Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ།next

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ།


GLG023_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཡ་མཱ་རི་མུ་དྲཱ་བྷི་བྷཱུ་ཡཱ་ཡུཪྦ་ཏ་ཡེ། འཇམ་དཔལ་ཞི་ཁྲོའི་བཀའ་བབས་རྒྱ་བོད་ཀྱི། །རིགས་འཛིན་བརྒྱུད་པ་བགྲང་ཡས་དཀྱིལ་འཁོར་ལྷ། །ཡོངས་འདུས་ཀུན་གོ་གཅིག་ཆོད་དྲིན་ཅན་རྗེ། །ཆོས་དབྱིངས་རང་གྲོལ་སྙིང་གི་པདྨར་བཞུགས། །ཨོ་རྒྱན་རྒྱ་བལ་མཁས་གྲུབ་མཐའ་ཀླས་པའི། །བཀའ་བབས་པད་གནུབས་བཞེད་གཞུང་ཆུ་ཀླུང་ཚོགས། །རྣམ་དཔྱོད་རྒྱ་མཚོར་གཅིག་འདྲེས་ནུབ་དགོན་རྗེ། །མངའ་རིས་རིགས་འཛིན་ཉི་ཟླ་ཟུང་འབྲེལ་བཞིན། །མགོན་གཉིས་མཁྱེན་ཡངས་ཚངས་པའི་རལ་པ་ནས། །སྨིན་གྲོལ་གདམས་པ་མཐོ་རིས་ཉལ་འགྲོའི་རྒྱུན། །འབེབས་མཁས་སྐལ་ལྡན་ཤིང་རྟ་དབང་པོའི་སྡེ། །ཡབ་སྲས་ཞལ་ལུང་ཆད་མེད་ནོར་བུའི་འཕྲེང་། །བཀའ་གཏེར་རྒྱུད་དང་མན་ངག་རིག་བྱེད་བཞིར། །རིང་ནས་གོམས་པའི་བློ་གྲོས་གདོང་པ་བཞི། །བསྟན་ཏེ་ཟབ་རྒྱས་གནད་དོན་སྣོད་བཅུད་ཚོགས། །མངོན་སུམ་སྤྲུལ་པའི་གཟིགས་མོ་འདི་ན་མཚར། །འཁོར་འདས་ཁྲོ་རྒྱལ་ཀུན་གྱི་ལག་ཆ་རྣམས། །སྟབས་ཅིག་འཆོར་བ་ཟིལ་གནོན་ཕྱག་རྒྱ་ཆེ། །བསྙེན་སྒྲུབ་ལས་རིམ་རྡོ་རྗེ་རྩེ་བརྒྱ་པས། བདུད་དཔུང་ལྷ་མིན་སྙིང་རྩ་འདར་འདིའོ། །དེའང་འཇམ་པ་གསུམ་(༢ན)


GLG023_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འདུལ་བར་མི་ནུས་པའི་གདུག་པ་ཅན་སྤྱི་དང་། བྱེ་བྲག་ལྷོ་ཕྱོགས་རིམ་བདུན་ས་འོག་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན་གནས་པའི་འཆི་བདག་གཤིན་རྗེའི་རྒྱལ་པོ་འདུལ་བའི་གཉེན་པོར་འཇམ་དཔལ་རྡོ་རྗེ་དུས་དགྲའི་དབང་པོར་བསྟན་པ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་གསང་སྔགས་སྔ་ཕྱིར་འགྱུར་བའི་རྒྱུད་སྡེ་རྣམས་སུ་མང་དུ་བྱུང་བའི་ནང་ནས་འཁོར་འདས་ཀྱི་ཕྱག་རྒྱ་ཐམས་ཅད་ཅིག་ཅར་ཟིལ་གྱིས་གནོན་པ་འཇམ་དཔལ་ཚེ་བདག་ནག་པོའི་རྒྱུད་འགྲེལ་མན་ངག །སྟེང་ཕྱོགས་ལྷའི་ཡུལ་དང་ཨོ་རྒྱན་རྒྱ་བལ་སོགས་ན་རྒྱ་ཆེར་བཞུགས་པའི་ཉིང་ཁུ་དཔལ་ཨོ་རྒྱན་ཆེན་པོ་དང་། ལོ་ཙཱ་བ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་ལྗོངས་འདིར་གདན་དྲངས་པ་ལ་པད་ལུགས་གནུབས་ལུགས་གཉིས་སུ་གྲགས་ཤིང་པད་ལུགས་ཕལ་ཆེ་བ་ནི་ཕུང་པོ་རི་བོ་ཆེ་སོགས་སུ་གཏེར་དུ་སྦས་པ་ལས་དང་སྐལ་བར་ལྡན་པའི་སྤྲུལ་སྐུ་རྒྱ་ཞང་ཁྲོམ་གྱིས་སྤྱན་དྲངས། གནུབས་ལུགས་ལའང་བཀའ་གཏེར་གཉིས་སུ་བྱུང་བའི་བཀའ་མ་ནི། བཀའ་ཤོག་རྒྱ་བོ་ཆེ་ལས། ལས་ཀྱིས་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བ་ལེགས་པའི་སྒྲོན་མ་དང་། །གྲོགས་མཆོག་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩོལ་ཤུགས་གཏོད་(༢བ)


GLG023_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་ཆེ་བའི་བློན་རྗེ་འཕགས། །ཞེས་གནུབས་ཀྱི་ཐུགས་སྲས་བཞི་བྱུང་བའི་ནང་ནས་གདུང་རུས་གཅིག་པའི་སྲས་ཀྱི་ཐུ་བོ་གནུབས་ཡོན་ཏན་རྒྱ་མཚོ་ལ་བཀའ་བབས་པ་ལྕགས་འདྲ་དང་ཐོག་འདྲའི་སྐོར་ཤིན་ཏུ་རྒྱ་ཆེ་ཞིང་གཏེར་དུ་བཞུགས་པ་ལྕགས་འདྲ་དང་ལྕགས་སྡིག་རྣམས་དུམ་པ་རྒྱར་བཀའ་བབས་པ་ཡིན་པ་དེང་སང་རང་ལུགས་རྒྱུན་གྱི་ཉམས་ལེན་ནི་མཁྱེན་པའི་སྤྱན་ལྡན་སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས། དེ་ལྟར་ཚེ་བདག་ཕྱག་རྒྱ་ཟིལ་གནོན་ནམ། །པདྨའི་མན་ངག་རྩ་བ་སོར་བཞག་ལ། །པད་ལུགས་ཞེས་གྲགས་གནུབས་ཀྱི་ཡང་མཛོད་འདི། །སྒྲུབ་ཁོག་སོར་བཞག་གནུབས་ལུགས་ཞེས་གྲགས་མོད། །ལམ་གྱི་གནད་ལ་ཁྱད་པར་ཅི་ཡང་མེད། །འོན་ཀྱང་འཕྲིན་ལས་བྱང་བུའི་བརྗེད་བྱང་ལས། ཁྱད་པར་ཅུང་ཟད་ཡོད་པ་ལེགས་ཕྱེ་ནས། །འདིར་ནི་པདྨའི་ལུགས་ཉིད་གསལ་བར་བྱས། །རྗེ་བཙུན་དམ་པའི་དྲིན་གྱིས་ལམ་སྲོལ་འདིར། །རིང་དུ་སྦྱངས་པའི་བློ་གྲོས་མི་དམན་ཞིང་། །རྒྱུད་དང་གདམས་པའི་གནད་ལ་འདྲིས་པའི་ཕྱིར། །དོན་འདིའི་ཕྱིར་ལ་སྤྲོ་བ་ལྷོད་མ་གྱུར། །ཅེས་པ་ལྟར་པདྨའི་མན་ངག་རྩ་བ་སོར་བཞག་དཔལ་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས་མཛད་པའི་ལྷན་ཐབས་སྦྱར་ཏེ་ཉམས་སུ་ལེན་པའི་རྒྱུན་ཡོད་པ་བཞིན་ལག་ཏུ་བསྟར་བ་ལ། ལྷ་ཉེ་བར་བསྙེན་ཅིང་བསྒྲུབ་པ་ལས་རབ་འབྱམས་ཐམས་ཅད་ཀྱི་སྔོན་དུ་འགྲོ་དགོས་པས། འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་དང་གསུམ། དང་པོ་ལ། སློབ་དཔོན་འཇམ་དཔལ་གཤེས་གཉེན་གྱིས། དད་དང་བརྩོན་འགྲུས་མེ་ལྟར་འབར་བ་དང་། །ཤེས་རབ་ཆེ་ཞིང་ཕྱོགས་མེད་སློབ་པ་དང་། །དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ། །དམ་ཚིག་གཙོར་འཛིན་སྒོམ་སྲན་ཆེ་བ་དང་། །རང་རིག་(༣ན)


GLG023_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་ཆོས་ཉིད་དོན་རྟོགས་དང་། །གོ་འཕང་ཐོབ་དང་མན་ངག་འདོད་པ་ལ། །ཞེས་དང་། མན་ངག་ལས། ཐོག་མར་ཤེས་ལྡན་སྨིན་པ་ཡི། །རིགས་ལྡན་རྣལ་འབྱོར་བརྟུལ་ཞུགས་ཅན། །ཞེས་པ་ལྟར། ཤེས་རབ་ཆེ་ཞིང་ཆོས་འདི་ལ། ཡིད་ཆེས་ཀྱི་སྙིང་ནས་དད་པ་ཐོབ་པ་ཞིག་གིས། གོམས་པ་སྔོན་སྦྱངས་མང་ཐོས་ཆོས་རྣམས་ཤེས། །ཆོས་ཉིད་མཉམ་པའི་དོན་རྟོགས་གཏི་མུག་མེད། །དབྱིངས་དང་ཡེ་ཤེས་གཉིས་མེད་གཟུངས་མ་འདུ། །བླ་མའི་མན་ངག་ཐོབ་པའི་གདེངས་ལྡན་པ། །ཡོན་ཏན་རྫོགས་པའི་བླ་མ་དམ་པས་བྱ། །ཞེས་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལ་དབང་གི་ཆུ་བོ་མ་ནུབ་པ་ཚུལ་བཞིན་ཐོབ་ནས་སྨིན་པའི་གང་ཟག་གིས་ཇི་ལྟར་བསྒྲུབ་པའི་གནས་ནི། མཆིན་པ་ལས་ཆད་པའི་ཆོས་སྡེ་སྔོན་འགྲོ་གནས་ཀྱི་ལས་རིམ་དུ། བསྙེན་པ་དང་སྒྲུབ་པའི་གནས་ཀྱི་ཁྱད་པར་སོ་སོར་རྒྱས་པར་གསུངས་ནའང་། དེང་སང་ཡུལ་དུས་ཀྱི་འགྲུབ་པར་དཀའ་ཞིང་། རྒྱུད་ལས། དབེན་ཞིང་ཉམས་དགའི་གནས་དག་ཏུ། །ཞེས་དང་། སྒྲུབ་ཐབས་ལས། གནས་ནི་དུར་ཁྲོད་དུ་བྱ། བྲག་རི་ནག་པོ་མོན་པ་ཁྲོས་པ་འདྲ་བའམ། ལྷོ་ཕྱོགས་སུ་ཁ་བལྟས་པ་ཤིན་ཏུ་གཉན་སར་ཕྱིན་ལ་ཞེས་བཤད་ཀྱང་དཔའ་གདེངས་ཅུང་ཟད་རྙེད་པ་རྣམས་ལ་གནས་གཉན་ས་རྟོགས་པ་འཕེལ་ནའང་། ལས་དང་པོ་པ་ལ་ཤིན་ཏུ་འཇམ་པའི་ཕྱོགས་སུ་བསྒྲུབས་ན་བར་ཆད་ཆུང་བས། གནམ་འཁོར་ལོ་རྩིབས་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ས་པདྨ་འདབ་བརྒྱད། ཤར་གྱི་སྟག་སྐྱ་བོ། ལྷོའི་གཡུ་འབྲུག་སྔོན་པོ། ནུབ་ཀྱི་བྱ་དམར་པོ། བྱང་གི་རུས་སྦལ་ནག་པོ་སོགས་ས་བཀྲ་ཤིས་པ་ཐེག་དམན། མུ་སྟེགས། སྐྱེ་བོའི་ཡ་ག །ནག་ཕྱོགས་ཀྱི་(༣བ)


GLG023_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོའི་འཚུབ་འགྱུར་གྱི་རིགས་མེད་ཅིང་། དམ་པ་གོང་མ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་ཡིད་དུ་འོང་བ་བཙལ་བར་བྱ། དེ་ནས་འཚོ་བ་ཟས་དང་སྐོམ་སེལ་བཏུང་བའི་རིགས། ནད་ཞི་བ་སྨན་དང་དགྲ་བཟློག་པ་གོ་མཚོན་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་སོགས་གཡོས་མཁན་དང་བརྡ་སྦྱོར་སོགས་མཚམས་གཡོག་བློ་ཐུབ་ཅིང་དམ་ཚིག་དང་ལྡན་པ་གྲངས་ཇི་ལྟར་རིགས་པ་དང་། མཐུན་རྐྱེན་གྱིས་མཚོན་པའི་རྒྱུ་འགྲུལ་གཞན་ནས་སླར་ཡོང་རྒྱུ་རྣམས་ཀྱང་གང་ནས་ཡོང་ཆ་བཏིང་བའི་ཐོག་མ་ནས་དམིགས་འོག་ཏུ་ཆུད་པའི་མཚམས་མི་རལ་བ་བྱ། དུས་ཚོད་ཀ་དག་གི་རྟོགས་པ་མངོན་དུ་གྱུར་པའི་རྣལ་འབྱོར་བ་རབ་ལ་མ་ངེས་ཀྱང་། འཁྲུལ་པའི་རྫུན་ཕུགས་མ་རྡིབ་པའི་རིགས་ཀུན་རྫོབ་ཀྱི་སྣང་བ་དགག་ཏུ་མི་རུང་བས་སྤྱིར་རྒྱས་པར་ཉི་མ་བྱང་བགྲོད་དང་ཡར་ངོ་། དྲག་པོའི་ཉི་མ་ལྷོ་བགྲོད་དང་མར་ངོ་། ཞི་བར་ཉི་མ་འཆར་གདོང་སོགས། དབང་ལ་ནུབ་མོ་བྱ་བར་གསུངས་ཤིང་བྱེ་བྲག །ཇི་སྐད་དུ། ལོ་དང་ཟླ་བ་སྐར་མ་བཟང་། །དུས་ཚོད་བཟང་ལ་འཇུག་པར་བྱ། །ཞེས་སྤོར་ཐང་གཙུག་ལག་ནས་བཤད་པའི་མཆེ་བ་ཅན་སོགས་ལོ་ཟླ་རྩུབ་པ། རང་གི་དགྲ་གཤེད་ལྟ་བུ་མ་ཡིན་པའི་ལོ་གཟའ་སྐར་སྦྱོར་བྱེད་ཁྱིམ་གྱི་དུས་སྦྱོར་སོགས་དང་པོའི་སངས་རྒྱས་དང་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་རྣམས་ལས་བྱུང་བ་ལྟར་བསྙེན་སྒྲུབ་ལ་ཤིས་པ་ངེས་པར་བསྒྲིག་ཅིང་གཟའ་ཚེས་འཛོམ་ན་ཡར་ངོ་དང་མར་ངོ་གང་བདེ་བ། དུས་ཚོད་ཇི་སྐད་དུ། ཉི་མ་ནུབ་པར་གྱུར་པ་ན། །ལྷ་ཡང་བྱིན་གྱིས་རླབས་ཀྱིས་འདུ། །ཞེས་ལྷ་དབང་དུ་བྱེད་པའི་རྟེན་འབྲེལ་གྱི་སྲོད་ཐུན་ནས་འཛུགས། ཐོག་མར་སྡེ་བརྒྱད་ཆ་སྙོམས་པའི་ཕྱིར། བསངས་(༤ན)


