Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན།next

འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན།


GLG023_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན་ཞེས་བྱ་བ་བཞུགས་སོ། །


GLG023_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ནམཡརཱཛཱཉྩཚམཱོངྐྲདྷེནྡྲ༔ཀཱལཱསྱཤཏྲཝེ། རྒྱ་ཆེན་གཏིང་མཐའ་གཞལ་དཀའི་བདེ་ཆེན་ཆོས་དབྱིངས་ཟླ་བའི་མ་མར་དུས་ཀུན་གཡོ་མེད་ངང་ཉིད་ལས། སྣ་ཚོགས་འགྲོ་བློའི་བཅུ་གཉིས་ཁྱིམ་དུ་མཐའ་ཡས་ལོངས་སྤྱོད་རྫོགས་སྐུ་ཉིན་བྱེད་དབང་པོའི་དཀྱིལ་འཁོར་མཆོག །ཨཽ་ཊི་ཡ་ནའི་སིན་དྷུ་རྒྱ་མཚོར་ཆུ་སྐྱེས་རྟ་དམར་ལ་བརྟེན་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཞེས། །རབ་འབྱམས་རྒྱལ་བ་ཀུན་དངོས་ཁྱོད་ཀྱི་ཞབས་སེན་བདག་སྙིང་པད་དཀར་ཟེའུ་འབྲུར་འགོད་པའི་དགེ་ལེགས་སྩོལ། །དུས་གསུམ་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཡེ་ཤེས་སྲུང་མའི་དེད་དཔོན་གཤིན་རྗེའི་གཤེད། །རྣོ་མྱུར་འཇིག་རྟེན་གཟའ་བདུད་ལྟར་བསྒྲུབ་པའི། །རིགས་འཛིན་གནུབས་ཆེན་ཁུ་དབོན་ཕྱག་གི་ཡུལ། །འཇིག་བྲལ་ཟབ་གཏེར་རྡོ་རྗེའི་ཕ་ལམ་གྱི། །འཕྲིན་ལས་འོད་སྟོང་འབར་བ་དུམ་པ་རྒྱ། །བདུད་སྡེའི་དཔུང་འཇོམས་སྔགས་འཆང་རྡོ་རྗེ་འཛིན། །འཁྲུལ་མེད་བརྒྱུད་པར་བཅས་ལ་གུས་པས་འདུད། །ཕུན་ཚོགས་དཔལ་འབྱོར་ཨ་ཏིའི་གླིང་བཞི་ལ། །ལྷུན་གྲུབ་ལུང་རྟོགས་གསེར་གྱི་འཁོར་ལོ་ཡིས། །ཐོགས་མེད་དབང་བསྒྱུར་རིགས་རྣམས་ཀུན་གྱི་བདག །འཁོན་སྟོན་ཆོས་རྗེ་ཡབ་སྲས་རྟག་ཏུ་རྒྱལ། །སྔོན་ཆད་ཕྱི་ནང་གསང་བའི་སྐོར་གསུམ་དུ། །གབ་འཁྲུགས་ཐོར་བུའི་ཚུལ་དུ་མནན་པའི་ལས། །སྣོད་ལྡན་སློབ་བུ་རྣམས་ཀྱི་དོན་ཆེད་དང་། །བསྟན་པའི་བཙས་སུ་ལག་ལེན་ཁྱད་དུ་སྡེབས། །དེ་ལ་འདིར་རྡོ་རྗེ་ཐེག་པའི་བསྟན་པ་འདི་ཉིད་བྱང་ཕྱོགས་གངས་རིས་བསྐོར་བའི་(༢ན)


GLG023_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་སུ་གསང་སྔགས་གསར་རྙིང་ཞེས་ཡོངས་སུ་གྲགས་པའི་རྙིང་མའི་ཕྱོགས་སུ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་སྤྱི་དང་བྱེ་བྲག་སོགས་དང་། གསར་མར་ཡང་གཤེད་སྐོར་མགོན་ཆེན་སྡེ་བཞི་སོགས་ལས། འཕྲིན་ལས་བཞིའི་བསྒྲུབས་ཚུལ་སྤྱི་དང་བྱེ་བྲག་མངོན་སྤྱོད་ཀྱི་ལས་སྦྱོར་ཇི་སྙེད་ཅིག་མཆིས་ནའང་། འགྲན་གྱི་དོ་མེད་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་དུ་གྲགས་ཤིང་དོན་ལ་གནས་པའི་ཕྱིར། འདི་ཉིད་ཀྱི་མནན་པའི་ལས་སྦྱོར་བྲི་བར་བྱ་སྟེ། དེ་ཡང་བཀའ་འབྱེད་གསེར་གྱི་ལྡེ་མིག་ལས། །བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱི། །དྲག་སྔགས་ཚེ་བདག་ནག་པོ་ལས། །ཡང་གཅེས་ཟབ་པའི་སྐོར་གསུམ་ལ། །ཕྱི་སྐོར་ལྕགས་འདྲའི་སྐོར་དང་གཅིག །ནང་སྐོར་ཐོག་འདྲའི་སྐོར་དང་གཉིས། །གནམ་ལྕགས་ཐོག་མེའི་སྐོར་དང་གསུམ། །ཞེས་གསུངས་པའི་ལྕགས་འདྲ་དང་གནམ་ལྕགས་ཐོག་ཆེན་གཉིས་ཀར་མནན་པའི་སྐོར་འདྲ་མིན་ཙམ་བཤད་པ་ལས། སྐབས་འདིར་བཀའ་འབྱེད་དུ། གཡོན་ནས་རྒྱུ་མའི་རོ་མ་ལས། །མནན་པ་རི་རབ་སྟོབས་ཆེན་བྱུང་། །ཞེས་པ་ལྟར། གནམ་ལྕགས་སྡིག་པའི་ཆོས་སྡེ་ནས་གསུངས་པའི་མནན་པའི་ལག་ལེན་ཁྲིག་ཆགས་སུ་རྒྱུད་ལྡན་གྱི་བླ་མ་དམ་པའི་གསུང་ལྟར་སྡེབས་པར་བྱའོ། །འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཆོ་ག་ལས། དང་པོ་ལ་གང་དུ་བྱ་བའི་གནས། གང་གིས་བྱ་བའི་སྒྲུབ་པ་པོ། །གང་དེར་མཁོ་བའི་ཡོ་བྱད་བཤམས་པ་དང་གསུམ་ལས་དང་པོ་ནི། བསྒྲུབ་(༢བ)


GLG023_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ། གནས་ནི་དུར་ཁྲོད་དུ་བྱ། བྲག་རི་ནག་པོ་མོན་པ་ཁྲོས་པ་འདྲ་བའམ། ལྷོ་ཕྱོགས་སུ་ཁ་བལྟས་པ་ཤིན་ཏུ་མཉན་པར་ཕྱིན་ལ། ཞེས་རབ་ཏུ་འཇིགས་ཤིང་སྐྱི་གཡའ་བར་བྱེད་པའམ། ཡང་བརྒྱུད་ལས། དགེ་ཞིང་ཉམས་དགའི་གནས་དག་ཏུ། །ཞེས་དམ་པ་གོང་མ་རྣམས་ཀྱི་བྱིན་གྱིས་བརླབས་ཤིང་ཡིད་དུ་འོང་བའི་གནས་སུ་སྐྱེ་བོའི་འདུ་འཛིས་དབེན་པའི་སྒྲུབ་ཁང་དུ་བྱ་བ་ནི། དིང་སང་གི་སྐྱེ་བོ་རྣམས་ཀྱི་བློ་དང་འཚམ་ཞིང་བར་ཆད་ཉུང་བ་སོགས་ཀྱི་དགོས་པ་ཡོད་ལ། འོན་ཀྱང་དྲག་པོའི་ལས་ལ་སྦྱར་བའི་ཚེ་དུར་ཁྲོད་དམ། དེའི་ཉེ་འབྲེལ་སོགས་དང་དམ་ཅན་དངོས་བཞུགས་པ་ལྟ་བུའི་རྩུབ་འགྱུར་སྟོན་པའི་གནས་སུ་བྱ་སྟེ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་ལས། དུར་ཁྲོད་གདུགས་པའི་དབེན་གནས་སུ། །མཆོག་གསུམ་ཚང་བའི་མཚམས་བཅད་ལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དད་དང་བརྩོན་འགྲུས་མེ་ལྟར་འབར་བ་དང་། །ཤེས་རབ་ཆེ་ཞིང་ཕྱོགས་མེད་སློབ་པ་དང་། །དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ། །དམ་ཚིག་གཙོར་འཛིན་སྒོམ་ཕྲན་ཆེ་བ་དང་། །རང་རིག་བློ་ལྡན་ཆོས་ཉིད་དོན་རྟོགས་དང་། །ཞེས་གསུངས་པ་དང་། ཟླ་གསང་རྩ་བའི་རྒྱུད་ལས། ལྟ་བ་དབང་བགྲོད་དམ་ལྡན་པས། །སེམས་ཀྱི་འདུ་འཛི་མེད་པ་རུ། །དཔའ་བརྟུལ་སྔགས་ཀྱི་དམོད་པ་དབབ། །ཅེས་གསུངས་པ་ལྟར། རྒྱུ་འབྲས་ཀྱི་ཐེག་པ་སྤྱི་དང་། ཁྱད་པར་ཞེ་སྡང་ཐབས་རྒྱུད་གཤིན་རྗེ་གཤེད་ཀྱི་ཆོས་ལ་མི་ལྡོག་པའི་དད་པ་ང་ལྡན་པ། ཟབ་མོའི་ཆོས་ཉིད་ཉན་ཅིང་ཉམས་སུ་ལེན་པ་རྣམས་ལ་བརྩོན་འགྲུས་ཆེ་བ། རྒྱུད་འགྲེལ་གྱི་ཚིག་དོན་ཀུན་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཚུལ་བཞིན་དཔྱོད་པར་ནུས་པ། ཚད་ལྡན་གྱི་གཞུང་ཀུན་ལ་ཕྱོགས་ལྷུང་དང་བྲལ་བས་སློབ་ཅིང་། ལམ་གྱི་རྩ་བ་དམ་ཚིག་དང་སྡོམ་པ་སྲོག་ལྟར་གཅེས་སྤྲས་སུ་བྱེད་པ། ཡང་དག་པའི་ལྟ་བ་དང་ལྡན་པ་སོགས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ། དེ་ཡང་དཔེར་ན། རིན་པོ་ཆེ་མཆོག་དག་སོར་མོའི་འདུ་བྱེད་ལེགས་པར་ཤེས་པའི་བཟོ་བོ་ལ་བརྟེན་ནས། ཇི་ལྟར་འདོད་པའི་གཟུགས་ཀྱི་སྤྲུལ་བསྒྱུར་འབྱུང་བ་བཞིན་སློབ་དཔོན་འཇམ་དཔལ་བཤེས་གཉེན་(༣ན)


GLG023_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རྟོགས་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་གཟུངས་མ་འདུ། །བླ་མའི་མན་ངག་ཐོབ་པའི་གདེངས་ལྡན་པ། །ཡོན་ཏན་རྫོགས་པའི་བླ་མ་དམ་པ་བྱ། །ཞེས་གསུངས་པ་ལྟར། སྔགས་ལམ་གྱི་རྟོགས་པ་ཁྱད་པར་ཅན་མངོན་དུ་གྱུར་པ་སོགས་ཡོན་ཏན་ཡོངས་སུ་རྫོགས་པའི་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ། སྨིན་བྱེད་ཀྱི་དབང་། རྒྱུད་འགྲེལ་གྱི་བཤད་པ་དང་། མན་ངག་གི་དཀའ་གནད་ཀུན་ལ། དེང་སང་གི་ཆེན་པོར་རློམ་པ་འགའ་ཞིག་གི་རྣམ་ཐར་ལྟར་ཐོས་ལོ་མཐོང་ལོ་མ་ཡིན་པའི་གཏིང་ཕྱིན་པའི་སྒྲོ་འདོགས་ཆོད་པ། འདི་ཉིད་བསྙེན་ཅིང་བསྒྲུབ་པ་ལ་དགོས་པའི་ཕྱི་ནང་གི་མཆོད་རྫས་རྟེན་དང་བཅས་པ་གཞུང་ནས་བཤད་པ་བཞིན་གྲུབ་ཅིང་། གོང་བསྙེན་སྔོན་དུ་སོང་བས་མཚན་མ་ཐོབ་པའི་རིགས་སྔགས་འཆང་བ་ཞིག་དགོས་སོ། །གསུམ་པ་ནི། ད་ལྟ་གངས་ཅན་གྱི་ལྗོངས་འདིར་གསར་རྙིང་གི་སྔགས་འཆང་ཕལ་ཆེར་ཞིག །རང་ཉིད་ལ་བློ་ལེགས་པར་བཀལ་ཏེ་སྐྱབས་སུ་འཛིན་པའི་ཡོན་བདག་གི་ཁྱིམ་དག་ཏུ། བསོག་ཁྲ་བྲི་ཚེ་རང་ལ་ཉེ་བར་གང་མཁོ་བྲི་བ་སོགས་རང་གཞན་ཐམས་ཅད་བསླུ་བའི་བྱ་བ་ལ་འཇུག་པ་མ་གཏོགས། ལས་སྤྱི་དང་མནན་པ་ལ་དགོས་ངེས་ཀྱི་རྫས་རྣམས་རྣ་བའི་བུ་གར་ཟུར་ཙམ་ཡང་མ་སོན་པ་མང་ཞིང་། དེ་དག་གི་རྗེས་སུ་ཞུགས་པས་ལོང་བས་ལོང་བ་ཁྲིད་པའི་རྐྱེན་གྱིས་གཉིས་ཕུང་གི་གཡང་ལ་འཕྱན་པའི་སྐྱེ་བོ་རྣམས་ལ་ཡིད་ལྷག་པར་བརྩེ་ཡང་། གསར་རྙིང་གི་ལས་རབ་འབྱམས་མཐའ་དག་བྲི་བའི་ཇོ་མ་ཐོག་མོད། ཟིལ་གནོན་མནན་པའི་ལས་ཚོགས་ཉེར་མཁོའི་ཡོ་བྱད་རྣམས་ཞིབ་པར་བྲི་བ་ནི། དགྲ་བགེགས་གང་ལ་བྱ་ཡང་། མཎྜལ་དང་འབྲུབ་ཁུང་གི་རྒྱུ་ནི། དམར་ནག་འཇིགས་གསུམ། བདེ་གཤེགས་འདུས་པ། ཀི་ཀང་དམར་ནག །ཁྲོ་ཆུ་གུར་ཞལ་སོགས་གསར་རྙིང་གི་མངོན་སྤྱོད་ཀྱི་ལས་ཀུན་ལ་ཅུང་ཟད་འདྲ་མིན་ཙམ་ལས་ཕལ་ཆེར་མཐུན་ལ། དེ་ཡང་བསྲུང་བཟློག་བསད་མནན་གྱི་ལས་རྣམས་ལྷུན་གྱིས་གྲུབ་བྱེད། དྲིལ་སྒྲུབ་དམ་པ་རྒྱ་མདུད་(༣བ)


