Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ།next

འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ།


GLG023_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ་བཞུགས་སོ།།


GLG023_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་འདབ་སྟོང་ཐུགས་རྗེའི་ཉི་མ་ཡིས། །བཞད་པའི་དྲིན་ཅན་བླ་མ་རྡོ་རྗེ་སེམས། །ཡིན་པར་ངེས་རྙེད་སངས་རྒྱས་ཐོབ་ནས་ཀྱང་། །གཙུག་ཏོར་རྩེ་མོར་རིགས་ཀྱི་བདག་པོར་བཞུགས། །དེ་ལ་འདིར་འཇམ་དཔལ་དུས་དགྲའི་དབང་པོའི་དྲག་པོ་ཟོར་གྱི་འཕྲིན་ལས་སྒྲུབ་པ་ལ་ཉེ་བར་མཁོ་བ་རྡུལ་ཚོན་ལ་བརྟེན་པའི་བཟློག་དཀྱིལ་འདྲི་བ་ལ། དེ་ཡང་མདོས་གཏོར་གྱི་བཟློག་དཀྱིལ་བསྡུས་པའི་རིགས་ཕལ་ཆེར་ལ་ཐིག་ཚོན་གྱི་ཆོ་ག་སོགས་པར་བཀབ་མི་མཛད་པ་རྙིང་མ་ཕྱོགས་སུ་དར་སོ་ཆེ་ཡང་ཞིབ་མོར་དཔྱོད་པ་རྣམས་ཀྱིས་སྔོན་འགྲོའི་ཆོ་ག་རྒྱས་བསྡུས་ཇི་ལྟར་འོས་པ་མཛད་པས་དེ་ལའང་ས་བརྟག་བསླང་སྦྱང་གསུམ་སོགས་དཀྱིལ་ཆོག་རྣམས་སུ་ཕྱག་ལེན་མི་འདྲ་བ་སྣ་ཚོགས་བྱུང་བ་ལས་ཤེས་པར་ནུས་ཤིང་འདིར་དེ་དག་གི་སྤྲོས་པ་དོར་ཏེ་མེད་དུ་མི་རུང་བའི་རིམ་པ་ལག་ཁྲིད་དུ་གཏོང་བ་ལ། ས་བསླང་བ། ཐིག་ཚོན་བརླབ་པ། ཆག་ཆག་འདེབས་པ། ཐིག་གདབ་པ། ཚོན་བཀྱེ་བ་དང་ལྔ་ལས། དང་པོ་ས་བསླང་བ་ནི། ལས་བྱང་སྔོན་དུ་བཏང་ཟིན་དང་མ་ཟིན་ན་རྒྱས་བསྡུས་ཅི་རིགས་པའི་གཞུང་བསྲངས་ཏེ་འཛབ་བཟླ། དཀྱིལ་འཁོར་འདྲི་བའི་ས་དེར་གཏོར་མ་དཀར་(༢ན)


GLG023_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཉིས་བཤམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སྡེ་བརྒྱད་གཞི་བདག་ཞིང་སྐྱོང་གདོན་བགེགས་ཀྱི་ཚོགས་དང་བཅས་པ་བཛྲ་ཨཾ་ཀུ་ཤ་ཛཿས་བཀུག་དཀར་གཏོར་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བརླབ། ཕྱོགས་སྐྱོང་སྡེ་བརྒྱད་རྣམས་དང་ཁྱད་པར་ཡུལ་ཕྱོགས་ས་ཕྱོགས་འདི་ཀུན་ན་གཉུག་མར་གནས་པའི་གཞི་བདག་ཞིང་སྐྱོང་གཙང་ཕུད་ལ་དགའ་བ་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་བདག་ཅག་རྣམས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་འཕྲིན་ལས་ཟབ་མོ་ཉམས་སུ་ལེན་པ་ལ་བར་གཅོད་མི་འབྱུང་བའི་དགེ་བའི་སྟོང་གྲོགས་མཛོད་ཅིག །ཅེས་བཀའ་བསྒོ། ནག་ཕྱོགས་ཤ་ཁྲག་ལ་དགའ་བ་ལན་ཆགས་དང་གནོད་བྱེད་ཀྱི་གདོན་བགེགས་ནམ་མཁའ་ལ་འཕྱོ་བ། བར་སྣང་ལ་རྒྱུ་བ། ས་གཞི་ལ་འགྲིམ་པ། འབྱུང་བ་ལ་བརྟེན་པ། སྐྱོ་འགྲིབ་ལ་གབ་པ། བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་པ་ཆེན་པོ་མཐོང་ཐོས་མི་བཟོད་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་པར་གྱིས་ལ་བྱམས་པའི་སེམས་ཀྱིས་སོ་སོ་རང་རང་གི་གནས་དང་རྟེན་ལ་(༢བ)