GLG023_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསེར་སྐྱེམས། གསུང་རབ་ཀློག་པ། སཱཙྪ་འདེབས་པ། ཉེའུ་འདོན་པ། སྦྱིན་གཏོང་སོགས་བསོད་ནམས་ཀྱི་དཔུང་རྒྱ་ཆེར་བསག །གནས་ཁང་ཕྱག་བདར་རྐྱང་ཚུལ་བྱ། ས་རྒྱན་གནམ་རྒྱན་སྤྱན་གཟིགས་སོགས་དང་རྩ་བ་གསུམ་གྱི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་རྣམས་བཀོད་པས་མཛེས་པར་དགྲམ། སྒྲུབ་རྟེན་རབ་རྡུལ་ཚོན། འབྲིང་རས་བྲིས། ཐ་མ་སྨན་རཀ་གཏོར་གསུམ་ཙམ་ལའང་རྟེན་རུང་བའི། རྡུལ་ཚོན་ལ་རྒྱས་པ་སྤྲོ་ན། ལྕགས་སྡིག་མགོ་བོ་གྲུ་གསུམ་ལས་ཆད་པའི་ཆོས་སྡེ། སྒྲུབ་ཐབས་སྙིང་གཟེར་ནག་པོར། ཐོག་མར་ནུས་ལྡན་བརྩོན་པ་ཡིས། །ས་ཆོག་དུས་བཟང་ལེགས་ལྡན་ལ། །རྡུལ་མེད་སྲོག་ཆགས་སྤང་བྱས་ལ། །ལྷོ་ཡི་ཕྱོགས་ནས་ས་བླངས་ལ། །དཀྱིལ་འཁོར་མདའ་གང་གྲུ་བཞི་པ། །ཚད་དང་ལྡན་པ་རབ་ཏུ་བཞེད། །ཞེས་པ་ལྟར་སྟེགས་བུ་བརྩིག་པར་བཤད་པ་འགྲུབ་ན་དང་། མ་འགྲུབ་ན་ཅོག་ཙེའམ་ཁྲིའུ་ལྟ་བུས་ཀྱང་རུང་། ཡང་དེ་ཉིད་ལས། རྒྱལ་པོ་བཞི་ལ་བཀའ་ཡང་བསྒོ། ཁྲོ་བོ་བཅུ་ཡིས་ཕྱི་མཚམས་བཅད། །དམ་སྲི་འདུལ་ཞིང་སྒོ་བྱང་གདགས། །མ་ཏྲཾ་རུ་དྲ་བསྒྲལ་ལས་བྱ། །ཞེས་པ་ལྟར་རྒྱལ་མཐོ། མཚམས་གཅོད། དམ་སྲི། སྒོ་བྱང་། མ་ཏྲཾ་རྣམས་སྔགས་རྙིང་མ་སྤྱི་གཞུང་དང་མཐུན་ཞིང་། དབང་ཆོག་མུ་ཏིག་འཕྲེང་བར། རྒྱུད་ལས། སྣང་སྲིད་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་། གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། ས་ཆོག་བྱ་མི་དགོས་ཏེ། ས་ལ་ཇི་ལྟར་རུང་བ་ལྟར་སྤྱད་པར་བྱའོ། །ཞེས་བཤད་པ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གླང་པོ་ཆེའི་དཔྲལ་བ་བཀས་ནས་ཐལ་བྱུང་དུ་བྱོན་པ་ལྟ་བུའི་སྔགས་འཆང་ཆེན་པོ་རྣམས་(༤བ)


GLG023_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོངས་ཀྱིས། ལས་དང་པོ་བ་རྣམས་ནི་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དཀྱིལ་ཆོག་ཏུ་ས་བརྟག་པ་དང་། བླང་བ་དང་། སྦྱང་བ་དང་། བྱིན་གྱིས་བརླབ་པ་དང་། བསྲུང་བའོ། །ཞེས་འབྱུང་བས་ས་མ་དུལ་བ་ལ་ངེས་པར་དགོས། སྙིང་གཟེར་ལས། དེ་ནས་ཐིག་སྐུད་ལྔ་ལྡན་ལ། བདུད་རྩི་དཀར་དམར་བཏབ་བྱས་ལ། །ཚེ་བདག་པེ་ཏ་ལི་རུ་བསམ། ཞེས་སོགས་ཀྱི་ཐིག་དང་། ཕོ་བྲང་གླིང་དགུ་འཁོར་ལོ་དང་། །ཐོད་མཁར་གྲུ་ཆད་ཁྱམས་སྒོ་ལས། །པདྨ་རྡོ་རྗེ་མེ་རིས་བསྐོར། །ཞེས་སོགས་གསུངས་ཤིང་། ཐིག་ཆེན་གྱི་ཆོ་ག་ལག་ལེན་ནག་འགྲོས་ལྟ་བུ་འཁྱེར་བདེ་བ་ནི། གནུབས་ཡེ་ཤེས་རྒྱ་མཚོའི་དཀྱིལ་འཁོར་ཏུ་གསལ་མོད། བསྙེན་པ་ཙམ་ལའང་རྒྱལ་མཐོ་ངེས་པར་བསྡམ་ཞིང་། དམ་སྲི་མནན་ན་ལེགས་པའི་ཆ་ལག་ཏུ་འགྱུར་ཡང་། དེ་ཕྱིན་རང་ལུགས་ཀྱི་དབང་ཆོག་ངེས་དོན་བདེ་འཇུག་ཏུ། དང་པོ་ལ། ཡོ་བྱད་བཤམ་ཞིང་གཏོར་མ་བཏང་བ། ཐིག་ཚོན་རབ་ཏུ་གནས་ཤིང་ཆག་ཆག་གདབ་པ། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པའོ། །ཞེས་ས་བཅད་གསུམ་དུ་འདུས་པས་དོན་འགྲུབ་ལ། འོན་ཀྱང་བསྙེན་པ་ཡུན་རིང་བས་རྡུལ་ཚོན་ཞིག་པ་སོགས་ཀྱི་འཇིགས་པ་ཆེ་བའི་ཕྱིར་བཤད་མ་ཐག་པའི་ས་བཅད་དང་པོའི་རྗེས་སུ་རས་བྲིས་ཀྱི་དཀྱིལ་འཁོར་དགྲམ་པའམ། །འཛབ་ཁང་དབྱེ་བའི་ལུགས་རྒྱས་པ་བྱེད་འདོད་ཅིང་། དཀྱིལ་འཁོར་མ་འབྱོར་ན་མཎྜལ་ལྟ་བུར་ཐིག་བཏབ་པའི་ཁར་འབྲུ་ནག་ཁྲག་གིས་སྦགས་པའི་ཚོམ་བུ་བཀོད་པ་གང་རུང་གི་སྟེང་དུ་བཾ་ཆས་སུ་བཅུག་པ་བཞག །དེ་སྟེང་མན་འཇིའི་ཁར་སྒྲུབ་གཏོར་ལྷ་ཙཀ་གཏོར་གདུགས་ཀྱིས་བརྒྱན་པ་བཀོད། དཀྱིལ་འཁོར་གྱི་མདུན་ཤར་སྒོའི་ཐད་དུ་མཆོད་གཏོར། (༥ན)


GLG023_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། ཕྱོགས་གང་བདེར་གཤིན་རྗེ་དང་སྒོས་ཀྱི་ཆོས་སྐྱོང་གཏེར་སྲུང་གཞི་བདག་རྣམས་ཀྱི་གཏོར་མ། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །དེ་ནས་རིམ་བཞིན་གཡས་སྐོར་དུ་ཁྲག་གི་མཆོད་ཡོན། ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས་རྣམས་དང་། དེའི་མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་བཀོད་པས་མཛེས་པར་བཤམ། གཞན་ཡང་ཚོགས་མཆོད། རྡོར་དྲིལ། ཐོད་རྔ། འཐོར་ནས། མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱས། གནས་ཁང་གིས་བཏུབ་ན་སྒྲུབ་པ་པོའི་སྟན་ནང་ཚངས་ཅན་གྱི་འོག་ཏུ་ས་དཀར་གྱི་གཡུང་དྲུང་རིས་ཆོས་འཁོར་གྱི་ཚུལ་དུ་འབྲི། བདག་བསྐྱེད་ཙམ་ལ་བརྟེན་ཚེ། དཀྱིལ་འཁོར་གསུམ་དང་པོ་དོར་ནས་སྟེགས་བུའི་དབུས་སུ་སྒྲུབ་གཏོར་བཀོད། སྒྲུབ་གཏོར་དང་མཆོད་གཏོར་སོ་སོར་མཛད་སྲོལ་རྙིང་མ་ཕལ་ཆེར་ལ་མི་འདུག་ནའང་། འདིར་བྱུང་བས་སོ་སོར་ཡོད་ན་དངོས་གྲུབ་ལེན་མ་རན་གྱི་བར་སྒྲུབ་གཏོར་ལྷར་བསྐྱེད་པ་ཁོ་ནས་ཆོག་མོད། དེའང་རྣམ་པ་ཐ་དད་ཡིན་པས་དཀྱིལ་འཁོར་དང་མི་འདྲ་བ་ལ། གཏོར་མ་གཅིག་ལས་མེད་ན་ཤེས་པ་རྣམ་པ་གསུམ་གྱི་དབྱེ་བས་ཕྲལ་ཕྲལ་འགྱུར་འགྲོ་བས་སྐབས་ཐོབ་ཤེས་དགོས་སོ། །གཉིས་པ་དངོས་གཞི་ལ། བསྙེན་པ་སྒྲུབ་པ་ལས་སྦྱར་གསུམ། དང་པོ་ནི་ལས་བྱང་གཞུང་བསྲངས་ལ། ཆོས་སྐྱོང་གཏེར་སྲུང་གཞི་བདག་གི་གཏོར་བསྔོས། ཚོགས་མཆོད། བཾ་བསྐང་། བསྟན་སྐྱོང་གི་བར་དཀྱུས་བཞིན་བཏང་། ལྕེ་བྱིན་གྱིས་བརླབ་པ་ནི། བན་སྔགས་བོན་དགྲས་བདག་(༥བ)


GLG023_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངག་བཅིངས་ན། །དེ་དག་འགྲོལ་ཞིང་གསོ་དང་ངག་བྱིན་བརླབ། །ཀུན་ལས་ཟབ་འདི་ཉམས་བླང་སྙིང་ལྟར་བཟུང་། །ནང་པར་ནམ་ལངས་ཁ་དང་དགོངས་ཉི་དག །ནུབ་ཁར་ཉམས་སུ་བླང་བྱ་འདི་ཁོ་ན། །བདག་གི་ལྕེ་སྟེང་རཾ་ཡིག་དམར་པོ་བསམ། །རཾ་ལས་མེ་འབར་ལྕེ་ནི་ཐུལ་གྱིས་བསྲེགས། །སླར་ཡང་ལྕེ་ནི་འོད་ཀྱི་རང་བཞིན་བསམ། །དེ་ཡི་ངང་ལས་ལྕེ་ནི་གང་གིས་ཀྱང་། །མི་ཚུགས་མི་ཤིགས་སྲ་བརྟན་ཕ་ལམ་གྱི། །རྡོ་རྗེ་རྒྱ་གྲམ་ཐ་མར་རྟེན་སྙིང་གི །སྔགས་འཕྲེང་ཆོས་སྐོར་དག་ཏུ་བསྐོར་བར་བསམ། །རྟེན་སྙིང་བརྒྱའམ་ཉེར་གཅིག་སྐབས་སྦྱར་བཟླ། །དེ་ལྟར་བྱས་པས་འཛམ་གླིང་འདིར་འཁོད་པའི། །བན་སྔགས་བོན་དགྲ་འདུས་པའི་བྱད་ཕུར་དང་། །ངག་མནན་ངག་བཅིངས་རྦོད་གཏོང་ཡོད་ན་ཡང་། །བྱེ་མའི་ཕུང་པོ་ཆུ་ཡིས་འཇིག་ལྟར་གྲོལ། །ངག་འགྲོལ་ངག་གསོ་མ་ཤིགས་རྡོ་རྗེ་དངོས། །ཕྱག་ན་རྡོ་རྗེ་ཇི་བཞིན་འདི་ཉིད་དོ། །འདི་དང་ལྡན་ལ་གཞན་གྱིས་ངག་མནན་སོགས། །བྱས་ན་ཕྱག་ཆ་རང་ལ་འཁོར་བའི་ཕྱིར། །ཀུན་ལ་གསངས་ནས་རང་ཉིད་ཉམས་སུ་བླང་། །བདག་འདྲ་བལ་པོ་བྷ་སུ་དྷ་ར་ཡིས། །རང་བཟོ་མ་ཡིན་པད་རྒྱ་ནག་པོ་ཡི། །རྒྱུད་ལ་བརྟེན་ནས་རང་ཉམས་དང་དུ་བླང་། །སྐྱེ་བ་སྔ་མའི་སྤུན་ཟླ་ཡིན་པའི་ཕྱིར། །གནུབས་ཀྱི་བནྡེ་སངས་རྒྱས་ཡེ་ཤེས་ལ། །གདམས་སོ་གཏད་དོ་མ་གཡེལ་ཐུབ་པར་ཆོངས། །འཆལ་ན་དྲེགས་པའི་བཀའ་ཆད་འབབ་པར་ངེས། །ས་མ་ཡ། དྲག་པོ་རང་བྱུང་རང་ཤར་ལས། རཀྴ་ཐོད་འཕྲེང་མ་གཏོགས་པའི། །བདེ་གཤེགས་བསྒྲུབ་པའི་འཕྲེང་གཞན་མེད། །ཅེས་དང་། སྲེད་པའི་གཏེར་ཁྱིམ་དུ། དྲག་པོ་ལ་རུ་རཀྴ་དང་ཐོད་པ་ཌཱ་ཀི་འདུ་བའི་དངོས་གྲུབ་མྱུར་བར་བཤད་པ་ལྟར་རུ་རཀྴ་(༦ན)