GLG023_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བསྣོལ་མར་བརྩེགས་པའི་ལས་མཆོད་རྟེན་ནག་པོ་ཡོངས་སུ་རྫོགས་པ་གྲུབ་ན། མནན་པ་རི་རབ་སྟོབས་ཆེན་འདི་ཉིད་ལ་བཅའ་བཞི་ལོགས་སུ་མི་དགོས་ཀྱང་། མ་འགྲུབ་པའམ་གནས་ཁང་གཞན་དུ་དགོས་པ་སོགས་བྱུང་ཚེ། སྡིག་པ་སྙིང་འཛིངས་ལས་ཕུང་ཤུལ་མི་མི་བསད་གཡུལ་བཀྱེ་དང་། དུར་ཁྲོད་རོ་ཡི་ས་དག་ལ། །རོ་བསྲེགས་རྡོ་དང་སོལ་བ་དང་། །གྲི་ལྕགས་དཔའ་བོ་གཡུལ་བསད་ཁྲག །ར་དུག་རེ་ལྕགས་ཨ་ཤྭ་ཀན། །གྲོགས་མཁར་རས་སྤྱིན་ཁྲོན་ཤུན་ནག །ཤོག་འདག་ཚེ་ཆུ་སྦྱར་ཏེ་རྩིགས། །ཞེས་གསུངས་པ་ལྟར་ཕུང་ཤུལ་གྱི་ས། མི་བསད་པའི་ས། གཡུལ་སྤྲད་པའི་ས། དུར་ཁྲོད་ཀྱི་ས། རོ་བསྲེགས་པ་རྡོ་སོལ་བ། དཔའ་བོ་གྲིར་བསད་པའི་ཁྲག་དུག་སྣ། ཤཱ་སྦུད་ཀྱི་ས། གྲོག་མཁར་གྱི་ས། གྲི་ལྕགས་སོགས་མཚོན་ཆ་སྣ་ཚོགས་བརྡར་བའི་ཕྱེ་མ་ལྷ་སྲིན་དྲག་པོ་གནས་པའི་ས། ཐོགས་སེར་རྒྱབ་བབས་ཀྱི་ས། རྫ་གསར་པ་སྤྱིན་པོ། ཤོག་འདག །རྫས་དེ་རྣམས་སྐྲུ་བྱེད་ཆུ་མིག་གཉན་པོའི་ཆུ། དུག་ཁྲག་དུག་སྣ་ཚོགས་བཏབ་པའི་ཆུ། བྱུག་རྫས། དུག་ཁྲག །གྲི་ཁྲག །རོ་སོལ་ལྷ་དང་དབྱེ་བའི་རྫས་གུ་གུལ། ཡུགས་ས་མོའི་ཞབས་མ། རྨེ་ཁྲག །ཤན་པའི་ལྷམ་སྐྲད། ཚིལ་ཆེན། རྭ་བཞོག །རྟ་བོན། ཁྱི་ལུད། མི་བླུན། མུ་ཟི། སྒོག་སྐྱ། མཛེ་ཁྲག །རི་ཁྲོ་དང་སྤུ་ནག་གི་རྩ་བ། ར་མག་ཀྱི་རྐྱོ་མ། བུང་བུའི་བངས། འཇུག་པའི་སྣོད། བྱ་རྒོད། ངང་པ། བྱ་རོག །བྱི་བ། གཅན་ཟན། གྲུམ་པ། གླང་། མཛོ། དྲེལ། ཕག་པ། ར། ཁྱི། སྐྱེས་གྲིར་ཤི་བ། རབ་ཆད། མོན་པ། གཞན་ཡང་མི་ནོན་པའི་ཐོད་པ་བཞི་མ་གཏོགས། མི་རྣམས་ཀྱི་ཐོད་པ་ཇ་རིལ་གླང་རུ། ལྷ་འདྲེ་སྒོད་ཀྱི་གནོན་ན། འཁྲིད་ཁ་རིན་ཆེན་ཕྲེང་བར་གསུངས་པའི་གཞན་ལ་མེད་པའི་ཁྲོ་བོའི་དབང་པོ་འདིའི་ཁྱད་ཆོས་སྡེ་བརྒྱད་བྱེ་བྲག་ཏུ་མནན་པའི་སྐབས་སུ། སྡེ་བརྒྱད་སོ་སོའི་ལིངྒ་འཇུག་པའི་སྣོད་སོ་སོར་བཤད་ལ། འཇུག་རྒྱུའི་འཁོར་ལོ་སོ་སོར་སྣང་ཡང་། སྐབས་འདིར་རིགས་པའི་མདས་དྲངས་པ་དམ་པའི་ཕྱག་ལེན་ནོ། །སྒྲིལ་བའི་ཚས། རེ་ནག །འཆིང་བྱེད་ཐག་པ་ཚོན་སྐུད་སྣ་ལྔ། ཡུགས་སྐྲ། རོ་སྐྲ། མནན་པའི་ས། ས་ཚོན་སྣ་ལྔ། བྲང་བའི་ཐུན་རྫས། གུ་གུལ། རྒྱ་ཆིལ། (༤ན)


GLG023_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཟི། བོང་ཚིལ། ཚིལ་ཆེན། ར་ཁྲག །མངལ་ཁྲག །མཛེ་ཁྲག ཉུང་དཀར་ནག །སྐྱེ་ཚེ། མཚོན་ཆ་བརྡར་བའི་བྱེ་མ། དེ་ལ་སྦོལ་རྒྱུའི་རློན་ཐུན། ཁ་གཅོད་རོ་གཡའ་མམ། རང་ཐག་ཡ་ཁོད། གཞན་ཡང་ཚྭ། བ་ཚྭ། བུ་ཏོག །གཡེར་མ། དུག་ཤོག །ལ་ཆ་སོགས་དང་། རང་བསྲུང་གི་རྫས་ཉིན་གཅིག་ལ་མཛེ་ཐོད་རློན་པ་སྟོང་། ཀླུ་གདོལ་བ་གནས་པའི་ཆུ་མིག་ལ་བརྒྱབ་པ་སོགས་རྩུབ་སྤྱོད་ཀྱི་ལས་ཅི་བྱས་ཀྱང་། ལྷ་སྲིན་སྡེ་བརྒྱད་ཀྱིས། མིག་བལྟ་བ་ཙམ་ཡང་མི་ནུས་པའི་རྡོ་རྗེའི་ཕ་ལམ་ལྟ་བུའི་དུག་ཁྲག་ཏུ་གྲགས་པས། དཔལ་རྡོ་རྗེ་ཕུར་པ་ནས་རྒྱས་པར་གསུངས་ཤིང་། དེའི་སྙིང་པོ་ལྟ་བུ་རིགས་འཛིན་ཆེན་པོ་རཏྣ་གླིང་པའི་གཏེར་པ་ལྕགས་སྡོང་མར་གྲགས་པ་རྡོ་རྗེ་གཏུམ་མོའི་ལས་ཚོགས་དང་། རྒྱ་ཕུར་བུའི་གཏེར་མའི་བུམ་ཐང་མ་དང་ལྕགས་སྡོང་མ་གཉིས་ནས་བཤད་པ་ལྟར་གང་ཟུང་ལག་ཏུ་ལོན་ན། མནན་པའི་ལས་སྦྱོར་འདི་ཙམ་དུ་མ་ཟད། དྲག་པོའི་ལས་གང་ལ་ཡང་མཆོག་དུ་བསྔགས་ཀྱང་། ད་ལྟ་ནོར་འཛིན་གྱི་ལྟོ་བར་རིག་སྔགས་འཆང་བའི་ཁུར་འཛིན་གྱིས་ཁེངས་ན་ཡང་། དུག་ཁྲག་གཅེས་པ་དུད་འགྲོའི་ཁྲག་རློན་པར་བཙན་དུག་གི་ཕྱེ་མ་བཏབ་པ་ཞིག་ཡིན་ནམ་སྙམ་པ་ལས། རྫས་སྔགས་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་ཕུལ་དུ་བྱུང་བའི་ཚུལ་མིག་དང་རྣ་བའི་དགའ་སྟོན་དུ་གྱུར་པ་ནི་ཉིན་སྐར་ཙམ་དུ་སྣང་བས། ཤིན་ཏུ་དཀོན་ཅིང་དོན་ཆེན་པོ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཚུངས་པའི་རྒྱུ་མཚན་ལེགས་པར་སོམས་ལ། ཤེས་ལྡན་ཀུན་གྱིས་རིག་འཛིན་པ་རྣམས་ཀྱི་གསུང་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བའི་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་བླང་བར་བྱོས་ཤིག །གཞན་ཡང་། གནམ་ལྕགས་སྡིག་པའི་ཆོས་སྡེར་གོང་དང་ཆ་མཚུངས་པའི་རྫས་བསྲུང་དང་། མཆོད་རྟེན་ཉམས་སུ་བླངས་པའི་སྤྲ་ཁྲིད་ནས་གསུངས་པའི་རྫས་སྣ་བདུན་དང་གཏེར་ཁ་གཞན་ནས་བྱུང་བའི་རྫས་བསྲུང་ཟབ་མོ་ཆེས་ཕྲ་བ་ཡོད་པ་ལས། དུག་ཁྲག་ཡོད་ན་འདི་རྣམས་དང་མི་ལྡན་ཡང་འགལ་བ་མེད་ལ། དེ་(༤བ)


GLG023_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མ་ཡིན་ན་སྔར་བཤད་པ་རྣམས་ལས་སྣ་རེ་མེད་དུ་མི་རུང་ངོ་། །སྤྱིར་དྲག་པོའི་ལས་སྦྱོར་དུས་རང་བསྲུང་བ་གལ་ཆེ་བས། ཏིང་ངེ་འཛིན་དམིགས་པ་གནད། འདོགས་རྒྱུའི་འཁོར་ལོ་སྐུ་གསུང་ཐུགས་དང་བསྲུང་བཟློག་བསད་གསུམ་གྱི་ཟ་ཡིག་རྣམས་ལ་བྲི་གཞི། བྱུག་རྫས། ལྟེབ་ཚུལ། ཟ་ལུགས་དམིགས་པ་སོགས་སྙིང་གི་ཁྲག་ལྟ་བུའི་མན་ངག་རྣམས་ཀྱང་གླེགས་བམ་དུ་ཡོད་པ་ཙམ་མ་ཡིན་པར་ལག་ཏུ་བླང་བར་བྱ་བ་ནི་གནད་ཡིན་ནོ། །དེས་ན་གོང་དུ་བཤད་པའི་རྫས་དེ་དག་ཐམས་ཅད་མིང་ཙམ་ཤེས་པས་ཆོག་པ་མ་ཡིན་ཏེ། དེ་རྣམས་ཀྱི་ངོ་བོ། ངོས་འཛིན་ལུགས། འགའ་ཞིག་ཏུ་སྦྱར་ལུགས་དང་། བཟོ་དབྱིབས་དང་། ཚད་ཀྱི་ཁྱད་པར་དང་། ཡུལ་ལ་བརྟེན་ནས་འཇུག་སྣོད་བརྟག་པ་དང་། འདེབས་རྒྱུའི་སྔགས་དང་། འཁེལ་ལུགས་དང་། རི་མོ་བྲི་ཚུལ་སོགས་ཤིན་ཏུ་ཞིབ་པའི་མན་ངག་གི་གནད་མཐའ་དག་མཐོང་བ་བརྒྱུད་པའི་ཕྱག་ལེན་དང་། རིགས་འཛིན་བླ་མ་མཆོག་གིས་ཞལ་གྱི་བདུད་རྩི་ལས་མྱང་བར་བྱའོ། །སྨྲས་པ། སྣ་ཚོགས་རྫས་ཀྱི་གློག་སྟོང་འབྲུག་སྒྲ་དང་། །འཁྲུལ་མེད་གདམས་པའི་ཆར་སྤྲིན་སྟུག་པོ་ལས། །མངོན་སྤྱོད་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་གྱིས། །དགྲ་བགེགས་བྲག་རི་འཇོམས་པར་གདོན་མི་ཟ། །ཨེ་མ་ཡང་ཟབ་རྫས་ཀྱི་འཁྲུལ་འཁོར་མཆོག །རིགས་འཛིན་བརྒྱུད་པའི་ཕྱག་བཞེད་མན་ངག་གིས། །ལེགས་བརྒྱན་སྔགས་འཆང་རྡོ་རྗེ་འཛིན་པ་རྗེའི། །གཞལ་མེད་དྲིན་ལས་ཁོ་བོས་རྫོགས་པར་ཐོབ། །གཏན་གྱི་བདེ་ལས་ཕྱིར་ཕྱོགས་འདི་སྣང་གིས། །བྱ་བཞག་འཇིག་རྟེན་ཕལ་པའི་རྗེས་ཞུགས་ཀྱང་། །འགྲོ་ཀུན་འདྲེན་པའི་ཁུར་འཆང་སྟོབས་ཀྱི་བདག །ཆེན་པོ་འུར་རྒྱང་ཅན་ཚོའི་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ། ལག་ལེན་གྱི་དངོས་གཞི་དང་། སྒྲུབ་པའི་དངོས་གཞི་གཉིས་ལས། དང་པོ་ནི། མཎྜལ། འཁོར་ལོ་ལིངྒ་སོགས་བརྩིགས་པ་དང་བྲི་བའི་དུས་སུ་གཟའ་སྐར་གྱི་འཕྲོད་སྦྱོར་སྲིད་གསུམ་རྣམ་རྒྱལ་གྱི་ཐེབས། ས་བདག་གདུག་པ་ཅན་རྒྱུ་བ་སོགས་རྩི་དགོས་པ། དེ་ཡང་མཆོད་རྟེན་ཡོངས་རྫོགས་ཉམས་སུ་བླང་བའི་པྲ་ཁྲིད་དུ། དམིགས་(༥ན)


