Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན།next

ཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན།


GLG023_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །


GLG023_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཔདྨཱ་ཀ་རཱ་ཡ། རབ་འབྱམས་རྒྱལ་བའི་འཁོར་ལོའི་དབང་ཕྱུག་ཐོག་མའི་མགོན་གྱི་རོ་འཛིན་གསེར་ལྡན་དགའ་མའི་ལྟོ་བ་ཁྱོན་ཡངས་པར། །ཕུན་ཚོགས་ཟབ་དོན་ཐེག་མཆོག་ནོར་བུས་རབ་གང་གསང་ཆེན་རྒྱུད་རྒྱལ་མ་ཧཱ་ཡོ་ག་ཆུ་གཏེར་ཆེན་པོ་གང་། །དཔལ་ལྡན་རྡོ་རྗེ་སྙིང་པོས་བསྐུལ་ཚེག་ལྷུན་པོ་ཕུལ་བྱུང་ཐུགས་རྗེ་ཆེན་པོའི་སྟོབས་ལྡན་ལྷ་ཡིས་བསྲུབས་པ་ལས། །ལེགས་འོངས་གཤེད་སྐོར་དུག་བཅུད་ཟླ་གཞོན་དབུས་ན་སྡིག་རྒྱུད་ཉིན་མོར་བྱེད་པས་ནག་ཕྱོགས་སྡེ་ལས་རྟག་ཏུ་རྒྱལ། །དེ་ལྟའི་ཡང་ཟབ་རྡོ་རྗེ་གསང་བའི་ཚིག །སྐལ་བཟང་འགྲོ་བ་སྩོལ་ཕྱིར་ཀུན་ཏུ་བཟང་། །སྔགས་འཆང་རྡོ་རྗེ་འཛིན་པའི་རྣམ་རོལ་ཅན། །དངོས་བརྒྱུད་བླ་མའི་ཞབས་ཟུང་སྤྱི་བོར་བསྟེན། །ཁྱད་པར་གང་གི་ཡོན་ཏན་ཕ་མཐའི་ཚད། །ཀུན་མཁྱེན་གཟིགས་པས་གཞལ་ཡང་རྟོགས་དཀའ་བའི། །དུས་གསུམ་རྒྱལ་བའི་གཙོ་གྱུར་པདྨ་འབྱུང་། །གྲངས་མེད་སྐྱེ་བར་དགེ་བའི་བཤེས་མཛོད་ཅིག །དྲག་སྔགས་རྡོ་རྗེའི་ཕ་ལམ་རྣོ་དབལ་གྱིས། །ཞིང་བཅུའི་སྙིང་ག་འབིགས་པའི་གནུབས་བན་རྗེ། །སྐྱེ་སྤྲུལ་ཟབ་གཏེར་སྒོ་འབྱེད་དུམ་པ་(༢ན)


GLG023_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། །མཁྱེན་བརྩེ་ནུས་པའི་འོད་ཀྱིས་ལེགས་པར་སྐྱོངས། །གསང་གཏེར་རིན་ཆེན་རྒྱལ་མཚན་རྩེར་འཛིན་ཅིང་། །བདུད་དཔུང་མ་ལུས་འཇོམས་པའི་རྡོ་རྗེའི་ཐོག །ཆོས་དབང་སྐྱེ་མཐའ་འཕྲིན་ལས་ཡོངས་གྲུབ་སྩལ། །སྙན་བརྒྱུད་རྒྱས་པར་མཛད་རྣམས་ཕྱག་གི་ཡུལ། །རྨད་བྱུང་རྒྱུད་སྡེའི་བདུད་རྩི་ཟིལ་མངར་གྱིས། །བདག་བློའི་བུམ་བཟང་ཡོངས་སུ་འགེང་མཛད་པའི། །ཆོས་འདིའི་བཀའ་དྲིན་སྩལ་བའི་རྡོ་རྗེ་འཛིན། །སྙིང་དབུས་པད་མཚོའི་རྒྱན་དུ་རྟག་བཞུགས་ཤིག །ཨིནྡྲ་ནཱི་ལའི་ས་འཛིན་དབང་པོ་མེ་དཔུང་འབར་བའི་གོས་གྱོན་ཞིང་། །འབུམ་ཕྲག་དབྱར་རྔའི་སྒྲ་ཡང་དམན་བྱེད་ང་རོ་དྲག་པོས་སྲིད་གསུམ་འདར། །ཟག་མེད་བདེ་སྟོང་རོལ་བའི་དབྱིངས་ལས་གཡོ་བ་མེད་པའི་གར་གྱིས་རྩེན། །བཅོམ་ལྡན་དཔའ་བོ་ཕྱག་རྒྱ་ཟིལ་གནོན་དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ། །གནམ་སྔོན་བཞུ་འདྲའི་མཚོ་ལ་ངང་མོ་ལྟར། །དམ་ལྡན་རྣལ་འབྱོར་དྲུང་ན་ལེགས་འདུས་ནས། །ལས་བཞིའི་ཚོགས་ཀུན་ཐོགས་མེད་སྒྲུབ་བྱེད་པའི། །ཆོས་སྲུང་རྒྱ་མཚོས་རྟག་ཏུ་ཤིས་པར་མཛོད། །གང་ཞིག་ལེགས་པར་བཤད་པའི་སྙན་བརྒྱུད་མཆོག །ཐོས་ཚེ་གླ་རྩིའི་དྲི་ཚོར་(༢བ)


GLG023_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དུག་སྦྲུལ་བཞིན། །ངན་སྨྲས་སྣ་ཚོགས་ཚིག་གི་ལྕེ་རྐྱོང་བའི། །མཁས་རློམ་རྨོངས་པའི་ཐོས་ཆུང་ཁུང་བུར་ཉོལ། །མེ་ཏོག་རོ་བཅུད་མྱང་ལ་ཡིད་སྤྲོ་བའི། །བུང་བའི་རྣམ་ཐར་ཇི་བཞིན་ཟབ་ཆོས་ལ། །ཐོས་བསམ་ལྷུར་ལེན་རིན་ཅེན་ལྟ་བུ་ཡི། །སྐལ་ལྡན་ཚོགས་རྣམས་དགའ་བའི་གར་བྱོས་ཤིག །འདིར་བཅོམ་ལྡན་འདས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་རྣམ་པར་ངེས་པ་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་འདི་ཉིད་འཆད་པར་བྱེད་པ་ལ་གཉིས། ཁུངས་བཙུན་ཞིང་ཁྱད་པར་ཅན་དུ་རྟོགས་པར་བྱ་བ་ལོ་རྒྱུས་བཤད་པ་དང་། ཚུལ་དེ་ལྡན་གྱི་རྣམ་ངེས་དངོས་བཤད་པའོ། །དང་པོ་ལ་བཞི། རྒྱུད་འདི་སྟོན་པས་གསུངས་ཤིང་འཇིག་རྟེན་དྲེགས་པའི་གཤིན་རྗེ་བཏུལ་ཚུལ། གསུངས་པའི་རྒྱུད་བསྡུས་ཤིང་ལྷ་དང་མཁའ་འགྲོ་ལ་བཤད་པ། དེ་ནས་འགྲོ་བ་མི་ལ་ཇི་ལྟར་བརྒྱུད་པ། དེ་ལྟ་བུའི་རྒྱུད་མན་ངག་རྣམས་ཕྱོགས་གར་གཏོགས་ཤིང་དགོས་ཆེད་གང་དང་ལྡན་ཚུལ་ལོ། །དང་པོ་ནི། གནས་ཆོས་དབྱིངས་རྣམ་པར་དག་པའི་ཀློང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོར། སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ། འཁོར་ཡེ་ཤེས་ལྔ་ལ་གནས་པ་དང་། ས་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། རིག་པ་མཁྱེན་ཅིང་མངོན་པར་ཤེས་པ་དང་ལྡན་པ་ལྷ་དང་མཁའ་འགྲོ་རིགས་འཛིན་རྣམས་དང་། སྤྱོད་པ་དང་། བགྲོད་པ་ཕྱིན་ཅི་མ་ལོག་པའི་འཇིག་རྟེན་དྲེགས་པའི་གཙོ་བོ་སོགས་འཁོར་རྣམས་ཀྱིས་བསྐོར་བའི་དབུས་ནས། ཞུ་བ་པོ་གསང་བའི་བདག་པོས་གསོལ་བ་བཏབ་པའི་མཐུས། རྒྱལ་བའི་བསྟན་པ་བསྲུང་བ་དང་། འསྔིག་རྟེན་པའི་གཤིན་རྗེ་སོགས་དྲེགས་པ་ཅན་(༣ན)


GLG023_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུ་ཞིང་། བདུད་དང་མུ་སྟེགས་སོགས་གདུག་པ་ཅན་རྣམས་འདུལ་བའི་ཕྱིར། རྩོལ་མེད་ལྷུན་གྲུབ་མཉམ་པ་ཆེན་པོའི་དགོངས་པས། རྩ་རྒྱུད་སོགས་རྒྱུད་རྣམས་གསུངས་པ་ཡིན་ཏེ། །རྩ་རྒྱུད་གླེང་གཞིའི་ལེའུ་ལས། རྡོ་རྗེ་སྙིང་པོ་ཞེས་བྱ་བ་སྟན་ལས་ལངས་ཏེ༔ བཅོམ་ལྡན་འདས་ལ་གསོལ་བ༔ ཀྱེ་ཧོ། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང་༔ ཆོས་སྐུ་ཐུགས་རྗེ་ཆེན་པོས་ཀུན་ཁྱབ་ཀྱང་༔ མ་རྟོགས་སེམས་ཅན་ཐུགས་རྗེས་བསྒྲལ་བའི་ཕྱིར༔ མི་རྟོག་དབྱིངས་ལས་རྫོགས་པའི་སྐུར་བཞེངས་ལ༔ མཉམ་པའི་ངང་ལས་འགྲོ་བའི་དོན་མཛོད་ཅིག༔ ཅེས་གསོལ་བས། དེ་ནས་བཅོམ་ལྡན་འདས་ཉིད་མི་རྟོག་པའི་དབྱིངས་རོལ་པ་ཆེན་པོའི་སྐུར་ཐུགས་རྗེ་ཆགས་པས་བཞེངས་ཏེ། དྲེགས་པ་ཅན་དབང་དུ་བསྡུ་ཞིང་གདུག་པ་ཅན་འདུལ་བའི་ཕྱིར། ཕྱག་རྒྱ་ཆེན་པོ་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ༔ གསང་སྔགས་འདི་དག་ཆེད་དུ་གསུངས་སོ༔ ཞེས་གསུངས་ལ། གླེང་གཞི་འཇིག་རྟེན་དྲེགས་པའི་གཤིན་རྗེ་བཏུལ་ཚུལ་ནི་རྒྱུད་རྣམས་ཀྱི་གླེང་གཞི། སྡིག་པའི་སྐྱེ་རྒྱུད་ཁ་ཐུན་ལོ་རྒྱུས་སོགས་དང་། འཁོན་སྟོན་རྡོ་རྗེ་འཛིན་པས་ནག་པོ་དྲ་བ་ཅན་གྱི་རྒྱུད་ཀྱི་ཁུངས་སོགས་དང་སྦྱར་ཏེ་གསུངས་པ་སོགས་གཤེད་སྐོར་སྤྱི་བྱེ་བྲག་གི་བཤད་ཚུལ་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གཉིས་པ་ནི། གསང་བའི་བདག་པོས་དོན་བསྡུས་ཏེ། འོག་མིན་གྱི་གནས་སུ་ལྷའི་བུ་ཚངས་པ་དང་ཉི་མ་སོགས་ལྷ་རྣམས་ལ་བཤད་ཅིང་། ལྷའི་བུ་བདེ་བ་མཆོག་ལྡན་གྱིས་རྫུ་འཕྲུལ་གྱི་མཐུས་ཨོ་རྒྱན་གྱི་ཡུལ་དུ་མཁའ་འགྲོ་མ་ཟླ་བའི་འོད་ཟེར་ལ་སོགས་ལ་གསུངས་སོ། །(༣བ)


