Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དགnext

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དག


GLG023_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དག་བཞུགས་སོ། །


GLG023_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བྱང་ཆེན་བར་གྱི་སྐྱབས་གཅིག་པུ། །འཇམ་དཔལ་དཔའ་བོ་འཁོར་འདས་ཕྱག་རྒྱ་ཀུན། །ཟིལ་གྱིས་གནོན་པའི་མཁྱེན་བརྩེ་ནུས་པའི་གར། །སྙིང་དབུས་པད་མཚོར་རྟག་ཏུ་རོལ་བར་མཛོད། །དེའང་འཇམ་དཔལ་ཚེ་བདག་ནག་པོའི་དྲག་པོ་ཟོར་གྱི་ལས་སྦྱོར་ལག་ཏུ་བླང་ཐབས་ལ། རྗོད་བྱེད་ཀྱི་ཚིག་ཉུང་ཞིང་བརྗོད་བྱའི་དོན་གསལ་བའི་བརྗོད་བྱང་གི་རིམ་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། སྔོན་འགྲོ་ལ། དང་པོར་སྔགས་པ་བསྙེན་རྫོགས་པས། །ཞིང་ཆེན་གདན་ལ་མཎྜལ་དབུལ། །འབྲུ་ནག་ལྷ་གྲངས་ཚོམ་བུ་དགོད། །མཆོད་བཤགས་བསྐང་བཟློག་བསད་གཏོར་རམ། །དམར་གྱི་གཏོར་མ་ཆེན་པོ་བཤམ། །སྨན་ཕུད་རཀྟ་མཆོད་པས་བསྐོར། །ལྷ་རྟེན་ཙ་ཀ་ལི་ཡིས་བརྒྱན། །རི་རབ་རྩང་དམར་མཚེ་ཡུངས་གཟུག །བཟློག་བྱང་མང་པོས་མཐའ་ཡང་བསྐོར། ཁྲག་ཀོང་གཏོར་མ་ལོ་ཚད་བཤམ། །ཞེས་པའི་དོན་ལྟར་དཀྱིལ་འཁོར་དང་རྫས་དང་ཡོ་བྱད་ཇི་ལྟ་བ་བཤམས་པར་རང་རྡུལ་ཚོན་གྱི་དཀྱིལ་འཁོར་འདྲི་བ་ཆོག་སྒྲིགས་ཉུང་ངུ་རྣམ་གསལ་ལས་ཤེས་པར་བྱ། འབྲིང་དུད་འགྲོའི་གཡང་གཞིའི་སྟེང་དུ་རས་བྲིས་ཀྱི་བཟློག་དཀྱིལ་ལ་ཚོམ་བུ་གོང་བཞིན་བཀོད་པ། ཐ་མ་རྡུལ་ཚོན་དང་རས་བྲིས་གཉིས་ཀ་(༢ན)


GLG023_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྱོར་ན་མ་ཏྲཾ་གྱི་དོད་གཡང་གཞིས་གོ་བཅད་པའི་སྟེང་དུ་ཚོམ་བུ་དགོད། དེའི་སྟེང་དུ་དྲག་པོའི་ཤིང་གི་ཁྲིའུ་གྲུ་གསུམ་མི་མགོའི་ཏོག་ཅན་སྲིད་པ་ལུགས་འབྱུང་གི་གཏོར་སྟེགས་སམ་ཡང་ན་ལྕགས་ཀྱི་མཉྫིའི་ཁར་ལྕགས་སླང་བུག་རྡོལ་མེད་པའི་ནང་དུ་རི་རབ་ལྕགས་མཁར་མར་ལྕགས་སྡིག་ལུགས་ཀྱི་ལྷ་གྲངས་བཀོད་པ། ཡང་ན་གཏོར་མའི་དབུས་སུ་གཤིན་རྗེའི་ཞལ་ཕྱུང་བར་སྤྱན་ཤངས་ཙམ་མ་གཏོགས་གཞན་མ་གཏོར་མའི་དབྱིབས་མ་ཞིག་པ་ལེགས་ཞེས་རིགས་འཛིན་ངག་གི་དབང་པོ་གསུང་ཞིང་ནུབ་དགོན་ཕྱོགས་སུ་དབུ་རྒྱན། སྙན་དང་། སྙན་རྒྱན། ཞལ་རྒྱ་སོགས་ཡོད་པ་ཞལ་འབག་ལྟ་བུའི་སྤྲོས་པ་ཅན་གྱི་སྲོལ་ལྟར་ཡོལ་མོ་གཏེར་སྟོན་བསྟན་འཛིན་ནོར་བུས་སྐབས་འགར་ཕྱག་བཟོ་མཛད་པ་གང་བྱས་ཀྱང་མི་འགལ་བར་སེམས་མོད། འོན་ཀྱང་སྔ་མ་ཉིད་ལ་གཙོ་བོར་བཞེད། འདི་ལ་འཁོར་དྲུག་དང་གཙོ་ཙཀ་ཙམ་མ་གཏོགས་མི་འཛུགས་པ་དར་སོ་ཆེ་ཡང་འོག་གི་ཚོམ་བུའི་གྲངས་དང་བསྟུན་པའི་འཁོར་དང་ཙཀ་ལི་བཙུགས་ན་ལེགས་ཞེས་ཟུར་ཀུན་མཁྱེན་ཆེན་པོ་གསུང་བ་ལྷ་སྟེན་ཙཀ་ལི་ཡིས་བརྒྱན་ཞེས་པ་དང་མཐུན་པས་རྒྱས་པར་སྤྲོ་ན་འདི་ཉིད་ལེགས་ཤིང་སྤྲོས་པ་ཆུང་བར་འདོད་ན་སྔ་མ་བྱས་ཀྱང་སྐྱོན་དུ་མི་(༢བ)