GLG023_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དང་ཕུར་བུ་དར་བ་ལ། རྭ་ཧུ་ལ་དང་བསྟུན་ཏེ་རྩི་དགོས། ཐ་སྐར་རམ་བྲ་ཉེ་ལག་སོར་ལ་སོགས་པ་ལ་བྱའོ། །ཞེས་རག་རིམ་ཙམ་ལས་ཞིབ་པར་གཞན་དུ་བལྟ་བར་དགོངས་ཤིང་། ཡིག་ཆ་གཞན་དུའང་གསལ་བར་མ་གསུངས་ཀྱང་། རྩིས་ཀྱི་གཙུག་ལག་ལ་བློ་གྲོས་འཇུག་པ་ཅུང་ཟད་དང་ལྡན་པའི་སྔགས་འཆང་འགའ་ལ། གཞན་དུ་བལྟ་བའི་ཁུར་སྤངས་ཏེ་འཁྱེར་བདེ་སླད་དུ་གསལ་བར་བཀོད་ན། ཉི་མ་སྨིན་དྲུག་ཟླ་བ་ཁྲག་མིག་དམར་སྐག །ལྷག་པ་ཆུ། ཕུར་བུ་མགོ །པ་སངས་རྒྱལ། སྤེན་པ་མོན་དྲེ་སྟེ་བདུད་ཉི་བདུན་དང་། དེ་བཞིན་གཟའ་བདུན་རིམ་པར། ལྷ་མཚམས་སྨིན་དྲུག་མོན་དྲེ། ཐ་སྐར། མགོ །སྣར་མ། མེ་བཞི་སྟེ་འཆི་སྦྱོར། མཆུ། ས་ག །ལག །སྣུབས། མོན་དྲེ། བི་རྫི། ཆུ་སྟོད་དེ་སྲེག་སྦྱོར་བདུན། སྣུབས། བྱི་ཞུན། ཁྲུམས་སྨད། སྨིན་དྲུག་ནམ་སོ། བྲེ། ས་རི་སྟེ་བདུད་རྒྱལ་བདུན། བཅུ་གཅིག །ཉེར་དྲུག་བཅུ་དང་། ཉེར་ལྔ། གསུམ། བཅོ་བརྒྱད། དྲུག །ཉེར་གཅིག །གཉིས། བཅུ་བདུན། བདུན་ཉེར་གཉིས་ཏེ། ཡར་ངོ་དང་མར་ངོའི་བསྲེག་ཚེས། གཞན་ཡང་གཟའ་སྐར་གྱི་ཁམས་དང་བསྟུན་པའི་ས་རླུང་། ཆུ་རླུང་། ས་མེ་སོགས་འཕྲད་པ་དང་། རྩ་བའི་སྒྲ་གཅན། དྲང་སྲོང་། གཟའ་དགུའི་བགྲོད་པའི་གནས་ཚུལ། ཐུན་ཕྱེད་རྭ་ཧཱུ། ཡུད་ཙམ་རྭ་ཧུ། ཚེས་ཀྱི་རྭ་ཧུ། ཟླ་ཕྱེད་རྭ་ཧུ་རྣམས་མཐའ་དག་རྩི་བ་མཆོག་ཏུ་གལ་ཆེ་ཡང་། རྩིས་རིག་སྨྲ་བའི་གཙུག་རྒྱན་གྲ་ཕུགས་པའི་ཐེབས་གཞུང་ལས། ཁྱད་པར་དཔའ་བོའི་རྗེས་སུ་དམག་དཔུང་བཞིན། །ཐུན་ཕྱེད་ཐེབས་དང་བསྟུན་པ་མན་ངག་ཡིན། །ཞེས་གསུངས་པ་ལྟར་ཐུན་ཕྱེད་རཱ་ཧཱུའི་རྩི་ཚུལ་ལ་ནན་ཏན་དུ་བྱ་ཞིང་ནག་རྩིས་སུ་གསུངས་པའི་གཟའ་དར་རྒུད། ཟིན་ཕུང་སོགས་ས་བདག་རྣམས་ཀྱི་རྒྱུ་ཚུལ་དང་། མདོར་ན་སྐར་མ་རྣམས་ཀྱི་ཆུ་ཚོད་ཡུན་ཇི་ཙམ་སྡོད་སོགས་རྩི་དགོས་ལ། སྐར་རྩིས་དང་དབྱངས་འཆར་དག་ལ་ཐོས་བསམ་ལེགས་པར་སོང་བ་ཡིན་ན། རྐང་པ་བརྒྱད་ཅུ་པ་དང་། སྤེན་པའི་འཁོར་ལོ་སོགས་ཇི་སྙེད་ཅིག་གསུངས་པ་(༥བ)


GLG023_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྩིས་ན་ལས་རྣམས་འགྲུབ་པ་མྱུར་བས་ལེགས་པ་ཡིན་ནོ། །ཐེབས་ཕྱོགས་སུ་ཁ་བསྟན་ལ་ཟིན་ཕུང་སོགས་ས་བདག་རྒྱུ་བའི་གདོང་མ་ཐུག་པར་བྱས་ཏེ། རང་ཉིད་གཤིན་རྗེ་གཤེད་ཀྱི་ང་རྒྱལ་དང་ལྡན་པས། བྱ་ཤ་ཟན་གྱི་སྒྲོ་རྩེའི་སྙུ་གུས་ལིང་ག་དང་འཁོར་ལོ་རྣམས་བྲི་བར་བྱ་བ་ནི་སྤྱིར་ལིང་ག་ལ། ལིང་ག་འཁོར་ལོ་ཅན་དང་། སྔགས་ཅན་དང་། ལིང་རྐྱང་དང་གསུམ་ཡོད་པའི་གསུམ་ཀར་འཁོར་ལོ་སྔགས་ཕྲེང་རྣམས་ཡོད་མེད་ཙམ་མ་གཏོགས། གཞན་ལ་ལིང་ག་བྲི་ཚུལ་ཚང་མ་གཅིག་ལ། དེང་སང་ནི་ལིང་ག་ཞེས་པ་མིའི་གཟུགས་ཀྱི་དབྱིབས་ཙམ་བྲི་བ་ལས། ཚུལ་གཞན་ཤེས་པའི་སྔགས་འཆང་བསིལ་རིས་བསྐོར་བའི་ལྗོངས་འདིར་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་པ་འདི་སྙིང་ལ་གཅགས་ཏེ་གསལ་བར་འགོད་དོ༔ དེ་ཡང་ལིང་ག་བྱད་དབྱིབས་བཀྲག་མདངས་གཟི་བརྗིད་ལྡན་པ་དང་། ཤི་བ་རོའི་རྣམ་པ་གཉིས་ཀ་མ་ཡིན་པའི་གཅེར་བུ་ཉམས་ཆུང་བ། ངལ་ཞིང་དུབ་པ། ཉམས་ཐག་པ། གསོན་པོའི་རྣམ་པ་ཅན། སྐྲ་གཟིངས་ཤིང་ཁ་མཐུར་དུ་བལྟ་བ། ཡན་ལག་བཞི་ལྕགས་སྒྲོག་གིས་གདམས་པ་ནི་ལིང་ག་སྤྱིའི་བྲི་ཚུལ་ཡིན་ལ། སྐབས་འདིར་ལྕེ་ཕྱིར་བྱུང་བའི་སྟེང་དུ་འཁོར་ལོ་བྲི་བ་ནི། གཙོ་བོར་དགྲ་ནུས་པ་ཅན་གྱི་ངག་མནན་པའི་དབང་དུ་མཛད་པ་སྟེ། ལུས་ངག་ཡིད་གསུམ་གནོན་ཚེ་རཏྣ་གླིང་པའི་གཏེར་མའི་ཡང་བཟློག་མེའི་སྤུ་གྲི་ལས། ལུས་མནན་ཙཀྲ་མགོ་ལ་བསྐོར། །ངག་མནན་ཙཀྲ་ལྕེ་ལ་བསྐོར། །ཡིད་མནན་ཙཀྲ་སྙིང་ལ་བསྐོར། །དེ་ནི་མན་ངག་དམ་པ་ཡིན། །ཞེས་གསུངས་པ་ལྟར་བྱ་ལ། འོན་ཀྱང་ལུས་ངག་ཡིད་གསུམ་སོགས་གཅིག་ཆར་དུ་མནོན་པའི་སྐབས་སུ་ལྕེའི་སྟེང་འཁོར་ལོ་བསྐོར་བས། ལྕེ་འོག་ཏུ་ལུས་དང་སྙིང་གཉིས་ཡོང་བའི་རྒྱུ་མཚན་གྱི་ལེགས་ལ། དེ་ཡང་ལྕེ་འཁོར་ལོའི་རྒྱ་ཁྱོན་ལ་དཔག་པའི་སྟེང་དུ་ཙཀྲ་ནི། ཁྲིད་ཀ་རིན་ཆེན་འཕྲེང་བ་ལས། ལྕེ་ལ་འཁོར་ལོ་རྩིབས་བརྒྱད་བསྐོར། རྡོ་རྗེ་རྒྱ་གྲམ་མཆོད་རྟེན་རབ། །མཐིང་ནག་གྲུ་གསུམ་ཞེས་པ་ལྟར། །མུ་ཁྱུད་ལྔ་པ་དབུས་སུ་མཆོད་རྟེན། དེའི་ཕྱི་རྡོ་རྗེ་རྒྱ་གྲམ་དེའི་(༦ན)


GLG023_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་འཁོར་ལོ་རྩིབས་བརྒྱད་བྱ་ལ། སྔགས་འགོད་ཚུལ་འདི་ཉིད་ལྕགས་སྡིག་ཁོ་ནའི་ཁྱད་ཆོས་ལས། ལྕགས་འདྲ་སོགས་གཞན་ནས་ཞུས་དག་ཕེར་བ་མེད་པའི། རིན་ཆེན་ཕྲེང་བའི་གཞུང་དང་། བླ་མའི་མན་ངག་བསྟུན་པ་མ་གཏོགས། སྔགས་འགོད་པ་གསལ་བར་བྲི་བ་དང་། དཔེའུ་ཆུང་དུ་ཡི་གེ་འགོད་པ་སོགས་བཀའ་རྒྱ་དམ་པས་མི་རུང་ངོ་། །ལིང་ག་འཁོར་ལོ་ཅན་དང་། སྔགས་ཅན། རྐྱང་པ་སོགས་གང་ལའང་མེད་དུ་མི་རུང་བ་ནི། མན་ངག་སྙིང་གཟེར་ནག་པོ་ལས། ཙིཏྟ་རིན་ཆེན་གུར་ཁང་ན། །སྲོག་ཅེས་བྱ་བའི་ངོ་བོ་དེ། །རྒྱུ་ནི་དངས་མ་ལྔ་ལས་གྲུབ། །དབྱིབས་ནི་ཡི་གེའི་རྣམ་པར་གནས། །རྣམ་ཤེས་ཡི་གེ་འབྲུ་གཅིག་གོ །རྩ་གསུམ་མཁའ་ལ་བཏེགས་ནས་ནི། །བཙོན་ཁང་འོད་ཀྱི་ནང་ན་གནས། །ཏྲིག་ནན་གཉིས་ཀྱི་སྟེང་ནས་གཟིར། །རྩ་ནས་ཀུན་གཞི་རྣམ་ཤེས་རྒྱུད། །དེ་ལ་འཕྲོག་བྱེད་འབྲུ་གསུམ་གནས། །ཙིཏྟ་སྙིང་གི་ཕྱོགས་བཞི་ནས། །རྩ་བཞི་གྱེས་ནས་རླུང་བཞི་བརྒྱུ། །དེ་ལ་གཅོད་བྱེད་འབྲུ་བཞི་གནས། །མགོ་བོ་ལ་ནི་ཡིག་འབྲུ་གསུམ། །མགྲིན་པ་ལ་ནི་ཡིག་འབྲུ་བཞི། །ཡན་ལག་བཞི་ལ་གཅོད་བྱེད་བཞི། །སྟེང་འོག་གཉིས་ལ་ཨེ་ཏྲི་དང་། འཁོར་འདས་གཉིས་ཀྱི་ས་བོན་ཡིན། །དེ་ལྟར་རང་ལ་བདུད་ལངས་ནས། །རང་སྲོག་གཅོད་པར་རང་གཤེད་དོ། །ཅེས་པའི་དོན་བཤད་ན། དེ་ཉིད་ལས། ཡ་གི་བདེ་གཤེགས་ཞི་ཁྲོ་ནས། །འགོང་པོ་སྲིན་པོ་ཡན་ཆོད་ལ། །སྲོག་བཞི་ཀུན་ལ་ཡོད་པ་ཡིན། །ཞེས་པ་ལྟར། སྲོག་བཞི་ལས་སྙིང་གར་བྲི་རྒྱུ་ནི་མི་འགྱུར་སྲོག་སྟེ། མི་ལ་ནྲི་དང་འདྲེ་ལ་ཏྲི་བཀོད་པའི་ཕྱོགས་བཞིར་ཛ་བཞི་དང་། རྩ་གསུམ་གྱི་སྟེང་དུ་འཕྲོག་བྱེད་ཀྱི་ཡིག་འབྲུ་ཧུར་ཐུམ་ཛ་གསུམ། སྟེང་དུ་གཟིར་བྱེད་ཀྱི་ཡི་གེ་ཏྲིག་ནན་གཉིས། རླུང་བཞི་གཅོད་བྱེད་ཀྱི་འབྲུ་བཞི་མཱ་ར་ཡ་རྦད་དང་། མིག་གཉིས་སུ་ལོང་ལོང་། རྣ་བ་གཉིས་སུ་འོན་འོན། ཁ་ལ་བདུད་པོ་ང་ལོང་། ལག་པ་གཉིས་ལ་ཞ་ཞ། རྐང་པ་གཉིས་ལ་ཆག་ཆག །བརླ་འོག་གཉིས་སུ་ཚ་ཚ། རྐང་མཐིལ་གཉིས་སུ་ཡཾ་ཡཾ། འདོམས་སུ་ཕཊ། ཅེས་པའི་རང་གཤེད་དབབ་པའི་མཚོན་ཆ་རྣམས་ཚང་བར་བྲི་དགོས་ལ། ལིང་ག་བྲི་ཚུལ་སྤྱི་ལ་མེད་པའི་གཤིན་རྗེ་གཤེད་ཀི་ཀང་དམར་ནག་ནས་བཤད་པའི་(༦བ)