GLG023_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ལ་རྒྱ་བལ་དུ་བྱུང་ཚུལ་དང་། བོད་དུ་བྱུང་ཚུལ་ལོ། །དང་པོ་ནི། འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་མཁའ་འགྲོའི་སྲས་སུ་འཁྲུངས་པ། གསང་བའི་བདག་པོས་དབང་བསྐུར་ཞིང་རིགས་འཛིན་གྱི་སྐུ་བརྙེས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་བརྟུལ་ཞུགས་ཀྱི་སྤྱོད་པས། མིག་གི་ལྟ་སྟངས་ཙམ་གྱིས་ཀྱང་ཁ་ཆེའི་རྒྱལ་པོའི་ལུས་ཚལ་བར་བཀས་པའི་མཐུ་མངའ་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་དང་ལྡན་པའི་སློབ་དཔོན་ཆེན་པོ་འདིས་མཁའ་འགྲོའི་བརྡ་ཡིག་ལས་མི་ཡུལ་དུ་བསྒྱུར་ཅིང་། རྒྱུད་མན་ངག་ཏུ་བསྡེབས་པ་ཡིན་ལ། ཁ་ཐུན་གྱི་ལོ་རྒྱུས་ཆེན་མོར། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར། ཉིན་འོད་ཆགས་ཤིང་མཚན་མེ་འབར་བ་གཟིགས་པས། དེར་བྱོན་པ་ན། མཁའ་འགྲོ་རྣམས་ཀྱིས་གཤིན་རྗེ་རྩ་བའི་རྒྱུད་འབུམ་པ་སོགས་རྩ་རྒྱུད་ཐམས་ཅད་ཕུལ་ཞིང་། ཕྱི་རབས་ཀྱི་དོན་དུ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་མཛད་པར་བཤད་པ་ཚིག་རིགས་མ་གཏོགས་དོན་གཅིག་པར་སེམས་སོ། །དེ་ཉིད་ཀྱིས་སློབ་དཔོན་པདྨ་ལ་གནང་ཞིང་། སློབ་དཔོན་འདི་ནི་རྒྱལ་བ་ཀུན་གྱི་གསང་བ་གསུམ་གྱི་ཡོན་ཏན་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་ཡིན་པས། འགྲོ་བ་སོ་སོའི་སྣང་ངོ་དང་འཚམ་པའི་སྐུའི་བཀོད་པ་དང་མཛད་པ་མཐའ་ཡས་པ་སྟོན་ནའང་། གཟུར་གནས་ཚད་ལྡན་ལ་ཡོངས་སུ་གྲགས་པར། དྷ་ན་ཀོ་ཤའི་མཚོ་གླིང་དུ་པདྨའི་སྡོང་པོ་ལས་འཁྲུངས་ཤིང་། རྒྱལ་པོ་ཨིནྡྲ་བྷོ་ཏིའི་སྲས་སུ་མངའ་གསོལ་ཡང་། རྒྱལ་སྲིད་སྤངས་ཏེ་རྒྱ་གར་ཕྱོགས་བཞི་དབུས་དང་ལྔར་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས། ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་བྱིན་གྱིས་བརླབས། རྡོ་རྗེ་ཕག་མོའི་ཞལ་མཐོང་ཞིང་དངོས་གྲུབ་ཐོབ་པས་དྲེགས་པ་ཅན་བྲན་དུ་འཁོལ་བ། ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ། རྒྱ་གར་གྱི་མཁས་གྲུབ་རྣམས་ལས། ཤེས་བྱའི་གནས་མཐའ་དག་ལ་སྒྲོ་འདོགས་གཅོད་པའི་(༤ན)


GLG023_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བསྟན་ཅིང་། སྐྱེ་འཆི་མེད་པ་ཚེའི་རིགས་འཛིན་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་སློབ་དཔོན་འདི་ཉིད་ཀྱིས་བལ་ཡུལ་ཡམ་བུའི་རྒྱལ་རིགས་ལས་གནས་ལྔ་མཁྱེན་ཅིང་མཆོག་གི་གྲུབ་པ་བརྙེས་པ་འཁོར་འདས་ཡོངས་ཀྱི་སྲོག་ལ་མངའ་སྒྱུར་བའི་སློབ་དཔོན་བྷ་སུ་དྷ་ར་ལ་གནང་བ་ཡིན་ནོ། །འཁོན་སྟོན་རྡོ་རྗེ་འཛིན་པ་ཆེན་པོས། རི་མེ་རི་འབར་བའི་རྩེ་མོར། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གཙུག་ལག་དཔལ་དགེ་ལ་གནང་། དེས་གནས་དེ་ཉིད་དུ་སློབ་དཔོན་པདྨ་ལ་གནང་བར་གསུངས་པ་ནི། མེའི་སྤུ་གྲིའི་གདམས་པ་འདི་སློབ་དཔོན་གཙུག་ལག་དཔལ་དགེས་རྒྱུད་ལས་བསྡུས་ཏེ་སློབ་དཔོན་པདྨ་ལ་གནང་བ་ལྟ་བུས་མཚོན་ཏེ། གཤེད་སྐོར་འགའ་ཞིག་དེ་ཉིད་ལ་སློབ་དཔོན་པདྨས་གསན་པ་ཡིན་ལ། སློབ་དཔོན་པདྨ་ལའང་དེ་ཉིད་ཀྱིས་གསན་པ་ཡིན་ཏེ། ལས་བྱང་སྔ་མ་བརྒྱུད་མཆོད་ལས། ཨོ་རྒྱན་པདྨ་གཙུག་ལག་དཔལ་དགེ་ལ། །ཞེས་པས་ཀྱང་ཤེས་སོ། །གཞན་ཡང་སྤྱི་སྤྱོད་འཕྲུལ་གྱི་ལྡེ་མིག་ལས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འསྔལ་དཔལ་གཤིན་རྗེའི་རྒྱུད་ལེའུ་སྟོང་ཕྲག་བཅུ་དྲུག་པ་ནས། དྲག་པོ་གནམ་ཐོག་གི་སྦྱོར་བ་རང་གཤེད་རང་ལ་དབབ་པའི་རྒྱུད་བཅུ་དྲུག་ལས་རྩ་བའི་རྒྱུད་སྙིང་པོར་ཕྱུང་བ་སྡིག་པ་སྙིང་འཛིངས་འདི་མན་ངག་ཏུ་བསྡེབས་ནས་གཙུག་ལག་དཔལ་དགེ་ལ་བཤད། དེས་ཤཱནྟིཾ་གརྦྷ། དྷ་ན་ད་ལ། ཁྲག་འཐུང་ནག་པོ། བྷ་སུ་དྷ་ར་རྣམས་ལས་རིམ་པར་བརྒྱུད་ནས་གནུབས་ཆེན་གྱིས་གསན་པར་བཤད་དོ། །སྤྱིར་ཡང་ཕྱི་ནང་གསང་གསུམ་གྱི་གདམས་པའི་བརྒྱུད་རིམ་ལ་བརྟགས་ཚེ། ཤཱནྟི་གཾརྦྷ། གཙུག་ལག་དཔལ་དགེ །ཁྲག་འཐུང་ནག་པོ། དྷ་ན་ད་ལ། སློབ་དཔོན་པདྨ་འབྱུང་(༤བ)


GLG023_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོགས་དེའི་དུས་ཀྱི་སློབ་དཔོན་འགའ་ཞིག་གཤེད་སྐོར་གི་ཆོས་བཀའ་ཕན་ཚུན་དུ་གསན་རེས་མཛད་པར་མངོན་པར་མཐའ་གཅིག་ཏུ་མ་ངེས་ཤིང་། ཚིག་ཚོགས་མངས་ཀྱིས་དོགས་པས་ཞིབ་པར་མ་སྤྲོས་སོ། །གཉིས་པ་ལ་གསུམ། སློབ་དཔོན་པདྨ་ལ་བརྟེན་ནས་དར་ཚུལ། སློབ་དཔོན་བྷ་སུ་དྷ་ར་ལ་བརྟེན་ནས་དར་ཚུལ། གཉིས་ཀ་ཟབ་མོའི་གཏེར་དུ་སྦས་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེའི་ཤུགས་ལས་ཁ་བ་ཅན་གྱི་རྒྱལ་པོ་ཁྲི་སྲོངལྡེའུ་བཙན་གྱིས་བོད་ཀྱི་ས་གཞི་འདུལ་བ་དང་། དམ་པའི་ཆོས་དར་བའི་ཆེད་དུ་སློབ་དཔོན་པདྨ་སཾ་བྷ་ཝ་སྤྱན་དྲངས་པ་སྔོན་གྱི་སྨོན་ལམ་མཐུ་བཙན་པའི་ཤུགས་ཀྱིས་བྱོན་ནས་བོད་མུན་པའི་གླིང་ལྟ་བུ་དམ་པའི་ཆོས་ཀྱི་འོད་སྟོང་གིས་དཀར་པོར་མཛད་དེ། རྒྱལ་པོའི་དགོངས་པ་བསྒྲུབས་ཤིང་། ཁྱད་པར་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་རྗེ་འབངས་དགུ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་སྨན་པར་མཛད་པའི་སྐབས་ཀྱི་སྐུ་འཇམ་དཔལ་གཤིན་རྗེ་ལ་མེ་ཏོག་བབས་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་འཇམ་དཔལ་གཤིན་རྗེའི་སྐོར་མཐའ་ཡས་པ་གནང་ཞིང་། ཁྱད་པར་འཇམ་དཔལ་གཤིན་རྗེ་གསང་བའི་རྒྱུད་འཁོར་ལོ་འབུམ་པའི་ལེའུ་ལས་ཕྱུང་བ། དྲག་པོ་གནམ་ལྕགས་ཐོག་གི་སྦྱོར་བ་རང་གཤེད་ནག་པོ་དྲག་སྔགས་རྩ་བའི་རྒྱུད་ཀྱི་སྙིང་པོ་སྡིག་པ་སྙིང་ལ་རུ་འཛིངས་འཁྲུལ་འཁོར་ནག་པོའི་རྒྱུད་ལས་བཏུས་པ་མན་ངག་རྩ་བ་གནང་ལ། འདི་ཉིད་དེ་ལས་འཕྲོས་པས་ཕལ་ཆེར་ལྕགས་འདྲའོ། །གཉིས་པ་ནི། དྲེགས་པ་གཉིས་ཀྱིས་གཤིན་ཡུལ་དམེ་ནག་བྱ་བ་ཁྲག་མཚོ་གཏིང་འཁོལ་གྱི་ཞེ་སྡང་ལྕགས་ཀྱི་སྡིག་པར་དཔེ་བྱས་པའི་ཀོ་བསེའི་སྡིག་པའི་སྣོད་(༥ན)