GLG023_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་སེམས། དམར་སྨུག་བྱུ་རུའི་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཉམ་པར་བཞག་པའི་གཟིགས་སྣང་གཏོར་མར་གྲགས་པ་དེང་སང་སྒྲུབ་གཏོར་དུ་ངོས་འཛིན་པས་ལྕགས་མཁར་ཟུར་དྲུག་པ་འཁོར་དྲུག་མཐར་ལྕགས་མཁར་བཅུ་གཉིས་ཀྱིས་བསྐོར་བ་མདོག་དང་ཟུར་གྱི་ཁྱད་པར་གྱིས་མི་འདྲ་བ་སྟེ་གསུམ་པོ་གང་ལ་ཡང་མཚེ་ཡུངས་རྩང་རྒྱུ་མ་ཙཀ་ལི་གཏོར་གདུགས་སོགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱ། ཟབ་གནད་སྟོང་སྲོག་འཁོར་ལོ་ལ་བརྟེན་པའི་སྲུང་འཁོར་དང་འཁོར་ལིང་འདུག་པའི་དམ་པའི་གསུང་རྒྱུན་ཡོད་པ་ཞལ་ལས་འདྲི། དེ་ལྟར་གཏོར་མ་རྒྱས་འབྲིང་བསྡུས་གསུམ་གང་ཡང་རུང་བ་བཤམ། གཏོར་ཆེན་གྱི་འོག་ཏུ་མཉྫིས་བཏེག་པའི་ཟོར་ཀོང་གཅིག །དཀྱིལ་འཁོར་གྱི་མཐའ་སྐོར་དུ་རབ་སྦྱིན་བདག་གི་ལོ་གྲངས་སམ་མ་འགྲུབ་ན་གྲངས་ཉེར་གཅིག་ཙམ་ཇི་ལྟར་རིགས་པ་རྒྱུ་དྲག་པོའི་ས་སྣ་ལས་གྲུབ་པར་གཡས་སུ་མདའ་ཁྲ། གཡོན་དུ་འཕང་ཁྲ། རྒྱབ་ཏུ་རྩང་། མདུན་དུ་དཔལ་འབར་སོགས་འཆར་ཀའི་གཞུང་ནས་འབྱུང་བའི་རྫས་རྣམས་ཚང་བར་བླུག །ལོགས་གསུམ་དུ་ཁྲག་གིས་བྷྱོ་བཟློག་རྦད་འདྲི། ཚོན་སྐུད་སྣ་ལྔས་རྐེད་རྣམས་སྦྲེལ། གཡས་སུ་དུར་ཁྲོད་ཀྱི་རྡོ་ནག་གམ་མི་བསད་པའི་རྦད་རྡོ་བྱ་སྒོང་ཙམ་པ་དྲུག་ལ་གོང་བཞིན་ཡི་གེ་བྲིས་པ། གཡོན་དུ་ཚོན་སྐུད་ལྔ་ལས་གྲུབ་པའི་སྒུ་དོ། །མི་ལྤགས་ཀྱི་མཐིལ་དང་ཡུགས་སྐྲའི་ལྗགས་ཅན་གཡས་སུ་སྐྱེར་པའི་མདའ་ལ་འུག་པའམ་འུག་སྲིན་ཁྲ་གསུམ་གྱི་སྒྲོ་བསྐྱོན་པ་གྲི་ལྕགས་ཀྱི་མདེའུ་རྩེར་ཁྲག་བསྙུགས་པ། ལོགས་ལ་སྔགས་ཕྲེང་ཁྲག་གིས་བྲིས་པ་དྲུག །གཡོན་དུ་ཟོར་གཞུ། གཡས་སུ་དྲག་པོའི་ས་སྣ་ལ་བཟོས་པའི་དབྱིབས་ཟུར་གསུམ་ལ་(༣ན)


GLG023_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གང་བུ་བཙུགས་པ་དྲུག །གཡོན་དུ་དྲག་པོའི་ས་སྣ་ལས་གྲུབ་པའི་ཀོང་བུ་ཟུར་གསུམ་ཁྲག་སྣ་ཐུན་རྫས་ཀྱིས་བཀང་བ་དྲུག །མདུན་དུ་ཁྲིའུ་ལྟ་བུ་སྟེགས་ཀྱི་ཁར་རྭ་ཟོར་གཞུང་བཞིན་བཅས་ལ། ཐོད་ཚལ་དུ་ཐུན་ཁྲག་གུ་གུལ་སོགས་བྱིན་རླབས་ཀྱི་རྫས། དམར་གཏོར། ཕྱོགས་གཏོར་བཞི་རྣམས་བཤམ། དཀྱིལ་འཁོར་གྱི་མཐའི་ཟུར་བཞིར་ཁྲག་ཆང་གིས་གཏམས་པའི་སྣོད་རེ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་ནས་གཡས་སྐོར་དུ་རྩ་ཐིག་བརྒྱད་ཀྱི་རྩེ་མོ་དང་བསྟུན་ཁྲག་གིས་ཨརྒྷཾ་དང་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་སྦྱར་སྤོས། ཚིལ་རྐང་གི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་བསྲེས་པའི་བཤོས་བུ་གྲུ་གསུམ་དམར་ནག་རྣམས་དང་རྒྱས་པར་སྤྲོ་ན་ཕྱི་མཆོད་ཚར་གཅིག་བཀོད། ཤར་དུ་མཆོད་པ། ལྷོར་བཤགས་པ། ནུབ་ཏུ་བཀང་བ། བྱང་དུ་བཟློག་པ་རྣམས་ཀྱི་གཏོར་མ། ཀ་པཱ་ལའི་སྣོད་དུ་ཆོས་སྨན། ཤ་ཆེན་ཀ་ར། བུ་རམ་དང་སྦྱར་བའི་མདངས་སྐོངས་ཚང་བའི་བཾ་མདུན། གཞན་ཡང་ནུབ་རེ་བཞིན་གཏོང་རྒྱུའི་བཟློག་པའི་ཐུན་གཏོར་འཁོར་དྲུག་པ་ཁྲག་ཡུངས་ཀྱིས་བརྒྱན་པ་དང་། གསེར་སྐྱེམས། མཆོད་བསྟོད་གསལ་སྒྲོན་གྱི་གཏོར་མ་དང་ཁྲག་སྐྱེམས། བཟློག་གཞུང་གི་ཞལ་སྟོབ་གཏོར་ཆུང་གཅིག །སྨན་རཀ་དང་བཅས་པ་རྩ་གསུམ་གཏོར་མ་ཉེར་མཁོ་རྣམས་ཚང་བར་བཤམས། བཟློག་དཀྱིལ་གྱི་རྒྱབ་ཏུ་བསྟེགས་བང་རིམ་ཅན་གྱི་སྟེང་མའི་དབུས་སུ་ཚེ་བདག་སྒྲུབ་གཏོར་གཡས་གཡོན་དུ་བླ་མ་དང་ཡི་དམ་གྱི་རིགས་ཀྱི་གཏོར་མ། བང་རིམ་གཉིས་པའི་དབུས་སུ་ཚེ་བདག་གི་མཆོད་གཏོར། དེའི་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་ཀྱི་རིགས་དང་གཡོན་ལ་མོ་རྒྱུད། བང་རིམ་གསུམ་པའི་དབུས་སུ་དཔལ་མགོན་སྟག་ཞོན་གཙོ་འཁོར། (༣བ)