GLG023_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་འགོད་རྒྱུའི་ཡི་གེ་རྣམས་སྐབས་འདིར་གཙོ་བོར་མནན་པའི་ལས་ཡིན་པས་འབྲི་བ་གནས་ཡིན་ནོ། །དེ་ཡང་སྤྱིར་ལིངྒའི་ལག་གཉིས་ལུས་ཀྱི་རྒྱབ་ཕྱོགས་སུ་བཀྱིག་པའི་ཚུལ་བྱེད་པ་ཡིན་ཡང་། སྡིག་པ་སྙིང་འཛིངས་ཀྱི་མན་ངག་གི་ཁྱད་ཆོས་སུ་བཙད་བོ། སློབ་མ་དམ་ཉམས་དམ་ཚིག་གཅིག་པའི་སྔགས་པ། བོན་པོ། དྲག་སྔགས། ཨུརྨོ་རྣམས་ལ་ལིངྒའི་ཡན་ལག་གི་རྣམ་འགྱུར། ལུས་ལ་མཚོན་ཆ། སྲོག་ཆགས་གདུག་པ་ཅན་གྱིས་གཟུགས། འབྲི་རྒྱུའི་སྔགས་རྣམས་སོ་སོར་གསུངས་ཏེ། དེ་སྐད་དུ་ཡང་མན་ངག་རྩ་བ་ལས། ལས་ཀྱི་རྒྱལ་པོ་བསད་པ་ནི། །ཙཀྲ་སྤྱང་ཀུའི་ཁོག་པར་བཞུགས། །ཐོད་པ་སེང་གེའི་ཁོག་པར་གནན། །སློབ་མ་དམ་ཉམས་བསད་པ་ནི། ལིང་གའི་སྙིང་གར་སྡིག་པ་གཞུག །ཐོད་པ་སྟག་གི་འཛུམ་ལ་མནན། །དམ་འདྲེས་ཡི་དམ་གཅིག་པ་ལ། །ལིངྒའི་སྙིང་གར་སྦལ་པ་བཞུགས། །ཐོད་པ་གཟིག་གི་ཐིག་ལེར་མནན། །དམ་མི་གཅིག་པའི་སྔགས་པ་ལ། །ལིངྒའི་སྙིང་གར་སྦལ་པ་བྲི། །ཐོད་པ་མུན་པའི་གླིང་དུ་མནན། །བོན་པོ་མུ་སྟེགས་བསད་པ་ལ། སྙིང་ཁར་དུག་གི་ཕག་པ་བཞུགས། །ལིང་ག་སྲིན་མོའི་སྒྲོམས་སུ་མནན། །ཨུརྨོ་མཁན་པོ་ནང་འགྲས་ན། །དྲག་སྔགས་རྣམས་དཀྲུག་བསྣོལ་མར་བརྡེག །ཐོད་པ་འབྲོང་གི་རྭ་ལ་མནན། །ཞེས་གསུངས་པ་ལྟར་རོ། །དེ་ནས་དཀའ་འབྱེད་ལས། རྒྱུ་ཚིལ་སྙེར་མ་རིང་པོ་ལས། །བཙད་པོ་བསད་པ་ལ་སོགས་ཏེ། །མནན་པ་ལས་དྲུག་འཁོར་ལོ་བྱུང་། །ཞེས་པ་ལྟར། ལས་མཐའ་དྲུག་གིས་བསད་པའི་དམིགས་ཡུལ། རིན་ཆེན་ཕྲེང་བར་ལས་མཐའ་དྲུག་གི་བསད་པ་ནི། འཁོར་ལོ་དྲུག་གི་བྲི་ཐབས་ལ། །རྒྱལ་པོ་སེངྒེའི་ཁོག་ཏུ་བྲིས། །མནན་པ་བྲག་དཀར་འོག་ཏུ་མནན། །སློབ་མ་སྟག་གི་ཁོག་པར་བྲི། །ལམ་ནི་རྒྱ་གྲམ་འོག་ཏུ་མནན། །སྔགས་པ་སྡིག་པའི་ཁོག་པར་བྲི། །མཆོད་རྟེན་རྒྱ་མདུད་འོག་ཏུ་མནན། བོན་པོ་ཕག་གི་ཁོག་པར་བྲི། །ལ་རྩས་ས་མཁར་འོག་ཏུ་མནན། །སྐྱེ་བོ་རུས་སྦལ་ཁོག་ཏུ་བྲི། །རྒྱ་མཚོ་རྟུ་མིག་འོག་ཏུ་མནན། །བུ་མེད་བྱ་ཡི་ཁོག་པར་བྲི། །རི་སྣ་བྲག་སྣ་རྣམས་སུ་མནན། །ཞེས་པ་ལྟར་གྱི་ཡུལ་སོ་སོའི་དམིགས་(༧ན)


GLG023_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བྱུང་ཚེ། སོ་སོའི་ཁོག་པར་ལིངྒ་བྲི་དགོས་ལ། དེ་ཡང་སེང་གེ་སོགས་ཀྱི་ཁོག་པར་འཁོར་ལོ་མུ་ཁྱུད་ལྔ་པ། ལྟེ་བ་གྲུ་གསུམ་པ། ཟླ་གམ་གསུམ་དང་ལྡན་པ། མུ་ཁྱུད་གཉིས་པར་རྡོ་རྗེ་རྒྱ་གྲམ། མུ་ཁྱུད་གསུམ་པར་རྩིབས་བཅུ་གཉིས། མུ་ཁྱུད་ལྔ་པར་རྩིབས་ཉི་ཤུ། ལིངྒ་སྔགས་དང་བཅས་པ་མན་ངག་དང་། དཔེ་ཆུང་བསྟན་ནས་ལས་མཐའ་དྲུག་གི་འཁོར་ལོ། ནང་རྒྱས་འཁོར་ལོ། ལས་བཅུའི་འཁོར་ལོ་ཞེས་པ། བཙད་པོ། སློབ་མ་དམ་འདས་ཨུརྨོ་མཁན་དང་སྡེ། མ་མོ་མཁན་དང་། གཤིན་རྗེ་མཁན་དང་། བོན་དང་མུ་སྟེགས། དྲག་སྔགས་མཁན། བྱ་ཁྱུང་མཁན། སྔགས་པ་གཏད་མཁན་རྣམས་ལ་རིམ་པ་བཞིན། སེང་གེ་ཁ་འཐབ། སྟག་མོ་ཁ་འཐབ། རྡོ་རྗེ་དམེ་འཐབ། གླང་ཆེན་མཆེ་ཐབ། ཤྭ་ཎ་ལྕེ་འཐབ། ཁྱུང་མོ་གཤོག་འཐབ། ཕོ་ཉ་རྐང་འགྱོགས་བཟློག་པ། གནམ་ལྕགས་ཐོག་འཁོར། རྨ་བྱ་འཇིང་སྣོན། རུས་སྦལ་ལྟོ་སྡེབས། སྦྲུལ་ནག་ཁ་འཐབ་སྟེ་བཅུ་པོའི་བྲི་ཚུལ་ཕལ་ཆེར་གོང་མ་དྲུག་དང་མཚུངས་ལ། སྡོམ་པས་འཁོར་ལོ་བཅུ་དྲུག་པོ་འདི་རྣམས་མཚན་ཙམ་གྱིས་ཀྱང་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་འདར་བར་བྱེད་པའི་གནམ་ལྕགས་ཀྱི་ཐོག་ལྟ་བུ་སྡིག་བརྒྱུད་ནས་གསུངས་པའི་རབ་འབྱམས་མངོན་སྤྱོད་ཀྱི་ལས་འདི་ཉིད་ཀྱིས་འགྲུབ་ལ། སྙིང་དང་འདྲ་བ་ཡིན་པས་དཀའ་བའི་གནས་ཀྱི་ཞིབ་ཆ་མཐའ་དག་ལ། ཐ་སྙད་དང་རྟོག་གེའི་ཚིག་ཙམ་ལ་ཞེན་པའི་འཆལ་བའི་ཤེས་རབ་ཀྱི་མ་སྦགས་པའི། བླ་མ་དམ་པའི་གསུང་གི་བདུད་རྩིས་མྱོས་པའི་ཐེག་པ་མཆོག་གི་རིགས་ཅན་དག་གིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཞིབ་མོར་དཔྱོད་པར་བྱོས་ཤིག །དེ་ནས་སྟོང་སྲོག་འཁོར་ལོ་ཞེས་བྱ་བ། སྤྱང་མོ་དྲུག་གི་ལས་གང་བྱེད་ཀྱང་མེད་དུ་མི་རུང་བ་ཡིན་ལ། སྐབས་འདིར་ཡང་མནན་པ་གཡུའི་སྤྱང་མོའི་རྣོ་འདོན་དགོས་པས་བྲི་ཚུལ་ཡང་། འཁོར་ལོ་མུ་ཁྱུད་བཞི་པ། ལྟེ་བར་གྲུ་གསུམ་ཟླ་གམ་གསུམ་དང་ལྡན། དེའི་ཕྱི་རྩིབས་བརྒྱད། དེའི་ཕྱི་འཕྲུལ་མིག་ཉེར་བརྒྱད། དེའི་ཕྱི་འཕྲུལ་མིག་ཉེར་དགུ་རྣམས་ལ་ལིངྒ་སྔགས་དང་བཅས་པ་མན་ངག་དཔེ་(༧བ)


GLG023_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དང་བསྟུན་ལ་བྲི་བར་བྱའོ། །དེ་ནས་ལིངྒའི་ལུས་དང་། དབང་པོའི་སྒོ་རྣམས་དང་། ལིང་ག་འཁོར་ལོ་གཉིས་ཀའི་སྔགས་ལ་རྣོ་འདོན་རྒྱུའི་རྫས་རྣམས་བྱུག་རྗེས་ལིང་ག་ལ་ཁྲག་དྲོད་རླུང་ཤ་རུས། སེམས་ཅན་རྣམས་ཆགས་པའི་དམིགས་པ་དང་བཅས་ཏེ། སྔགས་རྣམས་བརྗོད་ལ། དེ་ནས་རང་གི་ཁ་རླངས་དྲི་མ་དག་པ་དང་། ཚུར་མི་བཟློག་པ། དགྲ་ལ་མི་ཐེབས་མི་སྲིད་ཅིང་། གཞན་དུ་འབྱམས་པའི་གནད། དགྲ་ཐམས་ཅད་ཚེ་ཟད། རྒྱགས་ཆད་ཀྱི་མན་ངག་རྣམས་ལ་ནན་ཏན་བྱ་ལ། གོང་གི་ལིང་འཁོར་འབྲི་བའི་གཟའ་ཚེས་དང་མཐུན་པར་མཎྜལ་གྲུ་བཞི། དཔངས་སུ་ཁྲུ་གང་། རྒྱར་ཕྱོགས་རེར་མདའ་གང་བ། ཁ་ཁྱེར་ལ་སོར་བཞི་ཙམ་གྱིས་ཐོ་བའི་དབུས་འབྲུབ་ཁུང་གྲུ་གསུམ་དུ་བྲུས་པ་བང་རིམ་གསུམ་པ་ཁ་ཁྱེར་ཅུང་འཐོབ། སྟེགས་བུ་འབྲུབ་ཁུང་དང་བཅས་པ་ཐམས་ཅད་འབྱུག་བྱེད་ཀྱི་རྫས་རྣམས་ཀྱིས་ཕྱི་ནག་པོ་དང་ནང་དམར་པོར་བྱུགས་ལ་བང་རིམ་གསུམ་པའི་ཡས་ནས་མར་དྲང་བའི་དང་པོར། རྩངས་སྟོད་དམར་སྨད་ནག་ཉེར་གཅིག་སྲིན་མོང་འགྲོས་སུ་བཙུགས། སྟེགས་བུའི་ཁ་ཁྱེར་ལ་ཡང་རྩངས་སྲིན་མོ་འགྲོས་སུ་ཞེ་གཉིས་ཙམ་གང་མཚམས་སུ་འཛུགས་སོ། །དེས་ན་གོང་དུ་བཤད་པའི་ལིང་ག་དེ་ཡང་ཐོག་མར་ལུས་ཀྱི་ཆ་གང་སྔོན་དུ་བྲི་བ་དང་། འཁོར་ལོས་ལུས་ཀྱི་གནས་ཕལ་ཆེར་ཁྱབ་འགྲོ་བས་ལུས་ལ་རང་ཆས་སུ་ཡོད་པའི་ཡི་གེ་རྣམས་ལིང་རྐྱང་ལྟར་མདུན་དངོས་ཀྱི་སོ་སོའི་ཐད་དུ་བྲིས་ཚེ་འཁོར་ལོའི་སྟེང་དུ་ཡོང་བས་འབྲིར་མི་བཏུབ་ཅིང་། ཁྱད་པར་དགྲ་དམིགས་བསལ་ལ་ལིང་ག་གཟོ་དབྱིབས་དང་། སྙིང་ཁར་རང་གཤེད་སོ་སོའི་སྤུ་གྲིའི་སོ་དང་། རལ་གྲི་དང་། སྡིག་པ་སོགས་འབྲི་དགོས། དེ་དག་ཐམས་ཅད་ལིང་ག་འཁོར་ལོ་ཅན་ལ་བྲི་ཚུལ་དཔྲལ་བར་རུས་བྲི་ཚུལ་རུས་ཚན་ལྔའི་ནང་ནས་གང་ཡིན་ངོས་མ་ཟིན་ན་བྱེད་ལུགས། ལས་དྲུག་ཁ་འཐོབ་སྟོང་སྲོག་འཁོར་ལོ་རྣམས་ཀྱི་ཡི་གེ་སྤེལ་ཚིག་དང་བཅས་པའི་འགོད་ཚུལ། ལས་དྲུག་མནན་པའི་སྐབས་སུ་བྲི་གཞི་དག་སྣག་ཚ་ལ་བསྲེ་རྒྱུའི་རྫས། དགྲ་དམིགས་བསལ་ལ་ཁོ་རང་གི་སྐྲ་སེན། གཅིན་ཤུལ། ཟག་པ་(༨ན)