GLG023_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུ་དར་སྔོན་པོ་ལ་གསེར་གྱིས་བྲིས་པའི་ཆོས་སྐོར་བཅུག་སྟེ། ཁྲོ་ཆུའི་སྒྲོམ་བུར་རྒྱས་བཏབ་པ་དུར་ཁྲོད་བསིལ་བའི་ཚལ་དུ་སྦས་པ་སློབ་དཔོན་ཤཱནྟི་ཾགརྦྷས་བཏོན་པ་གནམ་ལྕགས་སྡིག་པའི་ཆོས་སྡེ་འདི། སློབ་དཔོན་པདྨ་བོད་དུ་ཕེབས་སྐབས་ཧ་ཅང་ཟབ་ཅིང་རྣོ་བས་ཐུགས་ལ་གབ་ཅིང་། དུས་དེའི་ཚེ་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉན་པའི་སྟབས་ཀྱིས་བསྐལ་དུས་བཟང་བས་གནུབས་ཀྱིས་ཀྱང་མན་ངག་གི་མཐའ་རྒྱ་གཅོད་པ་མ་བྱུང་ཞིང་། ཕྱིས་གླང་དར་མས་བསྟན་པ་བསྣུབས་པས་དེ་འདུལ་ཆེད་བལ་ཡུལ་དུ་བྱོན་ནས་སློབ་དཔོན་ནོར་འཛིན་ལ་གདམས་པ་ཡོངས་རྫོགས་ཞུས་ཏེ། བལ་སྐད་ལས་བོད་དུ་བསྒྱུར་བ་ཡིན་ཏེ། བཀའ་འབྱེད་ལས། སྐྱེ་བ་དེ་ཡི་སྤུན་ཟླ་ཞིག༔ གནུབས་ཡུལ་རོང་དུ་ཚེ་འཕོས་ནས༔ སངས་རྒྱས་ཡེ་ཤེས་བྱ་བ་འབྱུང་༔ སྨོན་ལམ་ལས་འབྲེལ་དག་གི་མཐུས༔ བལ་ཡུལ་ཡམ་བུའི་ཚལ་དུ་ནི༔ བྷ་སུ་དྷ་ར་ཉིད་དང་མཇལ༔ གཤིན་རྗེ་ཟླ་གསང་ཆོས་སྡེ་བསྒྱུར༔ ཞེས་གསུངས་ལ། སློབ་དཔོན་བྷ་སུ་དྷ་ར་ལ་ལྕགས་སྡིག་ཏུ་མ་ཟད། ལྕགས་འདྲ་ཡང་འགའ་ཞིག་ཞུས་ཏེ། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད་བལ་པོ་བྷ་སུ་དྷ་ར་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་ཀྱིས་བ་ར་ས་རུ་མཁའ་འགྲོ་དང་བཀའ་བགྲོས་ཏེ་བསྒྱུར་བར་བཤད་པས་ཤེས་སོ། །བོད་དུ་བྱོན་དུས། རྒྱལ་པོ་དར་མ་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་ཟིན་འདུག་ནའང་། བར་དེར་རང་གི་སྲས་གཉིས་འབངས་ཀྱིས་ངོ་ལོག་ནས་འཁྲུག་པ་ལ་གྲངས་འདུག་པས་ནུས་མཐུའི་སྒོ་ནས་དགྲ་བོ་གྲོང་ཁྱེར་དང་བཅས་པ་བརླག་པས། བཀའ་འབྱེད་ལས། བན་ཆུང་བདག་(༥བ)


GLG023_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བོད་དུ་འོངས༔ སྒྲགས་ཀྱི་གྲོང་ཁྱེར་བདུན་ཅུ་གཏན་ལ་ཕབ༔ ཅེས་དང་། སྒྲུབ་ཁང་ཕ་མའི་མཁར་ལས་བྱས༔ སྒྲགས་ལ་ནག་པོའི་རྩེ་རུ་ནི༔ ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར༔ སྦྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག༔ ཅེས་སོ། །གསུམ་པ་ལ་གསུམ། གཏེར་སྦས་པ་དངོས། ལས་འཕྲོ་ཅན་གྱིས་བཏོན་ཚུལ། གཏེར་གྱི་ཆོས་རྣམས་གཉན་ཞིང་ཁྱད་པར་འཕགས་ཚུལ་ལོ། །དང་པོ་ནི། ཐང་ཡིག་ལས། གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦས༔ ཞེས་པ་ཙམ་ལས་མ་བྱུང་ཀྱང་། རྫ་ལྷུད་མོ། ཕུང་པོ་རི་བོ་ཆེ། མྱུག་གི་རྡོ་རྗེ་སྒྲོམ་བུ་གསུམ་གྱིས་གཙོ་བྱས་པའི་དབུས་གཙང་གི་གནས་དུ་མར་རྒྱས་བཏབ་པ་ཡིན་ཏེ། བཀའ་འབྱེད་ལས། མ་ཡི་སྐོར་རྣམས་ལྷུད་མོའི་རྫ་ལ་སྦས༔ བུ་ཡི་སྐོར་རྣམས་རྡོ་རྗེའི་སྒྲོམ་བུར་སྦས༔ ཞེས་དང་། གཏེར་བྱང་ལས། གཡུང་གི་ཕུ་ཡི་རྫ་བདུད་ནག་པོ་ལ༔ དམ་ཆོས་བཀའ་རྟགས་བུམ་སྐུར་བཅས་པ་གཏད༔ གཡས་རུ་མྱུ་གུ་རྡོ་རྗེ་སྒྲོམ་བུ་རུ༔ དབང་རྟགས་རྡོ་རྗེ་བཀའ་རུ་བཅས་པ་སྦས༔ གཡས་རུ་གཙང་འཁྲིས་ཕུང་པོ་རི་བོ་ཆེར༔ དབང་རྟགས་བས་སྒྲོམ་སྨུག་པོ་བཅས་པ་སྦས༔ ཞེས་པས་སོ། །གཉིས་པ་ནི། བཀའ་ཐང་ལས། ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུག༔ གཡུང་ཕུ་རྫ་ལྷུད་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་༔ ཞེས་པ་དང་། ཟབ་པའི་ཆོས་དྲུག་གི་དཀར་ཆག་ལས། ང་མིན་ང་ཡི་ཆ་བྱད་ཅན༔ ཤ་ནི་སེར་ལ་སྐྲ་ནི་ལི༔ བོངས་ནི་ཐུང་ལ་གཡས་ནི་དཀར༔ གཡོན་ནི་དམར་བའི་ཤ་མཚན་ཅན༔ སོ་ནི་དཀར་ལ་སོ་ཚགས་དམ༔ སྨེ་བའི་ག་ཤ་(༦ན)


GLG023_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཡི༔ ལོ་ནི་ཁྱི་འབྲུག་ལོ་པ་ལ༔ རུས་རྒྱ་མིང་ནི་ཞང་ཁྲོམ་ཞེས༔ དེ་ལྟ་བུ་ཡིས་རྙེད་པར་ཤོག༔ ཅེས་པ་ལྟར། སྨོན་ལམ་གྱི་མཐུས་གནུབས་ཆེན་ཉིད་རོང་རམ་པ་ཆུ་ཆན་ཁར་རྡོ་རྗེ་འོད་འབར་དུ་སྐྱེ་བ་བླངས་ནས། གནུབས་ཆེན་གྱི་སྤྲུལ་པ་ཞིག་གིས་གྲོགས་བྱས་གཏེར་སྒོ་ཕྱེ་ནས་ཟབ་ཆོས་འགའ་ཞིག་དང་ཁ་བྱང་རྣམས་ཐོན་རིམ་གྱིས་གཏེར་ཆོས་རྣམས་རྫོགས་པར་བཞེས་ཤིང་། སྤྱིར་གཏེར་སྟོན་འདི་ཉིད་ཡོན་ཏན་མཐའ་ཡས་པ་མངའ་ཞིང་། ཁྱད་པར་ནུས་མཐུ་འགྲན་ཟླ་མེད་པས། ཁྲོ་ཆུའི་ལས་རབ་རྒྱ་མཚོ་ལས། ཕྱི་རུ་ལོ་མང་ཞིག་ལོན་པ་ན༔ རྒྱ་ཞང་ཁྲོམ་ཞེས་བྱ་བ་གཤིན་རྗེ་གཤེད་དངོས་སུ་འགྲུབ་པའི་རྣལ་འབྱོར་པ་ཆེན་པོ་ཞིག་འབྱོན༔ དེས་གཏེར་ནས་འདོན་ཅིང་གདམས་པ་ཆེ་བ་བསྟན་པའི་ཕྱིར་གཏོར་མ་དང་བསྐུལ་བྱས་པ་ཙམ་གྱིས་བལ་པོ་དང་གཙང་སྟོད་བར་དུ་བན་བོན་ལྔ་བཅུ་ཞག་བདུན་ནས་འཆི་རྟགས་ཐོན་ངེས་པར་སྒྲོལ་ལོ༔ ཞེས་བཤད་ལ། གཏེར་ཆོས་རྣམས་ལས་ལྡན་གི་སློབ་མ་དུ་མ་ལ་གནང་ཞིང་། གངས་ཅན་གི་ལྗོངས་འདིར་དར་རྒྱས་སུ་གྱུར་པ་ཡིན་ལ། ཁྱད་པར་སེ་སྟོན་ཆེན་པོ་དང་། རིགས་འཛིན་མངའ་རིས་པ་མཆེད་ཡབ་སྲས་རྣམས་རིང་ལུགས་འདི་ཉིད་འཛིན་པར་འགྲན་ཟླ་དང་བྲལ་བ་ཡིན་ཅིང་། གདམས་པ་ཕྲ་མོ་ཚུལ་ལའང་དཀའ་བ་དང་དུ་བླངས་ཏེ་སྒྲོ་འདོགས་བཅད་པས། མངའ་རིས་པཎ་ཆེན་གྱིས། ཁོ་བོ་པདྨ་དབང་རྒྱལ་གྱིས། །ལུས་དང་སྲོག་ལ་གཅིག་མ་བལྟས། །དམ་པའི་ཆོས་ལ་དུང་ངེ་བསམ། །བཞི་བཅུ་རྩ་གསུམ་ལོ་དུས་ལ། །ཕ་ཡུལ་ནོར་རྫས་ཉེ་འབྲེལ་སྤངས། །རྒྱལ་ཁམས་གཡེངས་པས་བླ་མ་རྙེད། །(༦བ)