GLG023_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་དུ་གཡུང་བུའི་རྩེ་ལྷ་དང་ཀླུ་བདུད་གཉིས་ཀྱི་གཏོར་མ་དཀར་གསུམ་དངར་གསུམ་ཀླུ་སྨན་སྦྲན་པ། གཡོན་དུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་དུ་ཡེར་པའི་རྫོང་བཙན་དང་ལྷ་སའི་བདུད་བཙན་གཉིས་ཀྱི་གཏོར་མ། མདུན་དུ་ཆུ་གཉིས་སྔོན་འགྲོའི་མཆོད་པ་སྦྲེང་ཚར། གཡས་སུ་བདུད། གཡོན་དུ་རཀྵ་རྣམས་དགོད། དེ་ཡང་གནས་ཁང་ཁོས་སུ་ཕེབས་པ་བྱུང་ན་རྡོ་རྗེ་སློབ་དཔོན་ཞལ་ལྷོ་དང་མདུན་བསྐྱེད་བྱང་གཟིགས་དགོས་ཤིང་རླུང་རྒྱུག་བདེ་བ་སོགས་ཀྱིས་རྡུལ་ཚོན་འཁྱེར་བ་ལྟ་བུའི་སྐྱོན་དུ་འགྱུར་ན་ཞལ་ཕྱོགས་སྐབས་སུ་གང་བབས་དང་གོ་ཡུལ་དོག་པའི་སར་སློབ་དཔོན་དང་ཕྱོགས་མཐུན་པར་བཟློག་དཀྱིལ་གྱི་ཞལ་ཡང་གཏོད་སྲོལ་ཡོད་ཅིང་ཏིང་ངེ་འཛིན་གཙོ་ཆེ་བས་སྐྱོན་དུ་མི་འགྱུར་ལ་རྟེན་གཏོར་སོགས་བསྒྲིག་ལུགས་ཀྱང་གཏོར་གཞི་ཡོད་པ་དང་སྒྲུབ་མཆོད་གཞན་དང་རིམ་གྱིས་མུ་འཐུད་ལྟ་བུའི་ཡི་དམ་ཆོས་སྐྱོང་གི་གཏོར་ཚོགས་རྒྱ་ཆེར་བཤམ་པའི་སྐམས་ལ་དགོད་ལུགས་ཅུང་ཟད་མ་འགྲིག་ཀྱང་དུས་གནས་དང་བསྟུན་ནོ། །གཉིས་པ་དངོས་གཞི་ལ། བགེགས་གཏོར་སློབ་དཔོན་ལ་ཁ་བསྟན་པར་ཆབ་སྦྲན། བགེགས་སྐྲོད་ཀྱི་རོལ་དབྱངས་པར་སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། རང་གི་ཐུགས་ཁ་ནས་འོད་ཟེར་འཕྲོས་པས་གནོད་བྱེད་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨངྒུ་ཤ་ཛཿས་བཀུག །གཏོར་མར་དམིགས་ནས་རཾ་ལས་ཡེ་ཤེས་ཀྱི་མེས་བསྲེགས། ཡཾ་ལས་ཆོས་ཉིད་ཀྱི་རླུང་གིས་གཏོར། ཁཾ་ལས་མཚན་མེད་ཀྱི་ཆུས་བཀྲུས། ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་རང་རང་གི་དབང་པོ་རྣམས་ཚིམ་པར་བྱེད་པའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ་གིས་(༤ན)


GLG023_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ཀྱིས་བསྐོར་ཞིང་ལན་གསུམ་གྱིས་བསྔོ། ཧཱུཾ་མཛད་ཀྱི་ཕྱག་དང་བཅས། ན་མོ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་གཟུངས་སྔགས་སྙིང་པོ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་ཡེ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་ཆོས་སྐྱོང་སྲུང་མ་རྣལ་འབྱོར་སྔགས་འཆང་བདག་གི་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བའི་མཐུ་ལ་བརྟེན་ནས་ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུ་བ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོབ་གྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་བྱམས་པའི་སེམས་ཀྱི་སོ་སོ་རང་རང་གི་གནས་དང་རྟེན་ལ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་སྤྲིན་རབ་འབྱམས་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར་རོ། །སུཾ་བྷའི་དུས་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །སྣོད་ལ་བཤལ་ཆུ་གཏོར། བྱིན་འབེབས་ལ་རྡོ་རྗེ་སློབ་དཔོན་གྱི་གཡབ་དར་དང་ལས་ཀྱི་རྡོ་རྗེས་ཞྭ་གྱོན། སྤོས་ཕོར་དང་བཅས་བདག་ཅག་མ་ནས་སྤོས་བསྐོར་ཞིང་སྔགས་ཚིག་བཤུག་པའི་ཚ་བཤུག་རིང་ལན་གསུམ་བྱེད། ཚིག་རྫོགས་མཚམས་སུ་ཞྭ་ཕུད་ཕྱག་གསུམ་བྱ། སྨན་ཕུད་བྱིན་རླབས་ཀྱི་ཚེ་(༤བ)