GLG023_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་བྱིན་གྱིས་བརླབ་པ་ནི། བླ་མ་དགོངས་འདུས་ལས་བྱུང་བ་ལྟར། འཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ། །མདོ་འཛིན་སྟེང་དུ་ཡོད་པར་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། མདོ་འཛིན་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་ཕྱོགས་སྐྱོང་སྡེ་བརྒྱད་འཁོར་ལོ་པདྨ་ཉི་ཟླའི་གདན་ལ་འཇམ་དཔལ་ཚེ་བདག་ནག་པོ། ཞལ་གསུམ་ཕྱག་དྲུག་ཞབས་བཞི་ག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ། གཡོན་གསུམ་བེ་ཅོན་གཏུན་ཤིང་སྡིགས་མཛུབ་མཛད་པ། དུར་ཁྲོད་དང་དཔལ་གྱི་ཆས་ཀྱིས་བརྒྱན་པ། ཡུམ་པེ་ཏ་ལི་སྐུ་ལ་འཁྲིལ་བ། འཕྲེང་རྡོག་རྣམས་རྩ་བའི་ལྷ་གཞན་བཞི། རྒྱན་གྱི་ལྷ་བརྒྱད། སྤྲུལ་པ་གསུམ། གཤེད་བཞི་མོན་བདུད་འཆི་བདག་བཅུ་གཉིས། ཞག་གཤེད་སུམ་བརྒྱ་དྲུག་ཅུ། སྒོ་སྲུང་བཞི། ཟ་མའི་གཤིན་རྗེ་བདུན་བརྒྱ་ཉི་ཤུར་གསལ་བར་བསམ། དད་པ་དང་ནི་དམ་ཚིག་གི་ཤློ་ཀ་གཅིག་གིས་བསྟིམ། ཕྱི་མཆོད་དང་སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་ཕུལ། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ། །ཞེས་སོགས་ཀྱིས་བསྟོད། ལག་པ་གཡས་མེ་ཏོག་ཐོགས་ལ་འབྲུ་བཅུ་བདུན་སྐུ་གསུང་ཐུགས་སྔགས་ཨྱེ་རིང་རྟེན་འབྲེལ་སྙིང་པོ་དབྱངས་གསལ་རྣམས་ཅི་རིགས་དང་། ཁྱད་པར། ཨཱོཾ་རུ་ཙི་པྲ་མརྟ་ན་ཡ་རཏྣ་མ་ཎི་དྷཱ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུཾ་སྭཱཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་པས་སྔགས་དང་མེ་ཏོག་ལས་འོད་ཟེར་དམར་ནག་ཚ་ཞིང་རྩུབ་པ་འཕྲོས། བགྲང་འཕྲེང་ལྟར་གསལ་བ་ལ་ཐིམ། ལྷ་རྣམས་ཀྱང་འོད་དུ་ཞུ་ནས་འཕྲེང་བའི་རྣམ་པར་བསམས་ལ་ཤིས་པ་བརྗོད། འཕྲེང་བ་བྱིན་རླབས་འདི་ལན་ཅིག་བྱས་རྗེས་འཕྲེང་བ་ལ་ཉམས་ཆགས་ཀྱི་རིགས་མ་བྱུང་ན་རྒྱུན་(༦བ)


GLG023_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དུ་མ་བྱས་ཀྱང་ཆོག །བཟླས་པའི་འགོར་འབྲུ་གསུམ་གྱིས་སྣ་དྲངས་པའི་དབྱངས་གསལ། རྟེན་འབྲེལ་སྙིང་པོ་གང་གི་སྔགས་རྣམས་ཚར་གསུམ་རེ་བཟླ། བསྙེན་པ་དངོས་ལ། གོང་གནོད་འབྲུ་བཅུ་བདུན་པ། ཕྱི་སྐོར་སྐུའི་དྲག་སྔགས། ནང་སྐོར་གསུང་གི་དྲག་སྔགས། གསང་སྐོར་ཐུགས་ཀྱི་དྲག་སྔགས། ཡང་གསང་དྲག་པོ་རྒོད་ཀྱི་དྲག་སྔགས་དང་ལྔ། དང་པོ་ལ་བསྙེན་པ། བདག་བྱིན་བརླབ། སྒྲུབ་པ་ཆེན་པོ། འཕྲིན་ལས་བཞིའི་དམིགས་པ་དང་བཞི། དང་པོ་ནི། ངེས་དོན་བདེ་འཇུག་ཏུ་དེའང་ཆོས་འདིའི་ལུགས་ཀྱི་བདག་མདུན་གྱི་དཀྱིལ་འཁོར་རྣམས་ཆིག་ཆོད་དུ་བསྒྲུབ་པ་ཡིན་ལ། དེ་ཙམ་བློས་མ་ལྕོགས་པ་འཛབ་ཁང་མདུན་གྱི་དཀྱིལ་འཁོར་རྣམས་ལ་དབྱེ་བའི་གནད་ཤེས་དགོས་སོ། །ཞེས་གསུང་བ་ལྟར་འཛབ་བཟླ་ཁར་ཕཊ་ཛཿ ཞེས་བདག་མདུན་ཐ་མི་དད་པ་ལ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ཕྱེ་ནས་མེ་རི་འདབ་འབྱར་དུ་བསྒོམ། བདག་མདུན་གཉིས་ཀའི་རྟེན་བརྟེན་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་ནམ་མཁའི་འཇའ་ཚོན་ལྟ་བུའི་གསལ་སྣང་དང་། དེ་ལྟར་སྣང་བ་དེའང་རང་རིག་ཀུན་བཟང་འཇམ་དཔལ་གཤིན་རྗེ་གཤེད་གསར་དུ་བློས་བཏགས་མ་ཡིན་པ་གདོད་མ་ནས་རང་ཆས་སུ་ཡོད་པ་དེ་ག་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པོ་དང་ལྡན་པའི་ངང་ནས་བདག་མདུན་གཉིས་ཀའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཕུབ་པ་ལྟ་བུའི་རྣམ་པར་གསལ་འདེབས། དེ་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་ཡ་མ་རཱ་ཛ། དེའི་ཐུགས་བྲང་དུ་ཕྱག་རྡོར། དེའི་ཐུགས་བྲང་དུ་འཇིགས་བྱེད་ཆེན་པོ་གསལ་བ་ནི་རྩ་བའི་ལྷ་དྲུག་ཚང་དགོས་པའི་དོན་གྱིས་ཡིན་ལ་བསྙེན་པའི་སྐབས་ཡེ་ཤེས་སེམས་དཔའ་ལ་དམིགས་པ་གཙོ་བོར་(༧ན)


GLG023_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པས་གུར་ཁང་གི་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་རྒྱན་དང་ཕྱག་མཚན་མི་མངའ་བ། ཕྱག་གཡས་སྡིགས་མཛུབ་ཐུགས་ཀ་དང་། གཡོན་བརླ་སྟེང་སྡིགས་མཛུབ་གྱེན་དུ་བསྟན་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུཾ་མཐིང་ནག་འོད་ཟེར་ཁ་དོག་ལྔ་འཕྲོ་བ། དེའི་ཕྱི་རོལ་དུ་ཨ་ཀྲོ་འབྲུ་བཅུ་བདུན་པའི་སྔགས་འཕྲེང་ཁ་དོག་སྔོན་པོ་ཀློག་ཐབས་སུ་བསྐོར། དེ་ལས་འོད་ཟེར་དཀར་པོ་དང་མཐིང་ཁ་འདྲེས་པ་ཉི་མའི་འོད་ཟེར་གྱིས་བར་ཐག་འཛིངས་པ་ལྟ་བུ་བཟོད་པར་དཀའ་བའི་གཟི་བརྗིད་ཅན་དཔག་ཏུ་མེད་པ་བུན་གྱིས་འཕྲོས་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་གསལ་ལམ་གྱི་གྱུར། འོད་ཟེར་མགལ་མེ་ལྟར་འཁོར་བས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་རྩ་སྦུར་མེས་བསྲེགས་པ་བཞིན་སངས་ཀྱིས་དག །འོད་ཟེར་ཐུགས་ཀ་ནས་ཕྱིར་འཕྲོས་པའི་སྣེ་ལ་མཆོད་པའི་ལྷ་མོ་ཉེར་སྤྱོད་ལྔ་སོགས་ཕྱིའི་མཆོད་པ་སྨན་རག་གཏོར་གསུམ་སོགས་ནང་གི་མཆོད་པ། སྦྱོར་སྒྲོལ་སོགས་གསང་བའི་མཆོད་པས་མཚོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་གནས་ལུགས་རང་ངོ་ཤེས་པ་མཆོད་བྱ་མཆོད་བྱེད་དང་བྲལ་བ། དེ་ཁོ་ན་ཉིད་ཀྱི་མཆོད་པས་རྩིས་ཟིན་པར་བྱས་ནས་མདུན་གྱི་འཛབ་ཁང་གི་ལྷ་ཚོགས་རྣམས་ལ་ཕུལ་བས་ཆགས་སྲེད་ཀྱི་རྟོག་པ་མི་མངའ་ཡང་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ་བདེ་སྟོང་གཉིས་མེད་ཀྱི་ངང་ནས་རོལ་ཞིང་ཚིམ། ཐུགས་དམ་གྱི་རྒྱུད་བསྐུལ་བའི་རྐྱེན་གྱིས་མཆོད་ཡུལ་ལས་སྐུ་གསུང་ཐུགས་ཡོན་(༧བ)


GLG023_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་འཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་འཇའ་ཚོན་ལྟ་བུའི་རྣམ་པར་ཚུར་འདུས་བདག་ལ་ཐིམ། ཡང་བདག་མདུན་གཉིས་ཀ་ནས་འོད་ཟེར་གོང་བཞིན་འཕྲོས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྩ་བརྒྱུད་ཀྱི་བླ་མ། སྒྲུབ་སྡེ་ཆེན་པོ་བརྒྱད་ལ་སོགས་པ་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས། དཔའ་བོ་དང་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་རྣམས་ལ་མཆོད་པ་སོགས་ཕུལ་ནས་བྱིན་རླབས་བདག་མདུན་གཉིས་ཀ་ལ་བསྡུ། ཡང་འོད་ཟེར་གོང་བཞིན་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དགྲ་བགེགས་ལོག་པར་འདྲེན་པ་རྣམས་ལཕོག་པས་བསམ་སྦྱོར་ངན་པའི་ནུས་པ་ཐམས་ཅད་དག་ནས་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་གོ་འཕང་ལ་བཀོད། དེ་དག་རྣམས་ཀྱི་ཚེ་དང་བསོད་ནམས་དབང་ཐང་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུ་ནས་བདག་མདུན་ལ་ཐིམ་པར་བསམས་ལ། ཨཱོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ། ཅེས་ཐུན་བཞིར་བཅད་ནས་བཟླ། དེའང་བསྙེན་ཚད་འབུམ་ཕྲག་གསུམ་དུ་གོང་མ་རྣམས་ཀྱིས་བཤད་པ་འཚུབ་ཆུང་བའི་ཆེད་ཡིན་པས། བསྙེན་པ་སྔར་བྱེད་མ་མྱོང་བའི་རིགས་ཨྱེ་རིང་ཁོ་ན་བྱེད་པའི་དབང་དུ་བཏང་བ་ཡིན་གྱི། སྐུ་གསུང་ཐུགས་སྔགས་ཀྱང་གཏོང་ན་འབུམ་གཅིག་ཙམ་གྱིས་ཀྱང་ཆོག་པས། དོན་དུ་གྲངས་ཇི་ཙམ་བྱེད་པ་དེ་ཞག་གྲངས་དུམ་བུ་ལྔར་བཅད་ནས། དུམ་བུ་དང་པོ་ལ་དམིགས་པ་འདི་ཁོ་ནར་ཆིག་དྲིལ་བྱས་པ་གནད་དུ་ཆེ་ཞིང་། ཐུན་རེ་རེ་བཞིན་དམིགས་པ་བཞི་ག་བྱེད་པ་ནི་ལུགས་གཅིག་ལ་ཡོད་པས་འགལ་བ་ནི་མེད་དོ། །དེའང་རྣམ་རྟོག་གིས་མི་འཆུན་པའི་རིགས་ལ་དག་ཞིང་གི་རྟེན་བརྟེན་པ་ཞིག་ལོགས་སུ་ཡོད་པ་ལྟར་(༨ན)


GLG023_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བཅོས་ནས་བདག་བསྐྱེད་ནས་མདུན་བསྐྱེད་ལ་འཕྲོས། དེ་ལས་ཀྱང་རང་བཞིན་གྱི་གནས་སུ་སྤྲོས་ཏེ་བདག་མདུན་གཉིས་ཀར་དངོས་གྲུབ་བསྡུ་བ་སོགས་མི་འཐད་པ་མ་ཡིན་པས་གོང་དུ་དེ་ལྟར་བཤད་མོད། གནས་ལུགས་རྫོགས་པ་ཆེན་པོའི་ཉམས་ལེན་དང་ལྡན་ཚེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་རྣམ་འཕྲུལ་ལས་མ་འདས་པས་འོག་མིན་སོགས་དག་ཞིང་དང་སངས་རྒྱས་སྲས་བཅས་རྣམས་འཛབ་ཁང་མདུན་གྱི་ལྷ་ཚོགས་ལས་ལོགས་སུ་མེད་པར་ཐག་ཆོད་པས་གོང་དུ་སྨོས་པའི་དམིགས་པའི་འཕྲོ་འདུ་རྣམས་འཛབ་ཁང་གི་ལྷ་ཚོགས་ཁོ་ནར་བགྱིས་པས་ཆོག་གོ །ཐུན་འཇོག་ཁར་འཛབ་བསྟོད་བཏང་རྗེས་འབྲུ་གསུམ་དོར་བའི་དབྱངས་གསལ་མཇུག་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་ཐམས་ཅད་འགྲུབ་པར་གྱུར་ཅིག་སྭཱཧཱ། ལན་གསུམ་མམ་བདུན་གང་རུང་དང་བརྟན་ཆེད་དུ་གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད། མཆོད་པ་ཁ་བསོས་ནས་མཆོད་བསྟོད་བསྡུས་པ་ཞིག་བྱ་ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་སྟྭཾ་ཧོཿ ཞེས་འཛབ་ཁང་གི་ལྷ་བདག་ཉིད་ལས་ལོགས་སུ་མེད་ཀྱང་ཆུ་ནང་གི་ཟླ་བ་ལྟར་སྣང་བ་ལ་མེ་ཏོག་འཐོར། ཧཱུཾ། ལྷུན་གྲུབ་རང་བཞིན་གནས་པའི་ཕོ་བྲང་ནས། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡི། །འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ། །མ་ལུས་མཉམ་པ་རྒྱལ་པོ་དགོངས་སུ་གསོལ། །འཇམ་དཔལ་སྐུ་གསུང་ཐུགས་ཡོན་བྱིན་རླབས་དང་། ཁྱད་པར་བརྟུལ་ཞུགས་དྲག་པོ་སྟོབས་ཀྱི་རྩལ། །མངོན་སྤྱོད་འགྲུབ་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་རྣལ་འབྱོར་བདག་ལ་སྩལ་དུ་གསོལ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་(༨བ)


GLG023_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་སིདྡྷི་ཧཱུཾ་ཛཿ ཞེས་བདུན་ནམ་ཉེར་གཅིག་གང་རུང་བརྗོད་པས། ལྷ་ཚོགས་རྣམས་ཀྱི་གནས་ལྔའི་ཡིག་འབྲུ་ལས་འོད་དང་བདུད་རྩིའི་རྒྱུན་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པར་བྱུང་ནས་བདག་གི་སྤྱི་མགྲིན་སྙིང་ག་སྟེ་གསང་གི་གནས་རྣམས་སུ་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཧཱུཾ་ཛཿ ཞེས་བརྗོད་པས། འཛབ་ཁང་ཚུར་བསྡུས་ནས་ཐ་མི་དད་པར་བསམ། དེ་ནས་བསྒོམ་བྱ་སྒོམ་བྱེད་ཐམས་ཅད་མེད་བཞིན་དུ་སྣང་བ་སེམས། སེམས་སྟོང་པ་སྣང་སྟོང་དབྱེར་མེད། དབྱེར་མེད་བརྗོད་བྲལ་ཀ་དག་སྤྲོས་བྲལ་གྱི་ངང་དུ་ཅུང་ཟད་གློད། དེའི་ངང་ནས་ཆུ་ལས་ཉ་ལྡང་བ་ལྟར་ལམ་གྱིས་གསལ་བཏབ་སྟེ་སྐུའི་སྔགས་བཟླས་ནས་ལུས་བསྲུང་། བསྔོ་སྨོན་ཅི་རིགས་བྱ། བར་ཆད་ཀྱི་མཚན་ལྟས་ཆེ་ན། གཙུག་ཏོར་འཁོར་ལོས་སྒྱུར་བའི་སྲུང་འཁོར་རམ་བྱང་གཏེར་གྱི་སྲུང་འཁོར་དྲུག་གང་བདེ་བྱ། གུང་ཐུན་ལ་འབྱུང་བ་ཆ་སྙོམས་པའི་ཆེད་དུ་ཉལ་བའི་ཚེ། གཞན་ཡང་རྩ་བའི་ལྷ་དྲུག་རྒྱན་ལྷ་བརྒྱད་ཅེས་སོགས་ཀྱིས་འོད་གསལ་དུ་བསྡུས་ཏེ་དམིགས་མེད་ཀྱི་ངང་ནས་སྔགས་བཟླས་པས་གཉིད་ལོག་པའི་རིང་གི་དབུགས་འབྱུང་འཇུག་ཐམས་ཅད་བཟླས་པར་འགྲོ། ཐོར་ཐུན་གྱི་ཚེ་འོད་གསལ་གྱི་ངང་ནས་རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ལངས་ཏེ་ལས་བྱང་རྒྱས་བསྡུས་གང་རུང་གྱེར་ནས་ཉམས་ལེན་བྱེད་ལུགས་སྲོད་ཐུན་ཇི་ལྟ་བ་ལ། འཕྲེང་བ་བྱིན་རླབས་པར་བཀའ་མ་བྱས་པས་ཆོག་ཀྱང་འབྲུ་གསུམ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རུ་ཙི་པྲ་མརྟ་རྣམས་བདུན་ནམ་ཉེར་གཅིག་བཟླ། དབྱངས་གསལ་ཞབས་བཏགས་མ་སྲུང་འཁོར་བསྡུ་ཆོག་གསུམ་དོར། དགོངས་ཐུན་གྱི་མཇུག་ལས་གཤིན་གཏེར་སྲུང་བམ་བསྐང་གི་གསོལ་ག་(༩ན)