GLG023_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་བསྐོར་ནས་འཕྲང་ཕུར་བྱིན། །བླ་མ་རྙེད་ནས་གདམས་པ་ཞུས། །རྩ་རྒྱུད་སྡིག་པ་སྙིང་འཛིངས་ལ། །མན་ངག་ཟུར་ཆོས་བརྒྱན་པ་རྣམས། །ངལ་དུབ་སྤངས་ནས་ཞུ་གཏུགས་བྱས། །ཞེས་ཀྱང་གསུངས་ལ། དེ་ཡང་མྱང་དང་ཆོས་དབང་གི་སྐྱེ་སྤྲུལ་མངའ་རིས་པཎ་ཆེན་གྱིས་བསམ་ཡས་དབུ་རྩེ་ནས་རིགས་འཛིན་ཡོངས་འདུས་ཀྱི་ཟབ་གཏེར་དགྲ་བཅོམ་ཟུང་གི་ལྷུང་བཟེད་ཀྱི་ནང་ནས་སྤྱན་དྲངས་ཤིང་། གཏེར་ཁ་དེ་ཉིད་ལས། གློ་བོ་མ་ཐང་ཞེས་བྱའི་ཕུར༔ རྗེ་རིགས་སྔགས་འཆང་རྣལ་འབྱོར་པ༔ ཕ་མ་རྒྱལ་མཚན་གཉིས་ཀྱི་བུ༔ ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན༔ ཞེས་ལུང་ཟིན་འདི་ཉིད་ཀྱི་སྐྱེ་བ་མི་ཉག་བྱང་པ་སྔགས་འཆང་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེས། སེ་སྟོན་པ་དང་རིགས་འཛིན་སྐུ་མཆེད་ཀྱི་གཤེད་སྐོར་གྱི་བདག་པོར་གྱུར་ཅིང་། དེར་མ་ཟད་སྤྱིར་ཡང་། སློབ་དཔོན་ཆེན་པོའི་སྤྲུལ་པར་ནི། མྱོང་གྲོལ་པདྨ་རཱ་ག་དང་ལྷན་ཅིག་ཏུ་བྱོན་པའི་ལུང་བསྟན་ལས། ད་ལྟའི་མགོ་ནག་སྤྱི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ དམ་རྫས་འདི་དག་འཕྲད་པའི་སྐྱེས་བུ་དེ༔ སྐྱེ་བ་དུ་མར་ཟབ་གཏེར་ལ་སྤྱད་པས༔ སྐུ་ཡི་གཟི་བརྗིད་མཚན་རྟགས་བཅུ་གསུམ་ལྡན༔ བདེན་པའི་ངག་འགྲུབ་སྒྲ་དབྱངས་ཚངས་པའི་གསུང་༔ ཐུགས་ཀྱི་བྱིན་རླབས་དགོངས་པའི་གཏིང་དཔག་དཀའ༔ བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་སྟེ། འཕྲིན་ལས་རྣམ་པ་ལྔ་ལ་རང་དབང་སྤྱོད༔ ཅེས་དང་། སྔོན་བྱོན་གཏེར་ཁ་ཕལ་ཆེར་གྱི་བཀའ་བབས། བྲག་ལྷང་ལྷང་མའི་གཏེར་ཁ་ལས། སྔོན་དུ་བྱུང་བའི་ཟབ་གཏེར་མཐའ་དག་གི༔ བཀའ་བབས་(༧ན)


GLG023_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་མི་ནུབ་རྒྱལ་མཚན་ཚུགས༔ ཞེས་གསལ་བར་བྱུང་བ་ཡིན་ནོ། །གཏེར་སྟོན་ནས་རིམ་པ་བར་མ་ཆད་དུ་བྱོན་པའི་བླ་མ་རྣམས་ཀྱི་མཚན་དང་གོ་རིམ་ཙམ་ནི་གཞུང་སོ་སོའི་སྐབས་དང་། བླ་བརྒྱུད་གསོལ་འདེབས་རྣམས་ཀྱི་སྐབས་སུ་ཤེས་ཤིང་། རྒྱུད་མན་ངག་གསན་ཚུལ་སོགས་རྒྱས་པ་ནི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་ལ། སོ་སོའི་རྣམ་ཐར་ཆོས་འབྱུང་དུ་ཤེས་པར་བྱའོ། །གསུམ་པ་ནི། གཏེར་ཆོས་རྣམས་བཀའ་མ་ལྟར། སློབ་དཔོན་གཞན་གྱིས་རང་བཟོའི་བསླད་པ་འཇུག་མི་ཐུབ་པས་བྱིན་རླབས་ནུས་མཐུའི་དྲོད་མ་ཡལ་ཞིང་། བཀའ་སྲུང་གཉན་པས་གཏེར་སྟོན་ནས་བཟུང་སྟེ། རྗེས་འཇུག་སློབ་བུ་མཐའ་དག་ཀྱང་བྱུང་རྒྱལ་དུ་སྤྱོད་པ་རང་ཉིད་ཕུང་བས། ཞིབ་ཏུ་དཔྱོད་དགོས་པར་གསུངས་ཏེ། ཞལ་གདམས་ལེའུ་ལས། གཏེར་ཆོས་འདི་ཉིད་ཤིན་ཏུ་གཉེན་པ་སྟེ༔ དཔེར་ན་དུག་སྦྲུལ་མགོ་ཡི་ནོར་བུ་འདྲ༔ ཐབས་ལ་མཁས་ན་ནོར་བུ་ལོན་པས་འཚེངས༔ ཐབས་མ་མཁས་ན་དུག་གིས་འཆི་བར་བྱེད༔ དེ་བཞིན་ཡང་ན་འཚེངས་ལ་ཡང་ན་ཕུད༔ ཕུང་འཚེང་ནུས་པ་རིན་ཆེན་ས་ཡི་གཏེར༔ ཞེས་དང་། དེ་བས་ང་ཡི་གཏེར་ཆོས་ཤིན་ཏུ་གཉན༔ དུག་གིས་ལྟོ་ཡོང་རྨ་བྱ་ཙམ་ལས་མེད༔ ཅེས་དང་། ཐུགས་རྗེ་ཆེན་པོ་པདྨའི་དབང་ཕྱུག་གི་ལུང་བསྟན་ལས། གཏེར་གྱི་ཆོས་འདི་ཤིན་ཏུ་གཉན༔ རིན་ཅེན་སྦྱོར་བའི་བཅུད་ལེན་ནི༔ རྙེད་པར་དཀའ་ཞིང་འཇུ་བའང་དཀའ༔ ཞེས་སོགས་ལྟར་ཡིན་ལ། རིགས་འཛིན་རཏྣ་གླིང་པས་གནམ་སྐས་ཅན་ནས་བཞེས་པའི་ཞལ་གདམས་གསལ་སྒྲོན་ལས། ཕུར་པ་ཡང་དག་བདུད་(༧བ)


GLG023_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་གཤིན་རྗེ་དང་༔ མ་མོ་ལ་སོགས་བཀའ་བརྒྱུད་རིམ་པར་སྤེལ༔ ཤིན་ཏུ་ཟབ་པའི་མཐར་ཐུག་སྙིང་པོ་རྣམས༔ སྤྱིར་ཡང་བོད་རྣམས་གསར་དད་ཆེ་བ་དང་༔ སྙིགས་མའི་འགྲོ་བ་ལྷག་པར་སྙིང་རྗེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ ཅེས་དང་། སྤྲུལ་སྐུ་མངའ་བདག་མྱང་གི་ཆོས་འབྱུང་ནོར་བུའི་ཕྲེང་བར། ད་ལྟ་རྒྱལ་ཁྲིམས་གཉན་པས་སྲོག་སེར་གཏད་མི་དགོས༔ དུས་ངན་བྱུང་ཚེ་དགོས་པས་གཏེར་དུ་སྦས༔ ཞེས་པ་ལྟར་ཚེ་གཅིག་སངས་རྒྱས་ཐོབ་པའི་གདམས་པ་དང་འཕྲིན་ལས་རྣམ་བཞི་གྲུབ་པའི་མན་ངག་དཔག་ཏུ་མེད་པ་གཏེར་དུ་སྦས་པའི་ཆས་སྣ་རེས་ཀྱང་དངོས་གྲུབ་ཐོབ་པས་གཏེར་ལ་ཐོས་བསམ་བགྱིས་པ་ལས་ལྡན་དུ་ངེས་པས་ན་ཁྱད་པར་དུ་འཕགས་ཏེ། རཏྣའི་དབང་ཆེན་གསང་འདུས་ཐེམ་བྱང་རིན་ཅེན་གཏེར་མཛོད་ལས། ཁྱད་པར་ང་ཡི་གཏེར་ཆོས་སེལ་མེད་དང་༔ འཕྲད་དང་འབྲེལ་ཚད་སྦྱངས་པ་སྔོན་སོང་ཡིན༔ དེ་ཕྱིར་ལས་སད་སྐྱེས་བུ་མ་གཏོགས་པ༔ རྟོག་གེ་ཐ་སྙད་མཁན་དང་ཚིག་ཕྱིར་འབྲང་༔ བསག་མེད་ཕལ་པའི་འགྲོ་བ་མོས་མི་འགྱུར༔ ཞེས་དང་། གསལ་སྒྲོན་ལས། མ་འོངས་དུས་སུ་རྟོག་གེ་ཐ་སྙད་མཁན༔ སྒོམ་ཆེན་ལ་སོགས་ཕྱོགས་རིས་དྲེགས་པ་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང་༔ སྙིགས་མའི་ཆོས་བྱེད་ཕལ་ཞིག་གཏེར་གྱིས་འདྲེན༔ ཟབ་ལ་ཁ་ཚར་མ་བསྒྲིགས་མཐའ་རྒྱས་ཤིང་༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་ཟད་སྐལ་ལྡན་སྦྱངས་པ་ཅན། འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོང་༔ ཚེ་གཅིག་ཐར་ལམ་ཐོབ་བོ་རྗེས་འཇུག་རྣམས༔ སྙིགས་དུས་(༨ན)