GLG023_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལན་གསུམ་བརྗོད་པའི་དང་པོའི་གདངས་དང་བསྟུན་འཕྱར་ཞིང་ལན་གསུམ་གཡས་སྐོར་དུ་དཀྲུག །སྔགས་རྗེས་མ་གཉིས་ལའང་འགྲོ། རྟེན་གཏོར་གྱི་ཚེ། སྒྲུབ་གཏོར། བཟློག་གཏོར། ཐུན་གཏོར་ཨུམ་ལ་བདུད་རྩི་སྦྲན། མཆོད་གཏོར་གྱི་ཚེ་མཆོད་གཏོར་དང་གཏོར་མ་གཞན་རྣམས་ལ་བདུད་རྩི་སྦྲན། རཀྟའི་ཚེ་གཡོན་དུ་བསྐོར་བ་ཙམ་མ་གཏོགས་བདུད་རྩི་དང་མཚུངས། ཨ་ཀ་བ་ལའི་ཚེ་ཕྱི་ནང་གི་མཆོད་པ་རྣམས་ལ་བདུད་རྩི་འཐོར། སྤྱན་འདྲེན་གྱི་ཚེ་རྡོ་རྗེ་སློབ་དཔོན་གྱིས་གཡབ་དར་དང་ལས་ཀྱི་རྡོ་རྗེའི་བྱེད་ལུགས་བྱིན་འབེབས་ལྟར་ལ་ཁྱད་པར་ཁམས་གསུམ་མ་ནས་ཞྭ་ཕུད། ཕྱི་མཆོད་ཀྱི་ཚེ་ཕྱིའི་མར་མེ་སྦར། སྨན་ཕུད་ཀྱི་ཚེ་སློབ་དཔོན་དང་ལས་ཀྱི་རྡོ་རྗེ་གཉི་གས་འཐོར་ཞིང་ལས་ཀྱི་རྡོ་རྗེས་སློབ་དཔོན་གྱི་ཁྱེར་བར་བདུད་རྩི་བླུགས་པ་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་གནས་གསུམ་དུ་རེག་ཅིང་མྱང་། ལས་ཀྱི་རྡོ་རྗེས་གསང་ནན་གྱི་ཚེ་སྤྲོ་ན་སྐྱོགས་ཀྱིས་སྒྲུབ་གཏོར་དང་བཟློག་གཏོར་ལ་བདུད་རྩི་སྦྲེང་། རཀྟའི་ཚེ་སློབ་དཔོན་གཉིས་ཀས་འཐོར། དུར་ཁྲོད་ཀྱི་ནང་མཆོད་ཀྱི་ཚེ་ནང་གི་ཞུན་མེ་སྦར། ཐུན་རྫས་སྔོན་ནས་བསྒྲུབ་དགོས་ཤིང་མེད་ན་འཐེབ་ཆག་སྒྲུབ་པའི་ཆེད་དུ་ཐུན་སྔགས་ཀྱང་ཁ་ཡར་བཟླས་ནས་ཐུན་བསྐོར། རྭ་ཟོར་བསྒྲུབ་པའི་ཚེ་ཟོར་སྔགས་གང་མང་བཟླ་ཞིང་ཀོང་ཟོར་སོགས་ཟོར་གཞན་རྣམས་ཀྱང་ཟོར་གྱི་ཚིག་དང་མཐུན་པར་གསལ་འདེབས་ཤིང་ཕོ་རྒྱུད་མོ་རྒྱུད་ཀྱི་ཚོགས་བསྟིམ་པ་སོགས་ནུས་འདོན་གྱི་དམིགས་པ་བྱ། ཚོགས་ཀྱི་ཚེ་སྤྱིར་འབུལ་བ་དང་བསྟུན་ལས་ཀྱི་རྡོ་རྗེས་ཚོགས་ནས་གཏོར་མ་ཕྱི་ནང་ཐམས་ཅད་དུ་སྦྲོན་པ་ཞིག་འདུག་ནའང་ཚོགས་ཆས་སྣ་ཚོགས་(༥ན)