GLG023_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་སྤྲིན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཕྱེ་མར་བརླག་པར་འགྱུར་རོ། །བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས་ཞེས་སོགས་ཀྱི་མཐར། ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག །རོལ་མོ་དྲག་པོ་དང་བཅས་ཕྱིར་བསྐྲད། དུར་ཁྲོད་མཚོན་ཆ་མེ་རི་ཁྲོ་བོ་འཁྲིག །ཅེས་སོགས་ཀྱིས་སྲུང་འཁོར་བསྒོམ། གཉིས་པ་ཐིག་ཚོན་བརླབ་པ་ནི། དཀྱིལ་འཁོར་བྱ་བའི་དབུས་སུ་ཀ་པཱ་ལའམ་རིན་པོ་ཆེའི་སྣོད་ལྔའི་དབུས་སུ་རྡུལ་ཚོན་སྔོན་པོ། ཤར་དུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ་རྣམས་ལ་རྡོ་རྗེའི་རྩེས་རིམ་པ་བཞིན་དུ་ཧཱུཾ་མཱུཾ། ཨཱོཾ་ལཱཾ། སྭཱ་མཱཾ། ཨཾ་བྱཾ། ཧཱ་ཏཱཾ་རྣམས་འདྲི། ཚོན་མདོག་དང་མཐུན་པའི་ཐིག་སྐུད་སོ་སོར་བཀོད། ཕྱི་མཆོད་ལྔ་དང་ནང་མཆོད་གསུམ་བཤམ། ལས་བྱང་ལྟར་མཆོད་རྫས་རྣམས་བརླབ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་ཐིག་ཚོན་རྣམས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ས་བོན་རྣམས་ཡོངས་སུ་གྱུར་པ་ལས་དབུས་སུ་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་མཉམ་པར་སྦྱོར་བ། ཤར་དུ་རྣམ་སྣང་དཀར་པོ་ཕྱག་གཉིས་འཁོར་ལོ་དྲིལ་བུ་དང་བཅས་ཏེ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཡུམ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། ལྷོར་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཆ་དགུ་པ་དང་བཅས་པའི་མཆོག་སྦྱིན་དང་གཡོན་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀི་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་བཅས་ཏེ་པདྨ་(༣ན)


GLG023_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ། བྱང་དུ་དོན་གྲུབ་ལྗང་གུ་གཡས་རྒྱ་གྲམ་དང་བཅས་པའི་སྐྱབས་སྦྱིན་དང་གཡོན་དྲིལ་བུ་འཛིན་པས་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ། ལྔ་གའང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་དཔྲལ་བར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་ཨཱོཾ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསམ། ཨཱོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་ཧ་ར་ཨ་ཧ་ར་ནས་ཤཔྟ་པྲ་ཏཱི་ཙྪ་སྭཱཧཱས་མཆོད། ཇགས་མཇུག་ཏུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཧཱུཾ། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་རྣམ་དག་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་གནས་ལ། །་མཐའ་ཡས་རྡོ་རྗེ་ཆོས་ཀྱི་དོན། །སོར་རྟོགས་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །དོན་གྲུབ་རྡོ་རྗེ་བསྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །(༣བ)