GLG023_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལ་མོས་པའི་སྐལ་ལྡན་རྣམས༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་ཐེབས༔ ཐམས་ཅད་ལས་ཅན་ཡིན་ནོ་དགའ་བ་སྒོམས༔ ཞེས་གསུངས་སོ། །བཞི་པ་ནི། ཐེག་པ་རིམ་པ་དགུ་ལས། བླ་མེད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས། སྐུའི་སྒྲུབ་པ་རྡོ་རྗེ་ཐོགས་མེད་ཅེས་བྱ་བ། དེ་ལ་ཡང་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་ལ། བསྐྱེད་རྫོགས་གསུམ་ལས་ཚུལ་ཨ་ནུ་དང་མཐུན་ཞིང་། ལྟ་བ་ཨ་ཏི་ལྟར་ཉམས་སུ་ལེན་པ་ཡིན། དགོས་ཆེད་ནི། ལོག་པར་འདྲེན་པའི་དགྲ་བགེགས་བདུད་སྡེའི་དཔུང་རྣམས་འཇོམས་ཤིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྲུང་བ་དང་། ལམ་སའི་བར་ཆད་སེལ་བ། བདུད་བཞི་བསྒྲལ་རྟེན་མཐར་ཐུག་གདོད་མའི་ཡེ་ཤེས་མངོན་དུ་བྱ་བའི་ཆེད་དུའོ། །སྨྲས་པ། ངོ་མཚར་གཏམ་གྱི་སྐྱེད་ཚལ་རྫིང་བུ་རུ། །གསང་ཆེན་ཆོས་ཀྱི་བྱུང་ཚུལ་པད་དཀར་ཕྲེང་། །ཚིག་སྦྱོར་བསྡེབས་པའི་འདབ་སྟོང་བཞད་པ་ན། །དཔྱོད་ལྡན་རྐང་དྲུག་གླུ་དབྱངས་ཅིས་མི་སྒྲོག །གཞན་དག་མཐོང་མ་ཐག་ཏུ་ཁྱི་ངན་རྣམས། །རྨུག་པའི་ཐོག་མར་ཀུ་ཅོ་འདོན་པ་ལྟར། །ཚད་ལྡན་བརྒལ་བརྟགས་མེད་པར་གཞན་གྱི་ཆོས། །སྙིང་ནས་འཕྱ་སྨོད་བྱེད་པའི་བླུན་པོ་མང་། ཁུངས་དང་རྒྱུ་མཚན་བྲལ་ཡང་གཞན་དག་རྣམས། །སུན་འབྱིན་འཕྱ་གཏམ་ཕྱོགས་ལྷུང་སྐྱེ་བོའི་དབུས། །སྒྲོགས་པའི་གླེགས་བམ་ལྷུར་ལེན་མཁས་རློམ་དག །ངན་འགྲོའི་ས་བོན་བསྐྲུན་ལས་གྱི་ནར་སྡོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཚུལ་དེ་ལྡན་གྱི་རྣམ་ངེས་དངོས་བཤད་པ་ལ་གསུམ། གང་གིས་བསྒྲུབ་པའི་(༨བ)


GLG023_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོའི་མཚན་ཉིད། གང་དུ་བསྒྲུབ་པའི་གནས། གང་ལྟར་བསྒྲུབ་པའི་ལས་ཀྱི་རིམ་པའོ། །དང་པོ་ནི། ཆོས་ཚན་ཉེར་ལྔའི་སློབ་བུའི་འདོད་པ་བརྟག་ཐབས་ལས། སྡིག་ལ་མི་དད་སྙིང་རྗེ་ཅན༔ མི་རྟག་ཤེས་པ་འཛིན་པ་མེད༔ ཚིག་ལ་མི་གཉེར་དོན་ལ་གཉེར༔ རྒྱུད་འཇམ་སྤྱོད་པ་དལ་བ་རྣམས༔ དམ་ཚིག་ཅན་གྱི་སྣོད་ལྡན་ཡིན༔ ཞེས་དང་། དད་པ་ཆེ་ཞིང་གཟུངས་ཐོབ་བློ་བརྟན་པ༔ དམ་ཚིག་གཙོར་འཛིན་སྒོམ་སྲན་ཆེ་བ་དང་༔ ཞེས་པ་ལྟར། ཐེག་པ་རིམ་པ་དགུ་ལས། སྙིང་པོའི་ཐེག་པ་རྣམས་ལ་ལྷག་པར་མོས་ཤིང་མི་ལྡོག་པའི་དད་པ་དང་། རྒྱུད་མན་ངག་ཐམས་ཅད་ལ་ཕྱོགས་མེད་དུ་བསླབ་པའི་ཤེས་རབ་ཀྱི་རྩལ་ཁ་ཅན། སྙིང་རྗེ་ཆེ་ཞིང་དམ་ཚིག་ལ་གཅེས་སྤྲས་སུ་བྱེད་པ་སོགས་ཡོན་ཏན་དུ་མས་ཕྱུག་པའི་སྣོད་ལྡན། རྡོ་རྗེ་སློབ་དཔོན་རྒྱུད་མན་ངག་གི་ཚིག་དོན་གྱི་ཆ་ལ་སྒྲོ་འདོགས་ཆོད་ཅིང་རྟོགས་པ་ཁྱད་པར་ཅན་དང་ལྡན་པས་རྗེས་སུ་བཟུང་སྟེ། སྨིན་བྱེད་ཀྱི་དབང་དང་ཞལ་གྱི་གདམས་པ་སོགས་དིང་སང་གི་མཁས་རློམ་རྣམས་ཀྱི་ལུགས་ལྟར་ཐོས་ལོ་ཙམ་ལྷུར་ལེན་པ་མ་ཡིན་པར་གབ་སྦས་མེད་པར་ལེགས་པར་ཐོབ་པ། བསྙེན་པ་སོང་ཞིང་ལྟ་བའི་གདེངས་དང་ལྡན་པ་ཞིག་གིས་བསྒྲུབ་པ་ཡིན་ཏེ། ཟླ་གསང་རྩ་བའི་རྒྱུད་ལས། ལྟ་བ་དབང་བགྲོད་དམ་ལྡན་པས༔ སེམས་ཀྱི་འདུ་འཛི་མེད་པ་རུ༔ དཔའ་བརྟུལ་སྔགས་ཀྱི་དམོད་པ་དཔབ། །ཅེས་དང་། མན་ངག་ལས། ཐོག་མར་ཤེས་ལྡན་སྨིན་པ་ཡི༔ རིགས་ལྡན་རྣལ་འབྱོར་བརྟུལ་ཞུགས་ཅན། །ཞེས་གསུངས་སོ། །དེའང་སེ་སྟོན་ཆེན་པོས། ལྟ་བ་དེ་ཁོ་ན་ཉིད་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་པ་ནི་(༩ན)


GLG023_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཡིན་ལ། མིན་ནའང་ལྟ་བའི་དོན་སྤྱི་ངེས་པོར་བྱས་པ་ནི་ཤིན་ཏུ་གལ་ཆེ་སྟེ། །དྲག་པོའི་ལམ་ཀུན་ཏུ་ལྟ་བའི་རྩིས་ཟིན་པར་བྱེད་དགོས་པའི་ཕྱིར་རོ། །བསྙེན་པ་ཡང་འཕྲིན་ལས་ཉམས་སུ་བླང་བ་ཙམ་ལ་ནི། གྲངས་བསྙེན་ཙམ་སོང་ཡང་། ཆོ་ག་ལ་ལས་སྦྱོར་ཉམས་སུ་བླང་བ་ཡིན་ན་མཚན་མ་ངེས་པར་ཐོབ་དགོས་སོ། །ཞེས་རྣམ་ངེས་རིན་ཅེན་སྒྲོན་མེར་གསུངས་པ་ནི་ཤེས་རབ་དག་སྙིང་ལ་བཅང་བར་བྱའོ། །གཉིས་པ་ལ་གཉིས། དངོས་དང་། ཡོ་བྱད་བཤམས་པ་གཉིས་ཀྱི་དང་པོ་ནི། གོང་དུ་སེམས་ཀྱི་འདུ་འཛི་མེད་པ་རུ་ཞེས་པའི་དོན། ཡུལ་གྲོང་འདུ་འཛི་ཅན་དང་། ཆགས་སྡང་དམ་སེལ་ཡོད་པ། མུ་སྟེགས་ལོག་ལྟའི་གནས་སོགས་སྒོ་དུ་མ་ནས་སེམས་གཙེར་བར་བྱེད་པ་མེད་པའི་སར་བསྒྲུབ་དགོས་པས། རྒྱུད་ལས། དབེན་ཞིང་ཉམས་དགའི་གནས་དག་ཏུ༔ ཞེས་གསུངས་ཏེ། དེའང་སྤྱིར་དམ་པ་གོང་མའི་སྒྲུབ་གནས་སུ་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པ་གནས་ཀྱིས་གང་ཟག་བྱིན་གྱིས་བརླབས་པ་ཡིན་པས། སློབ་དཔོན་ཆེན་པོར་མངའ་བདག་གིས་ཞུས་པར། ལས་ཅན་དོན་དུ་རི་བྲག་ལུང་བ་རྣམས། ཨོ་རྒྱན་ཉིད་ཀྱིས་སྒྲུབ་པའི་བྱིན་གྱིས་བརླབས། །ཐུགས་རྗེས་བཟུང་བས་བར་ཆད་མི་འབྱུང་ཞིང་། །གནས་རྣམས་ཀུན་ཏུ་སྒྲུབ་པ་འཕེལ་མོད་ཀྱང་། ཁྱད་པར་འཕགས་པའི་སྒྲུབ་གནས་གང་ལ་བགྱི། །ཞེས་པ་ལྟར་ཡིན་ཞིང་། དེའང་སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཁྱད་འཕགས་ནི། མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནས། །ཞེས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་གནས་ལྔ། འདི་གསུམ་གནས་(༩བ)