GLG023_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ན་གཏོར་མ་ཆུད་ཟ་བའི་རྒྱུར་སོང་དོག་པས་བླ་མ། ཡི་དམ་སྤྱི། བྱེ་བྲག་ཏུ་ཚེ་བདག །ཆོས་སྐྱོང་སྤྱི། བྱེ་བྲག་དམར་ཟོར་མ། སྟག་ཞོན། མཐུ་ཆེན་སྡེ་བཞི། གནམ་ཕུད་གཅིག་དང་བཅས་སྣོད་བརྒྱད་དུ་བཤམ་ཞིང་སྒོས་མགྲོན་མང་བ་ཡོད་ན་རིག་པས་དཔྱད་པའི་ཙམ་དགོས་བསྟར་ཞིང་བསྡུ་ན་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་སྤྱིར་གཅིག །ཚེ་བདག་ཆོས་སྐྱོང་གཏེར་སྲུང་དང་བཅས་པར་གཅིག །གནམ་ཕུད་གཅིག་སྟེ་གསུམ་ཙམ་གྱིས་མཚོན་སྤེལ་ལུགས་རིག་པས་དཔྱོད། བདུད་རྩི་སྦྲན་ནས་དབུལ། གོང་གི་གྲངས་དང་མཉམ་པའི་ཟན་དང་སྨན་ཕུད་སྦྲན་ཏེ་ཐལ་མོ་སྦྱར་ནས་བཤགས་པ་བྱ། ཚོགས་ཐ་མའི་ལིངྒའི་ཁར་སྨན་ཕུད་མ་སྦྲན་གོང་གི་ཚོགས་ཤ་དུམ་ཞིག་བཞག་པར་རཀྟ་སྦྲོན་ཅིང་ཧཱུཾ་ཞེས་སློབ་དཔོན་གྱིས་རྡོ་རྗེ་སྙིང་གར་རེག་པའི་རྐྱེན་གྱིས་རཀྟའི་ལྷ་མོ་ཐུགས་ཀར་བ་སྤུ་ཞལ་སྟོབ་ཟིན་ནས་ལིང་རོ་དུམ་རེ་བཟློག་གཏོར་དང་སྒྲུབ་གཏོར་ལ་སྦྲོན། དུམ་ཞིག་ལྷག་མར་སྤུངས་རྒྱུའི་ཐེབས་སུ་བཞག །གཞན་མའི་དུམ་བུ་དམངས་རྣམས་ཕུད་ཆང་དང་བསྲེས་ནས་བཟློག་བྱང་གི་སྐབས་སུ་འདེབས་རྒྱུར་འཇོག །དེ་ནས་བཾ་གྱི་སྨན་རཀ་གསོ་ཞིང་མར་མེ་སྦར་ནས་བཾ་སྐོངས་གཏོང་། རྩ་གསུམ་གྱི་བསྐང་གསོའི་མཇུག་ཏུ་གནམ་ཕུད་འཐོར། སང་ཉིན་གཏོར་མ་འཕེན་རྒྱུའི་འཛབ་མཇུག་ཏུ་ཟོར་སྐོར་གྱི་ཚེ་རྡོ་རྗེ་སློབ་དཔོན་ནས་དཀྱིལ་འཁོར་བར་གྱི་གཡས་གཡོན་གྱི་གྲལ་གཉིས་བར་མ་ཆད་པར་བསྒྲིགས། དེ་ནས་བཟློག་པ་གཡུ་སྤྱང་གི་ཐལ་བརྡབ་དང་པོའི་ཚེ་ཕྱོགས་གཏོར་ནས་འགོ་བརྩམས་ཀོང་ཟོར། རྡོ་ཟོར། མདའ་གཞུ། ཁྲག་ཟོར། ཡུངས་ཟོར། རྭ་ཟོར། དེའི་རྫས་སྐམ་ཐུན་རློན་ཐུན། ཐུན་གཏོར་རམ་བཟློག་གཏོར་རྣམས་གཡས་ཀྱི་ཐ་(༥བ)


GLG023_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནས་ལག་གཉིས་སུ་རེ་རེ་གཏད་པ་ཐོགས་ཏེ་ཨྱེ་རིང་ལ་བཟློག་པ་གཡུ་སྤྱང་བཏགས་པ་དང་ཟོར་སྔགས་ཚར་རེ་བཟླ་བ་སོང་ནས་ཕྱག་རྒྱ་གར་པད་དང་བཅས་གདེང་བའི་སྟང་ཀ་བྱས་ནས་ཕུ་བཏབ་སྟེ་རིམ་བཞིན་ཤུགས་པ་གཡོན་གྲལ་གྱི་མཐར་ཐུན་གཏོར་མ་སླེབས་པར་བྱ། ཀོང་ཟོར་རྣམས་འདི་ནས་བཟུང་ཟུར་ཕྱི་ལ་བསྟད་ནས་བསྒྲིག །ཐོག་ཏུ་ཟོར་ལམ་དབྱེ་སྐབས། རཾ་ཡཾ་ཁཾ་གིས་གསེར་སྐྱེམས་ཀྱི་མ་དག་པ་རྣམས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གསེར་གྱི་མཆོད་པ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྡེ་བརྒྱད་ཡུལ་ལྷ་བཞི་བདག་རིགས་དྲུག་གི་སེམས་ཅན་དང་བཅས་པའི་ཡར་གནས་ཀྱི་ཐུགས་དམ་སྐོང་ཞིང་མར་གནས་རྣམས་ཀྱི་དབང་པོ་ཚིམ་པའི་ནུས་པ་དང་ལྡན་པར་གྱུར། ཨཱོཾ་ཨཱཿཧཱུཾ་ཞེས་སློབ་དཔོན་གྱིས་རོལ་མོའི་རིང་བརླབ། གསེར་སྐྱེམས་ཀྱི་གདངས་བྱེད་རིང་ཤུབ་བུས་གསེར་གྱི་མཆོད་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རིགས་འཛིན་རྩ་བརྒྱུད་ཀྱི་བླ་མ་དམ་པ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་རྣམས་ལ་མགྲོན་ནོ། །བསྔོའོ། །དགྱེས་པ་ཆེན་པོས་བཞེས་ནས་དེང་འདིར་སྲུང་བཟློག་བསད་མནན་སྲེག་འཕང་སོགས་མངོན་སྤྱོད་དྲག་པོའི་འཕྲིན་ལས་ད་ལྟ་ཉིད་དུ་འགྲུབ་པའི་མཐུ་དཔུང་བསྐྱེད་ཅིང་སྟོང་གྲོགས་མཛད་དུ་གསོལ། ཁྱད་པར་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་མནོན་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་མགྲོན་ནོ། །བསྔོའོ། །འོག་མ་ཀུན་ལ་འགྲེ། མཧཱ་ཀཱ་ལ་ཕྱག་བཞི་དྲུག །གུར་མགོན་རྣམ་སྲས་ཞལ་བཞི་པ་སོགས་དྲེགས་པ་ཕོ་རྒྱུད་ཀྱི་སྲུང་མ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་ཅན། འདོད་ཁམས་དབང་ཕྱུག་རེ་མ་ཏཱི་སྔགས་སྲུང་ཨེ་(༦ན)