GLG023_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་རྡོ་རྗེ་དོན་གྲུབ་ལ། །ཞེས་བསྟོད། ཐིག་སྐུད་ལ་དམིགས་ནས། ཨཱོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏཱཿ སརྦ་དྷརྨཿཔ་ར་སྥ་ར་ཨ་ནུ་པྲ་ཝཱིཥྚ། སརྦཿདྷརྨ། ཨཱོཾ་ཨཱཿཧཱུཾ་ཞེས་བཟླ། ཚོན་ལ་དམིགས་ཏེ། ཨཱོཾ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་བཟླ། རིགས་ལྔ་ཡབ་ཡུམ་སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བབས་ཐིག་ཚོན་སོ་སོ་ལ་ཐིམ་པས་ཡེ་ཤེས་ལྔའི་ཐིག་དང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རྡུལ་ཚོན་དུ་བསམ། སེམས་ཅན་ཁམས་རྣམས་དག་བྱའི་ཕྱིར། །འདི་ནི་མེ་ལོང་བྱིན་རླབས་སོ། །སེམས་ཅན་ཁམས་རྣམས་དག་བྱའི་ཕྱིར། །འདི་ནི་ཆོས་དབྱིངས་བྱིན་རླབས་སོ། །སེམས་ན་ཁམས་རྣམས་དག་བྱའི་ཕྱིར། འདི་ནི་མཉམ་ཉིད་བྱིན་རླབས་སོ། །སེམས་ཅན་ཁམས་ནི་དག་བྱའི་ཕྱིར། །འདི་ནི་སོར་རྟོག་བྱིན་རླབས་སོ། །སེམས་ཅན་ཁམས་རྣམས་དག་བྱའི་ཕྱིར། །འདི་ནི་བྱ་གྲུབ་བྱིན་རླབས་སོ། །ཞེས་བརྗོད་པས། ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཐིག་ཚོན་སོ་སོ་ལ་ཐིམ་པར་བསམ། གསུམ་པ་ཆག་ཆག་གདབ་པ་ནི། ཧཱུཾ། རང་བྱུང་བདུད་རྩི་ཡེ་ཤེས་ལ་ལྡན་པས། །འཇམ་དཔལ་གཤིན་རྗེའི་རིགས་མཆོག་བསྒྲུབ་པའི་ཕྱིར། །བཀའ་གསུང་སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདིར། །དམ་རྫས་གསང་བ་བདུད་རྩིའི་ཆག་ཆག་འདེབས། །ཨོཾ་མ་ཧཱ་ཨ་མྲྀ་ཏ་པཉྩ་མཎྜ་ལ་སརྦ་སཾ་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་དཀྱིལ་འཁོར་གྱི་གཞི་ཀུན་ཏུ་ཁྱབ་པར་བྱུགས་ལ་གུ་གུལ་གྱིས་བདུག་ཅིང་། ས་གཞི་ཡེ་ཤེས་ལྔའི་རང་བཞིན་དུ་བསམ། བཞི་པ་ཐིག་གདབ་(༤ན)


GLG023_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཧཱུཾ། འཇིག་རྟེན་ཁམས་ནི་མ་ལུས་པ། །རྒྱལ་བའི་སྲས་པོ་འཇམ་དཔལ་དབྱངས། །སངས་རྒྱས་དཀྱིལ་འཁོར་མ་ལུས་ཀུན། །བྱང་ཆུབ་སེམས་ནི་གཅིག་ཏུ་གྱུར། །ཅེས་པས་སྐུད་པ་ལྔ་ཕྱོགས་གཅིག་ཏུ་དྲིལ་བ་ལ། ཐིག་སྐུད་རྣམས་ཡེ་ཤེས་ལྔའི་སྲད་བུར་བསམ། རང་ཉིད་ཤར་དུ་བལྟ་ཞིང་ལས་ཀྱི་རྡོ་རྗེ་ལ་ཐིག་སྣ་གཏད་ལ། ཧཱུཾ། སྟོང་གསུམ་བརྡལ་བ་ཡུམ་གྱི་གཞལ་ཡས་སུ། །ཐུགས་རྗེ་འགྱུར་མེད་ཡབ་ཀྱི་ཐིག་བཏབ་པས། །ཐབས་དང་ཤེས་རབ་གཉིས་མེད་བྱང་སེམས་ཀྱིས། །རབ་བྱམས་རྒྱལ་བའི་དཀྱིལ་འཁོར་མཁའ་ལ་གསལ། །བྷྲུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུཾ། ཞེས་ཡེ་ཤེས་ཀྱི་ཐིག་ཐིག་བསྐོར་དང་བཅས་ཏེ་སློབ་དཔོན་དང་སློབ་མའི་སྤང་བྱ་མ་ནོར་བར་འདེབས། ལས་ཐིག་ནི། དཀར་ཆལ་གྱིས་ཚངས་ཐིག་དང་ཟུར་ཐིག་བཏབ་ལ་ལྟེ་བ་ནས་ཆ་ཆེན་གཅིག་གིས་བསྐོར་བའི་ནང་དུ་སླར་ཡང་ཆ་ཕྲན་གཅིག་གིས་བསྐོར་བ་ཐོད་ར། དེའི་དབུས་སུ་གྲུ་གསུམ་རྩེ་མོ་ཕྱོགས་ཅན་གྱི་ཁ་བྱང་བསྟན་ཟླ་གམ་གསུམ་དང་བཅས་པའི་ཕྱི་རོལ་དུ་ཆ་ཆེན་གཅིག་གིས་བསྐོར་བའང་ཕྱེད་དུ་ཐོད་རས་དགོས་པའི་ནང་མ་ལ་ཟུར་ཐིག་གི་གཡས་གཡོན་ནས་བཅད་པའི་ཐོད་མཁར་བཞི། ཕྱི་མ་ལ་འཁོར་ལོ་རྩིབས་བརྒྱད། དེའི་ཕྱིར་ཆ་ཕྲན་གཉིས་ཀྱིས་བསྐོར་བར་ལྕགས་མཁར་གྲུ་གསུམ་རྩེ་མོ་ནང་དུ་བསྟན་པ་ཕྱོགས་ཀྱི་སྟོད་སྨད་གཉིས་དང་མཚམས་བཞིར་རེ་རེ། དེའི་ཕྱིར་མུ་ཁྱུད་ཆ་ཕྲན་ཕྱེད་ཀྱིས་བསྐོར་བ། དེའི་ཕྱིར་ཁྱམས་ཀྱི་དོད་མུ་ཁྱུད་ཆ་ཕྲན་ཕྱེད་གཉིས་ཀྱིས་བསྐོར་བ། དེའི་ཕྱིར་ཆ་ཆེན་གཅིག་གིས་བསྐོར་བ་མུ་ཁྱུད་དེའི་སྟེང་དུ་གྲུ་གསུམ་བཅུ་དྲུག་རྩེ་མོ་ཕྱིར་(༤བ)