GLG023_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆོག་ཐུན་གང་བསྒྲུབ་པ༔ སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེད༔ ཅེས་པའི་དབང་པོ་རབ་ཀྱི་གནས་གསུམ་གྱིས་གཙོ་བྱས་པའི་མདོར་ན། ལུང་ལྔ་གླིང་གཅིག་ལྗོངས་གསུམ་གངས་ཉི་ཤུ༔ ཞེས་སོགས་སློབ་དཔོན་སངས་རྒྱས་གཉིས་པའི་སྒྲུབ་གནས་ཀྱིས་མཚོན་ཏེ། བླ་མ་གོང་མ་རྣམས་ཀྱི་གནས་ཁྱད་པར་ཅན་དུ་བོགས་ཆེ་ཞིང་། ལས་དང་པོ་པས་དེ་རྣམས་མ་གྲུབ་ནའང་། ཉམས་དགའ་བ་ཤིན་ཏུ་འཇམ་པའི་ས་ཕྱོགས་སུ་བསྒྲུབས་པས་བར་ཆད་ཉུང་བའི་དགོས་པ་ཡོད་ཅིང་། གདེངས་ཅུང་ཟད་རྙེད་དམ། དྲག་པོའི་ལས་ལ་སྦྱར་བའི་དུས་སུ་དུར་ཁྲོད་དང་། རིའི་དབྱིབས་རྩུབ་ཅིང་ས་གྲུ་གསུམ་གྱི་རྣམ་པ། དྲེགས་པ་ཅན་རྒྱུ་བའི་དྲག་པོའི་གནས་སུ་བསྒྲུབས་པས་རྟོགས་པ་འཕེལ་ཞིང་ལས་མྱུར་དུ་འགྲུབ་པ་ཡིན་ཏེ། སྒྲུབ་ཐབས་པས། གནས་ནི་དུར་ཁྲོད་དུ་བྱ། བྲག་རི་ནག་པོ་མོན་པ་ཁྲོས་པ་འདྲ་བའམ། ལྷོ་ཕྱོགས་སུ་ཁ་བལྟས་པ་ཤིན་ཏུ་གཉན་སར་ཕྱིན་ལ། ཞེས་དང་། ཕུར་བུ་ཡང་གསང་བླ་མེད་ཀྱིས་དཔྱད་ལས། དུར་ཁྲོད་འཇིགས་པ་ཤིན་ཏུ་གཉེན་པའི་སར། དེར་རྟོགས་ལྡན་གྱི་རྣལ་འབྱོར་པ་བོགས་འདོན་པའི་གནས་སུ་ལེགས་ཞེས་བཤད་ཅིང་། བྱེ་བྲག་སྒྲུབ་པ་ཆེ་ཕྲ་རྣམས་ཀྱི་གནས་བཟང་ངན་དང་སྤང་བླང་ནི་གཞན་དུ་བལྟ་བར་བྱའོ། །གཉིས་པ་ནི། གནས་ཁང་ཕྱག་བདར་བྱས་ལ། དེར་སྟེགས་བུའི་ཁར་རཀྟས་ཆག་ཆག་གདབ། ཐོད་པ་མཚན་ལྡན་དུ་དཔལ་བཤོས་ནག་པོ་ཟུར་གསུམ་པ་མེ་ཐབ་སྐྱུས་བསྐོར་བ་ལ་ཤ་ཁྲག་དང་སྙིང་ནས་བརྒྱན་པ། སྨན་རཀ །གཞན་ཡང་དུག་གི་མེ་ཏོག་སྔོན་པོ་དང་ནག་པོ། ཚིལ་བུའི་གསུར། ཞུན་གྱི་མར་(༡༠ན)


GLG023_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མེ། ཁྲག་གི་ཨརྒྷཾ། དྲི་ཆུའི་བསང་ཆབ། ཐོད་རྔ་དང་རྐང་གླིང་ལ་སོགས་པ་ཅི་རིགས་པ་བཤམ། ཐོད་པ་ཞིག་ཏུ་མོན་ནམ་རབས་ཆད་སོགས། སྐྱེས་པའི་གྲི་སྙིང་། གཡག་ནག་པོའི་སྙིང་དང་གསུམ་ལ་དར་ནག་གི་དགབ། ཐུན་མོང་སྤྱིའི་མཆོད་པ་ལྔའང་བཤམ་མོ། །ཟོར་ལས་བྱེད་ན། དུག་ཁྲག་དང་གཡག་རུ། ཟོར་གཏོར། སྐམ་ཐུན་ལ་སོགས་པའང་བཤམ་པར་བྱའོ། །ཞེས་རྣམ་ངེས་རིན་ཆེན་སྒྲོན་མེར་ནུབ་ཕྱོགས་སིང་གྷ་ལའི་དམར་སྨུག་བྱུ་རུའི་ཚལ་གྱི་དགོན་པར། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས་ནས་བཤད་པ་བཞིན་དོན་བསྡུས་ཏེ་བཀོད་པ་ཙམ་ལས་གསལ་བ་ཞིག་མི་འདུག་ལ། འོན་ཀྱང་རིགས་འཛིན་དབང་པོའི་སྡེས་རིན་ཆེན་སྒྲོན་མེའི་དགོངས་དོན་དང་། བླ་མ་དམ་པའི་ཞལ་བཞེས་ལྟར་དྲི་མ་མེད་པའི་ཕྱག་ལེན་དུ་མཛད་པར། གཏོར་མ་ལ་སྒྲུབ་གཏོར་དང་མཆོད་གཏོར་གཉིས་སུ་བཤམ་ཞིང་། །སྒྲུབ་གཏོར་ལའང་རྒྱས་བསྡུས་གཉིས་སྣང་བ་སྐབས་དང་སྦྱར་ཏེ་གང་བདེ་བཤམས་ལ།ཤ་ཆེན་དང་སྦྱར་བའི་བམ་མཐུ་ཆེན་སྡེ་བཞིའི་གཏོར་མ། བདུད་རྩི་ཆོས་སྨན་བསྲེས་པའི་སྨན་ཕུད། །དམར་ཆེན་དང་སྦྱར་བའི་རཀྟ། ཕྱི་ནང་གསང་བའི་མཆོད་པ། གཏོར་མའི་བཟོ་དབྱིབས། སོ་སོའི་མཐུན་རྫས། གོ་རིམ། གཤམ་ཚུལ་གྱི་ཞིབ་ཆ་མཐའ་དག་མཐོང་བརྒྱུད་ཀྱི་ཕྱག་ལེན་འཕྱུགས་མེད་དུ་གནང་བ་ལྟར་བྱ་ཞིང་། བདག་མདུན་གཉིས་ཀའི་ཞིབ་པ་ལོགས་སུ་ཤེས་སོ། །གསུམ་པ་གང་ལྟར་བསྒྲུབ་པའི་ལམ་གྱི་རིམ་པ་ལ། སྔོན་དུ་འགྲོ་བ། དངོས་གཞི། རྗེས་ཀྱི་ཆོ་ག་དང་གསུམ་གྱིས་ཉམས་སུ་བླང་བར་(༡༠བ)


GLG023_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་དང་པོ་ལ་གསེར་སྐྱེམས་བཏང་བ། འཇམ་དཔལ་ཞི་བ་བསྐྱེད་ཅིང་རྒྱུད་བཀླག་པ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཚད་མེད་བཞི་བསྒོམ་པ། ཡན་ལག་བརྒྱད་པ་བྱ་བ། མཚམས་བཅད་པ། བཤགས་པ་བྱ་བ། དམ་བཅའ་བ། བྱིན་དབབ་པ། མཆོད་གཏོར་བྱིན་གྱིས་བརླབ་པའོ། །དང་པོ་ནི། ཛ་གད་བྱིན་གྱིས་བརླབས་ལ་ཕུད་མཆོད་ཚུལ་བཞིན་དུ་བྱས་ཤིང་། སྡེ་བརྒྱད་ཆ་མཉམ་པར་བྱའོ། །གཉིས་པ་ནི། ཨཱོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པའི་འཕྲོ་འདུས། བདག་ཉིད་འཇམ་དབྱངས་སུ་གསལ་བའི་མདུན་དུ་བཅོམ་ལྡན་ཤཱཀྱ་ཐུབ་པ་འཁོར་བཅས་གསལ་བཏབ་སྟེ། དངོས་སམ་ཡིད་ཀྱིས་མཆོད་པ་ཕུལ། ཡིད་མོས་པ་བརྟེན་པ་དང་བཅས་པས་རྒྱུད་རྒྱས་བསྡུས་ལོང་སྐབས་དང་བསྟུན་ནས་བརྗོད་རྗེས། སྔོན་དུས་རྒྱལ་བས་རི་བོ་བྱ་རྐང་དུ་ཞེས་སོགས་ཀྱི་སྨོན་ལམ་བྱ་བ་ཡིན་ལ། འོན་ཀྱང་ལས་བྱང་འདིར་ཆོ་ག་ཟོར་ཡང་ཕྱིར་ཚིག་ཚོགས་ཉུང་བས་དོན་མདོར་བསྟན་པ་ཡིན་ཞིང་། དམིགས་པའི་གསལ་འདེབས་ཞིབ་པ་ནི། དབང་པོའི་སྡེས། བདག་གི་མདུན་དུ་རྩ་བ་སྲ་བརྟན་དཔག་བསམ་ཤིང་། །ཡལ་ག་ལོ་མ་མེ་ཏོག་འབྲས་བུ་ཕུན་ཚོགས་པ། །དེ་ཡི་དཀྱིལ་སྟོད་སྟོན་པ་བཅོམ་ལྡན་ཤཱཀྱ་ཐུབ། །གཡས་གཡོན་བྱང་སེམས་འཇམ་པའི་དཔལ་དང་སྤྱན་རས་གཟིགས། །རྒྱབ་ཏུ་ཉན་ཐོས་དང་ནི་རང་སངས་རྒྱས་ཀྱི་ཚོགས། །གུས་པས་ལུས་བཏུད་མཐུ་ལྡན་ཕྱག་ན་རྡོ་རྗེ་མདུན། །སྟེང་ཕྱོགས་ཤིང་གི་རྩེ་མོར་དེ་བཞིན་གཤེགས་མང་པོ། །གཞན་ཡང་ཡལ་ག་ལ་ནི་ལྷ་ཡི་བུ་བུ་མོ། །མང་པོས་བསྐོར་ཞིང་མེ་ཏོག་ལ་སོགས་མཆོད་པ་འབུལ། །གཙོ་བོས་རྒྱུད་གསུང་ཇི་ལྟར་སེམས་པས་(༡༡ན)