GLG023_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལྔའི་དྲི་མ། གོས་ཀྱི་དུམ་བུ་སོགས་གང་རྙེད་རྣམས་ཀྱང་གང་ལ་བྱུག་དང་དྲི་ཚུལ་དགྲ་དམིགས་བསལ་ཡོད་མེད་ཀྱི་དབང་གིས་ལུས་ཀྱི་ཆ་མཐའ་དག་ལ་བྱུག་རྒྱུའི་རྫས་ཅུང་ཟད་མི་འདྲའི་དམིགས་བསལ་གྱི་སྐབས། ཡུགས་སའི་ཞབས་མ་སོགས་ཁ་ཅིག་གནང་བ་ལུས་ལ་བྱུགས་ཚེ་ཇི་ལྟར་བྱེད་སྙམ་པའི་འཁྲུལ་གཞི་ཆེ་བས། དེ་དག་གི་བྱེད་ཚུལ་སོགས་དང་བཅས་པའི་ལག་ལེན་གྱིས་དངོས་གཞིའི་སྐབས་འདིར་མན་ངག་གི་གནད་ཆེ་ཕྲ་མཐའ་དག་ནི་རིགས་འཛིན་དམ་པའི་གསུང་ལས་མྱང་ཞིང་མཐོང་བ་བརྒྱུད་པའི་ལག་ལེན་དུ་བསྟར་བ་དང་། འགའ་ཞིག་ཏུ་དྲག་སྔགས་ཀྱི་སྤྱི་སྡོམ་ཆེན་མོ་རྣམས་ལས་བླང་བར་བྱའོ། །སྨྲས་པ། མཐའ་ཡས་རིགས་ཀྱི་དགྲ་སྡེ་འབྱུང་པོའི་བྱ། །གྲངས་མེད་སྤྲུལ་བསྒྱུར་བགེགས་དཔུང་ཀུན་ཏའི་ཚལ། །གཅིག་ཆར་འཇོམས་པའི་འཕྲིན་ལས་རྟ་ལྗང་ཅན། །འཁྲུལ་འཁོར་འཁོར་ལོ་གནམ་ལྕགས་རྡོ་རྗེའི་ཐོག །སྔགས་འཕྲེང་རྣོ་དབལ་མཐའ་བསྒྱུར་དུས་ཀྱི་མེ། ཁམས་གསུམ་རྣམ་རྒྱལ་གདམས་པའི་མིང་ཙམ་ཡང་། །རྣ་བར་མ་གྲགས་གསང་སྔགས་འཆང་བ་ཞེས། །རིགས་དང་རུས་ཙམ་སྐྱབས་འཛིན་མགོ་སྐྱེས་ཁུར། །རབ་ལྕི་ངལ་བ་མངོན་རྟེན་བླུན་པོའི་དབུས། །མཆོད་དང་བསྟོད་པས་འཇམ་དཔལ་གཤིན་རྗེའི་གཤེད། །འགྲུབ་ཅེས་མཐུ་སྟོབས་བདག་པོར་རློམ་རྣམས་མཚར། །ཐོས་ཤེས་མིང་ཙམ་ཡིད་ལ་མ་ཞེན་པར། །ཕྱི་ནང་གསང་བ་གསུམ་གྱི་ཟབ་གནད་ཀུན། །དམ་པའི་དྲིན་ལས་སྙིང་དབུས་ལེགས་བཅངས་པས། །གྲགས་ཅན་དོན་གྱིས་དབེན་ཚོར་ཡིད་སྨོན་བཤོལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ། རྡོ་རྗེའི་མཁར་དུ་མི་ཤིགས་པའི་སྐུ་སྐྱེད་པ། མེད་དུ་མི་རུང་བ་དམིགས་རྟེན་ལ་བླ་འགུགས་ཤིང་ལྷ་དང་དབྱེ་བ། མནན་བསད་ལས་སྦྱོར་དངོས་ལ་འཇུག་པ་དང་གསུམ་ལས། དང་པོ་ནི། ལས་བྱང་གནམ་ལྕགས་འཁོར་ལོའི་འཛབ་བསྟོད་ཀྱི་བར་དཀྱུས་བཞིན་གཏོང་ངོ་། །གཉིས་པ་ལ། །སྤྱིར་བཏང་དམིགས་བསལ་གཉིས་ལས། དང་པོ་ནི། (༨བ)


GLG023_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སླ་ལ། གཉིས་པ་ནི། སྒྲུབ་པ་པོ་རྣམས་ཆས་གོས་ནག་པོ་གྱོན་ཞིང་། སྐྲ་དངོས་སམ་བཅོས་མའི་སྐྲ་དང་བཅས་ཏེ། སྣང་སྟོང་ལྷ་སྐུར་ཤར་བའི་ཏིང་ངེ་འཛིན་གྱི་ནང་ནས། གསེར་སྐྱེམས་གཏོང་། རང་གི་མདུན་དུ་ལྕགས་བསྲེག་ལས་གྲུབ་པའི་ས་གཞི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་གཅིག་ཆད་པ་ཡོངས་སུ་གྱུར་པ་ལས་ཞེས་པ་ནས་བཟུང་སྟེ། ཐལ་བའི་རྡུལ་དུ་བརླག་པའི་འཕྲིན་ལས་མཛོད་ཀྱི་བར་ལས་བྱང་གནམ་ལྕགས་འཁོར་ལོའི་དཀྱུས་བཞིན་བཏང་། ཤིན་ཏུ་རྒྱས་པར་སྤྲོ་ན། གསེར་སྐྱེམས་ཀྱི་སྔོན་དུ། ཉེས་བྱས་དྲག་བསྐུལ་སྲོག་གི་སྤུ་གྲི་ཞེས་བྱ་བ་གཏོང་ཞིང་། རྒྱས་བསྡུས་མཚམས་པར་བྱེད་ན་ལས་བྱང་གི་གསེར་སྐྱེམས་རང་གི་གཉིས་ཀའི་གོ་ཆོད། དེ་རྗེས་སྤྲོ་ན། བླ་འགུགས་ཀྱི་བསྐུལ་རྒྱས་པ་དེ་བྱ་ཞིང་། མཚམས་པར་བྱེད་ན་ལས་བྱང་ལྟར་ཙ་མུན་ཏྲི་ཛཿཧཱུཾ་བཾ་ཧོའི་བར་བརྗོད་ཅིང་། འབྲུག་ཁྱུང་སྐྱེད་ཆོག་ནས་འདི་ཡན་བླ་འགུགས་ཀྱི་དུས་ཐམས་ཅད་དུ་འཁྲིག་ཆགས་སུ་བྱེད་དོ། །བླ་འགུགས་དུས་ནི། ཡང་བཟློག་མེའི་སྤུ་གྲིར་བདུད་དམག་ལ་ཆས་པའི་དུས། སྲིན་པོ་ལྟོ་ལ་རུབ་པའི་དུས། སྟག་ཆེན་ཁ་གདངས་པའི་དུས། ཐོ་རངས་སྐར་ཆེན་ཤར་བའི་དུས། ཞོགས་པ་ཤར་ཕྱོགས་བྱུང་བའི་དུས། ས་རུབ་ཀྱི་དུས་ཞེས་བཤད་པ་དང་། ཀི་ཀང་ནག་པོར་བླ་འགུགས་ཀྱི་སྔགས་དུས་བཞིར་བཟླ་བར་བཤད། དམར་ཆུང་དུ་ཡ་མ་ར་ཙའི་མགོ་ལ་དུས་བཞིར་བྱེད་པ་བཤད། དྲག་སྔགས་ཀྱི་སྤྱི་སྡོམས་སུ་ཉིན་ཕྱེད་ལ་འཕྱམས་ཞིང་། ཉི་ཤར་ནས་དྲོད་ཆུང་ཚུན་ལ་བླ་འགུགས་པར་བཤད་པ་སོགས་ཅུང་ཟད་འདྲ་མིན་མང་ཡང་གནད་གཅིག་པས། ཉིན་མཚན་དུས་དྲུག་ཏུ་བླ་འགུགས་ཀྱི་སྔགས་རྣམས་ལ་བླའི་རྟགས་ཆེན་དྲུག །སྤྲུལ་པ་བཅུ་གཉིས་ལ་སོགས་རྟགས་རྣམས་མན་ངག་བཞིན་ནམ་བྱུང་གི་བར་དུ་ནན་ཏན་དུ་བྱའོ། །འོན་ཀྱང་འདིའི་ལུགས་ལ་བླ་འགུགས་དང་ལྷ་དབྱེའི་སྔགས་ཐུན་མོང་མ་ཡིན་པ་སྔགས་བྱང་སྙེ་མ་དཀར་མོ་ནས་གསུངས་པ་རྣམས་བསྒྲུབ་བྱ་དམིགས་ཀྱི་དཀར་བ་ལ་བྱས་ན་ཤིན་ཏུ་ལེགས་ཀྱང་། སྣོད་ལྡན་དོན་གཉེར་ཕྱི་ནང་གསུམ་གྱི་མན་ངག་ལ་ཐོས་བསམ་ལྷུར་བླངས་ཚེ་ཤུགས་(༩ན)


GLG023_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤེས་པར་འགྱུར་བས་མན་ངག་ཕྲ་མོ་ཙམ་གྱིས་ཡིད་ཁེངས་པར་མ་བྱེད་པར་བརྩོན་པ་དྲག་པོ་བསྐྱེད་ལ་ཁོང་དུ་ཆུད་པར་བྱོས་ཤིག །དེ་ལྟར་བླའི་ཁུགས་རྟགས་ཀུན་ལ་ངེས་པ་བརྟན་པོ་བསྙེད་ནས་སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ་བར་བྱ་སྟེ། དེ་སྐད་དུ་ཡང་མན་ངག་སྙིང་གཟེར་ལས། ཁྲག་གཏོར་བཤམས་ལ་དམོད་པ་བྱ། །ལྷ་དང་ཕྱེ་ལ་གཤེད་དང་སྦྲད། །ཞེས་པ་ལྟར་ལག་ལེན་མཚམས་པར་བྱེད་པར། ལས་ཀྱི་གཤིན་རྗེ་གཤེད་པོ་ཐམས་ཅད་དང་། །ཞེས་པ་ནས། ཡིད་ཡིད་ཀྱི་བར་དུ་དཀྱུས་བཞིན་བཏང་། དམིགས་པ་དང་བཅས་པས་བྱབ་བྱེད་ཀྱི་ཉ་བོའི་ལུས་ཀུན་ལ་ཁྱབ་ཅིང་སྔགས་ལ་ནན་ཏན་དུ་བྱའོ། །དེ་ལྟར་བླ་འགུགས་རྟགས་པ་སོགས་ཞིབ་ཆའི་གནད་བླའི་རྟགས། དེ་དག་ཉམས་དང་མངོན་སུམ་རྨི་ལམ་སོགས་ཅི་རིགས་པར་བྱུང་ཡང་། བསྒྲལ་འོས་པ་དང་མི་འོས་པའི་ཁྱད་པར་མྱུར་ཚུལ། བླ་རྟགས་ཀྱི་དུས། སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་ཕྱེ་སྟེ་བྱ་ཚུལ། ཁྲམ་འདེབས་དུས་མཚམས། ལྷ་དབྱེའི་སྐབས་སུ་ཁོའི་ཆོས་བོན་གྱི་བསྲུང་མ། འགོ་བའི་ལྷ་ལྔས་བསྐྱབས་པའི་རྟགས་རྣམས་ལ་ལེགས་པར་བལྟས་ཏེ་དབྱེ་བ། མདོར་ན་བླ་འགུགས་ལྷ་དབྱེའི་སྐབས་ཀྱི་དམིགས་པ་སོགས་མཐའ་དག་ལ་སླ་འཆོས་དང་། དཔེ་ཧྲུལ་ཙམ་ལ་ཡིད་བརྟན་མ་བྱེད་པར་བླ་མ་དམ་པའི་གསུང་ལས་མྱང་བར་བྱོས་ཤིག །སྔོན་དུས་ཀྱི་སྔགས་གསར་རྙིང་མན་ངག་ལ་མཁས་མཁས་མོད་བྱེད་པ་འགའ་ཞིག་གི་བླ་རྟགས་རྒྱག་པ་དང་། ལྷ་དབྱེ་བྱེད་ཚུལ་སྣ་ཚོགས་ཡིག་ཆར་བཀོད་པ་དང་། དེ་དག་གི་ལག་ལེན་རྒྱུན་ལས་བྱུང་བ་ནི། རིགས་འཛིན་དམ་པའི་མན་ངག་དང་ལྡན་པ་ཞིག་གིས་རྟགས་ཚེ་ཅལ་ཅོལ་གྱི་གཏམ་དུ་སྣང་ཡང་རྨོངས་ཞེན་ལྷུར་ལེན་པའི་སྐྱེ་བོ་རྣམས་ནི། སྦྲང་བུ་མེ་ལྕེ་ལ་བསྙེག་པ་བཞིན་དུ་སྔ་མའི་རྗེས་ཤུལ་ནོན་པར་འདུག་གོ །འོན་ཀྱང་དིང་སང་མངོན་སྤྱོད་ཀྱི་ལས་ལ་བླ་འགུགས་ལྷ་དབྱེ་སོགས་དགོས་པའི་ཚུལ་ཐོས་པ་ཁོ་ན་ངོ་མཚར་ཆེ་སྟེ། ཕལ་ཆེར་ཚུལ་འདི་རྣམས་ཀྱང་མ་ཐོས་པར། རྣམ་དབྱེ་གང་ཡང་མེད་པའི་ཟན་གྲུ་གསུམ་དུ་རྫིས་(༩བ)


