Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ།next

འཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ།


GLG023_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ་བཞུགས་སོ། །


GLG023_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་ཧཱུཾ་ཏྲིག་ཁྲོཾ་བྷོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུན་བྷྱོ༔ ར་མ་ར་ག་ཤ་ན༔ ཏིང་ཡཱ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མཱ་རཱ་ཙ༔ ཀཱི་ལཱ་ཡ་བྷྱོ༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་རྡོ་རྗེ་འཛིན་པའི་བཀའ་བདེན་པ་དང་། ཕྱག་རྒྱ་ཟིལ་གནོན་ཚེ་བདག་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བཀའ་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམ་པར་དག་པའི་བཀའ་བདེན་པ་དང་། རིགས་འཛིན་སྔགས་འཆང་བདག་གི་བཀའ་བདེན་པ་དང་། ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བདག་ཅག་དཔོན་སློབ་སྐྱོབ་ཡུལ་དང་བཅས་པ་རྣམས་ལ་སྡང་བ་དང་སྡང་བའི་སེམས་དང་ལྡན་པ། གདུག་པ་དང་གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ། ལོ་རྒྱལ་པོའི་སྐེག་སྲི། ཟླ་བ་བློན་པོའི་སྐེག་སྲི། ཞག་དམག་མིའི་སྐེག་སྲི། དུས་ཚོད་མཚོན་ཆའི་སྐེག་སྲི། ཟ་ལམ་དུ་དུག་གཡོ་བ། ལུས་ལ་མཚོན་ཁ་གཏོད་པ། གཡུལ་འཁྲུག །འཐབ་རྩོད། ཁ་སྨྲས། སྨོད་མོ། ཆགས་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། དུས་མིན་འཆི་བ་ནད་དང་རིམས་དང་སྡེ་བརྒྱད་འབྱུང་པོའི་གནོད་པ་སོགས་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་བཟློག་བཟློག །བྱད་བཟློག་གཙོ་བོར་བྱེད་ཚེ་དམིགས་བསལ་ཡོད་ན་ཁྱད་པར་ཆེ་གེ་མོ་དང་། མེད་ན་བན་བོན་སྔགས་པས་བཏང་བའི་རྦད་འདྲེ་རྦོད་གཏོར་ཕར་ཕྱིན་བཀའ་མཐུའི་མདོ་སྒྲུབ། བྱད་ཁ་ཕུར་ཁ། མནན་གཏད། མདོས་ཟོར། ཧོམ་དང་


GLG023_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུ་རླུང་གི་འཁྲུལ་འཁོར་སོགས་རིག་སྔགས་ཀྱི་སྟོབས་དང་རྫུ་འཕྲུལ་དང་། ངན་སྔགས་ཀྱི་དཔལ་དང་། ཁོའི་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཁོ་རང་གི་སྟེང་དུ་བཟློག་ཅིང་། རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་འཐུང་ཞིག །རང་ནུས་རང་ལ་སྨིན་ཅིག །རང་མཚོན་རང་ལ་རྒྱོབ་ཅིག །རང་གཤེད་རང་ལ་ཕོབ་ལ་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག་ཅིག །མཱ་ར་ཡ་བཟློག་བཟློག །བྷྱོ་བྷྱོ༔ ཟོར་བསྐུལ་བ་ནི། བྷྱོ༔ ལྕགས་སམ་བྷནྡྷའི་སྣོད་ནང་དུ། །འབྲུ་སྣ་ལྔ་ལ་ངར་ཕྱེ་བྱས། །དྲག་པོའི་བཤུས་བུ་ཟུར་གསུམ་བཞེངས། །མདའ་མདུང་མཚེ་ཡུངས་རྩངས་ཀྱིས་བརྒྱན། །མྱོས་བྱེད་དུག་དང་ཁྲག་གིས་བྱུགས། །རྩ་བར་འདོད་ཆགས་ཁྲག་མཚོ་འཁྱིལ། །ངོས་ལ་ཞེ་སྡང་མེ་དཔུང་འབར། །འོག་ཏུ་གཏི་མུག་མུན་པ་འཁྲིགས། །རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ། །རྐེད་པར་གཤིན་རྗེའི་དམག་དཔུང་བསྡུས། །གཤིན་རྗེ་རོལ་པའི་གཏོར་ཟོར་འདི། །འཕངས་པ་གཤིན་རྗེ་ཉིད་ཀྱིས་འཕངས། །བརྡེག་པ་དམ་ཉམས་དགྲ་ལ་བརྡེག །དགྲ་ཁམས་ཐལ་བའི་རྡུལ་དུ་རློག །ཟོར་སྔགས་བཟློག་སྔགས་དང་བཅས་པ་བརྗོད། །ཟབ་རྒྱ༔ ༔མངྒ་ལཾ།། །།


previousའཇམ་དཔལ་མེའི་སྤུ་གྲིའི་དམོད་པ་ཟོར་བསྐུལ་རྡོ་རྗེ་ཕ་ལམ་བཅས་པ།next