GLG023_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཆེན་སྒྲོག །དགའ་མགུའི་ཚུལ་གྱིས་འཁོར་རྣམས་རྗེས་སུ་ཡི་རང་འདུད། །སྟེང་འོག་རྐན་གཉིས་རྔ་བོ་ཆེ་ལས་རྒྱུད་ཚིག་རྣམས། །ལྕེ་ཡི་དབྱུ་གུས་བསྐུལ་ཞིང་ཆོས་སྒྲས་ཡོངས་གང་གྱུར། །ཞེས་པའི་དོན་བཞིན་མ་ཡེངས་པར་བྱའོ། །དེ་ཡང་སྤྱིར་ལྕགས་འདྲར་འཇམ་དཔལ་ཞི་བ་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་དང་། ལྕགས་སྡིག་ཏུ། །སྟོང་དྲིལ་ཉི་མ་ཤར་བ་ལས། བྱང་ཆུབ་བསྒྲུབ་པའི་ཆོས་སྡེ་ཞེས་པ་བྱུང་ཞིང་། ཁྱད་པར་སྟོད་དྲིལ་གྱི་ཆོས་སྡེར་ནི། འཇམ་དཔལ་རིགས་ལྔའི་སྒྲུབ་པ། བཏགས་གྲོལ། ཚེ་སྒྲུབ། རྡོ་རྗེའི་བཟླས་པ་འཕོ་བ་སོགས་ཤིན་ཏུ་ཟབ་པའི་ཆོས་མང་བས། མཚན་མའི་བག་ཆགས་སྒྲིབ་པ་དག༔ འོད་ལྔ་ཁ་དོག་འཇའ་འོད་འབྱུང་༔ ཞེས་དང་། རིང་བསྲེལ་འཇའ་འོད་རྐང་ནས་འབྱུང་༔ མ་སྨིན་སྔོན་དུ་འགྲོ་བའི་ཆོས༔ ཞེས་ཚེ་གཅིག་བྱང་ཆུབ་བསྒྲུབ་པའི་ཐབས་མཆོག་ཡིན་ལ། སྐབས་འདིར། སྟག་ཚང་བཀྲ་ཤིས་དཔལ་ཕུག་ནས་གཏེར་སྟོན་གསར་བན་ཕྱོགས་མེད་ཀྱིས་སྤྱན་དྲངས་པའི་འཇམ་དཔལ་རྫོགས་ཆེན་གྱི་རྗེས་སུ་འབྲངས་ཏེ་འཕྲིན་ལས་ཀྱི་སྔོན་འགྲོར། དབང་པོའི་སྡེས་བླ་མ་གོང་མའི་མན་ངག་ལ་བརྟེན་ནས་ཕྱག་བཞེས་སུ་མཛད་པ་ནི། ལྗོངས་འདིའི་ཚེ་བདག་མཁན་པོ་གཞན་ལ་མེད་པའི་ཁྱད་ཆོས་སོ། །དེའང་ཞི་བའི་བསྐྱེད་ཆོག་མ་བྱས་ཀྱང་རུང་མོད། བྱས་ན་ལེགས་པ་ནི་ཕྱོགས་འདི་ལ་མཁས་དབང་གི་བཞེད་སྲོལ་ལོ། །གསུམ་པ་ནི། བདག་ཉིད་ཁ་ལྷོར་བལྟ་བས་བདེ་བའི་སྟན་ལ་འདུག་སྟེ་འཁོར་བའི་སྡུག་བསྔལ་གྱི་ངང་ཚུལ་ལ་ཤིན་ཏུ་འཇིགས་པས་སྐྱབས་ཡུལ་ཁྱད་པར་ཅན་རྣམས་ལ་སྐྱབས་སུ་འགྲོ་(༡༡བ)


GLG023_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསམ་པ་བརྟན་པོས། བདག་དང་མཁའ་མཉམ་ལུས་ཅན་མ་ལུས་ཀུན། །ཞེས་སོགས་བརྗོད། བཞི་པ་ནི། རྒྱ་ཆེན་བྱང་ཆུབ་མཆོག་ཏུ་སེམས་མཆོག་བསྐྱེད། །ཅེས་པས་གསལ་བཏབ་སྟེ། དེའང་འཁོར་ལོ་ནག་པོའི་སྒྲུབ་ཐབས་ལས། གང་ཞིག་ལྟ་བ་ངན་པ་ཡིས། །ལོག་པར་ལྟ་བའི་སེམས་ཅན་ལ། །དྲག་པོའི་ཐུགས་རྗེ་བརྟན་པ་དང་། །རང་བྱུང་ཡེ་ཤེས་རྟོགས་བྱའི་ཕྱིར། །ཞེས་དང་། སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝས་མཛད་པའི་ཕྱག་རྡོར་གསང་སྒྲུབ་ལས། གདུག་པ་ཅན་རྣམས་ཚར་གཅོད་པའི། །སྙིང་རྗེ་དྲག་པོ་སྔོན་སོང་ནས། །ཞེས་པ་ལྟར་གདུལ་བྱ་གདུག་པ་ཅན་གཙོ་བོར་གྱུར་པའི་སེམས་ཅན་ལ་སྙིང་རྗེ་བསྒོམ་ཞིང་། སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་འགོད་པའི་ཆེད་དུ་ལམ་འདིར་འབད་དོ་སྙམ་དུ་སྨོན་སེམས་དང་འཇུག་སེམས་བསྒོམ་པར་བྱའོ། །ལྔ་པ་ནི། བྱང་ལུགས་ཀྱི་ལས་བྱང་ཆེན་མོར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ། སོགས་བརྗོད་པ་ཕྱག་ལེན་དུ་ཡོད་པ་ལྟར། འདིར་ཡང་ངག་ཏུ་བརྗོད་ཅིང་ཚད་མེད་པ་སྤྱི་དང་འདྲ་བར་བསྒོམ་མོ། །དེ་སྐད་དུའང་ཁྲོ་འདུས་ལས། བྱང་སེམས་རྣམ་གཉིས་བསྒོམ་པ་དང་། ཚངས་པའི་གནས་བཞི་དྲན་པ་ནི། །སྔོན་དུ་འགྲོ་བའི་ལམ་ཡིན་པས། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཞེས་འབྱུང་ངོ་། །དྲུག་པ་ནི། མདུན་དུ་རིན་ཅེན་ཁྲི་པད་ཉི་ཟླའི་སྟེང་། །ཞེས་སོགས། ཤློ་ཀ་གཅིག་གིས་མདུན་གྱི་ནམ་མཁར་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྤྱི་བོར་བླ་མ་རྡོ་རྗེ་སློབ་དཔོན་བཞུགས་པ། སངས་རྒྱས་བྱང་སེམས་མཁའ་འགྲོ་དམ་ཅན་རྣམས་ཀྱིས་བསྐོར་བ་སྤྱན་(༡༢ན)


GLG023_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་བརྗོད་ཅིང་། ཚོགས་ཞིང་རྣམས་ལ་སྐྱབས་སུ་འགྲོ་བའི་སེམས་དང་ལྡན་པས་ཕྱག་གི་མཆོད་པ། ཐུན་མོང་སྤྱིའི་མཆོད་པ། ནང་དང་གསང་བ་སོགས་ཀྱི་མཆོད་པ་དངོས་སམ་ཡིད་ཀྱིས་སྤྲུལ་ཏེ་འབུལ། དངོས་གྲུབ་འགྲུབ་པའི་བགེགས་སུ་གྱུར་པའི་ཉེས་པ་རྣམས་བཤགས། རྩ་བ་གསུམ་གྱི་ཐུགས་རྗེས་དག་པར་མོས་པ་དང་། གཞན་གྱི་དགེ་བ་ལ་ཡི་རང་བ་དང་། སངས་རྒྱས་ཐོབ་འདོད་ཀྱི་སེམས་བསྐྱེད་ཅིང་། བདག་དང་སེམས་ཅན་ཐམས་ཅད་དུས་གསུམ་དུ་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་ལ་ལུས་དབུལ་བ་སོགས་དགེ་ཚོགས་རྒྱ་ཆེན་པོ་བསྒྲུབས་པའི་འབྲས་བུ་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་འདེབས་པ་ཡིན་ལ། མཐར་ཚོགས་ཞིང་རང་ལ་གཉིས་མེད་དུ་ཐིམ་པའི་ངང་ལ་ཅུང་ཞིག་བལྟའོ། །བདུན་པ་ལ། བདག་གསལ་གདབ་པ། བགེགས་བསྐྲད་པ། སྲུང་འཁོར་བསྒོམ་པའོ། །དང་པོ་ནི། རང་ཉིད་འཇམ་དཔལ་གཞོན་ནུར་གསལ་བ་ཞེས་སོགས་ཀྱིས་སྐད་ཅིག་གིས་ཟིལ་གནོན་ཕྱག་རྒྱ་ཆེན་པོར་བསྒོམ་མོ། །གཉིས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོ་གནོད་མཛེས་སྟོང་གསུམ་གྱི་འཇིག་རྟེན་གང་བར་སྤྲོས་ཏེ། བགེགས་དང་ལོག་འདྲེན་རྒྱང་རིང་དུ་བསྐྲད་པར་བསམས་ཏེ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །ཞེས་སོགས་དང་ཧཱུྃ་བཞིའི་སྔགས་བརྗོད་དོ། །གསུམ་པ་ལ་སྤྱིའི་སྲུང་འཁོར་དང་། བྱེ་བྲག་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྲུང་འཁོར་གཉིས། དང་པོ་ནི། རྡོ་རྗེའི་གུར་དང་། ཁྲོ་བོ་དང་། སྣ་ཚོགས་པའི་མཚོན་ཆ་དང་། ཁ་དོག་སྣ་ལྔ་པའི་མེ་དུས་མཐའི་མེ་(༡༢བ)


GLG023_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་གུར་ཁང་གང་གིས་ཀྱང་གཞིག་ཏུ་མེད་པ་སྲ་ཞིང་བརྟན་པར་བསམས་ཏེ། སྲ་བརྟན་མི་གཡོ་རྡོ་རྗེའི་གུར་ཁང་། ཞེས་སོགས་དང་། ཕཊ་རཾ་སོགས་བརྗོད། གཉིས་པ་ནི། རང་ཉིད་ཟིལ་གནོན་དུ་གསལ་བའི་སྤྱི་བོར་གཙུག་ཏོར་འཁོར་ལོར་སྒྱུར་བ་སེར་པོ་ཁྲོ་ཞལ་ཅན་གྱི་ཐུགས་ཀར་བྷྲུཾ་ལས་སྲུང་འཁོར་སེར་པོ་རྩིབས་བཅུ་པ་ཉི་གདན་དང་བཅས་པའི་སྟེང་དུ་ཧཱུཾ་བཅུ་ལས་ཁྲོ་བོ་བཅུ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་བེ་ཅོན་དང་ཞགས་པ་བསྣམས་པ། འཁོར་ལོའི་ལྟེ་བའི་དབུས་སུ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་ཞི་བའི་ཉམས་ཅན་ཕྱག་གཉིས་ན་འཁོར་ལོ་བསྣམས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་འཁོར་བའི་རྩིབས་ཀྱི་བར་དུ་ནད་གདོན། དགྲ་བགེགས། སྡིག་སྒྲིབ། རྫས་སྔགས་ཏིང་འཛིན་ཀྱི་སྦྱོར་བ་སོགས་བར་དུ་གཅོད་པ་ཐམས་ཅད་ཉལ་ཉལ་གཅོད་པར་བསམས་པའི་དམིགས་པ་དང་བཅས་ཏེ་སྔགས་བཟླ་བར་བྱའོ། །བརྒྱད་པ་ནི། རབ་ཡངས་བདག་མདུན་ཞེས་སོགས་ཚིག་རྐང་བཞིས། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ། གཡས་སུ་ཞི་བ། གཡོན་དུ་ཁྲོ་བོ། དབུས་སུ་བླ་མ་རིགས་འཛིན་བཞུགས་པའི་མཐའ་སྐོར་དུ་དམ་ཅན་སྲུང་མའི་ཚོགས་རྣམས་དང་བཅས་པའི་དམ་ཚིག་པ་གསལ་བཏབ་ལ། ཡེ་ཤེས་པ་སྤྱན་དྲངས་ཏེ་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པར་མོས་ལ། ཉེས་བྱས་བཤགས་པའི་བསམ་པ་རྩེ་གཅིག་པས། །དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སོགས་བརྗོད། དགུ་པ་ནི། བདག་དེང་ནས་ཡི་དམ་གྱི་ལྷ་དང་བྱང་ཆུབ་ཀྱི་སེམས་མི་སྤོང་བར་གཅེས་པར་འཛིན་(༡༣ན)