GLG023_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་འོབས་ཁུང་བཅུ་དྲུག །དེའི་ཕྱིར་རྡོ་ར་ལ་ཆ་ཆེན་ཕྱེད་དང་མེ་རི་ལ་ཆ་ཆེན་གཅིག་གིས་བསྐོར་བ། དེའི་ཕྱི་རོལ་ཏུ་མ་ཏྲཾ་མགོ་བོ་མདུན་དུ་བསྟན་པ་འདྲི། རྒྱས་པར་སྤྲོ་ན་སྒོམ་དོན་ལ་དཀྱིལ་འཁོར་ཡོངས་རྫོགས་མཛད་པས་དེ་དོན་ལྟར་བྱེད་ན་ལྟེ་བ་ནས་ཆ་ཆེན་གསུམ་གྱི་སར་རྩ་ཐིག་གདབ། ནང་གི་མུ་ཁྱུད་ལ་བཅར་བའི་ཁྲག་ཁྱམས་གྲུ་བཞིར་འདོན། ལོགས་ཐིག་ནས་རྩིག་པ་ལ་ཆ་ཕྲན་གཅིག །འདོད་སྣམ་ལ་ཆ་ཕྲན་གཉིས། ཕ་གུ་ལ་ཆ་ཕྲན་གཅིག །དྲ་བ་དྲ་ཕྱེད་ལ་ཆ་ཕྲན་གཉིས། ཤར་བུ་དང་། མདའ་ཡབ་ལ་ཆ་ཕྲན་རེ་སྣམ་བུ་བརྒྱད་ལ་ཆ་ཕྲན་རེ་རེ་ཡོད་པའི་སྣམ་བུ་དང་པོ་གསེར་གདུང་ཀ་རྒྱན་གྱི་མཐའ་དང་མཉམ་པ། གཉིས་པ་རྟ་རྐང་དང་གསུམ་པ་ཆུ་སྐྱེས་གཉིས་དེ་ལས་ཆ་ཕྲན་གཅིག་གིས་རིང་བ། བཞི་པ་རིན་ཆེན་དེ་ལས་གཉིས་ཀྱིས་ཐུང་བ། ལྔ་པ་སྒྲོམ་བུ་དེ་ལས་གཅིག་གིས་རིང་བ། དྲུག་པ་ཟ་ར། བདུན་པ་པདྨ། བརྒྱད་པ་མདའ་ཡབ། གསུམ་པ་ཆ་ཕྲན་རེ་རེས་ཐུང་བ། འཇུག་པ་བདེ་བར་བྱེད་ན་གླང་རྒྱབ་ནི་ལྟོ་བའི་ཞེང་སྒོ་ཚད་གཅིག་གཡས་གཡོན་གཉིས་གཉིས་པོར་ཆ་ཕྲན་གཉིས་རེ་དེ་འཛོམ་མཚམས་ནས་རྩེའི་ཟད་མཐའི་བར་སྒོ་ཚད་གཅིག་ཕྱིར་ཆ་ཕྲན་གཅིག་གི་སར་རྒྱན་པ་ཏྲ་འདྲི་བར་ཕྱག་ལེན་ལ་ཡོད་པར་སྣང་། འཁོར་ལོ་རྩིབས་བརྒྱད་པ་གདུགས་རི་དགས་དང་བཅས་པ་རྒྱས་པར་སྒྱུ་འཕྲུལ་ལྟར་གླང་རྒྱབ་གུ་ན་དྷ་རི་ནི་ཚངས་ཐིག་གི་གཡས་གཡོན་དུ་སྣམ་བུ་དང་པོར་ཆ་ཕྲན་ཕྱེད་བཞི་གཉིས་པ་དང་གསུམ་པ་གཉིས་ལ་དྲུག་དྲུག་བཞི་པ་ལ་བཞི་ལྔ་བར་གསུམ་དྲུག་པ་ལ་དེ་ནས་བདུན་པའི་ནང་ཐིག་གི་ཚངས་ཐིག་རྩེར་རེག་པ། ཆོས་འཁོར་ལ་ཆ་ཆེན་གཅིག །པད་ར་ཆ་ཕྲན་གཉིས། འོབས་ཁུང་(༥ན)