GLG023_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཏོན་དགེ་སྦྱོར་གཞན་ཡོད་ན་བྱ། ཚན་པ་ལྔར་བཅད་པའི། གཉིས་པ་དང་གསུམ་པའི་ཞག་གྲངས་ལ་བདག་བྱིན་རླབས་ཀྱི་དམིགས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འཁྲོས་པའི་འོད་ཟེར་གྱིས་ནད་གདོན་སྡིག་སྒྲིབ་སྦྱོར་ལུགས་སྔར་ལྟར་ལ། ཐུགས་ཀ་ནས་ཕྱི་རོལ་ཏུ་འཕྲོ་བའི་ཚེ་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་ཐོན་འཛབ་ཁང་གི་ལྷ་ཚོགས་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས་དེ་དག་གི་ཐུགས་ཀ་ནས་ཀྱང་འོད་ཟེར་དེ་འདྲ་དཔག་ཏུ་མེད་པ་ཕྱིར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་སྐུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པ་ཆེ་བ་རི་རབ་ཆུང་བ་ཡུངས་འབྲུ་ཙམ་པ་ཁ་བ་བུ་ཡུག་འཚུབས་པ་ལྟར་བྱོན་ནས་བདག་མདུན་གཉིས་ཀ་ལ་སིབ་ཀྱི་ཐིམ་པས་སྐུ་སྔར་བས་ཀྱང་གཟི་བརྗིད་ཆེ་བ་ཉི་མ་འབུམ་གྱི་འོད་ལྟར་རྒྱས་ཤིང་སྐུའི་དངོས་གྲུབ་མ་ལུས་པ་ཐོབ། གསུང་གི་བྱིན་རླབས་ཐམས་ཅད་ཨ་ཀྲོ་འབྲུ་བཅུ་བདུན་པ། ཨྱེ་རིང་སྐུ་གསུང་ཐུགས་སྔགས། ཨཱ་ལི་ཀཱ་ལི་སོགས་རང་སྒྲ་སྒྲོག་པ་དཔག་ཏུ་མེད་པ་བྱུང་བ་རང་གི་མགྲིན་པར་ཐིམ་པས་ངག་སྔགས་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་བས་ཀྱང་ཆེ་བ་གྲག་སྟོང་སྐྱེ་བ་མེད་པའི་སྒྲ་དབྱངས་སྒྲོག་པ་ཡན་ལག་དྲུག་ཅུ་སོགས་གསུང་གི་དངོས་གྲུབ་མ་ལུས་པ་ཐོབ། ཐུགས་ཀྱི་བྱིན་རླབས་རྣམས་རྡོ་རྗེ། འཁོར་ལོ། རལ་གྲི །བེ་ཅོན། གཏུན་ཤིང་སོགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བྱུང་བ་འོད་ཟེར་སྔོན་པོའི་རྣམ་པར་ལྟེམ་གྱི་ཞུ་ནས། རང་གི་སྙིང་ཁར་ཐིམ་པས་སེམས་གསལ་སྟོང་འཛིན་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་ཏེ། ཐུགས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། ཡང་(༩བ)


GLG023_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཕྱིར་འཕྲོས་སྣོད་བཅུད་ཀྱི་མ་དག་པ་རྣམས་སྦྱངས། སྣོད་གཞལ་ཡས་ཁང་དང་བཅུད་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་སུ་གྱུར་པ། ཚུར་འདུས་བདག་མདུན་གཉིས་ཀ་ལ་ཐིམ་པར་བསམ། ལྔ་ཚན་བཞི་པའི་ཞག་གྲངས་ཀྱི་རིང་སྒྲུབ་པ་ཆེན་པོའམ་དོ་ལིའི་བཟླས་པ་ནི། སྙིང་གའི་སྔགས་འཁོར་འགོད་ལུགས་གོང་ལྟར་ལ། འོད་ཟེར་འཇའ་འོད་ལ་མཐིང་ཁ་ཤས་ཆེ་བ་ཡེ་ཤེས་སེམས་དཔའི་ཞལ་ལམ་ཤངས་བུག་གཡས་ནས་ཐོན། རང་གི་ལྕེ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེ་འབྲུ་ལ་ཧྲཱིཿདམར་པོའི་མཐའ་སྐོར་དུ་ཨ་ཀྲོ་བཅུ་བདུན་པ་དམར་པོའི་སྔགས་འཕྲེང་གིས་བསྐོར་བ་ལ་ཕོག །འོད་ཟེར་དམར་ཤས་ཆེ་བ་ཞལ་ནས་ཐོན་ཤངས་བུག་གཡོན་དུ་ཞུགས། ཀླད་པ་དུང་ཁང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱོཾ་དཀར་པོའི་མཐར་ཨ་ཀྲོ་བཅུ་བདུན་པ་དཀར་པོའི་སྔགས་འཕྲེང་གིས་བསྐོར་བ་ལ་ཕོག །སླར་འོད་ཟེར་དཀར་ཤས་ཆེ་བ་ཤངས་བུག་གཡས་ནས་ཐོན། ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དུ་ཞུགས། ཐུགས་ཀའི་སྔགས་འཕྲེང་ལ་ཐིམ་པ་མགལ་མེའི་འཁོར་ལོ་ལྟ་བུར་ནན་ཏན་དུ་བྱ། ཡང་ཡེ་ཤེས་སེམས་དཔའི་ཤངས་བུག་གཡས་ནས་འོད་ཟེར་ཐུར་དུ་འཕྲོས། རྡོ་རྗེའི་ལམ་ནས་ཐོན་པ་འཛབ་ཁང་གི་གཙོ་བོའི་གསང་གནས་བརྒྱུད། ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་དུ་ཞུགས། ཐུགས་རྒྱུད་བསྐུལ་ཏེ་གཡས་ནས་ཐོན། ལྗགས་དང་དུང་ཁང་གི་འགྲོ་ལུགས་སྔར་ལྟར་ལ། ཤངས་བུག་གཡས་ནས་ཐོན་པ་བདག་བསྐྱེད་ཀྱི་ཤངས་བུག་གཡོན་དུ་ཞུགས། རིམ་གྱིས་ཀླད་ཁང་ལྗགས་སྟེང་བརྒྱུད་(༡༠ན)


GLG023_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་སེམས་དཔའི་ཤངས་བུག་གཡོན་ནས་འཇུག་པ་སོགས་བདག་མདུན་གཉིས་ལ་མགལ་མེའི་འཁོར་ལོ་ལྟར་བསྐོར་བས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས། དེ་ནས་འོད་ཟེར་ཕྱིར་འཕྲོས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་སུ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་འོད་ཟེར་ཚུར་འདུས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཡང་འོད་ཟེར་ཕྱིར་འཕྲོས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། མཐུ་དཔལ་གཟི་མདངས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་པས། བདག་ཉིད་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་གཟི་བརྗིད་དང་ལྡན་པར་གྱུར། ཡང་འོད་ཟེར་ཕྱིར་འཕྲོས། ཡུལ་གནོད་བྱེད་ཀྱི་དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བསྲེགས་པ་ལྟར་བཅོམས། འོད་ཟེར་ཚུར་འདུས་དེ་དག་གི་ཚེ་དང་བསོད་ནམས་ཀྱང་བདག་ལ་ཐིམ་ཞིང་། བ་སྤུའི་བུ་ག་ཐམས་ཅད་དུ་ཉི་མའི་གདན་ལ་བཞུགས་པའི་ཁྲོ་ཆུང་ཕྱག་ན་མེ་རླུང་གི་འཁོར་ལོ་བསྣམས་པས་གཏམས་ཏ་བར་གཅོད་བསྲུང་བར་བསྒོམ་ཞིང་ལས་དང་པོ་པས་དེ་དག་ལ་ཁྲིགས་སུ་བྱས་པའམ་བརྟན་པ་ཅུང་ཟད་ཐོབ་པས་འཕྲོ་འདུ་རྣམས་ཅིག་ཅར་དུ་བྱ་བ་ཡིན་ནོ། །ལྔ་ཚན་ལྔ་པའི་ཞག་གྲངས་ཀྱི་རིང་ཡས་བཞིའི་དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཛབ་ཁང་གི་ལྷའི་ཐུགས་རྒྱུད་བསྐུལ། བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ལ་ཤར་བ་ལྟ་བུ་འཕྲོས་པ་རང་གི་ལུས་ལ་ཞུགས། སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ། ནད་ཐམས་ཅད་སྣག་(༡༠བ)


GLG023_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལྗན་ལྗིན་གྱི་རྣམ་པ། གདོན་ཐམས་ཅད་སྲོག་ཆགས་ཀྱི་རྣམ་པ་རྣམས་ཡེ་ཤེས་ཀྱི་མེས་གཞོབ་ཐུལ་གྱིས་བསྲེགས། མུན་ཁུང་དུ་ཉི་ཟེར་ཤར་བ་ལྟར་གྱུར། ནད་གདོན་ཁོལ་བུ་ལ་དེ་གའི་ཐད་དུ་ཁོལ་ཆགས་ལྟ་བུའི་བུག་པ་ནས་དུ་བའམ་རླངས་པ་ལྟ་བུ་བུན་བུན་ཐོན་པར་བསམ། གཞན་དོན་དུ་བྱེད་ན་བདག་གཞན་ཁ་སྤོ། རྒྱས་པ་ལ་བདག་མདུན་གཉིས་ཀ་ནས་འོད་ཟེར་སེར་པོ་ཕྱི་རོལ་ཏུ་འཕྲོས། བླ་ཚེ་སྲོག་གསུམ་བརྐུས་ཕྲོགས་ཡར་བ་ཡི་གེ་ཪྣྲི་དང་འོད་དང་བདུད་རྩིའི་རྣམ་པ། ས་ཆུ་མེ་རླུང་གི་བཅུད་རྣམས་བདུད་རྩི་སེར་དཀར་དམར་ལྗང་གི་རྣམ་པ། འཇིག་རྟེན་གྱི་གཙོ་བོ་གསུམ། བརྒྱ་བྱིན་སོགས་ལྷ། གནོད་སྦྱིན། དྲི་ཟ། གྲུལ་བུམ། ཀླུ་ལ་སོགས་པ་མི་མ་ཡིན་མཐུ་བོ་ཆེ། འཁོར་ལོས་སྒྱུར་བའི་རྒྱལ་པོ། ཁམས་ཀྱི་རྒྱལ་ཕྲན། ཁྱིམ་བདག་བཙན་ཕྱུག་སོགས་ཀྱི་ཚེ་དང་བསོད་ནམས་མཁས་པ་པཎྜི་ཏ་རྣམས་ཀྱི་མཁྱེན་པ། གྲུབ་ཐོབ་ཀུ་སཱ་ལི་རྣམས་ཀྱི་རྟོགས་པ། བླ་མ་ཡི་དམ་སངས་རྒྱས། བྱང་སེམས་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་དང་འོད་ཟེར་སོགས་བཀྲ་ཤིས་རྟགས་རྫས་ལྟ་བུ་གཟུགས་ཅན་གྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་བསམ། དབང་ལ་བདག་མདུན་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་གྱི་མི་ནོར་ཟས་གསུམ་ཐམས་ཅད་དབང་དུ་བསྡུས་ནས་ཆར་བཞིན་བབས་པར་བསམ། སྒོས་ཀྱི་དམིགས་བསལ་ཡོད་ཚེ། སྐྱེས་པ་བུད་མེད་ལྟ་བུ་ལ་མཚོན་ན། གང་ཡིན་དེ་གའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། རྐང་ཞབས་ནས་རླུང་གིས་བཏེག་ནས་སྦུར་(༡༡ན)


GLG023_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མ་རླུང་གིས་ཁྱེར་བ་བཞིན་བཀུག་སྟེ། རང་གི་རྐང་པ་ལ་ཁོའི་མགོ་བོ་བཏུད་པར་བསམ། དྲག་པོའི་དམིགས་པ་ནི། བདག་མདུན་གཉིས་ལས་འོད་ཟེར་ནག་པོ་ཚ་ཞིང་རྩུབ་པ་གྲངས་མེད་པའི་སྣེ་མོར་ལྕགས་ཀྱུ། ཕུར་པ། རལ་གྲི། དགྲ་སྟ། འཁོར་ལོ་སོགས་མཚོན་ཆའི་རྣམ་པ་དཔག་ཏུ་མེད་པ་ཡོད་པ་སྤྲོས། བསྟན་དང་རང་གཞན་སྐྱབས་ཡུལ་དང་བཅས་པ་ལ་གནོད་པའི་དགྲ་བགེགས་བར་གཅོད་ཐམས་ཅད་ལྕགས་ཀྱུས་རང་དབང་མེད་པར་བཀུག །མཚོན་ཆ་སྣ་ཚོགས་ཀྱིས་བཏུབས། ཡེ་ཤེས་ཀྱི་མེས་བསྲེགས་ཏེ་ཐལ་བའི་རྡུལ་ཕྲན་ཙམ་དུ་བརླག་པར་བསམ་མོ། །གཉིས་པ་ཕྱི་སྐོར་སྐུའི་དྲག་སྔགས་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾ་ཡིག་གི་མཐར་འབྲུ་བཅུ་གཉིས་པ་ཁ་དོག་མཐིང་ཁས་བསྐོར་བ་ལས། འོད་ཟེར་འཕྲོ་འདུ་ཐམས་ཅད་དངོས་གཞི་འབྲུ་བཅུ་བདུན་པའི་སྐབས་དང་འདྲ་བ་ལ། ཐུགས་ཀ་ཙམ་དུ་མ་ཟད་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོ་བ་དམིགས་བསལ་ཡིན་ཅིང་། བསྙེན་པ།བདག་བྱིན་བརླབ། དོ་ལི།ལས་བཞི་བཞི་ག་ཁ་བསྒྱུར་དགོས། དེའང་སྔགས་ཀུན་གྱི་ཐོག་མར་སྐུའི་སྔགས་བཟླ་བར་སུངས་ཏེ། སྔགས་དོན་གསལ་སྒྲོན་དུ། དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་དག་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་སྟེ་གསང་ཆེན་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ་ཀུན་གྱི་འགོ་ལ་བགྲང་བར་བྱའོ། །ཞེས་གསུངས། གྲངས་ནི་འབྲུ་འབུམ་ཙམ་སྐབས་སུ་བབ་བོ། །གསུམ་པ་ནང་སྐོར་གསུང་གི་དྲག་སྔགས་ནི། གཞན་ཐམས་ཅད་སྐུའི་བསྙེན་པ་ཇི་ལྟ་བ་ལ། བ་སྤུའི་བུ་གའི་ཚབ་ཏུ་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེའི་ཚ་ཚ་འཕྲོ་བ་དམིགས་བསལ་ལོ། །བཞི་པ་(༡༡བ)