GLG023_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཛྙཱ་ཊི་སོགས་དྲེགས་པ་མོ་རྒྱུད་ཀྱི་སྲུང་མ། དཔལ་མགོན་མ་ནིང་ནག་པོ་སོགས་དྲེགས་པ་གཉིས་མེད་ཀྱི་སྲུང་མ་རྣམས་ལ་མགྲོན་ནོ། །བསྔོའོ། ཁྱད་པར་ལས་གཤིན་ཁྲོ་ཆུ་དུག་སྡོང་། འཆི་བདག་འཆར་ཀ་ནག་པོ། གཤིན་རྗེ་ཀི་ཀང་དམར་ནག །དཔལ་མགོན་སྟག་ཞོན་ནག་པོ། ལྷ་ཆེན་ཁྱབ་འཇུག་རཱ་ཧུ་ལ། གཏེར་སྲུང་མཐུ་ཆེན་སྡེ་བཞི་རྣམས་ལ་མགྲོན་ནོ། །བསྔོའོ། །འཆི་བདག་གཤིན་རྗེའི་རྒྱལ་པོ་རལ་པ་ཚར་དགུ། ཡུམ་གཏུམ་མོ་དུག་ཧྲུལ་མ། བཀའ་ཉན་ཕོ་བརྒྱད་མོ་བརྒྱད། འཁོར་སྣང་སྲིད་ལྷ་སྲིན་སྡེ་བརྒྱད། མངག་གཞུག་བྲན་གཡོག་དང་བཅས་པ་རྣམས་ལ་མགྲོན་ནོ། །བསྔོའོ། །བྱེ་བྲག་ཏུའང་སྟེང་གི་ནམ་མཁའ་ལ་རྒྱུ་བ་གཟའ་དང་རྒྱུ་སྐར། བར་སྣང་ལ་འཕྱོ་བ་གཉན་རིགས་སྡེ་བཞི། ས་གཞི་ལ་དབང་བ་ས་བདག་རྫེ་བློན། ལོ་ཟླ་ཞག་དུས་ཚེས་གྲངས་དུས་ཚོད་ལ་དབང་པའི་ལྷ་ཀླུ་འབྱུང་པོ། སྲིད་པ་ཆགས་པའི་ལྷ་དགུ་རྗེའི་མགུར་ལྷ། འབངས་ཀྱི་སྲོག་ལྷ། བསྟན་མ་བཅུ་གཉིས་ཡུལ་ཕྱོགས་ས་ཕྱོགས་འདི་དག་གི་ཡུལ་ལྷ་གཞི་བདག །མདོར་ན་སྒོ་སྐས་ལམ་འཕྲང་ལ་གནས་པའི་མི་མ་ཡིན་རྣམས་ལ་མགྲོན་ནོ། །བསྔོའོ། །རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་མགྲོན་ནོ། །བསྔོའོ། །ལན་ཆགས་དང་བུ་ལོན་ཐམས་ཅད་བྱང་ཞིང་འཁོར་བར་གྱུར་ཅིག །གཞན་མ་དགྲ་དམིགས་བསལ་ལ་དེའི་ལྷ་སྲུང་ལ་བསྔོ་བ་སོགས་རིག་པས་འཕྲུལ་ཤེས་པ་བྱེད། གསེར་སྐྱེམས་བཏང་རྗེས་ལྷག་ནས་ལྷའི་ང་རྒྱལ་གྱིས་ཅུང་ཟད་མྱངས་པའི་ལྷག་མ་ནས་གཏོར་མ་དང་ཚོགས་ལྷག་མ་སྦྲན། སྲིད་པ་ཧུར་ཙཀ་ལིའི་རྒྱབ་ཡིག་བསྒྲགས། གཏོར་མ་ཟོར་ལམ་ཕྱོགས་སུ་བཏང་བའི་རྗེས་སུ་(༦བ)