GLG023_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུར་ཁྲོད་ལ་ཆ་ཆེན་རེ། རྡོ་ར་མེ་རི་དང་ནང་ཐིག་གོང་དང་འདྲ། ལྕགས་སྡིག་ལྟར་བྱེད་ན་ལྟེ་བ་ནས་ཆ་ཆེན་ཕྱེད་གཉིས་ཀྱིས་བསྐོར་བའི་ནང་དུ་སླར་ཡང་ཆ་ཕྲན་གཅིག་གིས་བསྐོར་བ། ཐོད་ར་དེའི་དབུས་སུ་གྲུ་གསུམ་ཆེ་བ། དེའི་ལྟེ་བ་ཟླུམ་པོར་བསྐོར་བ་གླིང་དགུར་བཅད་པའི་དབུས་སུ་གྲུ་གསུམ་བཏོན་པ་གཙོ་བོའི་གནས། ཐོད་རའི་ཕྱི་རོལ་ནས་ཆ་ཕྲན་གཉིས་ལ་འཁོར་ལོ་རྩིབས་བཅུ་གཉིས། དེའི་ཕྱིར་ཆ་ཕྲན་གཉིས་གྲུ་བཞིར་བཏབ་པའི་གྲུ་ཆད་བཞིར་གྲུ་གསུམ་སུམ་བརྩེགས་རྩེ་མོ་ནང་བསྟན། དེའི་ཕྱིར་ཆ་ཕྲན་གཉིས་ཀྱིས་བསྐོར་བའི་ཁྱམས་ཀྱི་ལོགས་རེར་གྲུ་གསུམ་ཅུང་ཟད་ཆེ་བ་རེ་དང་གཡས་གཡོན་དུ་བཞི་རེ་རྩེ་མོ་ནང་བསྟན། དེའི་ཕྱིར་འོབས་ཁུང་ནས་མེ་རིའི་བར་གོང་དང་མཚུངས་ཤིང་། དཀྱིལ་འཁོར་སྒོ་རྫོགས་བྱེད་ན་ལྕགས་འདྲ་ལ་སྒྱུ་འཕྲུལ་དང་མཐུན་པར་རྟ་བབས་སྣམ་བུ་བརྒྱད་མཛད་ཀྱང་འདིར་རྟ་བབས་སྣམ་བཞི་མར་བཞེད་པ་ཤས་ཆེ་བས། ནང་ཐིག་ཁྱམས་གྲུར་གཅོད་ཅིང་རྩིག་པ་ནས་མདའ་ཡབ་ཀྱི་བར་ལྕགས་འདྲ་ལྟར་ལ་རྟ་བབས་སྣམ་བུ་བཞིར་ཆ་ཕྲན་རེ། ང་པོའི་མཐའ་ཚད་ལ་ཆ་ཆེན་བཞི་གཞན་གསུམ་རིམ་གྱིས་ནང་དུ་ཆ་ཕྲན་རེ་འདུམས་པའོ། །བུམ་མགོ་མ་བཏོན་གཤིས་འཁོར་ལོ་གདུགས་བཅས་ལ་ཆ་ཆེན་གཉིས། ལུགས་གཉིས་ཀ་ལ་ཞིང་ལྤགས་ཀྱི་རྒྱལ་མཚན་དང་བ་དན་སོགས་དུར་ཁྲོད་ཀྱི་རྒྱན་གྱིས་མཛེས་པ་པད་རྡོར་མེ་གསུམ་དུག་གསུམ་གྱི་དག་བྱ་དག་བྱེད་དུ་གསུངས་པས་པད་ར་དོར་བའང་འཐད་པར་མི་སེམས་ཤིང་དུར་ཁྲོད་ཀྱང་ལས་བྱང་སྲུང་འཁོར་གྱི་ཚིག་གིས་ཐོན་པའོ། །ལྔ་པ་ཚོན་བཀྱེ་བ་ནི། གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་ཁྲག་ཁྱམས་མཚོན་པའི་དམར་པོ། (༥བ)