GLG023_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྐོར་ཐུགས་ཀྱི་དྲག་སྔགས་ནི། གཞན་ཐམས་ཅད་འདྲ་བ་ལ། ལྗགས་ནས་འཕྲོ་བའི་ཚབ་ལ། ཐུགས་ཀའི་སྔགས་འཁོར་དེ་མགལ་མེ་ལྟ་བུར་འཁོར་བ། ཁྱད་ཆོས་ཡིན་ཅིང་། གྲངས་ནི་འབྲུ་འབུམ་ཙམ་གསུང་ཡང་གསུང་ཐུགས་ལ་བྱེ་བ་རེ་ལགས་ཤིང་། ལས་རུང་ཙམ་ལ་སྐོར་བཞི་ག་འབུམ་ཙམ་གྱིས་ཆོག་གོ །དེ་དག་ཀྱང་བསྙེན་པ་ལྟར་བཟླས་པ་ཡིན་གྱི། རང་རང་གི་སྤུ་གྲིའི་སྒོ་ནས་ལས་ཕན་གནོད་བསྒྲུབ་པ་ནི་མན་ངག་ལྟར་ཤེས་པར་བྱའོ། །དམར་ཡིག་ཏུ། སྐུ་ཡི་སྔགས་སྦྱོར་བརྣག་པ་དང་། །དམར་ལེན་སྙིང་ཕྱུང་འབྲུ་བརྒྱད་གསུངས། །དྲག་སྔགས་སྦྱོར་བའི་རྒྱལ་པོར་བཤད། །ཅེས་དང་། ཨེ་དུན་ཀ་ཡཾ། གསང་སྐོར་ཐུགས་ཀྱི་དྲག་སྔགས་ཏེ། །སྤུ་གྲི་རྣམ་གསུམ་མ་ངེས་གྱུར། །ཞེས་དང་། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི། །མ་འགགས་རང་སྣང་རོལ་པའི་རྩལ། །ཆོས་ཀུན་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་ཡིན་པར་བཤད། །ཅེས་གསུངས་སོ། །ལྔ་པ་ཡང་གསང་རྒོད་ཀྱི་དྲག་སྔགས་བཟླས་ཐབས་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། འཇམ་དཔལ་ལྷ་རྒྱུད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་རྫོགས་པའི་དྲག་སྔགས། དྲག་པོ་ཨྱེ་རིང་གི་སྔགས་ཏེ། འདི་ལ་བསྙེན་པར་བཟླས་པ་དང་། དྲག་པོར་བཟླས་པ་གཉིས། དང་པོ་ཞི་བར་བསྙེན་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཧཱུཾ་གི་མཐར་ཐུགས་ཀྱི་སྔགས་དང་། དེའི་ཕྱི་སྐོར་དུ་ཨྱེ་རིང་མཐིང་ཁ། ལྗགས་ཀྱི་ཧྲཱིཿམཐར་གསུང་སྔགས་དང་ཨྱེ་རིང་དམར་པོ། དུང་ཁང་གི་ཨཱོཾ་གྱི་མཐར་སྐུ་སྔགས་དང་ཨྱེ་རིང་དཀར་པོས་བསྐོར་བ་ཙམ་མ་གཏོགས་བསྙེན་སྒྲུབ། སྒྲུབ་ཆེན་(༡༢ན)


GLG023_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་ཐམས་ཅད་ལ་ཨ་ཀྲོ་སྤྱི་བསྙེན་ཁ་བསྒྱུར་བའོ། །བྷ་སུ་དྷ་རའི་རྒྱུད་ཀྱི་སྤྱི་སྤྱོད་ལས། ཕྱི་སྐོར་སྐུ་ཡི་དྲག་སྔགས་དང་། །ནང་སྐོར་གསུང་གི་དྲག་སྔགས་དང་། །གསང་སྐོར་ཐུགས་ཀྱི་དྲག་སྔགས་དང་། ཡང་གསང་རྒོད་ཀྱི་དྲག་སྔགས་སོ། །དེ་ལ་ཕྱི་སྐོར་སྐུ་ཡི་དྲག་སྔགས་ནི། རྩ་བའི་ཡི་གེ་བཅུ་གཉིས་པ་ལ། ལས་ཕན་གནོད་དང་བཅས་པའོ། །ནང་སྐོར་གསུང་གི་དྲག་སྔགས་ནི། རྩ་བ་འབྲུ་བརྒྱད་པ་ལས་དང་བཅས་པའོ། །གསང་སྐོར་ཐུགས་ཀྱི་དྲག་སྔགས་ནི། རྩ་བའི་འབྲུ་བཞི་པ་ལས་དང་བཅས་པའོ། །ཡང་གསང་རྒོད་ནི་དྲག་པོ་སྔགས་རིང་ལས་དང་བཅས་པའོ། །ཞེས་གསུངས་པའི། རྩ་བ་ལུས་ཀྱི་དྲག་སྔགས་ལ། །ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡང་། །འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ། །ཞེས་དང་། དེ་ནི་ལུས་ཀྱི་ཚུལ་ཡིན་ཏེ། །བསྙེན་པ་དང་ནི་ཉེ་བར་བསྙེན། །ཞེས་འབུམ་ཕྲག་གཅིག་ཏུ་བཟླ་བར་གསུངས་པ་འབྲས་དུས་ལ་དགོངས་ཀྱི། དེང་སང་འབུམ་ཕྲག་གསུམ་དུ་བཟླ་བ་གོང་མ་རྣམས་ཀྱི་ཕྱག་ལེན་ནོ། །གཉིས་པ་ནི། དྲག་པོར་བཟླ་བ་ལ་ལྷར་གསལ་བ། ཡུལ་གསལ་བ། སྔགས་གསལ་བའོ། །དང་པོ་ནི། བདག་མདུན་རྒྱན་གྱི་ལྷ་བརྒྱད་གསལ་ཐེབས་པ་གལ་ཆེ་འོན་ཀྱང་ཐུགས་ཀར་སྔགས་འཁོར་ནི་མི་དགོས། གཉིས་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་དང་བཅས་པ་གསལ་བར་བྱས་ལ། བདག་མདུན་གཉིས་ཀྱི་གཙོ་བོའི་ཐུགས་རིན་པོ་ཆེ་མཆོང་སྨུག་པོ་ལྟ་བུའི། ཙིཏྟའི་ནང་དུ་ཉི་མའི་གདན་ལ་ཧཱུཾ་མཐིང་ཁ། ཉི་གདན་ལ་བཞུགས། ཡ་མ་རཱ་གཙོ་བོའི་ཐུགས་ལ་རྒྱབ་བསྙེས་བྱས་པ་ལྟ་བུ། ཛའི་ཐུགས་ཀར་ཉི་གདན། ཡ་སྨུག་ནག །ཟླ་གདན། ཕྱག་རྡོར་གྱི་(༡༢བ)


GLG023_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡ་མའི་ཐུགས་ལ་རྒྱབ་བསྙེས། ཀར་ཧཱུཾ་ཉི་གདན། སྔོན་པོ། རུས་སྦལ་པད་གདན་གྱི་སྟེང་དུ་ཁ་ཐུར་དུ་བལྟ། གྱི་ཐུགས་ཀར་འཁོར་འདས་ཀྱི་སྲོག་གི་དངས་མ་རྒྱ་གར་གྱི་ཡི་གེའི་དབྱིབས་ཅན་འདི་ལྟ་བུ་(འདིར་ལཱཉྪ་ཞིག་འདུག་ཀྱང་འབྲི་ཐབས་མ་རྙེད།) བྱ་ཁྱུང་གི་ཐུགས་ཉི་གདན། ཀར་དཀར་པོ། ཁྲོམ། ཡུམ་གྱི་ཐུགས་ཉི་གདན། ཀར་མཐིང་། མ། སོ་སོའི་ས་བོན་གྱི་མཐར་ཨྱེ་རིང་གི་སྔགས་ཕྲེང་གཞན་རྣམས་མཐིང་ནག །ཡ་མ་རཱ་ཛ་སྨུག་པོ་བྱ་ཁྱུང་དཀར་པོ་དགོས་རིགས་ཡིན་འདུག །རཀྴ་མོནྟ་ཡན་རྫོགས་མཚམས་སུ་གནོད་དཔེར་ན་རྒྱལ་འགོང་ལྟ་བུ་ལ་བྱེད་ན་གོང་གི་དགྲ་བགེགས་ཀྱི་ཚབ་ལ་གནོད་བྱེད་རྒྱལ་འགོང་ལྟ་བུ་འདུག །བྱེད་དགྲ་བགེགས་ཐམས་ཅད་མྱགས་ཐུམ་རིལ་ཏྲིག་ནན། སྦུར་ཡ་ནན། ཨེ་རྒྱལ་པོ་ལ་ཨེ་དང་ཙ་རྗེས། འདི་སྲོག་ཡིག་ལྷ་འདྲེ་དམིགས་བསལ་ཡོད་ན་སྒྱུར་བྱེད་ཀྱི་ཡི་གེ་ཡིན། འཕྲོག་པའི་སྲོག་བསྟིམ་ས་འདི་མིན། ལཱཉྪའི་ཀེ་ཀཱ་ཡིན་ནོ། །ཧུར་ཐུམས་ཛཿ ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡ། ཞེས་བཏགས་པས་བསྐོར་བ་བསྒོམ། གཉིས་པ་ཡུལ་གསལ་བ་ནི། མདུན་དུ་ཏིང་ངེ་འཛིན་གྱི་སྤྲུལ་པའི་ཨེ་ལས་གནམ་ལྕགས་ཀྱི་འབྲུབ་ཁུང་གྲུ་གསུམ། བང་རིམ་སུམ་ལྡན་ཕྱི་ནག ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་འཁོལ་ཞིང་ཞེ་སྡང་གི་མེ་འབར་བ། ཕྱི་ནས་གཏི་མུག་གི་མུན་པ་འཐིབས་པ། ཁ་དོག་མཐིལ་ཡངས་ཟིན་ནས་ཐར་པ་མེད་པའི་ནང་དུ་ཪྣྲི་ལས་དགྲ་དང་ཏྲི་ལས་བགེགས་གང་ཡིན་པ་མདོག་ནག་ཅིང་བཾ་པ། ཉམ་ཐག་ཅིང་མྱ་ངན་གྱི་འདུག་སྟངས་ཅན་ཡན་ལག་སྦྲུལ་དང་ལྕགས་སྒྲོག་གིས་བསྡམས་པ་འཆོར་བ་མེད་པར་བསམ། ཡང་ཏིང་ངེ་འཛིན་གྱིས་སྦྲུལ་ཕོ་ཉ་གྲངས་མེད་པ་སྤྲོས། དམིགས་བྱ་ཐམས་ཅད་བཙོན་ཁྲིད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་ལ་བསྟིམ་མོ། །གསུམ་པ་སྔགས་གསལ་བ་ནི། དམར་ཡིག་ཏུ། ཨ་མུ་ཀཾ །འབྲུ་གསུམ་སྲོག་གཤེད་(༡༣ན)


GLG023_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསྡེབས་པ་ཡིན། མྱགས། གཅིག་གིས་སྲོག་དང་སྙིང་པོ་གཞོམ། ཐུམ་རིལ། གཉིས་ཀྱིས་རྦོད་གཏོང་རང་ལ་བཟློག །ཏྲིག་ནན་སྦུར་ཡ་ནན། ལྔ་ཡིས་སྟོབས་དང་ནུས་པ་གནོན། ཨེ་གཅིག་གིས་སྟོང་སྲོག་གནོད་ཡིག་འགྱུར། ཧུར་ཐུམས་ཛཿ གསུམ་གྱིས་སྲོག་གི་འབྲས་བུ་སྡུད། ཁཾ་ཤག་འབྲུ་གཉིས་རྩ་དང་དངས་མ་འབྲལ། རོ་མྱགས། གཉིས་ཀྱིས་སྟོབས་དང་ནུས་པ་གནོན། མུགས་ཏི་རྦད། གསུམ་གྱིས་ལུས་སྲོག་སྦྱོར་བ་གཅོད། ཅེས་པ་ལྟར་ཐུགས་ཀའི་སྔགས་འཕྲེང་རྣམས་ལས་འོད་ཟེར་བྱུང་བ་ཞལ་ནས་འཕྲོས་ཏེ། འོད་ཟེར་གནམ་ལྕགས་ཀྱི་སོ་དང་སྤུ་གྲིའི་སོ་ལ་སོགས་པ་མཚོན་ཆ་སྣ་ཚོགས་མེའི་ཚ་ཚ་འཕྲོ་བ་དཔག་ཏུ་མེད་པ་བུན་བུན་བྱུང་བ། མདུན་གྱི་དགྲ་བགེགས་ཀྱི་ལུས་ལ་ཕོག་པས་ཉལ་ཉལ་ཐོར་ཐོར་བཏང་ནས་སྔགས་བཟླ་བཞིན་པའི་ཨེ་ཧུར་ཐུམས་ཛའི་སྐབས་དགྲ་བགེགས་ཀྱི་སྲོག་གི་ངོ་བོ་ཪྣྲི་དང་ཏྲི་ལ་སོགས་པ་གང་ཡིན་པ་དེ་རང་དབང་མེད་པར་བསྡུས་ཏེ། རུས་སྦལ་གྱི་ཐུགས་ཀའི་ལཱཉྪའི་ཨེ་ཀཱ་ལ་ཐིམ་པར་བསམས་ནས་ཟླ་བ་བདུན་ནམ་གཅིག་གམ་གསུམ་མམ་ཐ་མའང་ཞག་གསུམ་ཙམ་བཟླ། ཞི་བར་བསྙེན་པ་ཐེངས་ནས་རྒྱུན་འཛབ་སོགས་ཐམས་ཅད་ལ་སྤྱང་མོ་བཏགས་པ་འདི་ག་ལེགས་ཞེས་གོང་མ་རྣམས་ཀྱི་གསུང་རྒྱུན་རིགས་འཛིན་ངག་གི་དབང་པོས་ཡང་ཡང་བཀའ་སྩལ་བ་ཐོས་ཞེས་ཁོ་བོའི་བླ་མ་ཟུར་ཐམས་ཅད་མཁྱེན་པ་ལན་ཅིག་མ་ཡིན་པར་གསུང་། བྱེ་བྲག་ཏུ་ཕ་རོལ་གྱི་སྟོབས་གཞོམ་པ་ལ་སོགས་པའི་ཆེད་དུ་སྲོད་དང་ཐོ་རེངས་བརྒྱ་རྩ་རེ་བཟླ་བར་བྱའོ། །རྩ་བར། སྲོད་དང་ཐོ་རེངས་བརྒྱ་བརྒྱ་ཡིས། །ཕས་ཀྱི་སྟོབས་དང་སྦྱོར་བ་འཇོམས། །ཞེས་དང་། བལ་པོ་བྷ་སུ་དྷ་རས། དྲག་པོ་(༡༣བ)