GLG023_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་འཕངས་པ། མཐུ་ཡོང་བར་རེ་བའི་གདུང་རུས་ཆེ་ཆེ་མོ་དང་། ཁྲི་མཐོ་མཐོ་མོར་འཛེགས་པའི་ཆེན་པོར་རློམ་པ་འདི་ཚོ་ནི་དངོས་ཅག་གིས་ཅི་ཡིན་མ་ཤེས་སོ། །སྨྲས་པ་ཉག་ཕྲན་སྒྱུ་རྩལ་ལ་གོམས་སྐྱེས་བུ་ཡིས། །ཕ་རོལ་དམིགས་གཏད་འབེན་རྣམས་འབིགས་པ་ལྟར། །སྐྱབས་བྲལ་བླ་སོགས་ཞུགས་པའི་ཉ་བོ་དེ། །རྫས་སྔགས་ཏིང་འཛིན་འཁོར་ལོའི་མཚོན་ཆས་འཇོམས། །བསད་བྱའི་ཉ་ཡིས་དབེན་པའི་མཚོ་འགྲམ་དུ། །འབིགས་བྱེད་ལྕགས་ཀྱུ་རྣོན་པོ་འཛིན་བྱེད་པའི། །ལུགས་སྐྱོང་བསྟན་འཛིན་བདེན་ཚིག་འགྲུབ་རློམ་ཚེ། །ནམ་མཁའི་པདྨོར་རོལ་འདོད་བུང་བའི་གྲོགས། །ཨེ་མ་འདི་སྣང་འཁྲུལ་བའི་ས་གཞིའི་ངོས། །ཡང་འཁྲུལ་ལོགས་པའི་མན་ངག་དྲ་བ་རུ། །སྣོད་ལྡན་རི་དྭགས་བཅུག་སྟེ་གསོད་བྱེད་པའི། །བཤེས་གཉེན་རྔོན་པས་ནོར་འཛིན་ལྟོ་བ་ཁོངས། །དེ་ནི་ཚུལ་དང་ཚུལ་མིན་རྣམ་དབྱེ་དག །འབྱེད་ནུས་ཐེག་མཆོག་རིགས་ཅན་ཡོད་གྱུར་ན། སྤྱངས་ཤེས་རྟ་ཕོ་སྲབ་ཀྱིས་ཁ་བསྒྱུར་བཞིན། །ཡང་དག་ལམ་ལ་ཞུགས་ཤིག་སྐལ་ལྡན་ཀྱེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ལས་སྦྱོར་དངོས་ཀྱི་སྒོ་ནས་བསྒྲུབ་པ་དང་། མཐར་མནན་པ་བྱ་བ་གཉིས་ལས། དང་པོ་ནང་ནུབ་ཀྱི་མགོར་སྔགས་རིང་ལ་བསྲུང་ཞིང་གཟིར་བ་བཏང་བ་རེ་བཟླ་ཞིང་། དེ་ནས་དམིགས་པ་འདི་ལྟར་བྱེད། ཨཻ། དུག་ལྕགས་ཟངས་ལས་གྲུབ་པའི་ཁང་སྒྲོམ་དབུས། །ལས་ཀྱི་སྲིད་པའི་རུས་སྦལ་ལྟོ་བ་རུ། །གཤིན་རྗེའི་ལྕགས་ཁང་ཕྱི་ནང་ཉི་ཤུ་བརྒྱད། །གཡོན་ཕྱོགས་དྲག་འཁོར་གསེར་འཁོར་རྩིབས་བརྒྱད་པའི། །ལྕགས་ཁང་ནང་ཀུན་དྲོད་དབུགས་རྩའི་དངས་མ། །འཇོམས་བྱེད་ཐུགས་གསུང་འཕྲིན་ལས་དྲག་སྔགས་ཀུན། །གསོན་པོ་སྐོས་འདེབས་གཤིན་པོ་རྣམས་ཀྱི་རྗེ། །གྲངས་མེད་ལས་ཀྱི་གཤིན་རྗེའི་ཚོགས་སུ་གྱུར། །དེ་དབུས་ཀུན་གཞིའི་རྣམ་པར་ཤེས་པ་ནི། །མཐིང་ནག་གསང་མཛོད་ཆོས་འབྱུང་གྲུ་གསུམ་དུ། །ཉོན་མོངས་དུག་གསུམ་ས་བོན་ལས་གྲུབ་པའི། །ལིངྒ་བླ་སོགས་ཞུགས་པའི་དགྲ་དངོས་ཀྱི། ཁོ་ཡི་ལུས་ལས་གྲུབ་པའི་ལྕེའི་སྟེང་དུ། །འཇིགས་རུང་འབར་བའི་འཁོར་ལོ་མུ་ཁྱུད་བཞི། །རྣོ་ངར་(༡༠ན)


GLG023_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོའི་མདངས་ལྡན་ཉི་ཤུ་བདུན། །མཚོན་རྩེ་ལྟར་འབར་ཉི་མ་གཟི་འོད་ཅན། །རི་ལྟར་ལྕི་བའི་ཀགྞི་ཨེས་མཚན་པ། །རང་གཤེད་འབེབས་ཕྱིར་ལུས་ཀྱི་མཚོན་ཆ་རྣམས། །མི་བཟད་མཚོན་ཆ་སྤུ་གྲི་ལྟ་བུ་ཡི། །གང་གིས་བཟོད་དཀའི་རྣོ་ངར་ལྡན་པར་གྱུར། །རང་ཉིད་ཚེ་བདག་གསལ་བའི་ཐུགས་ཀ་རུ། །སུམ་རྩེགས་སེམས་དཔའི་ཡ་མ་ར་ཙ་ཡི། །ཐུགས་ཀའི་ཡ་ལས་ཚ་ཞིང་རབ་རྩུབ་པའི། །འོད་ཟེར་འཕྲོས་པའི་འཆི་བདག་ཐུགས་ཀར་འཕྲོག །དེ་ལས་འོད་འཕྲོས་མ་གཤིན་དྲེགས་པའི་ཚོགས། །ལྷ་སྲིན་དྲེགས་པས་བསྐུལ་ནས་ལས་བྱས་པས། །མཐིང་ནག་ཨཻ་ཡི་ནང་གི་རྩ་རྣམས་བཅད། །ཉི་ཤུ་བདུན་གྱིས་ཕྱི་ཡི་རྩ་རྣམས་བཅད། །ཉི་མ་དག་གི་ལུས་ཀྱི་རྩ་རྣམས་བཅད། །སྟོབས་ཆེན་རི་ཡིས་འགྱུར་བ་མེད་མནན་ཏེ། །དགྲ་མིང་ལྷ་བསྲུང་བཅས་པའི་སྟོབས་ནུས་པ། །ཚེ་དང་བསོད་ནམས་མངའ་ཐང་ལོངས་སྤྱོད་རྣམས། །མ་ལུས་གཅིག་ཆར་ཉམས་ཤིང་མནན་གྱུར་ལ། །ལུས་ནི་རྒྱལ་ཞིང་རེངས་དང་ངག་ལྐུགས་དིག །ཡིད་ནི་མྱོས་ཤིང་ཐིབས་ལ་ཚེ་བསོད་ནམས། །བཀྲག་མདངས་གཟི་བརྗིད་མཐུ་སྟོབས་ནུས་པ་ཀུན། །ལས་ཀྱི་གཤིན་རྗེའི་ཚོགས་ལ་ཐིམ་པ་ཡིས། །མ་ལུསསྟོབས་དང་གཟི་བརྗིད་ལྡན་པར་རྒྱས། །དགྲ་བགེགས་བཅུད་བྲལ་སྒེ་སྟོང་ལྟ་བུར་གྱུར། །ཞེས་དམིགས་པ་གསལ་བའི་ངང་ལ། ཨྱཻ་མྱགས་ཡ་རྔུབས་མུགས་ཤཀ་དུན། ཆེ་གེ་མོ་ཨ་མུ་ཀ་བྷི་སྟཾ་བ་ཡ་ནན། ཨེ་ཧུར་ཐུམས་ཛཿཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡཱ། ཞེས་པ་སྐབས་དང་སྦྱར་ཏེ་ཇི་ཙམ་འགྲུབ་ཏུ་བཟླས་དེ་ནས། ཨྱཻ་ཨྱཻ་ཨྱཻ་ཧྲི་ཐི་ཨ་བ་ཡེ། བྱི་ཏི་ཏ་ན་ཧཱུཾ་བྱད་མ་སྟཾ་བྷ་ཡ་ནན། ཨེ་ཡཾ་རཾ་ཁཾ་ཡཾ་ལཾ་ནན། ཡཀྴ་ཡ་མ་རག་མོ། བཛྲ་ཀྲོདྷ་དུན་ཏིང་ཀི་ལ་ཡཱ། མ་མ་རག་མོ། ཧེ་ཤ་ཏྲག་རཀྵ། དུ་བྲག་དུན་ཏིང་བྷི་ལ་ནི། ས་དུ་ཏྲི། ཏྲི་ཤ་ན་ར་ཙ་དྷཱ་རི། ར་ཙ་མུ་ཏྲ་ཤནྟི་ཧཾ། ན་ནི་རོ། ཨ་ཏྲི་ས་དུ། ར་ཏྲི་ར་ཙ། ས་ན་ག་ར་ཙ། དྷེ་བ་རུ་ཏྲི། གྷ་ན་པ་ཏི། བྷི་ན་ཀ་རོ། ཀ་ལ་དུག་བྲག །བྱི་དུ་ར་ན་ན་ག་མ་ཏྲི། ས་ག་བྱི་དུ། སརྦ་ཆེ་གེ་མོ་ཤ་ཏྲུཾ། དུ་དུ་ནན། སྙིང་དུ་ནན། སྲོག་ཏུ་ནན། ལུས་ངག་(༡༠)


GLG023_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཱ་ར་ཡ་སྟཾ་བྷ་ཡ་ནན། མྱགས་ཐུམ་རིལ་ཏྲིག་ནན། སྦུར་ཡ་ནན་མནྡྲ་ནན། ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡཱ། ཞེས་མནན་གཞུང་གི་སྔགས་འདི་ཡང་ལོང་སྐབས་དང་སྦྱར། དེ་རྗེས། ཨྱེ་མྱགས་ཡ་རྔུབས་མུགས་ཤག་དུན། དགྲ་བོའི་སྲོག་ལ་ཪྣྲི་ཧུ་ཐུཾ་ཛཿརྩ་ཁྲག་སྙིང་ཐུམ་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་དྲེད་ཤག་ཛ། སྲོག་ལ་ཪྣྲི་ཧུར་ཐུཾ་རྦད། ཅེས་ཐོད་ནང་དུ་ཐུན་རྫས་བླུག་ལ་སྔགས་དང་བཅས་པའི་ཕུས་བཏབ་སྟེ། ནུས་ལྡན་དུ་བྱས། དེ་ནས་ཐུན་རྡེག་པའི་བསྐུལ་ལས་བྱང་གི་དཀྱུས་བཞིན་བྱས་རྗེས་འདི་བརྗོད་དོ། ཁྱད་པར་སྲོག་གི་ངོ་བོ་ལན་པའི་མགོ །རྒྱ་གར་མཐར་གནས་དང་པོའི་ལྟོ་བ་རུ། །ལྔ་པའི་ལྔ་པ་གནས་པའི་མིག་དབུས་ན། །ལྗངས་ཁུའི་མདངས་ཅན་དུག་གསུམ་ཡི་གེ་ནི། །དྲག་སྔགས་མཚོན་ཆའི་རང་བཞིན་འཕྲོས་པ་དང་། །སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་བསྐུལ་བའི་མཐུས། ཁྲག་གི་སྦལ་པར་བཅས་པ་སྐད་ཅིག་ལ། །འཆི་བདག་ལས་ཀྱི་གཤིན་རྗེའི་ཐུགས་ཀར་ཐིམ། །ཞེས་དམིགས་པ་དང་བཅས་པའི་ངང་ནས། གོང་གི་སྔགས་སྤེལ་དགོས་རྣམས་མན་ངག་ལྟར་བྱས་པའི་མཇུག་ཏུ་འདི་བཏགས་ལ་མཐུན་རྡེག་གོ །ཨྱེ་ཀ་ཧེ་དུན་ཡ་མ་ར་ཙ་ས་ཏོ་མེ་ཡཱ། ཨ་མུ་ཀའི་སྲོག་ལ་བྲེང་ཤག །རྩ་ཁྲག་སྙིང་ཐུམ་རིལ། ནག་པོ་ཡཀྵ་སྙིང་ལ་ཧུར་ཐུམ་ནན། ནག་པོ་ཡཀྴ་སྲོག་ལ་ཧུར་ཐུམ་རྦད། ནག་པོ་དུ་ཤ་རྩ་ལ་བྲེང་ཤག་རྦད་ནག་པོ་ཏྲག་རཀྴ་དགྲ་བོའི་སྙིང་ཁྲག་ཚལ་པ་ཤཾ་ལོང་རྦད། གྷརྦྷ་ཪྣྲི་ཛཿབནྡྷེ་བོན་པོ་སྟཾ་བྷ་ཡཿཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན་བྷྱོཿཨ་མུ་ཀ་མ་ཨེ་ཀ་ཙི་ཏི་སྙིང་ཁྲག་དུན་མུག་ཡཾ་བྷྱོཿམ་རག་མོ་སྙིང་ཚལ་པ་ཧུར་ཐུཾ་རྦད་བྷྱོཿ མ་ཡག་མོ་དགྲ་སྙིང་ཤ་ཧཱུཾ་མཱ་ར་ཡ་རྦད་བྷྱོཿབན་བོན་སྙིང་ལ་ཤ་ཤ་ཀ་རྦད་བྷྱོ། ཐུན་ཁྲག་དུན་དུན་རྦད་བྷྱོ། ཞེས་ཐུན་དུ་བཅད་ལ་ཞག་གྲངས་ཀྱི་བར་དུ་བསྒྲུབ་བོ། །དེ་ལྟར་སྤྱིར་བཏང་གཙོ་བོར་བཤད་ནས། དམིགས་བསལ་འདི་དག་གི་སྐབས་སུ་བཟང་ངན་དང་ལས་འགྲུབ་མི་འགྲུབ། མྱུར་བུལ་སོགས་ཀྱི་རྟགས། མནན་བསད་སྤྱི་བྱེ་བྲག་གི་དབྱེ་བ་མཐའ་དག་ལ་ཞིབ་པར་བྱས་ཏེ་ཕུལ་བ་དང་། (༡༡ན)