GLG023_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ར་རྣམས་དཀར། ཐོད་མཁར་ནང་ཁྱམས་དམར་པོའམ་ཡང་ན་ལྗང་གུ། འཁོར་ལོ་རྣམས་སེར། མཆན་རྣམས་སྔོ། མུ་ཁྱུད་མཛེས་ཚོན། ལྕགས་མཁར་གྲུ་གསུམ་སྔོ། ཁོང་གསེང་དམར། ཕྱི་ཁྱམས་ཕྱོགས་མདོག །མུ་ཁྱུད་གཞི་ནག་གི་སྟེང་དུ་འོབས་ཁུང་དམར་ནག །རྡོ་ར་གཞི་ནག་ལ་རྡོ་རྗེ་སེར་པོ། མེ་རི་ཁ་དོག་སྣ་ཚོགས་པ། སྒོ་རྫོགས་སུ་བྱེད་ན། གྲུ་ཆད་ཕྱོགས་མདོག་དང་བར་ཁྱམས་དམར། རྩིག་པ་ནས་མདའ་ཡབ་ཀྱི་བར་སྤྱི་དང་མཐུན། རྟ་བབས་སྣམ་བུ་བརྒྱད་མར་དང་པོ་གསེར་གདུང་སེར། གཉིས་པ་རྟ་རྐང་སྔོ། གསུམ་པ་ཆུ་སྐྱེས་དམར། བཞི་པ་རིན་ཆེན་མཐིང་། ལྔ་པ་སྒྲོམ་བུ་སྣ་ཚོགས། དྲུག་པ་བཟར་སྔོ། བདུན་པ་པདྨ་དམར། བརྒྱད་པ་མདའ་ཡབ་དཀར། འཁོར་ལོ་དང་རི་དྭགས་སེར། གདུགས་དཀར། པདྨའི་ལྟེ་བར་ཁྲག་རིས་འདྲི། ལྕགས་སྡིག་ལ་མི་འདྲ་བའི་ཁྱད་པར་དབུས་ཀྱི་གྲུ་གསུམ་ཕྱི་ཁྱམས་དམར། ལིང་ཚེའི་ཕྱོགས་བཞི་སྔོ། མཚམས་བཞི་དང་མུ་ཁྱུད་རེ་ཁཱ་སེར། འཁོར་ལོ་བཅུ་གཉིས་སྔོན་པོ། མཆན་ཁྲག་ཁྱམས། གྲུ་ཆད་ཕྱོགས་མདོག་འདྲི། ལྷ་མཚན་ནི། འབྲུ་ནག་ལྷ་གྲངས་ཚོམ་བུ་དགོད་ཅེས་པའི་དོན་ལྟར་བྲ་བོ་ཁྲག་གིས་སྦགས་པ་དབུས་སུ་གཙོ་བོ་ལ་ཆེ་བ་གཅིག །ཟླ་གམ་ལ་སྤྲུལ་པ་གསུམ། ཐོད་མཁར་ལ་གཤེད་བཞི། རྩིབས་ལ་མོན་བདུད་བརྒྱད། ལྕགས་མཁར་ལ་འཆི་བདག་བཅུ་གཉིས། ཕྱི་ཁྱམས་ཀྱི་དོད་ལ་སྒོ་བ་བཞི། འོབས་ལ་འོབས་སྲུང་བཅུ་དྲུག་རྣམས་མ་ནོར་བར་དགོད། ལྕགས་སྡིག་ལྟར་ན་གླིང་དགུའི་དབུས་སུ་གཙོ་བོ། ཤར་ནས་རིམ་བཞིན་ཕྱག་རྡོར། སྲས་མཆོག །རུས་སྦལ། སྒྲོལ་ཡུམ། ཤར་ལྷོ་ནས་སེང་གེ །སྟག །སྦྲུལ། ཁྱུང་། ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། འཁོར་(༦ན)