GLG023_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཨྱེ་རིང་སྔགས་རྒོད་འདི། །རྟག་པར་རྒྱུན་དུ་བཟླས་གྱུར་ན། འཇིག་རྟེན་ལྷ་འདྲེ་ཁམས་འཁྲུག་ཅིང་། །ལྷ་སྲིན་ཙིཏྟ་དཀྲུག་པར་འགྱུར། །ཞེས་གསུངས་སོ། །གཞན་ཡང་སྦྱང་མོ་དྲུག་པོ་དང་། གང་གནོད་པའི་སྒོས་སྲོག་དམིགས་སུ་ཤར་བ་ལ་སོགས་པ་མན་ངག་ལྟར་བྱའོ། །རྩ་བར་དྲག་པོ་ཨྱེ་རིང་སྔགས་རྒོད་ལ། །འབྱུང་བ་ལྔ་ཡིས་འགོ་འདྲེན་བསྒྱུར། །དྲག་པོ་ཨེ་ཡི་རྩ་བ་ལ། །བཙན་པོ་མཁར་དུ་གཞུག་པ་དང་། །སྤྱི་སྲོག་དབང་དུ་སྡུད་པ་དང་། །སྟོང་སྲོག་གནད་ལ་བོར་བ་དང་། །སྒོས་སྲོག་དམིགས་སུ་ཤོར་བའི་ལས། །མཁས་པས་བསྡེབ་པ་ཤེས་པར་བྱ། །འདི་སྐོར་གྱི་ཞིབ་ཆ་ནི་པད་ལུགས་སྔགས་ཀྱི་འཁྲུལ་འཁོར་སྡིག་པ་སྙིང་འཛིངས་དྲག་པོའི་འབྲུ་འགྲེལ་སོགས་ལས་ཤེས་པར་བྱ། བཤད་མ་ཐག་པའི་བསྙེན་ལུགས་རྣམས་འཛབ་ཁང་དབྱེ་བའི་དབང་དུ་བྱས་ཀྱི། སྨན་རཀ་གཏོར་གསུམ་ཙམ་ལ་བརྟེན་ན། མདུན་བསྐྱེད་ཀྱི་དམིགས་པ་རྣམས་དོར་བས་འགྲུབ་བོ། །རྩ་བའི་ས་བཅད་གཉིས་པ་སྒྲུབ་པ་ནི། མདོར་བསྡུས་པ་གོང་གི་དྲག་པོར་བཟླ་བས་གོ་ཆོད་མོད། རྒྱས་པར་སྤྲོ་ན་མཆོད་རྟེན་བཅས་ཆོག །དེ་ཙམ་མ་འགྲུབ་ན་ཐོད་པ་ཞལ་དབྱེ་མཆོག་ཕག་ལིངྒ་ཙམ་ལ་བརྟེན་པ་སོགས་རྣམ་གྲངས་མང་ཡང་། འདིར་སྙིང་པོ་བསྡུས་པར་སྤྲོས་པ་ཆེ་ན་མན་ངག་སྒྲོན་མ་དྲུག་པ་སོགས་ལས་འབྱུང་བ་ལྟར་སྟེགས་བུ་འབྲུབ་ཁུང་བཅའ་བའམ། མ་འགྲུབ་ན། ཤིང་ལྕགས་ཀྱི་ཧོམ་ཁུང་ངམ། ལྕགས་སླང་ལྟ་བུར་འཁོར་ལོ་གསང་བའི་པྲ་ཁྲིད་ལས། བདག་འདྲ་བན་ཆུང་སངས་རྒྱས་ཡེ་ཤེས་ལ། །རྒྱ་གར་མཁས་པ་གཙུག་ལག་དཔལ་དགེ་ཡིས། །འཁོར་ལོའི་གདམས་པ་པྲ་ཁྲིད་གསང་བ་འདི། །(༡༤ན)


GLG023_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ཡུལ་ཡམ་བུའི་དགོན་པར་གནང་བ་ཡིན། །འཛམ་གླིང་བོད་ཡུལ་ཙམ་ནས་མི་རྙེད་དེ། །ལྔ་བརྒྱ་དུས་ཀྱི་གང་ཟག་སྐལ་པ་ཅན། །སྲིད་པའི་འཁོར་ལོ་བཅས་པས་འགྲུབ་བ་ནི། །སྟེང་འོག་འཁོར་ལོ་གཉིས་པོ་བསྐོ་མི་དགོས། །སྲིད་པ་རུས་སྦལ་ལྟོ་ན་དངས་སྙིགས་འཁོར་ལོ་གནས། །ཞེས་སོགས་བྱུང་བ་ལྟར། སྟོང་སྲོག་འཁོར་ལོ་ཕྱག་ལེན་ལྟར་བྲིས་པ་བཅུག །འཛབ་བསྟོད་ཡན་སོང་ནས། གསེར་སྐྱེམས་ནས་བཟུང་། ལྷ་དབྱེའི་བར་དཀྱུས་བཞིན་བཏང་། ཐུན་རེའི་ཐོག་མར་ཨྱེ་རིང་ལ་སྤྱང་མོ་བཏགས་པ་ཇི་ལྟར་རིགས་པ་བཟླ་ཞིང་། དེ་ནས་རང་ཉིད་ལྷར་གསལ་བར་བྱས་ལ། ཏིང་ངེ་འཛིན་གྱིས་ངར་བསྐྱེད་ལ་དྲག་སྔགས་བཟླས་པས། དབུགས་ཀྱི་རྟ་ལས་དྲག་སྔགས་མཚོན་ཆའི་རང་བཞིན་ཤུགས་ཀྱིས་འཕྲོས་ནས། ཤ་ཟ་སྲོག་གཅོད་མང་པོ་བསྐུལ་ཏེ། དགྲ་བོའི་བུ་ག་དགུ་རུ་ཐིམ། ཁོའི་སྲོག་གི་ངོ་བོ། ཁྲག་གི་སྦལ་པ་བྱེའུ་ལན་པའི་མགོ་བོ་ཙམ་ཞིག་གི་ནང་ན་རྒྱ་གར་གྱི་ཡི་གེ་ཡ་དམར་ནག་གི་དབུས་ན། མ་གནས་པ་མའི་མིག་ན་ཪྣྲི་ལྗང་གུ་ཞིག་གནས་པ་ལ། དྲག་སྔགས་བཟླས་པའི་འོད་ཟེར་གྱིས། སྙིང་ལ་གནས་པའི་དྲག་སྔགས་འབྲུ་བརྒྱད། མེ་དང་ཆུ་འབར་ཞིང་ཁོལ་བས་འཁྲུག་ཅིང་བསྐྱོད་ནས་དངས་མའི་རྩ་བཞིའི་ནང་ནས་ནད་འདུ་བ་རྣམ་བཞི་ལངས་ཏེ། རང་གཤེད་ཀྱི་སྡིག་པ་ནག་པོ་བཞིའི་རྭ་བརྒྱད་ལས། དྲག་སྔགས་འབྲུ་བརྒྱད་སྤུ་གྲི་ཡིས། །རྩ་ཆེན་བཞི་དང་རྩ་ཕྲན་བརྒྱད་པོ་བཅད་ནས་ཁོ་རང་གི་སྙིང་ན་གནས་པའི་ཡེ་ཤེས་སེམས་དཔའ་བཅུག་ཅིང་བསྒོམས་པའི་ཚེ་བདག་དེ་ཞེ་སྡང་ལྕགས་ཀྱི་སྡིག་པ་ནག་པོར་གྱུར་ནས། འབྱུང་བ་བཞིའི་དངས་མ་བཞི་བསྡུས་ཤིང་(༡༤བ)


GLG023_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩ་གཅོད་པར་བསམ། ཁོའི་སྲོག་གི་ངོ་བོ་ཪྣྲི་རུ་གནས་པ་དང་། ཁྲག་གི་སྦལ་པར་བཅས་པ་དེ་འཁྲུལ་འཁོར་བཅས་པ་དེ་ལ་བསྡུས་ནས་ཐིམ་པར་བསམ། དེ་ལྟ་བུའི་དམིགས་པ་དང་ལྡན་པས་ཞག་བདུན་ནམ་དགུ་རུ་དྲག་པོའི་ལས་འདི་ལ་འཇུག་གོ །རྒྱུན་སྔགས་འཁོར་ལོ་ནག་པོའི་དྲག་སྔགས་དྲག་པོ་བཙན་ཐབས་འདིས་བརྡེག་གོ །དེའི་དྲག་སྔགས་བསྟན་པ་ནི་འདིའོ། །ཨྱེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། དགྲ་བོའི་སྲོག་ལ་ནྲི་ཧུར་ཐུམས་ཛ༔ རྩ་ཁྲག་སྙིང་ཐུམས་རིལ་རཾ་ཤག་རྦད། དགྲ་བོའི་ཙིཏྟ་བྲེང་ཤག་ཛཿ སྲོག་ལ་ནྲི་ཧུར་ཐུམས་རྦད། ཅེས་བཟླ་ཞིང་། ཐུན་འཇོག་ཁར་སྐམ་རློན་གྱི་ཐུན་རྫས་ལ་ཕུས་བཏབ་ནས་ཉིན་མཚན་གྱི་དབྱེ་བའི་ཐུན་སྔགས་དང་བཅས་ཐུན་བརྡེག །ཐུན་གཏོར་ལ་རཀྟ་སྦྲན། དགུག་གཞུག་ལན་གསུམ། སྨན་རཀ་སྦྲན་དྲག་གཏོར་ལྟར་བྱིན་བརླབ། ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ་ཞེས་སོགས་ཀྱིས་འབུལ། ཡང་བཟློག་གི་བསད་པའི་བསྐུལ་ཚིག་དང་ལྕགས་སམ་བྷནྡྷས་དགྲ་ཕྱོགས་སུ་འཕེན་པ་ནི། རྒྱུད་ལས། བསྐྱོད་པ་ཁ་གསོ་རྒྱུན་མི་བཅད། །ཅེས་པའི་དགོངས་པ་དང་འབྲེལ། དེ་ལྟར་བསད་རྟགས་མ་བྱུང་གི་བར་བསྒྲུབ་བོ། །དེ་རྗེས་ཚོགས་བྱིན་རླབས་ནས་སྟོབ་པའི་བར་དང་། ལྷག་མ་བཙོན་དུ་བཟུང་། ཆད་མཐོ་བསྟན་སྐྱོང་རྣམས་བཏང་ངོ་། །རྩ་བའི་ས་བཅད་གསུམ་པ་ལས་སྦྱོར་ནི། དགུག་གཞུག་ནས་བཟུང་ཞལ་སྟོབ་ཀྱི་བར་དཀྱུས་བཞིན་བྱས་རྗེས། འཁོར་ལོའི་ནང་གི་ལིངྒ་བཏོན་པ་དྲག་པོའི་སྦྱིན་སྲེག་གམ། ཡང་ན་མནན་པ་མཚན་ཉིད་དང་ལྡན་པས་མཐའ་བསྡུ། ཟོར་ལས་ཞག་སྦྲེལ་ལམ་ཉིན་གཅིག་(༡༥ན)


GLG023_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་རྒྱས་པར་བྱ། དེའང་བསྙེན་སྒྲུབ་ལས་སྦྱོར་གྱི་རྒྱུད་དང་རྟགས་རྣམ་ངེས་རིན་ཆེན་སྒྲོན་མེར་རྒྱས་པར་གསུངས་ཀྱང་། འདིར་སྙིང་པོར་བསྒྲིལ་བ་ལྕགས་སྡིག་བད་ཀན་དར་དཀར་ཡོལ་བ་ལས་ཆད་པའི་ཆོས་སྡེ་ལས། ཨྱེ་རིང་བསྙེན་པའི་གྲུབ་རྟགས་དང་གཅིག །རྦོད་གཏོང་རྦད་པའི་གྲུབ་རྟགས་དང་གཉིས། ཨྱེ་རིང་བསད་བཟློག་གི་གྲུབ་རྟགས་དང་གསུམ། དང་པོ་ཨྱེ་རིང་བསྙེན་པའི་གྲུབ་རྟགས་ནི། མཁར་རམ་བཙན་ས་ཟིན་པ་དང་། །གོ་ཆ་ལུས་ལ་གྱོན་པ་དང་། །མཚོན་གྱི་རྩེ་མོ་བརྡར་བ་དང་། །དེ་རྣམས་དང་པོའི་རྟགས་སུ་བཤད། །གངས་ལ་ཉི་མ་ཤར་བ་དང་། །དུང་དཀར་འབུད་དང་གྱེན་ལ་འཛེག །རི་བོ་ཀླད་ལ་བསྐོར་བ་དང་། །མེ་ཏོག་སྣ་ཚོགས་འཐུ་བ་དང་། །ལུས་ལ་མེ་འོད་འཕྲོ་བ་དང་། །ལྷ་ཡི་གནས་སུ་ཕྱིན་པ་རྨི། །དེ་རྣམས་བར་མའི་རྟགས་སུ་བཤད། །ཐམས་ཅད་སྒྱུ་མར་ཤེས་པ་དང་། །སྣང་བ་འཛིན་པ་ཆུང་བ་དང་། །ཟས་ནོར་འདོད་སྲེད་ཆུང་བ་དང་། །ཅི་སྨྲས་ཆོས་སུ་འོང་བ་དང་། །ལུས་ཡང་སེམས་སྟོབས་ཆེ་བ་དང་། །རི་དང་རྩིག་པ་ཀུན་ལ་ཡང་། །ཐོགས་པ་མེད་པར་འགྲོ་བ་དང་། །པོ་ཏི་གླེགས་བམ་ཐམས་ཅད་ཀྱང་། །མཐོང་བ་ཙམགྱིས་གྲོལ་བ་དང་། །རིགས་དྲུག་སྐད་རྣམས་རྣམ་བཅུད་ཤེས། །སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་སྐྱེ། །དེ་རྣམས་མཐར་ཕྱིན་ཐ་མའི་རྟགས་སུ་བསྟན། །ཕས་ཀྱི་རྦད་འདྲེ་རྦོད་གཏོང་ལྷ་རྟགས་ནི། །གཤིན་རྗེ་རྦད་པའི་མཚན་རྟགས་སུ། །ཨ་ཙར་ནག་པོ་གར་བྱེད་འོས། །མ་མོ་རྦོད་པའི་མཚན་རྟགས་སུ། །བུད་མེད་ནག་མོ་བཤན་བྱེད་འོང་། །གནོད་སྦྱིན་རྦད་པའི་མཚན་རྟགས་སུ། །དར་དང་རུ་མཚོན་ལུང་པ་གང་། །ཀླུ་རྣམས་རྦད་པའི་མཚན་རྟགས་སུ། །(༡༥བ)