GLG023_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྲུབ་པ་དང་། ཕ་རོལ་སྟོབས་ཆེ་བ་དང་། རང་ལ་གཞན་གྱི་ངག་མནན་པ་སོགས་ཀྱི་རྟགས་བྱུང་ཚེ། སྔགས་དཀྲུགས་སྡེབས་བྱེད་ལུགས། གཞན་གྱི་ཁ་འཆིངས་གསེར་གྱི་འཁོར་ལོ་སྡེབས། རང་གི་ཁ་འབྱེད་སྔགས་ཀྱི་ལྡེ་མིག་སྡེབས། རང་ཁ་མི་ཤིགས་ཀ་བ་འཛུགས་པ་དང་གཞན་གྱི་རྐང་མཐིལ་སྤྱི་བོར་འདོན་པ་དང་། ཚེ་ཟད་ལས་ཟད་སོགས་ཀྱི་མན་ངག་སྡེབས་སྤྱི་དང་འདིའི་ལུགས་ཐུན་མོང་མ་ཡིན་པ་སོགས་ཀྱི་གནད་དང་། སྒྲུབ་པའི་དུས་ཀྱི་སྤྱོད་ལམ་སྤྱི་བྱེ་བྲག་དང་། དགྲ་དམིགས་བསལ་ལ་བྲི་བྱའི་འཁོར་ལོ་དང་། བྲི་རྒྱུའི་སྔགས་དང་། བསམ་བྱའི་དམིགས་པ་སོགས་ཀྱི་ཁ་བསྒྱུར་དང་སྤྱིར་བཏང་དམིགས་བསལ་གྱི་སྐབས་མཐའ་དག་ཏུ་ཉིན་མཚན་གྱི་སྔགས་ཀྱི་དབྱེ་བ། ཐུན་བསྒྲུབས་འདེབས་གཉིས་ཀར་ལན་ཇི་ཙམ་ཕྱེད་དང་། དམིགས་པའི་གནད་གོང་གི་དམིགས་པ་ཚིགས་བཅད་མ་འདི་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་མཛད་པའི་ཀི་ཀང་དམར་ཆུང་གི་ལས་བྱང་དུ་དམིགས་པ་རྣམས་ཚིག་དོན་གཉིས་ཀ་ཕུན་སུམ་ཚོགས་པ་འདུག་པས་རྐྱེན་བྱས་ཤིང་། ལྷག་ཏུ་མན་ངག་གི་གནད་ལོང་དུ་ཆུད་པ་ཞིག་ལ་སྒྲུབ་པའི་སྐབས་རྗེད་ཐོ་ལྟ་བུ་ཡོང་བར་བསམ་སྟེ་བྲིས་པ་ཡིན་ལ། འོན་ཀྱང་དམིགས་པ་དེ་རྣམས་གཅིག་ཆར་དང་རིམ་ཅན་དུ་བྱེད་རྒྱུ་སོགས་མང་དུ་ཡོད་པ་ཞལ་ལས་མ་བླངས་ཚེ་དཔེ་ཁོ་ནས་ལག་ཏུ་ལོན་པར་འདོད་པའི་ཤེས་རློམ་ཅན་རྣམས་ནི། གྲུ་ཤན་མེད་པར་ཆུ་བོ་ཆེན་པོའི་ཕ་རོལ་ཏུ་བགྲོད་པར་རྩོམ་པ་དང་ཁྱད་པར་མེད་པས་བཞད་གད་ཀྱི་གནས་སོ། །དེས་ན་འདིའི་ལས་སྦྱོར་སྔགས་གསར་རྙིང་གི་མན་ངག་ཟབ་ཟབ་མོ་གང་གིས་ཀྱང་ཆ་ཙམ་ཡང་འགྲན་དུ་མེད་པའི་གདམས་པ་ཡིན་པས་གོང་དུ་བཤད་པ་ལྟར་གནད་ཆེ་ཕྲ་མཐའ་དག་ལ་ཚུལ་འདིར་སྙིང་ནས་མོས་པའི་སྐལ་ལྡན་ཡིན་ཚེ། སུ་བྱུང་གི་བླ་མ། གང་བྱུང་གི་གདམས་ངག་དང་། ཁུངས་མེད་ཀྱི་དཔེ་ཧྲུལ་དང་། འབྲེལ་མེད་ཀྱི་བཤད་པ་ལ་ཡིད་མ་རྟོན་པར་རིགས་འཛིན་མངའ་རིས་པ་ཡབ་སྲས་ཀྱི་བཀའ་སྲོལ་དྲི་མ་མེད་པ་འཁྲུལ་མེད་དུ་ཁོང་དུ་ཆུད་པའི་རྡོ་རྗེ་འཛིན་པ་(༡༡བ)


GLG023_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཞབས་ཀྱི་པདྨོ་ཡུན་རིང་དུ་བསྟེན། གསུང་གིས་བདུད་རྩིས་སྙིང་གི་བུམ་པ་ལེགས་པར་གང་བར་བྱོས་ཤིག །གཉིས་པ་ནི། གོང་དུ་བཤད་པའི་གཟའ་སྐར་དེ་རྣམས་གང་རིགས་ལ་འཁོར་ལོའི་ངག་སོགས་ཐམས་ཅད་མན་ངག་ལྟར་ལྟེབ། འཆིང་བྱེད་ཀྱིས་བཅིངས་ལ་ཐོད་པར་བཅུག་རྫས་ཀྱིས་བཀང་། རྡོ་རྗེས་ཁ་བཅད་ཚས་ཀྱིས་དྲིལ་ཞིང་རྩངས་གཟེར་བ་སོགས་མནན་ཆས་རྣམས་ལེགས་པར་བྱས། རྡོ་རྗེ་སློབ་དཔོན་ཞྭ་ཕོ་སོགས་བྱས་ཏེ་བདུད་ཆས་སུ་ཞུགས། སྒྲ་གཅན་གྱི་ཐེབས་ཕྱོགས་སུ་ཁ་བལྟས་ལ། གཞི་བདག་གཏོར་མ་དང་། གསེར་སྐྱེམས། མཉེས་པའི་དཔངས་གཟུགས་སོགས་རྒྱས་པར་བྱས། ཉེས་པ་སྲུངས་བྱེད་ཀྱི་ས་ལ་རེག །དེ་ནས་དགྲ་སྟ་དང་གྲི་སོགས་ཕྱག །མཚན་བརྡེག་ཅིང་དམིགས་པ་དང་བཅས་པས། ཧཱུཾ་འབྱུང་བ་གདན་བཞིའི་བརྔམ་འོག་ནས། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ཆེ་ལ་རྨད་དུ་བྱུང་། །མུན་ནག་ཐིབ་པོའི་འོག་ན་བཞུགས། །གཡས་པའི་ཕྱག་ན་རི་རབ་བསྣམས། །གཡོན་པའི་ཕྱག་ན་རྒྱ་མཚོ་བསྣམས། །ཞབས་ཀྱིས་རླུང་གི་འཁོར་ལོ་གནོན། །མ་ཉམས་དགྲ་བོ་ལས་ངན་འདི། མནན་པ་ལས་ཀྱི་དུས་ལ་བབས། །སྒོ་མེད་ལྕགས་མཁར་ནང་དུ་ཆུགས། །གཤིན་རྗེ་རྣམས་ཀྱི་ཟས་སུ་བྱིན། །འཁོར་ལོ་འབར་བའི་རྩིབས་ལ་སྐྱོན། །རྒྱ་མཚོ་ཆེན་པོའི་གཏིང་དུ་ཆུགས། །རི་བོ་ཆེན་པོའི་རྨང་དུ་གནོན། །ནམ་ཡང་ལྡང་བར་མ་བྱེད་ཅིག །ཆེ་གེ་མོ་མཱ་ར་ཡ་སྟཾ་བྷ་ཡ་ནན། ཅེས་བརྗོད་ཅིང་ལིངྒ་འཁོར་སྣོད་དང་བཅས་པ་དོང་ནང་དུ་འཕངས་ཞིང་། ལས་ཀྱི་གཤིན་རྗེའི་ཟས་སྐལ་དུ་བཏང་ལ་མནན་སྔགས་དང་དམོད་པ་བརྗོད་དོ། །རི་མོ་བྲིས་པའི་ཡ་ཁོད་ཀྱིས་བཀབ་རྗེས། མཐོང་བརྒྱུད་ལྟར་ལག་ཚགས་དམ་པར་བྱ་ཞིང་། འབྱུང་བ་གོ་བཟློག་གི་དམིགས་པ་དང་བཅས་པས་སྔགས་དང་དམོད་པ་བརྗོད་རྗེས། རྫོགས་ཆེན་གནས་ལུགས་ཀྱི་སྟེང་དུ་མཉམ་པར་འཇོག་གོ །འོན་ཀྱང་འདི་སྐབས་ཀྱི་དོང་འབྲུ་ཁ་མན་གྱི་ངག་འདོན་རྣམས་དབང་པོའི་སྡེའི་གསུང་བྲིས་ཀི་ཀང་གི་དཀྱུས་བཞིན་འདོན་པ་བསྒྱུར་ནའང་སྐབས་སུ་བབ་པས་ལེགས་པ་ཡིན་ནོ། །དེ་ལྟར་ཞིབ་ཆ་རང་ལ་ས་བདག་ཀླུ་གཉན་གྱི་མི་གནོད་པའི་བསྲུང་བ་འཆང་བ། ས་འབྲུ་བའི་ལག་ཆ་གང་གིས་བྱེད། མནན་པའི་ས་(༡༢ན)


GLG023_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྡོམས་སུ་མནན་པའི་ས་བརྒྱད་ཅེས་བཤད་པ་དང་། ཀི་ཀང་ནག་པོར་མནན་པའི་ས་དང་། གཏོད་ཡུལ་གྱི་སྡེ་བརྒྱད་སོ་སོར་དམིགས་བསལ་བཤད་པ་དང་། འགའ་ཞིག་ཏུ་དགྲ་བོའི་ཕྱོགས་སུ་མནན་ཞེས་བཤད་པ་དང་། ལུགས་འདིར་ཐུན་མོང་མ་ཡིན་པ་མནན་པའི་ཡུལ་དྲུག་གསུངས་པ་དང་། གཏད་ཀྱི་སྣ་ནས་ཚོལ་དུ་རི་སོགས་མཐའ་དག་མི་འགལ་བར་གནས་གཅིག་ཏུ་རྟོགས་པའི་དགོངས་པ། མན་ངག་གི་སྤྱིར་བཏང་དམིགས་བསལ་ཕྱེ་སྟེ་བྱ་ཚུལ། མནན་པའི་དོང་རིང་ཐུང་གི་ཚད། ཧ་ཅང་རིང་ན་རང་ལ་བཟློག་ཅིང་། ཐུང་ན་དགྲ་མི་འཆི་བས་དེ་དག་གི་སྐབས་མཚམས་མེད་དུ་མི་རུང་བ་བྱད་དུ་བཞུགས་པའི་སྔགས་ལུགས་འདིའི་དམིགས་བསལ་དང་། མནན་པའི་རྣ་ཆ་ནས་བཤད་པའི་སྔགས་རྣམས་ལོང་སྐབས་རྒྱས་བསྡུས་སྦྱར་ཏེ་བྱེད་དུ་འཇུག་ཚུལ། མནན་ཆས་སྐབས་ཀྱི་སྒྲིལ་ཆིངས་གཟེར་ཚུལ། གནོན་པའི་སྐབས་ཀྱི་མེ་ཆུ་རྫས་རྣམས་བླུགས་པའི་གོ་རིམ་དམིགས་པ་སོགས་ཞིབ་ཆའི་གནད་ཆེས་ཕྲ་བ་མཐའ་དག་ནི་མཐོང་བ་བརྒྱུད་པའི་ལག་ལེན། ལ་གྱི་བདུད་རྩི་ལས་མྱང་བར་བྱོས་ཤིག །སྨྲས་པ། ཨུ་རྒྱན་རྒྱ་བོད་རིགས་འཛིན་དུ་མ་ཡིས། །མཆོག་ཐུན་དངོས་གྲུབ་འགྲུབ་པའི་ཡི་དམ་ལྷ། །བླ་ཚེའི་གཤེད་པོ་འཆི་བདག་དུས་དགྲ་ཞེས། །གྲགས་སྙན་རལ་གྲིའི་རྩིབས་སྟོང་ཕྱོགས་བཅུར་འཁོར། ཁྱད་པར་ལྗོངས་འདིར་སྔ་འགྱུར་རིག་སྔགས་འཆང་། །ཚེ་བདག་མཁན་པོའི་ཁུར་གྱིས་ངལ་བ་ཅན། །རྒྱུ་སྐར་འཕྲེང་བ་ལྟ་བུར་བགྲངས་ཡས་ཀྱང་། །ཟབ་དོན་གནད་ལ་ལྟ་བའི་སྐལ་བས་དབེན། །སྡིག་རྒྱུད་དྲག་སྔགས་གླང་ཆེན་སྨྱོན་པའི་སྣར། །འཁྲུལ་སྡེབས་མཚོན་ཆ་འབར་བ་རབ་བསྐོར་ནས། །ཡང་ཟབ་གནད་ཀྱི་ཧ་ལས་ངར་བཏགས་ཚེ། །མ་རུངས་དགྲ་སྣེའི་དཔུང་ཚོགས་ཕྱེ་མར་འཐག །དེ་ལྟར་ན་ཡང་ཚུལ་འདིར་མོས་པའི་བློ། །འཛིན་པ་མང་ཡང་འཁྲུལ་མེད་གདེངས་རྙེད་པ། བདུད་འཇོམས་རྡོ་རྗེའི་རྗེས་འབྲེང་བཅས་པ་ལས། །ཡངས་པའི་ས་ཆེན་འདི་ན་གཞན་མེད་པར། །འཁུམས་ཏེ་ཁོ་བོས་རིགས་འཛིན་དམ་པའི་ཞབས། །ལེགས་པར་བསྟེན་ནས་ཟབ་གནས་མན་ངག་ཀུན། །བུམ་པ་གང་འཇོར་རབ་འཐོབ་དེའི་(༡༢བ)