GLG023_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སོར་མོ་བཞི་ནང་བསྡམས་ཁ་ཕྱེ་ཞིང་མཐེ་བོང་གཉིས་བསྒྲེང་བའི་ཕྱག་རྒྱ་བསྟན། སྒོ་དབྱེའི་ཕྱོགས་གཏོར་རྣམས་སྒོ་སོ་སོའི་ཚིག་རྫོགས་མཚམས་སུ་འཕེན་ཅིང་སྟེང་གི་ལྷ་ལ་ཟོར་མི་འཕེནཞེས་པའི་དུས་གསེར་སྐྱེམས་འཐོར། གཏོར་མ་རྒྱག་ཉིན། ད་ནི་བཟློག་པའི་དུས་ལ་བབ་ཅེས་པའི་ཚེ་བཟློག་གཏོར་ཕྱིར་ཞལ་བསྒྱུར། སྨན་རག་གཏོར་ཚིག་དང་བསྟུན་ནས་འབུལ་བའི་གཏོར་མ་ཟུར་དུ་མི་དགོས་པར་མཆོད་བཤགས་བཀང་བཟློག་རྣམས་ཀྱི་གཏོར་མ་སྒྲན། གཏོར་ཆེན་བཏེག་པའི་ཐུལ་དུ་བམ་སྐོངས་བཀོད། ཕྱི་རོལ་ཏུ་ལྷག་མ་རྣམས་ཟོར་སྣར་གཏོང་། ཟོར་ཕྱོགས་བཞིར་འཕེན་པའི་སྟང་ཀ་ཙམ་མ་གཏོགས་ཐེབས་ཕྱོགས་སུ་འཕེན། ཀོང་ཟོར་ལོག་ན་གནས་ལ་འབེབས། རྭ་ཟོར་ཐེབས་ཆེན་དང་བརྡུང་ཐེབས་གཡས་གཡོན་གཉིས་པོ་གང་རུང་མ་བྱུང་ན་གནད་འབེབས་ལན་གཉིས་ཀྱི་བར་བསྐྱར། དེས་ཀྱང་མ་བྱུང་ན་གནད་འབེབས་ཀྱི་སྔགས་བཟླས་ཏེ་འཕེན། དེས་ཀྱང་མ་སོང་ན་ཆགས་ཆེ་བའི་རྟགས་ཡིན་པས་མི་སྐྱོར་བར་སླར་སྒྲུབ་པ་བྱེད། བྲོ་བརྡུང་བའི་ཚེ། ལག་གཡོན་སྟེང་དུ་བྱས་པའི་གྲལ་ཟླུམ་པོར་བསྐོར། དེ་ཕྱིར་གླུ་བྲོ་རྒྱུན་མི་ཆད་ཅེས་པའི་བར་གཡོ་འགུལ་མེད་པར་བསྡད། རྐང་པ་གཡས་ཀྱིས་བྲོ་བརྡུངས་པས་ཞེས་པའི་དུས་ཐམས་ཅད་ཀྱིས་གཡས་བཏེག་གཡོན་གྱི་དུས་སུ་གཡོན། གཉིས་སུ་མེད་པའི་དུས་གཉིས་ཀས་གནོན་ཚུལ་བྱ། སློབ་དཔོན་གྱིས་མནན་པ་གཡུ་སྤྱང་ཤུབ་འདོན་དང་། དམངས་མས་སུམྦྷ་ཚར་གཅིག་གི་རྗེས་སུ་གཡས་སྐོར་དུ་ཞི་བའི་གསོལ་བྱང་། དེ་བཞིན་དུ་གཡོན་སྐོར་དུ་སུམྦྷ་དང་དྲག་པོ། གཡས་སུ་སུམྦྷ་དང་དབང་། གཡོན་དུ་སུམྦྷ་དང་རྒྱས་པ་(༧ན)


GLG023_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྗེས་ནི་བསྡུ་ཆོག་གི་ཚེ། རྡུལ་ཚོན་ཡིན་ན་དབང་ལྡན་ནས་བརྩམས་ཏེ་དབུས་སུ་ཐེན་ལ་རྡུལ་ཚོན་བསྡུ་ཞིང་ཐིག་ཤུལ་དབྱེ། རས་བྲིས་ཡིན་ན་ཚོལ་བུ་འཇིག་གནམ་གང་གི་ཉིན་ལོང་ཆེ་བ་ཡོད་ན་ཉེར་དགུའི་ནུབ་ཚེ་འགུགས་དང་རྩ་གསུམ་གྱི་གཏོར་མ་འབུལ་ཞིང་ཆད་མཐོ་གཏོང་བ་སོགས་དཀྱུས་བཞིན་བྱེད། ནང་པར་འཕྲིན་ལས་ཀྱི་གཞུང་བསྲང་བ་ནས་རྒྱུན་འཛབ། བསྟོད་པ། རྒྱན་གྱི་ལྷ་བརྒྱད་ཡན་གྱི་བསྐུལ། ཚོགས་ནས་རྩ་གསུམ་གྱི་བར་བཏང་། ཐུགས་སྒྲུབ་ཀྱི་ཆད་མཐོས་ཆོས་སྐྱོང་གི་གཏོར་མ་རྣམས་བསྐུལ་བར་སྨན་རཀ་སྦྲན་སློབ་དཔོན་གྱིས་འཕྲིན་ལས་གཞོལ། ཐོག་ཏུ་བསྒྲིགས་པར་སྔགས་དྲུག་དང་ཕྱག་རྒྱ་དྲུག་ལྷ་བསངས་ལྟར་བྱ། གསེར་སྐྱེམས། ལྷག་མ་ཆད་མཐོ་བཏང་སྟེ་གཏོར་མ་ཞལ་ནང་དུ་བསྟན་ནས་ཕུད། བཤལ་ཆུས་བསྟན་མ་བསྐྱང་། སྒྲུབ་ཁང་འོག་ནས་གཏང་རག་མན་འདྲ་གོང་འོག་གི་གཏོར་མ་ཕྱིར་འབུལ་བ་ཐམས་ཅད་ལ་འདོད་གསོལ་རྒྱས་པར་བྱ་ཞེས་པ་བཀའ་བརྒྱད་རང་བྱུང་དང་རང་ཤར་གྱི་ནང་གཏོར་ནས་བྱུང་བ། རོལ་མོའི་རིང་སློབ་དཔོན་གྱིས་ཧཱུཾ། ཀ་པཱ་ལ་ཡི་སྣོད་ནང་དུ། །ཞལ་ཟས་སྣ་ཚོགས་གཏོར་མའི་རྒྱུ། །བདུད་རྩི་རྣམ་ལྔ་གཏོར་མའི་རྒྱན། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས། །མི་མཉེས་པ་ནི་གང་ཡང་མེད། །བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག །ཡི་དམ་ཐུགས་དམ་སྐོང་གྱུར་ཅིག །མཁའ་འགྲོའི་ཚོགས་རྣམས་མཉེས་གྱུར་ཅིག །བླ་མ་ཡི་དམ་མཁའ་འགྲོ་ལ། །ཚད་མེད་གཏོར་མ་འདི་བསྔོས་པས། བདག་སོགས་སེམས་ཅན་ཐམས་ཅད་ལ། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མྱུར་དུ་སངས་རྒྱས་ཤོག །ཅེས་གཏོར་མ་ལག་པས་བཏེགས་ལ་འབུལ། དེ་ནས་འཕྲིན་ལས་འཆོལ་བ་ནི། ཧོ། བདག་སོགས་སེམས་ཅན་ཐམས་ཅད་(༧བ)


