར་གྱི་འཕུར་ལྕེ་འཕྲོ་བ་ནི། །དུས་གསུམ་སངས་རྒྱས་མཆོད་པ་འབུལ་བའི་རྟགས། །རིན་ཅེན་ཅོད་པན་འདི་ཡི་དབང་བསྐུར་བས། །རབ་ཏུ་དགའ་བའི་ས་ལ་བགྲོད་པར་ཤོག །ཅོད་པན་གདགས་ཚུལ་བྱ། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བཤགས་པ་བྱ། རྡུལ་ཚོན་ཡིན་ན་གཤེགས་གསོལ། རས་བྲིས་ཡིན་ན་ཙཀླི་དང་ལྷན་དུ་བརྟན་བཞུགས། །མཇུག་ཏུ་སྨོན་ལམ་ཤིས་བརྗོད་སོགས་བྱས་ཏེ་ལས་ཀྱི་རྗེས་མི་མངོན་པར་བསྡུ། མཆོད་རྟེན་ལ་བརྟན་བཞུགས་ཀྱི་སྒྲུབ་པ་ཞག་གསུམ་བྱ་བ་ནི། ཨྱེ་རིང་གི་རཀྴ་མོནྟའི་མཇུག་ཏུ་སུ་པྲ་ཏིཥྛ་བཏགས་ནས་ཐུན་བཞིའམ་དྲུག་ཏུ་བཅད་ནས་ཅི་ནུས་བཟླ་ཞིང་ཐུན་མཐར་ཡང་རཀྴ་མོནྟའི་མཚམས་སུ་རྟེན་འབྲེལ་སྙིང་པོ་བཏགས་པ་ཉེར་གཅིག་ཙམ་བཟླ་ཞིང་། ཕྱོགས་བཅུ་ན་བཞུགས་པ་ཞེས་སོགས་དང་བཅས་མེ་ཏོག་མཐོར་བ་ནི་མཆོད་རྟེན་དམ་ཡེ་དབྱེར་མེད་ནུས་ལྡན་དུ་བྱ་བའི་རབ་གནས་ཀྱི་མན་ངག་གོ །བདག་མདུན་ལ་ཚོགས་མཆོད་འབུལ་ཞིང་བདག་བསྐྱེད་ཀྱི་འཇུག་ཆོག་སྤྱི་ལྟར་བྱའོ། །བཅས་ཆོག་མཆོད་རྟེན་ཡོད་ཅེས་སྙན་པའི་རྔ། །ཕྱོགས་བྲལ་རྣ་ལུང་མཛེས་བྱེད་ཆེས་མང་ཡང་། །བྱིན་རླབས་ནུས་ལྡན་རབ་ཏུ་གནས་པའི་ཐབས། །ཤེས་པའི་སྔགས་འཆང་ཉིན་མོའི་སྐར་མ་ཙམ། །གདམས་པའི་མན་ངག་ཚང་བ་མཐོང་བ་དཀོན། །མཐོང་ཡང་ཡིག་ནག་ཐུག་ཕྲད་འཇོག་པ་མང་། །ཤེས་པར་(༩ན)


GLG023_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་ཡང་འཁྲུགས་སྡེབ་གནད་ལ་རྨོངས། །སྔ་འགྱུར་བསྟན་ཡང་མིང་བཏགས་ཙམ་དུ་ཟད། །སྐྱེ་སྤྲུལ་མིང་གིས་དཀའ་བའི་གནད་མི་རྟོགས། །རིགས་རུས་ཙམ་གྱིས་མཐུ་ནུས་ག་ལ་ཞིག །འཆལ་སྤྱོད་ཆང་བཟི་གྲུབ་ཐོབ་ཞིག་པོ་མིན། །ངུར་སྨྲིག་མཛེས་ཀྱང་གཞན་སྣང་བསྒྱུར་ཐབས་ཙམ། །རི་མགོ་ཁ་བས་གཏུམས་ལ་ཏེ་སེ་ཞེས། །གྲགས་སྐམ་ཙམ་མིན་དོན་ལྡན་རིག་སྔགས་འཆང་། །འབྲི་གུང་དབུར་སྨྱོན་ཟུར་ཆེན་པདྨ་དབང་། །དྲིན་ལས་སྨྲ་བའི་གདེངས་ཚད་ཅུང་ཟད་རྙེད། །གཏེར་གཞུང་དངོས་དོན་རང་བཟོས་མ་བསླད་ཅིང་། །དམ་པའི་ཕྱག་བཞེས་ལུང་རིགས་དང་འབྲེལ་བའི། །མཆོད་རྟེན་རབ་གནས་བྱིན་རླབས་ཉི་མའི་གཟི། །རབ་འབར་ཡིད་སྲུབས་མུན་པ་ཕ་མཐར་བསྐྲད། །དགེ་དེས་འཇམ་དཔལ་ཆོས་སྐུ་བདེ་ཆེན་ཀློང་། །རང་རིག་ལོངས་སྐུ་ཕྱག་རྒྱ་ཟིལ་གནོན་དུ། །བཞེངས་ཏེ་སྣ་ཚོགས་སྤྲུལ་སྐུས་མཁའ་མཉམ་འགྲོ། །འདྲེན་པའི་དེད་དཔོན་ཆེན་པོར་བདག་འགྱུར་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར་ཞེས་བྱ་བ་འདི་ནི་མེ་འབྲུག་ལོ་མཆོད་རྟེན་གསར་བཞེངས་ཀྱི་ཚེ་གལ་པོ་ཆེར་མཐོང་ནས་དབང་བཀའ་རིན་ཅེན་འཕྲེང་བའི་ལྷ་དབང་གི་ཚིག་འགའ་ཞིག་མ་རྙེད་པ་མུ་ཏིག་ཕྲེང་བ་སོགས་ནས་བཀང་སྟེ་ཟ་ཧོར་གྱི་སྔགས་འཆང་ཟིལ་གནོན་བཞད་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བཙུན་འཇམ་དབྱངས་བསྟན་འཛིན་ནོ།། །།སརྦ་མངྒ་ལཾ།།


previousའཇམ་དཔལ་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་གི་རབ་གནས་བྱིན་རླབས་ཉི་མའི་གཟི་འབར།next