GLG023_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཅུ་གཉིས་ལ་ཕྱོགས་བཞིར་གསང་གཤེད་བཞི། དེ་རྣམས་ཀྱི་གཡས་བཞི་ལ་ནང་གཤེད་བཞི་གཡོན་བཞི་ལ་ཕྱི་གཤེད་བཞི། གྲུ་ཆད་ཀྱི་ཤར་ལྷོ་ནས་བརྩམས་ཏེ་བཅུ་གཉིས་ལ་འཆི་བདག་བཅུ་གཉིས། ཁྱམས་ཀྱི་ཕྱོགས་བཞིའི་དབུས་སུ་སྒོ་བ། དེའི་གཡས་གཡོན་དུ་བཞི་རེ་དགོད་དགོས་པ། ཤར་དུ་བརྒྱད་ལ་བདུད། ལྷོའི་བརྒྱད་ལ་གཤིན་རྗེ། ནུབ་ཀྱི་བརྒྱད་ལ་མ་མོ། བྱང་གི་བརྒྱད་ལ་གནོད་སྦྱིན། དེའི་ཕྱིར་འོབས་ཁུང་བཅུ་དྲུག་ལ་འོབས་སྲུང་རྣམས་མ་ནོར་བར་དགོད་དོ། །དེ་ཡང་ས་མ་དུལ་བས་རྗེན་པ་སོགས་སུ་བྱེད་དགོས་བྱུང་ན་ས་བརྟག་བསླང་སྦྱང་གཟུང་སོགས་དགོས་ཤིང་འདི་ནི་གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གིས་མཚོན་པའི་དུལ་མར་བྱེད་པའི་དབང་དུ་བྱས་ནས་འཇུག་བདེ་ཙམ་དུ་བཀོད་ལ། གཏོར་བཟློག་ཏུ་མ་ཟད་དབང་གི་སྐབས་ཀྱང་སྤྲོས་པ་ཆུང་བར་འདོད་ན་ལྷ་མཚན་དགོད་ལུགས་ཙམ་མ་གཏོགས་འདི་ཁོ་ནས་ངེས་དོན་བདེ་འཇུག་གི་མཛེས་རྒྱན་དུ་འགྱུར་རོ། །ལུགས་སྲོལ་འདི་ལ་སྔོན་གོམས་བག་ཆགས་དང་། །ཚེ་འདིར་སྦྱངས་པའི་ས་བོན་ཡོངས་སྨིན་པས། །ལེགས་བཤད་ས་ཧ་ཀ་རའི་སྙེ་མའི་བཅུད། །མྱང་འདོད་རྡོ་རྗེའི་སྤུན་རྣམས་དགྱེས་དགུར་རོལ། །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་འབྲི་བ་ལ་ཉེ་བར་མཁོ་བའི་ཆོག་སྒྲིགས་ཉུང་ངུ་རྣམ་གསལ་འདིའང་ཟོར་ལས་གནམ་ལྕགས་ཐོག་མདའ་ལྷན་ཐབས་སུ་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།མངྒ་ལཾ།།


previousའཇམ་དཔལ་ཚེ་བདག་ནག་པོའི་བཟློག་དཀྱིལ་ལ་མཁོ་བའི་སྔོན་འགྲོའི་ཆོ་ག་ཉུང་ངུ་རྣམ་གསལ།next