GLG023_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནད་གདོན་སྡིག་སྒྲིབ་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། ལོག་པར་ལྟ་བ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། བར་གཅོད་དགྲ་བགེགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། རྐྱེན་དང་དུས་མིན་འཆི་བ་ཐམས་ཅད་བཟློག་ཏུ་གསོལ། ཞེས་དང་། གཞན་ཡང་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་པ་དང་མདོ་སྔགས་ཀྱི་སྡེ་དང་བཤད་སྒྲུབ་འཕེལ་བ་དང་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ས་ཆེན་པོ་བྱམས་པས་སྐྱོང་ཞིང་འཇིག་རྟེན་ཀུན་བདེ་ཞིང་སྐྱིད་པ། ཁྱད་པར་སྔགས་འཆང་སྒྲུབ་པ་པོ་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཀྱི་བསམ་སྦྱོར་ངན་པ་མ་ལུས་པ་ཕྱིར་བཟློག་ཅིང་རྡུལ་དུ་རློག་པ་དང་བདག་སོགས་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་དང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སོགས་ཁྱབ་བདག་ཀུན་ཏུ་བཟང་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་དཔུང་གཉེན་མཛད་དུ་གསོལ། ཞེས་པ་ལྟ་བུ་རིགས་པས་དཔྱད་དེ་སྦྱར། གཏོར་མ་འཕེན་ཁར། བསྟན་འགྲོ་ཡོངས་ལ་འཚེ་བ་སྤྱིའི་དགྲ། ཡང་སྒོས་རིགས་འཛིན་བདག་ཅག་རྒྱུ་སྦྱོར་འཁོར་དང་བཅས་པ་རྣམས་ལ་གནོད་པར་བྱེད་པའི་དམ་ཉམས་དགྲ་བོ་མི་ནོར་སྡེ་དཔུང་དང་བཅས་པ་འདི་རྣམས་འཆི་བདག་ལས་ཀྱི་གཤིན་རྗེ་སྣང་སྲིད་སྡེ་བརྒྱད་དང་བཅས་པ་ཁྱེད་རྣམས་ཀྱི་ཟས་སྐལ་དུ་གཏད་པ་ཡིན་པས་བླ་ཁུག །སྲོག་ཆོད། དབུགས་ལོང་། ཤ་ཟོ། ཁྲག་འཐུང་། རུས་པ་མུར། པགས་པ་གོས་སུ་གྱོན། ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་མི་ནོར་ཕྱུགས་གསུམ་སྡེ་དཔུང་དང་བཅས་པ་རྣམས་ཐལ་བའི་(༨ན)


GLG023_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་བྲན་བཞིན་དུ་རློག་ལ། མིང་དང་བརྡ་དང་ཐ་སྙད་ཙམ་དུ་ཡང་སྒྲ་མི་གྲག་པར་རྗེས་མེད་ཐལ་བ་རླུང་ལ་བསྐུར་བའི་འཕྲིན་ལས་མཛོད་ཅིག །ཅེས་དང་། བགེགས་ལ་གཙོ་བོར་བྱེད་ན། བསྟན་འགྲོའི་བདེ་སྐྱིད་འཕྲོག་ཅིང་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པའི་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། སྲོག་ལ་ཧུར་ཐུམས། བསམ་པ་ལ་བར་ཆད་གཏོང་བར་བྱེད་པའི་འབྱུང་པོ་ཆེ་གེ་འདིའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཐལ་པའི་རྡུལ་དུ་ཞེས་སོགས་རིག་པས་སྦྱར་བའི་དྲག་སྔགས་དམོད་པའི་མཚོན་ཆར་དབབ་བོ། ཕྲ་མོའི་གནད་ལ་ཕ་མཐའ་ཆོད་དཀའ་ཞིང་། །རྟོགས་པར་སླ་རྣམས་དཔྱོད་པར་མ་ཤེས་སོགས། །ནོངས་པ་མཐོང་བས་མང་པོར་ལེགས་འགྲོ་སྟེ། །ཞིབ་མོར་དཔྱད་འདི་སྣོད་ལྡན་ཚོགས་ལ་སྤེལ། །ཞེས་འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པར་ཉེ་བར་མཁོ་བའི་བརྗོད་བྱང་གི་རེག་ཟིག་ཞིབ་མོ་རྣམ་དག་འདི་ནི་གོང་མའི་གསུང་རྒྱུན་རྗེས་འབྲང་དུ་མར་དཔྱད་པ་དང་རིགས་འཛིན་སྤྲུལ་པའི་སྐུའི་ཟིན་ཐོ་གཙོ་བོར་གཟུང་རང་བློས་གང་སྤོབས་ཀྱི་འཐད་པ་སྒྲུབས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་བྷུ་སུ་ཀུ་པས་ཤིང་སྟག་ཆོ་འཕྲུལ་གྱི་དུས་ཆེན་ལ་སྦྱར་བའི་ཡི་གེ་པ་ནི་གནས་བརྟན་འཇམ་དབྱངས་གྲགས་པས་བགྱིས་ཤིང་ལས་བྱང་མ་བུ་བཞི་པོ་བཀའ་དམ་པར་མ་ཟད་རེག་ཟིག་འདི་ཉིད་ཤིན་ཏུ་གཅེས་པར་འཛིན་དགོས་པ་གཏེར་སྲུང་རྣམས་ཀྱི་བྱ་ར་མཛོད་ཅིག །གུ་ཧྱ་ས་མ་ཡ།། །།


previousའཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་ཟོར་ལས་དང་བཅས་པའི་རེག་ཟིག་ཞིབ་མོ་རྣམ་དགnext