GLG023_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན། །དྲེགས་ལྡན་གཞན་ལ་ལྡང་བའི་འགྲམ་ཆུ་བད། །དེང་འདིར་མནན་པའི་ལག་ལེན་འཁྱེར་བདེ་ཙམ། འཁྲུགས་སྡེབས་ཚུལ་དུ་བཀོད་མོད་ཟབ་གནད་ཀུན། །སྙིང་ནས་ཐུབ་བསྟན་གཅེས་འཛིན་ཁུར་ལྡན་པ། ཡོད་ཚེ་དཀའ་བ་སྤྱོད་ལ་ཞལ་ལས་ལོང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། བསྲུང་འཁོར་བསྒོམ་ཞིང་བསམ་གཏན་བུམ་ཆུ་དང་། ལས་བུམ་གྱི་ཆུ་སོགས་ཀྱི་ཁྲུས་བྱེད། བསྡམས་པ་བཅད། བཅིངས་པ་འགྲོལ། མནན་པ་འདོན། ངག་དབང་བསྐུར་བ་སོགས་དང་། ཕྱག་དར་རྡུལ་སྤུགས། ལས་རྗེས་མི་མངོན་པར་བྱས་ལ་ཚོགས་ཀྱི་འཁོར་ལོ་ལ་རོལ་བ་ལས་བྱང་གི་དཀྱུས་ལྟར་བྱ། སྦྱིན་བསྲེག་དང་ཟོར་འཕངས་ནི་གཞན་དུ་བལྟ་བར་བྱའོ། །དེ་ལྟར་ན་སྣུབས་བན་གྱི་བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་བལ་ཡུལ་དུ་ལན་བདུན་ཕྱིན། །དགོས་པའི་གདམས་པ་མ་ལུས་རྙེད། །མཁས་པ་ཀུན་གྱི་བཅུད་ཐིག་པ། །དྲག་སྔགས་སྟོང་དང་རྩ་བརྒྱད་ལས། ཁྱད་པར་རང་གཤེད་བསྲུང་བཟློག་དང་། ཕྱིར་བཟློག་ལུགས་ལ་མང་ཡོད་ཀྱང་། །ཨ་མུ་ཀ་ཕུང་བརྣག་པའི་ལས། །བཅུད་ཕུར་སྙིང་གི་གནད་ཐིག་འདི། །ཕྱི་རབས་རྣལ་འབྱོར་དམ་པ་ཡིས། །དོན་དུ་སྤུ་གྲི་དཀར་ནག་བསྟན། །དཀར་པོའི་ལམ་སྒྲོན་ཕྱི་མའི་ཆོས། །ནག་པོ་དུག་གི་འཁོར་ལོ་འདི། །དགྲ་དོན་ཉེན་པའི་མཁར་སྤེར་ཤོག་ཅེས་གསུངས་པ་བཞིན་གནུབས་ཀྱིས་བསྟན་པ་བསྲུང་བའི་དྲག་སྔགས་མཐའ་ཡས་པ་བསྒྱུར་བ་ལས་འགྲན་ཟླ་དང་བྲལ་བའི་འཇིགས་སུ་རུང་བའི་ལས་སྦྱོར། འཇམ་དཔལ་ཚེ་བདག་ནག་པོའི་དྲག་སྔགས་འདི་ཡིན་ལ། འདིའི་དབང་ལུང་གི་རྒྱུན་དང་མན་ངག་ཕྱོགས་འགྲོ་མཁྱེན་པའི་རིགས་འཛིན་ཤིན་ཏུ་མང་བ་ལས། དུམ་པ་ཞང་ཁྲོམ་གྱིས་ཟབ་གཏེར་སྙན་རྒྱུད་ཀྱི་སྐོར་ཡོངས་སུ་རྫོགས་པ་འཁྲུལ་མེད་དུ་མངའ་བའི་ཆོས་རྗེ་སེ་སྟོན་པ་དང་། ཀོང་ཆེན་ནམ་མཁའ་དཔལ་ལྡན་གཉིས་ཀྱི་གདམས་པ་མ་ལུས་པ་ཐུགས་སུ་ཆུད་པའི་སྙན་རྒྱུད་ཀྱི་བདག་པོ་ནི་རིགས་འཛིན་བདུད་འཇོམས་རྡོ་རྗེ་ཡབ་སྲས་སུ་ངེས་པས། དེ་དག་གི་བཀའ་སྲོལ་གྱི་རྒྱུན་ཉམས་མེད་དུ་འཛིན་པའི་རིགས་འཛིན་དམ་པའི་དྲུང་དུ། ཁོ་བོས་ཆོས་འདི་ལ་ཀླག་ལུང་ཙམ་དང་། ལག་ལེན་གྱི་(༡༣ན)


GLG023_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འགྲོ་ཙམ་ངེས་པས་ཡིད་ཚིམ་པར་མ་བྱས་པར། ཐོག་མར་དཀའ་བ་ཁྱད་དུ་སད་ནས་ཞལ་གྱི་གདམས་པ་ཀུན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་བྱས་ཤིང་། བར་དུ་བསྙེན་བསྒྲུབ་ལས་སྦྱོར་ཉམས་སུ་བླངས་པས་གོང་འོག་གི་ལག་ལེན་ཆེ་བ་ཀུན་ལ་གནད་ཀྱི་གདེངས་ཐོབ་ན་ཡང་། གནམ་ལྕགས་ཨུརྨོའི་སྐོར་ཐམས་ཅད་ལྟས་ཆོག་ཏུ་དྲིས་ཚེ། གནམ་ས་ཡང་གཅིག་ཆར་དུ་འཁུག་པར་ནུས་པས། ལས་འབྲས་རྒྱབ་ཏུ་བསྐྱུར་བའི་འདོད་པ་ཅན་གྱི་ལག་ཏུ་ཤོར་ན་རང་གཞན་མཐའ་དག་ཕུང་བར་བྱས་ཀྱི་དོགས་པ་དང་། བསྙེན་རྒྱུད་ཁོ་ན་ཡིན་པས་ཡི་གེར་འགོད་པའི་སྤྲོས་པ་དོར་མོད། འོན་ཀྱང་བསྐོར་གསུམ་གྱི་ནང་ནས་ཀྱང་ཕུལ་དུ་བྱུང་བའི་གང་ཟག་གནམ་ལྕགས་སྡིག་པའི་ཆོས་སྡེ་ནས་གསུངས་པའི་མནན་པ་རི་རབ་སྟོབས་ཆེན་འདི་ཅུང་ཟད་མཁོ་ཆེ་ཞིང་། དཔེ་གཅིག་གི་སྟེང་ནས་ལག་ཏུ་ལོན་པ་མི་འདུག་པས། འཁྲུག་སྡེབས་སུ་བྱས་པ་ཡིན་ལ་འདི་ཙམ་གྱིས་ཀྱང་རང་གཞན་ཕུང་ཚེངས་ཀྱི་བྱ་བ་ཆེན་པོ་སྒྲུབ་ནུས་པས་ལག་ལེན་ཆེ་ཕྲ་ཐམས་ཅད་སློབ་དཔོན་མ་བསྟེན་པར་དཔེ་ཁོ་ནས་ལག་ཏུ་ལོན་པ་མེད་ན་ཡང་། ཡི་གེ་བསྟན་ལ་བལྟོས་ནས་གསལ་ཞིང་། ཁྱད་པར་རྒྱ་བོད་གཉིས་ཀར་བཀའ་བརྒྱ་ཤིན་ཏུ་དམ་པས། ཕྱག་རྒྱ་ཟིལ་གནོན་གྱི་དབང་ལུང་སོགས་མ་ཐོབ་ཅིང་། ཐེག་མཆོག་སྙིང་པོའི་ཆོས་འདི་ལ་སྙིང་ནས་དམོད་པ་སོགས་སྣོད་མིན་ལ་བསྟན་པ་བྱུང་ཚེ་སྟོན་པ་པོ་དང་། སྟོན་ཡུལ་གཉིས་ཀ་གཟའ་བདུད་ནག་པོ་ར་ཧུ་ལ་དང་། གཏེར་བསྲུང་ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ་གཉིས་ཀྱིས། སྙིང་ཁྲག་དྲོན་མོ་འཐུང་ལ་ཚར་ཆོད་ཅིག །རིག་པ་འཛིན་པ་བདག་གི་བཀས་བཀྲོལ་བ་ནི་མ་གཏོགས་སོ། །སྨྲས་པ། མཁན་སློབ་ཆོས་རྒྱལ་ལོ་པཎ་མཁས་གྲུབ་ཚོགས། ཁྱད་པར་རྒྱལ་བ་བློ་བཟང་གྲགས་པ་སོགས། །དམ་པ་འགའ་ཡི་དྲིན་ལས་གངས་ཅན་འདིར། །རྣམ་འདྲེན་བསྟན་པའི་པད་ཚལ་ཆེར་ཆེར་རྒྱས། །འོན་ཀྱང་ནག་ཕྱོགས་བདུད་སྡེའི་སྤྲིན་ཕུང་ལས། མ་རུང་དགྲ་སྡེའི་རྐྱེན་ཐང་འབབ་གྱུར་ཞིང་། །བསྟན་(༡༣བ)


GLG023_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གཟུགས་བརྙན་བདུད་རིགས་གླང་ཆེན་གྱིས། །སྣ་ཚོགས་བྱ་བ་གོམས་པ་འདེགས་པར་རྩོམ། །དེ་ལྟ་ན་ཡང་དེང་དུས་ཐུབ་བསྟན་གྱི། ཁུར་འཁྱེར་འགའ་ཞིག་གཏོར་བསྔོས་བསྐང་གསོ་ཙམ། །བྱས་ནས་མངོན་སྤྱོད་འཕྲིན་ལས་འགྲུབ་ཏུ་རེ། །བློན་པོའི་དབུས་སུ་སྟོབས་དང་སྐྱེ་བ་ཡིས། །དྲེགས་ལྡན་བླ་མའི་གཟུགས་བརྙན་ཕལ་ཆེར་ནི། །ངན་གཡོ་རྫུན་དང་ཕྲ་མ་དུག་མཚོན་ལས། ཡ་རབས་ཁྱིམ་པ་རྣམས་ཀྱང་ངོ་ཚའི་གནས། །བྱེད་ལ་འཛེམ་བག་སྤྱོད་པའི་སྣང་ཚུལ་འདི། །མཐོང་བས་རྐྱེན་བྱས་ཁོ་བོས་མནན་པའི་ལས། །ལག་ལེན་ཇི་བཞིན་ཁྱེར་བདེར་རབ་བཀོད་འདི། །སྣོད་དང་སྣོད་མིན་གསང་བའི་ཡུལ་ལ་སོགས། །མ་འདྲེས་ཡིད་དུ་བཟུང་ལ་འདི་ལྟར་སྤེལ། །ཆོས་དང་བླ་མར་སྙིང་ནས་དད་གུས་ཀྱིས། །རྣམ་པར་བྲལ་ཡང་ཁ་མཁས་མགོ་བསྐོར་གྱིས། །མན་ངག་ལེན་པའི་དམ་མེད་གཡོ་ཁྲམ་ཅན། །སྐྱེས་བུ་འདི་འདྲ་ཤིན་ཏུ་མང་། དེ་འདྲར་ཚུལ་འདི་གསང་བའི་ཡུལ། །རིགས་སྟོབས་སྐྱེ་བར་གྲགས་ལས་ཐོས་བསམ་གྱིས། །དབེན་ཡང་བསྟན་པའི་བདག་པོའི་ཁུར་འཆང་བ། །ལྷའི་བུ་སྙིང་ཞུགས་ལོང་བས་ལོང་བ་དག །འཁྲིད་པའི་ཆེན་པོར་རློམ་ཚོ་ཐོས་བསམ་སྒོམ་པ་གང་ཡང་མ་བྱས་པ་འདི་མང་། གསངབའི་ཡུལ། །ཚེ་འདིའི་འདམ་དུ་བྱིང་ཡང་ཆོས་བརྒྱད་ཀྱིས། །རླན་བྲལ་སྨྲ་བའི་གྲུབ་མཐས་བློ་ཁ་དག །མ་བསྒྱུར་བླུན་པོ་མགོ་བོ་བསྐོར་བྱེད་པའི། །ཟོག་པོ་བསྟན་པའི་ཆོམ་རྐུན་དྭགས་བརྒྱུད་པ་དང་སྒོམ་ཆེན་པའི་ཕྱོགས་སུ་ཤིན་ཏུ་མང་། གསང་བའི་ཡུལ། ཟབ་ཆོས་ཕན་ཚུན་དཀྲུག་རྩོམ་ཤོག་རིལ་དག །རང་གིས་སྦས་འདོན་དེ་རྗེས་འབྲང་བྱེད་པའི། །པདྨའི་ཟབ་གཏེར་བསྟན་ལ་རྨ་འབྱིན་པ། ལོག་པའི་སྨོན་ལམ་ཅན་སྔགས་སྙིང་མ་བའི་ཕྱོགས་སུ་སྣང་། ཚོར་གསང་བའི་ཡུལ། ཐ་སྙད་ཚིག་དང་རྟོག་གེའི་རིག་པ་དག །ཅུང་ཟད་ཤེས་ལ་སྙིང་ནས་ཨ་ཐས་པའི། །མུ་སྟེགས་གྲངས་ཅན་ལྟ་བུའི་དགེ་བའི་བཤེས། །ཆོས་སྤོང་སྒྲིབ་པས་སྦགས་འདི་འདྲ་བ་གཞན་ཀུན་ལ་སྣང་། ཚོ་གསང་བའི་ཡུལ། །དེས་ན་དམ་ཚིག་སྡོམ་པ་ལ་གནས་ཤིང་། །ཐེག་མཆོག་རིགས་ཅན་ཟབ་དོན་སྙིང་དབུས་སུ། །གཅེས་འཛིན་མཚན་ཉིད་ལྡན་པའི་སློབ་མ་(༡༤ན)


GLG023_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འགྱུར་མེད་བཀའ་རྒྱས་ཐོབ་ལ་ལེགས་པར་བྱིན། །དེ་སྐད་དགྲ་སྡེ་མ་ལུས་གནོན་བྱེད་པའི། །ཐར་མེད་འབར་བའི་ལྕགས་མཁར་ནག་པོ་ཆེ། །ཆུ་སྲིན་མགྲིན་པའི་རྒྱ་ཅན་ཞེས་པ་འདི། །རྣམ་དཀར་ལྷག་པའི་བསམ་པས་བཀོད་པ་ཡིས། །བདུད་སྡེ་མ་ལུས་གནམ་ལྕགས་ཐོགས་ཆེན་གྱིས། །བྲག་རི་འཇོམས་ལྟར་ཐལ་བར་རབ་རླག་སྟེ། །ཐུབ་བསྟན་མངོན་པར་རྒྱས་པའི་གཟི་འོད་ཀྱིས། །ཐེག་མཆོག་ཕན་བདེའི་པད་ཚལ་རྒྱས་པར་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན་ཞེས་བྱ་བ་འདི་ཡང་། འབྲོམ་གྱིས་རིགས་ལས་བྱུང་བའི་སྔགས་པ་སློབ་དཔོན་པ་ཆོས་རྗེ་བསོད་ནམས་གྲགས་པ་དང་། ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་པ་ཆོས་རྗེ་སྐུ་སྐྱེ་གཉིས་ཀྱིས་བསྐུལ་བའི་ངོར། སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མ་ཨ་ཙཪྱ་དྷརྨ་པཱ་ལ་ནས་བཟུང་སྟེ། སྔ་འགྱུར་མ་གཤིན་ཕུར་པའི་གྲུབ་པ་རིམ་པར་ཐོབ་པའི་གདུང་ལས་སོན་པ་རིག་སྔགས་འཆང་བ་ཟིལ་གནོན་དྲག་རྩལ་རྡོ་རྗེས་ཁྱུ་མཆོག་གི་ལོ་ནག་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་ལ། དགའ་ལྡན་ཕོ་བྲང་མེ་ཏོག་མངོན་པར་བཀྲ་བའི་མངོན་སྤྱོད་རོལ་པའི་ལྡིང་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།


previousའཇམ་དཔལ་ཚེ་བདག་ནག་པོའི་མནན་པ་ཐར་མེད་ལྕགས་ཁང་ནག་པོ་ཆུ་སྲིན་མགྲིན་པའི་རྒྱ་ཅན།next