GLG023_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཆུ་དང་ན་བུན་འབྲུབ། །རྒྱ་མཚོར་ཉ་སྦྲུལ་གང་བ་དང་། །སྦལ་ལྕོང་གླུ་བྲོ་བརྡུང་བ་རྨི། །རྒྱལ་པོ་རྦད་པའི་མཚན་རྟགས་སུ། །ལྷ་ཁང་འཇིག་དང་ལྡེར་བཟོ་སྨྲ། །བཙུན་པ་གསིལ་བྱེད་ཐོགས་པ་རྨི། །སྲོག་བདག་རྦད་པའི་མཚན་རྟགས་སུ། །རྟ་དཀར་འཚེར་དང་ཁྱི་དཀར་ཟུག །བྱ་དཀར་ཐེ་ལེ་སྨྲ་བ་དང་། །མི་རེང་ཞགས་པ་ཐོགས་པ་རྨི། །སྲིན་པོ་རྦད་པའི་མཚན་རྟགས་སུ། །ལུང་པ་འཚུབ་མས་གང་བ་དང་། །མི་རེང་རོ་ལ་ཞོན་པ་རྨི། །རུ་དྲ་རྦད་པའི་མཚན་རྟགས་སུ། །བླགས་པ་ཟོར་ཐུན་ཐོགས་པ་དང་། །བྱ་ནག་ཀླད་ལ་ལྡིར་བ་རྨི། །བཙན་རྣམས་རྦད་པའི་མཚན་རྟགས་སུ། །བྲག་དམར་རྩེ་ལ་འཛེག་པ་དང་། །རྟ་པ་ཕུབ་ཅན་འཁྲུག་པ་རྨི། །གཟའ་རྣམས་རྦད་པའི་མཚན་རྟགས་སུ། །ནམ་མཁའ་འབླའ་ཡི་འོད་དུ་འཁྱིལ། །འབྲུག་དང་སེར་བ་འབབ་པ་རྨི། །འགོང་ཐེ་རྦད་པའི་མཚན་རྟགས་སུ། །བྱིས་པ་བསྒུལ་རྡོ་ཐོགས་པ་དང་། ཁྱེ་ཐོང་གོས་དམར་གྱོན་པ་རྨི། །དམ་སྲི་སྤྱི་ཡི་མཚན་རྟགས་སུ། །དམར་དང་དམག་དང་ཟང་ཟིང་དང་། །ཕུག་སྟོང་འགྲིམ་དང་ལུང་སྟོང་འཁྱམས། །དེ་རྣམས་སྤྱི་ཡི་རྟགས་ཡིན་ནོ། །ཞལ་གདམས་གནད་ཀྱི་ཤོག་དྲིལ་སྟོན། །དོན་གསུམ་པ། ཨྱེ་རིང་བསད་བཟློག་གི་རྟགས་བསྟན་པ་ནི། །སྦྲ་ནག་ཚུགས་ཤིང་འགྱེལ་བ་དང་། །བྱ་ནག་རྙི་ལ་ཟིན་པ་དང་། ཁྱི་ནག་ཐུར་ལ་བདས་པ་ནི། །འགོང་པོ་བཟློག་པའི་རྟགས་སུ་བཤད། །ཨ་ཙར་གར་བྱེད་བཀྱིགས་པ་དང་། །བདུད་བྱ་སྐྱུང་ཀ་བཟུང་བ་ནི། །བདུད་དང་གཤིན་རྗེ་བཟློག་པའི་རྟགས། །བུད་མེད་གདོས་ལ་བཅུག་པ་དང་། །བྲག་དམར་རྩེ་ནས་ཉིལ་བ་ནི། །བཙན་དང་མ་མོ་བཟློག་པའི་རྟགས། །སྔགས་པ་ལྕགས་སུ་བཅུག་པ་དང་། །མི་རེང་ཐུར་ལ་བདས་པ་ནི། །རུ་དྲ་སྲིན་པོ་བཟློག་པའི་རྟགས། །ལྷ་ཁང་མེ་ཡིས་བསྲེགས་པ་དང་། །བཙུན་པ་དོང་དུ་བསྐྱུར་བ་དང་། །རྟ་དཀར་ཐུར་ལ་བདས་པ་(༡༦ན)


GLG023_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱ་དཀར་རྙི་ལ་བཟུང་བ་ནི། །རྒྱལ་པོ་སྲོག་བདག་བཟློག་པའི་རྟགས། །རྒྱ་མཚོ་གཏིང་ནས་བསྐམས་པ་དང་། །ཉ་སྦལ་མགོ་ནས་ཟ་བ་དང་། ཁྱེ་ཐོང་དབྱུག་པ་ཐོགས་པ་ནི། །ཀླུ་དང་ཐེའུ་རང་བཟློག་པའི་རྟགས། །མཚོན་ཆ་ལག་ན་ཐོགས་ནས་སུ། །སྲོག་ཆགས་མང་པོ་བསད་པ་དང་། །དུད་འགྲོ་ཐུར་ལ་བདས་པ་ནི། །དམ་སྲི་རྣམས་ནི་བཟློག་པའི་རྟགས། །སེམས་ཅན་ཀུན་གྱི་ལྕེ་ཟ་ཞིང་། །རྦོད་གཏོང་གཏོང་བའི་རུ་དྲ་དེ། །སྙིང་བཏོན་ལྕེ་ནི་ཟ་བ་རྨི། །རང་གཤེད་རང་ལ་ཕེབས་པའི་རྟགས། །ཞེས་སོ། །མཚམས་ལ་གཅེས་པའི་དམ་ཚིག་དང་སྤང་བླང་གི་རིམ་པ་ནི། སློབ་དཔོན་པདྨའི་གསུང་གིས་བོད་ཀྱི་སྔགས་པ་རྣམས་ལ་རྟགས་དང་ཡོན་ཏན་ཚུལ་བཞིན་དུ་མི་འབྱུང་བ་ནི་མཚམས་གསུམ་རལ་བའི་སྐྱོན་ཡིན། མཚམས་གསུམ་ནི། སྐུ་མཚམས་མ་གྲོལ་བར་གཞན་དང་འཕྲད་པ། གསུང་མཚམས་མ་གྲོལ་བར་ངག་ཤོར་བ། ཐུགས་མཚམས་མ་གྲོལ་བར་ཉོན་མོངས་དྲག་པོས་བར་གཅོད་པའོ། །དམ་ཚིག་གསུམ་ཉམས་ན་མི་འབྱུང་སྟེ། བསྐྱེད་པའི་སྐུ་མི་གསལ། བཟླས་པའི་སྔགས་མི་དག །བསྒོམས་པའི་ཏིང་ངེ་འཛིན་གཡེལ་བའོ། །བསྲུང་བྱ་གསུམ་ཉམས་ན་མི་འབྱུང་སྟེ། །ལུས་ཀྱི་བཅུད་ཐིག་ལེ་ཉམས་པ། ངག་གི་བཅུད་མཆིལ་མ་དོར་པ། ཡིད་ཀྱི་བཅུད་རྣམ་རྟོག་རྒྱུན་མ་བཅད་པའོ། །ཡན་ལག་ནི། སྒྲུབ་པ་མ་ཐོན་པར་གནས་མི་སྤོ། གདན་མི་སྤྲུག །མི་དང་ཁ་འཕྲོ་མི་བསྲེ། གཏོར་མ་དུས་མ་ཡོལ་བར་འབུལ། འཐབ་འཁོན་མི་བྱ། གཏོར་ཕུད་ཉམས་སུ་མི་འཇུག །སྒྲུབ་ཁང་དུ་ཁྱི་ཡུགས་ས་མཛེ་པོ་དམེ་ཅན་འོང་མི་འསྔུག །དེ་ཀུན་གྱིས་ཟས་སྐོམ་(༡༦བ)


GLG023_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཛེམ་སྨར་དང་ཨག་ཚོམ་མི་འབྲེག །རང་གི་ཉལ་མལ་དུ་གཞན་མི་གཏོང་། ཕྲེང་སྟན་མི་ལག་མི་འགྲིམ། གཞུ་མི་ཕབ། མདའ་མི་གཅོག །མཚོན་རྩེ་ཁར་མི་འཇུག །སྤྱིར་སྔགས་བཟླ་བའི་ཚེ། སྐྱོན་བཅུ་སྤོང་དགོས། བཅུ་ནི་སྒྲ་སྐྱོན་ལྔ་ལ། ཆེ་བ། ཆུང་བ། མགྱོགས་པ། བུལ་པ། མེ་ཕུབ་དང་ལྔའོ། །བར་ཆད་ལྔ་ནི། གློ་ལུ་པ། གཏམ་སྨྲ་བ། སྦྲིད་པ། གཉིད་ལ་ཤོར་བ། ཡེངས་པ་དང་ལྔའོ། །འདི་ལྔ་ནི་ཏིང་ངེ་འཛིན་གྱི་སྲོག་ཉམས་པའི་སྐྱོན་ཡིན་ནོ། །དེའང་རྔམ་གློང་ལས། སྒྲ་ཆེས་སྐྱོན་ནི་འབྱུང་པོ་དང་། །སྣོད་མེད་ཐོས་གྱུར་བར་ཆད་འབྱུང་། །དེ་ལ་སྔགས་ཀྱི་ནུས་པ་མེད། །བུལ་ན་བཟླས་པའི་གྲངས་མི་ཐིམས། །དུས་འདས་བར་ཆད་སྦྱོར་བ་འབྱུང་། །གློ་དང་སྦྲིད་པ་གཏམ་དང་ནི། །གཉིད་ལ་སོགས་པས་བར་གཅོད་ན། །དེ་ནི་ཡི་དྭགས་བདུད་ལ་སོགས། །སྤྲོ་ནས་བར་ཆད་སྒྱུར་བར་བྱེད། །སེམས་ཡེངས་ནུས་པ་མི་འབྱུང་ངོ་། །ཞེས་གསུངས་སོ། །དེས་ན་བསྙེན་སྒྲུབ་ཀྱི་སྔགས་བཟླ་བའི་ཚེ། །བཟླས་པའི་འཕྲོ་ལ་གཉིད་བྲོ་བ། གླལ། སྦྲིད་པ། ལུད་པ། འོག་རླུང་། བཤང་བ། གཅིན་སོགས་བྱུང་ན་དེ་མ་ཐག་འཕྲེང་བ་བཞག་སྟེ་ཉེ་རེག་བྱ་ཞིང་ཁ་བཤལ་ནས་གོང་གི་དེ་འདྲ་བྱུང་སྐབས་ཀྱི་སྔགས་དེ་བཟླས་པའི་གྲངས་སུ་མི་གཞུག་གོ །དེ་བས་ན་བསྙེན་སྒྲུབ་སྤྱི་ལ་གཉིད་སོགས་བདུན་པོ་བྱུང་སྐབས་ཀྱི་སྔགས་དེ་བཟླས་གྲངས་སུ་མི་བརྩི་བ་ཡིན་ཅིང་། འཕྲེང་སྐོར་འཁོར་ནས་མདོ་འཛིར་རྩར་མ་སླེབ་པའི་བར་རྣམས་སུ་མི་དང་གཏམ་ཤོར་ན་སྔར་བཅད་ཟིན་ནས་འཕྲེང་རྡོག་བཞི། གློ་ལུ་ན་ལྔ། གླལ་ན་གསུམ། སྦྲིད་ན་བཅུ། མཆིལ་སྣབས་ལུད་པ་སོགས་འདོར་ན་གཅིག །འོག་(༡༧ན)


GLG023_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལ་བདུན། གཉིད་ལ་བཅོ་ལྔ་རྣམས་གྲངས་སུ་མི་བརྩི་བར་བཤད་ལ། གཞན་ཡང་བསྙེན་པའི་སྐབས་སུ་ལྷ་གཞན་གྱི་སྔགས་དང་ཆོས་སྤྱོད་བྱས་ན་ཡིད་ཀྱིས་བཤགས་ཤིང་གསོལ་བ་བཏབ་ནས་བཟླས་པ་སྔ་མ་ལ་འཇུག །བགེགས་བསྲུང་བ་དང་། ནད་ཞི་བ་དང་། ལྷོད་པ་དང་། བག་མེད་པ་དང་། ལུས་སེམས་སྐྱོ་བ་དང་། མ་བསྡམས་པ་དང་། མི་གཙང་བ་དང་། རྨི་ལམ་ངན་པ་སོགས་འཕྲལ་རྐྱེན་ཞི་བ་དང་། མཚམས་གསུམ་གོང་དུ་བཤད་པ་ལྟར་མ་བསྡམས་པར་སྔགས་བཟླས་པ་ནི་རྩ་བའི་གཞི་བསྙེན་གྱི་གྲངས་དང་། བསྙེན་པ་ཁ་གསོ་བ་སོགས་གྲངས་བསྙེན་གྱི་གྲངས་སུ་མི་བརྩི་བར་ལེགས་གྲུབ་ལས་གསུངས་སོ། །ཡང་བཟླས་པའི་ཕྱེད་གནས་གཅིག་ཏུ་བྱས་ཕྱེད་གཞན་དུ་སྤོས་ནས་བཟླས་པ་དང་། བཟླས་པ་དུས་ལས་འདས་པ་སོགས་ཀྱིས་ཀྱང་བཟླས་པའི་གོ་མི་ཆོད་དོ། །དུས་ལས་བཟླས་པ་ཞེས་པ་ནི་བསྙེན་སྒྲུབ་ཀྱི་ཐོག་མ་ནས་ཐུན་དྲུག་གམ་ལྔའམ་བཞི་སོགས་གང་བཅད་པ་དེ་ཉིད་བསྙེན་སྒྲུབ་མ་ཐོབ་བར་སྒྲིགས་ལ་འབེབས་དགོས་ཀྱི། རང་གི་དལ་འཁོམ་དང་བསྟུན་ནས་ཐུན་གྲངས་གང་རུང་བྱས་པས་མི་འཐུས་སོ། །གཞན་ཡང་སྲིད་པའི་གཏེར་ཁྱིམ་དང་རྫོང་འཕྲང་དང་རྡོ་རྗེ་གཙུག་ལག་གི་རྒྱུད་སོགས་བསྙེན་སྒྲུབ་ཀྱི་གཞུང་ཆེན་དང་བསྟུན་ཅིང་། བསྙེན་པ་ཐེམས་ཀྱང་རྟགས་མེད་ན་སྔགས་སྡེབས་ཀྱིས་གནད་ལ་དབབ་པ་སོགས་མཁས་པས་གནད་དང་ལྡན་པར་བྱ་བ་གལ་ཆེའོ། །རྩ་བའི་ས་བཅད་གསུམ་པ་མཇུག་གི་རིམ་པ་ལ། ལས་བྱང་གཞུང་བསྲངས་ཚོགས་ཐ་མ་ཡན་བཏང་། །དངོས་གྲུབ་ལེན་པར། རྫས་བཤམས། བགེགས་བསྐྲད། བྱིན་འབེབས་པ། དངོས་(༡༧བ)


GLG023_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བསྡུ་བ། བསྐུལ་བ། ལེན་པ། དངོས། སྨོན་ལམ་ཤིས་བརྗོད་དང་བདུན་གྱི། དང་པོ་ལ། རྟེན་གཏོར་ཙམ་ལ་བརྟེན་ན་བམ་ཆོས་སུ་བཅུག་པ། ཚེ་བུམ། ཚེ་རིལ། ཚེ་ཆང་སོགས་དངོས་གྲུབ་ཀྱི་རྫས་ཐམས་ཅད་མ་ཚང་བ་མེད་པར་བསགས། གཉིས་པ་བགེགས་སྐྲོད་དང་། གསུམ་པ་བྱིན་འབེབས་ལས་བྱང་ལྟར་བྱས་རྗེས། བམ་བསྙེན་དུས་ནས་བཅས་ཆེ་དུས་དེ་ག་དང་། གཞན་མ་འདིའི་དུས་ངེས་དོན་བདེ་འཇུག་ལས་བྱུང་བ་ལྟར་བམ་ལ་བསྐྱེད་བསྟིམ་མཆོད་བསྟོད་བསྡུས་པ་ཙམ་དང་། ཚེ་བུམ་གྱི་སྒྲུབ་པ་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་ཆོག་ནས་ལེན། བཞི་པ་དངོས་གྲུབ་བསྡུ་བ་ནི། བདག་ཟིལ་གནོན་དུ་གསལ་བའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔའི་ས་བོན་ལས་འོད་གློག་གི་ཞགས་པ་ལྟར་རྣོ་ཞིང་མྱུར་བ་སྤྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྟན་གཡོ་སྣོད་བཅུད་མ་ལུས་པའི་ཚེ་སྲོག་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ལུས་པ་བསྡུས་ཆེ་རྒྱས་དང་ཚོགས་རྫས་ལ་ཐིམ་པར་བསམ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུརྫྙཱན་ཚེ་བྷྲཱུཾ་ཎི་ཛཿཧཱུཾ་སྭཱཧཱ། ཞེས་པ་བརྒྱ་རྩ་སོགས་བཟླས་རྗེས། ཕྱི་སྣོད་ནང་བཅུད་ཐམས་ཅད་སེམས། །འཇིག་རྟེན་དྲེགས་པ་ཡབ་ཡུམ་ཐིམ། །ཡབ་ཡུམ་སྔགས་བཅས་ཧཱུཾ་ལ་བསྡུ། །ཧཱུཾ་བཅས་དངོས་གྲུབ་རྫས་ལ་བསྡུ། །རང་གི་ལུས་ངག་ཡིད་ལ་ཐིམ། །ཞེས་བརྗོད། ལྔ་པ་དངོས་གྲུབ་བསྐུལ་བ་ནི། ཧོཿ ནམ་མཁའི་ཁམས་མཉམ་ཟིལ་གནོན་འཇམ་པའི་དབྱངས། །སྐུ་ཡི་དངོས་གྲུབ་ནམ་མཁའི་དཀྱིལ་ཡངས་བཞིན། །གསུང་གི་དངོས་གྲུབ་འགག་མེད་བརྗོད་དང་བྲལ། །ཐུགས་ཀྱི་དངོས་གྲུབ་མི་རྟོག་མཉམ་པའི་ངང་། །ཡོན་ཏན་དངོས་གྲུབ་ཡིད་བཞིན་རིན་ཆེན་(༡༨ན)


GLG023_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །འཕྲིན་ལས་དངོས་གྲུབ་རྣམ་བཞི་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །དངོས་གྲུབ་རྣམ་གཉིས་དགོས་འདོད་ཡིད་བཞིན་ནོར། །ཇི་ལྟར་བསམས་པའི་དངོས་གྲུབ་སྩལ་དུ་གསོལ། །གནས་སྐབས་ནད་གདོན་བར་གཅོད་ལ་སོགས་པ། །མི་མཐུན་གནོད་པའི་ཕྱོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་དབང་། །མངའ་ཐང་སྙན་གྲགས་དགོས་དགུ་རྒྱས་པ་དང་། །མོས་བཞིས་ཁམས་གསུམ་སྲིད་གསུམ་ལྷ་མིའི་ནོར། །ཡིད་ལ་གང་འདོད་དབང་དུ་འདུ་བ་དང་། །བསྟན་དང་བླ་མར་དོ་བསྡོ་བདག་ལ་འཚེ། །དགྲ་བགེགས་གང་བྱུང་དྲག་པོས་བསྒྲལ་བ་སོགས། །རྣམ་བཞི་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མཐར་ཐུག་བདག་དོན་ཕུན་ཚོགས་འཇམ་པའི་དབྱངས། །ཡེ་ཤེས་སེམས་དཔའི་གོ་འཕང་མྱུར་ཐོབ་ཅིང་། །གཞན་དོན་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས། །གང་ལ་གང་འདུལ་གཟུགས་སྐུས་ཆོས་བསྟན་ནས། །རྫོགས་པའི་སངས་རྒྱས་ས་ལ་རབ་འགོད་པའི། །དོན་གཉིས་ཕུན་ཚོགས་དངོས་གྲུབ་དེང་སྩོལ་ཞིག །ཧཱུཾ། ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས། །བདག་ཉིད་རིགས་འཛིན་སྒྲུབ་པ་པོ། །འཛབ་བསྙེན་གྲངས་སུ་ཐེམས་ཟིན་གྱི། །བསྐྱེད་རྫོགས་དྲོད་ཚད་ཐོབ་ཟིན་གྱི། །ཐུགས་དམ་གཉན་པོ་བསྐངས་ཟིན་གྱི། །སྒྲུབ་པའི་ཞག་གྲངས་ཐེམས་ཟིན་གྱི། །རྡོ་རྗེ་སྲིན་པོ་ནམ་ལངས་ཉེ། །དངོས་གྲུབ་འབྱུང་བའི་དུས་ལ་བབ། །དམ་ཅན་ཐུགས་དམ་བདག་བསྐུལ་གྱི། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །དམ་བཅས་མ་(༡༨བ)


GLG023_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེལ་དེང་དགོངས་ལ། །དངོས་གྲུབ་དམ་པ་ད་ལྟ་སྩོལ། །ཞེས་ལན་གསུམ་བརྗོད། དྲུག་པ་དངོས་གྲུབ་ལེན་པ་ནི། བམ་དཔྲལ་བར་གཏུགས་ཏེ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །སྐུ་ཡི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །རྡོས་བཅས་ལུས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཀཱ་ཡ་སིདྡྷི་ཨཱོཾ། མགྲིན་པར་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །གསུང་གི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཆལ་བ་ངག་གི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཝཱ་ཀ་སིདྡྷི་ཨཱོཾ། སྙིང་གར་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །ཐུགས་ཀྱི་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །འཁྲུལ་པ་སེམས་ཀྱི་སྒྲིབ་པ་སྦྱང་དུ་གསོལ། །ཨཱོཾ་ཡ་མཱནྟ་ཀ་ཙིཏྟ་སིདྡྷི་ཨཱོཾ། གནས་གསུམ་དུ་གཏད་ལ། ཧཱུཾ། དམ་ཚིག་ཆེན་པོའི་ཚུལ་བསྟན་ཁྲོ་བོའི་ཚོགས། །འདིར་གཤེགས་རྟགས་དང་མཚན་མ་མྱུར་སྟོན་ཞིག །རྣམ་གསུམ་དབང་མཆོག་མི་ཤིགས་རྡོ་རྗེ་ཡིས། །དུག་གསུམ་ནད་གདོན་སྡིག་སྒྲིབ་སྦྱང་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧྲཱིཿ ཞེས་བརྗོད། སྨན་མཆོད་འབུལ་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། བདུན་པ་སྨོན་ལམ་ནི། འདི་ལྟར་བསགས་པའི་ལེགས་བྱས་མཐུས། །བདེ་གཤེགས་སྲས་བཅས་ཐམས་ཅད་དང་། ཁྱད་པར་འཇམ་དཔལ་ཞི་ཁྲོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་སོགས་དང་། འབད་དང་རྩོལ་བ་མ་སོགས་ཀྱི་ཤིས་བརྗོད་ཀྱང་བྱ། ཚོགས་ལ་རོལ་པ་ནས་རྟ་བྲོའི་བར་དཀྱུས་བཞིན་དང་། གཏང་རག་གི་མཆོད་པ་ཁ་གསོ། བདག་མདུན་གཉིས་ཀར་དམིགས་པའི་མཆོད་བསྟོད། དབྱངས་གསལ། ཡིག་བརྒྱ། ནོངས་པ་བཟོད་གསོལ། རྡུལ་ཚོན་དང་ཚོམ་བུ་ལྟ་བུ་ཡིན་ན་ཡེ་ཤེས་རྟེན་དང་དམ་ཚིག་པ་རང་ལ་བསྡུ། རས་བྲིས་(༡༩ན)


GLG023_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟན་བཞུགས་དང་། བདག་བསྐྱེད་ཙམ་ལ་བརྟེན་ན་རྒྱུན་གྱི་ཉེར་བསྡུ་ལས་སྤྲོས་པ་གཞན་མ་དགོས་སྨོན་ལམ་ཤིས་བརྗོད་རྒྱས་པར་བྱ། རྒྱལ་མཐོ་འགྲོལ་དེ་ཉིན་དམ་ཚིག་གཙང་བའི་མཆེད་ལྕམ་འགའ་ཞིག་དང་འཕྲད། དགྲ་ཕྱོགས་སུ་མིག་བལྟ་སྟངས་བྱེད་པ་དེ་ཐུལ་བའི་དགོས་པ། ཉི་ཟླ་ཕྱོགས་སུ་བལྟ་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་ཡོད་ཅེས་བླ་མ་གོང་མ་རྣམས་གསུང་། དེ་འཕྲལ་ལམ་ལོང་སྐབས་ཅི་རིགས་པར་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་བྱའོ། །རང་རིག་དོན་གྱི་འཇམ་དཔལ་ཀུན་ཏུ་བཟང་། །རང་ངོ་མ་འཕྲོད་འཁྲུལ་པའི་སྣང་ངོ་རུ། །སྲོག་འཕྲོག་ཧ་ལའི་མདོག་ཅན་གཤིན་རྗེའི་རྒྱལ། །འགྲོ་ཚོགས་ལྟག་པའི་བདུད་སྒོར་འཆི་བདག་གཟུགས། །གཙོ་འཁོར་གདུལ་བྱ་འདུལ་བྱེད་ཀུན་རྫོབ་ཏུ། །ཤར་ཡང་ཆོས་སྐུའི་ཀློང་དུ་རོ་གཅིག་པ། །འཁོར་འདས་གཉིས་མེད་རང་སེམས་གདོད་མའི་རྩལ། །འདི་དོན་རྟོགས་ན་བཟང་ངན་བླང་དོར་བྲལ། །དེ་ཕྱིར་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་མཚོན། །རྣོན་པོས་བདུད་སྡེའི་སྙིང་ག་ཐལ་ཕྱུང་དུ། །འབིགས་ལ་ཕྱག་རྒྱ་ཐམས་ཅད་ཟིལ་གནོན་པ། །སླུ་མེད་སྐྱབས་གཅིག་འཇམ་དཔལ་གཞན་ནས་སུ། །འོག་མིན་ཞིང་གི་གཙོ་བོས་གསུངས་པའི་རྒྱུད། །ལྷ་དང་མཁའ་འགྲོ་རྒྱ་བལ་པཎ་གྲུབ་ལས། །ཉེར་བརྒྱུད་པདྨ་ཀ་ར་གནུབས་བན་གྱི། །གདམས་པའི་བྱིན་རླབས་དྲོད་རླངས་དེང་མ་ཡལ། །དྲིན་ཅན་བླ་མའི་གསུང་རྒྱུན་མ་བརྗེད་ཅིང་། །རྒྱུད་འགྲེལ་མན་ངག་གབ་དཀྲུགས་འཐོར་བསྡེབས་ལས། །གཞན་ཟེར་ཚིག་གི་འཁར་བ་ལ་བརྟེན་པའི། །ཞྭ་དཔེ་ལྷམ་གྱི་རྒྱས་འགེབས་འདི་ན་མེད། །སྔ་འགྱུར་བཀའ་གཏེར་གཞུང་མང་ཐོས་(༡༩བ)


GLG023_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །སྤོབས་མཐོ་ཙམ་མིན་པད་ལུགས་གཤེད་སྐོར་ལ། །མོས་པས་འབོད་བརྒྱངས་སྔོན་གོམས་བག་ཆགས་མཐུས། །སྨྲ་བའི་གདེངས་ཚད་ཐོབ་པས་ཚུལ་འདི་བཀོད། །རང་ཉམས་ལེན་དང་གཞན་ལ་སྟོན་པའི་ཚེ། །སྙིང་གར་ལག་བསྣོལ་མི་དགོས་བཞིན་གྱི་མདངས། །དངོམ་པར་ནུས་འདི་ཟུར་ཆེན་བླ་མའི་དྲིན། །སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་དཀའི་གནས། །འོན་ཏེ་མགོན་ཁྱོད་རིགས་ཀྱི་བདག་པོ་རུ། །བཞུགས་པའི་འཇམ་དཔལ་རྡོ་རྗེ་རང་སེམས་ལས། །གཞན་དུ་མི་འཚོལ་དངོས་པོ་གཅིག་བལྟ་བའི། །ཐག་ཆོད་ཉམས་འོག་ཆུད་པས་བློ་རེ་བདེ། །ལམ་འདིའི་སྒོ་ནས་མཆོག་མཐུན་དངོས་གྲུབ་ཚོགས། །སྒྲུབ་འདོད་ཡོངས་ཀྱི་སྙིང་ལ་མཉྫུ་ཤྲཱི། །ཞུགས་ཏེ་སྐྱེ་བར་དགེ་བའི་བཤེས་མཛད་ནས། །ཡི་གེ་ཚོགས་ཆེན་ས་ལ་མྱུར་བགྲོད་ཤོག །རིགས་འཛིན་ཀུན་གྱི་གཙུག་རྒྱན་མཆོག་སྤྲུལ་པདྨ་འཕྲིན་ལས་ས་བྱི་ཡང་རྫོང་དུ་ལོ་གསུམ་ཕྱོགས་གསུམ་གནང་སྐབས་བསྙེན་ཡིག་ཡིད་བཞིན་ནོར་བུའི་གསལ་བྱེད་དུ་དངོས་གྲུབ་གཏེར་མཛོད་བཀོད་པར་ཞིབ་ཆ་རྣམས་ཞལ་ཤེས་དང་མཐོང་བརྒྱུད་ལས་རྟོགས་པའི་དབང་དུ་བྱས་པས། ལས་དང་པོ་བའི་རིགས་གོ་དཀའ་བའི་སྐྱན་གྱིས། མཆོད་དཔོན་ངག་དབང་ཤེས་རབ་ཀྱིས་གསལ་བྱེད་ཅིག་བྱུང་ན་ལེགས་ཚུལ་དང་། ཆོས་རྗེ་རྐན་བུ་བ་གནུབས་ཟིལ་གནོན་རྡོ་རྗེས་ལས་སྦྱོར་གྱི་སྐོར་ཁ་གསལ་བ་ཞིག་དགོས་ཚུལ། སྔགས་རམས་པ་བློ་བཟང་ཀུན་དགའ། ཇོ་གདན་ཕུན་ཚོགས་ལྷུན་གྲུབ། འཕྱོང་རྒྱས་ངག་དབང་ནམ་མཁའ། ལྷ་ས་བློ་གྲོས་ལེགས་པ། སྔགས་རམས་པ་ངག་དབང་མཁས་བཙུན་ལྔ་བསྙེན་མཚམས་བྱེད་སྐབས་གོ་གསལ་བ་ཞིག་དགོས་ཚུལ་དང་། སླད་ནས། སྔགས་(༢༠ན)


GLG023_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་བློ་གྲོས་རྒྱ་མཚོས་ཤིན་ཏུ་རྒྱས་པ་ཞིག་དགོས་ཞེས་བསྐུལ་བ་དང་། རྩེས་དང་མཚོ་གླིང་ཆོས་མཛད་ངག་དབང་བདེ་ཆེན་དང་རི་ཆོས་པ་ཆོས་རྒྱལ་མཚན་གཉིས་བསྙེན་པ་བྱེད་པའི་དུས་ཀྱི་གཏུགས་པ་ལ་བརྟེན་བུར་ཐམས་ཅད་མཁྱེན་པའི་བཀའ་དྲིན་ལས། གདམས་སྐོར་འདི་ཉིད་ཀྱི་དབང་ལུང་མན་ངག་རྣམས་ཁོང་དུ་ཆུད་ཅིང་། ལྕགས་སྡིག་དང་མེའི་སྤུ་གྲིའི་སྐོར་གྱི་བཀའ་གནང་ཞལ་ཤེས་རྣམས་ཆོས་རྒྱལ་འབྲི་གུང་པ་དཀོན་ཅོག་ཕུན་ཚོགས་ཀྱི་དྲུང་དུ་ནོས་པས་ཚུལ་འདི་ལ་མི་འཇིགས་པའི་གདེངས་རྙེད་པའི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་ཆུ་ཁྱི་ཧོར་ཟླ་དང་པོའི་དམར་ཆའི་རྒྱལ་བ་གཉིས་པའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་མཆོག་གིས་བགྱིས་པ་ཛཱ་ཡནྟུ། །མངྒ་ལཾ།།


previousའཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་རྡོ་རྗེ་རྩེ་བརྒྱ་པ།next