GLG023_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། བསྙེན་པ་དང་། སྒྲུབ་པ་དང་། ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱ་ལ་སོགས་པའི་མཐུ་ཡིས། གསང་བའི་ཐེག་པ་ལ་རྣམ་པར་འཚེ་བའི་དགྲ་བོ་རྣམས་དྲག་པོ་མངོན་སྤྱོད་ཀྱི་ནུས་མཐུས་བསྒྲལ་བ་སོགས་གསང་སྔགས་ཟབ་མོའི་སྤྱོད་པ་ཐམས་ཅད་མཐར་དབྱུང་ཞིང་། བླ་མེད་བསྒྲུབ་ཅིང་མ་ཐོབ་ཀྱི་བར་དུ་བཅོམ་ལྡན་འདས་དཔལ་ཆེན་ཟིལ་གནོན་འཁོར་བཅས་ཀྱི་ཐུགས་དམ་བཞིན་དུ་སྤྱད་པར་དམ་བཅས་ཏེ། ཇི་ལྟར་ཁས་བླངས་པ་ལས་མི་འདའ་བའི་བསམ་པས། ཟིལ་གནོན་ཐུགས་དམ་བཞིན་དུ་སྤྱད་པར་བགྱི། །ཞེས་སོགས་བརྗོད། བཅུ་པ་ནི། བདེ་གཤེགས་རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །སོགས་བརྗོད་ལ་ཧཱུཾ་གསུམ་གྱིས་བཤགས་ཡུལ་སྤྱན་དྲངས། བདེ་གཤེགས་རིགས་འཛིན་སྲུང་མའི་ཚོགས་བཅས་ཐམས་ཅད་བདག་དང་རྫས་ལ་གཉིས་སུ་མེད་པར་བསྟིམ། ཆོས་རྗེ་སྒྲོལ་མ་བའང་ཕྱག་ལེན་འདི་ཉིད་བཞེད་དོ། །བཅུ་གཅིག་པ་ནི། བདུད་རྩི། རཀྟ། མཆོད་གཏོར། སྒྲུབ་གཏོར། ཕྱི་མཆོད་བརླབ་པ་ལྔ་ལས། དང་པོ་ནི། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཞེས་སོགས་ལས་བྱང་ལྟར་བྱས་ནས། བདུད་རྩིའི་སྔགས་ཉེར་གཅིག་སོགས་བཟླས་སོ། །གཉིས་པ་ནི། བདག་གི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས། །ཞེས་སོགས་ལས་བྱང་ལྟར་རོ། །གསུམ་པ་ནི། ཨ་ལས་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཨཱོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་འདོད་པའི་ཡོན་ཏན་དྲུག་གི་ལྷ་མོར་བསམས་ལ། བ་ལིཾ་ཏའི་སྔགས་མདུན་གྱི་དང་པོར་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིན་པ། གཉིས་པས་སྒྲའི་ལྷ་མོ་པི་ཝང་། གསུམ་(༡༣བ)


GLG023_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲི་མ་སྤོས་ཁང་། བཞི་པས་རོ་མ་ཞལ་ཟས། ལྔ་པས་རེག་མ་ན་བཟའ། དྲུག་པས་ཆོས་མ་ཆོས་འབྱུང་། སྔགས་ལན་བདུན་བཟླས་པས་དེ་དག་ཀྱང་མང་པོར་སྤེལ་ལོ། །ཞེས་རྣམ་ངེས་རིན་ཅན་སྒྲོན་མེར་གསུངས་ལ། འདི་ནི་དེ་གའི་འོག་ཏུ་དེའང་བསྙེན་སྒྲུབ་ཞག་སྦྲེལ་དུ་བྱེད་པའི་ཚེ་སྔ་མ་ལྟར་དང་། འཕྲིན་ལས་ཉིན་གཅིག་བྱེད་པའི་ཚེ་མཆོད་གཏོར་དུ་བརླབ་པའམ། ཡང་ན་བསྙེན་སྒྲུབ་དང་ཉིན་གཅིག་གང་བྱེད་ཀྱང་སྒྲུབ་གཏོར་དང་མཆོད་གཏོར་གཉིས་སུ་བཤམས་ནས་སོ་སོར་བརླབ་པར་བྱས་ནའང་མི་འགལ་བར་མངོན་ལ། ཞེས་གསུངས་པས། གོང་འོག་གི་དོན་ལ་ཞིབ་ཏུ་དཔྱད་ཚེ། འདོད་ཡོན་དྲུག་གི་ལྷ་མོ་རྣམས་འོག་ནས་འབྱུང་བའི་སྒྲུབ་གཏོར་གྱི་སྐབས་སུ་གསོལ་འདེབས་དགོས་ལ། འདིར་མཆོད་གཏོར་གྱི་སྐབས་སུ་འབྱུང་བ་ནི། སྒྲུབ་གཏོར་ལོགས་སུ་མེད་པར་མཆོད་གཏོར་རྐྱང་པ་བཤམ་པ་ལ་དགོངས་ལ། སྒྲུབ་གཏོར་དང་མཆོད་གཏོར་སོ་སོར་ཡོད་ཚེ། མཆོད་གཏོར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་རྨད་དུ་བྱུང་བའི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཕུན་སུམ་ཚོགས་པ་དང་ལྡན་པ། ཟེགས་མ་ལ་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་བྱིན་གྱིས་བརླབ་པ་ནི་གོང་འོག་ཚང་མའི་དགོངས་པ་དང་མཐུན་ཞིང་ལེགས་པ་ཡིན་ནོ། །རྗེ་སྒྲོལ་མ་པའི་ཕྱག་ལེན་དུ་བཅུད་རྨད་དུ་བྱུང་བའི་གཏོར་མའི་རི་ཙམ་དུ་གྱུར་ཞེས་པ་སྣང་ངོ་། །མྱང་རི་ཁྲོད་པ་ཆེན་པོས་མཛད་པའི་འཇམ་དཔལ་ཐུགས་སྒྲུབ་ཀྱི་སྒོམ་ཁོག་ལས། སྒྲུབ་གཏོར་ནི་དངོས་གྲུབ་བླང་བ་དང་། གཏེར་དུ་སྦ་བར་བྱ། མཆོད་གཏོར་ལ་སྦྱིན་སྲེག་དང་ལྷག་ཕུད་ཡར་གནས་(༡༤ན)


GLG023_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་བྱ། ཞེས་འབྱུང་ངོ་། །བཞི་པ་ནི། གཏོར་མར་བདུད་རྩི་བླུག་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། གཏོར་མ་ལ་ཕོག་པས། སྣོད་བྷྲུཾ་ལས་ཞེས་སོགས་ལས་བྱང་ལྟར་དང་། ཨཱོཾ་ཨཱཿཧཱུྃ་གི་རྗེས་སུ་བ་ལིཾ་ཏའི་སྔགས་ལན་བདུན་བཟླས་སོ། །ལྔ་པ་ཕྱི་མཆོད་བྱིན་གྱིས་བརླབ་པ་ནི། ཨ་ཀ་པཱ་ལ་ཨ་པཱ་དྷུ་པུ་སོགས་ཀྱི་སྔགས་བརྗོད་པས། ཨརྒྷཾ་མ་དུང་ཆོས་ཨརྒྷཾས་གང་བ་དང་། བདུག་པ་མ་སྤོས། མེ་ཏོག་མ་མེ་ཏོག །མར་མེ་མ་མར་མེ། དྲི་ཆབ་མ་དྲིའི་ཕོར་པ་འཛིན་པར་བརླབ་བོ། །རིན་ཅེན་སྒྲོན་མེར་བདུད་རྩིའི་སྔགས་ཉེར་གཅིག་བཟླ་བར་བཤད་པ་འགྲུབ་ན་ཤིན་ཏུ་ལེགས་པ་ཡིན་ལ། མཆོད་གཏོར་གྱི་སྔགས་བདུན་བཟླ་བར་བཤད་པ་ནི། འདོད་ཡོན་དྲུག་གི་ལྷ་མོར་གསལ་མི་འདེབས་ཕྱིན་མི་དགོས་པར་སེམས་སོ། །སྨྲས་པ། འདི་ན་འཕྲིན་ལས་སྔོན་དུ་འགྲོ་བའི་སྐོར། །གོ་རིམ་གནད་ཀྱི་རྒྱུ་མཚན་མ་འདྲེས་པར། །མཁས་པའི་ལེགས་བཤད་བླ་མའི་ཞལ་བཅུད་ལྟར། །འཁྲུལ་མེད་བསྡེབས་པས་བློ་གསལ་འདོད་པ་འཇོ། །གང་ཞིག་བརྩོན་པས་སྦྱངས་པའི་གཟུ་བོའི་ཚིག །ཆ་ཙམ་སྨྲ་བའི་ལྕེ་མགྲིན་རྒྱས་བཅིངས་ཀྱང་། །རིག་སྔགས་འཆང་བའི་ཁུར་གྱིས་དྲེགས་པ་ཅན། །དེ་འདྲ་སྔ་འགྱུར་བསྟན་ལ་ལྷག་པར་གནོད། །ཀྱེ་མ་ལམ་འདིར་མོས་པའི་བློ་ལྡན་པའི། །བཟང་པོའི་བག་ཆགས་ཅན་དང་འགའ་མཆིས་ན། ཁེངས་པ་སྤོངས་ལ་ཚུལ་འདི་ལྷུར་བྱོས་དང་། །ཟིལ་གནོན་ཕྱག་རྒྱའི་ལམ་དེར་མྱུར་འཇུག་ངེས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་དོན་གཉིས་པ་དངོས་གཞི་ནི། ཕྱག་རྒྱ་ཆེན་པོ་(༡༤བ)


GLG023_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་བསྒོམ་པ་ཡིན་ཏེ། དེ་ལ་ཕྱག་རྒྱའི་ངོ་བོ་དང་། བསྒོམ་པའི་ཐབས་དང་། ལས་དང་འབྲས་བུ་བཤད་པའོ། །དང་པོ་ནི། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་རྣམས་ཀུན། །ཞེས་སོགས་ཀྱི་དོན་ཏེ། དེའང་། སློབ་དཔོན་པདྨས་མཛད་པའི་མན་ངག་རྩ་བ་ལས། ཆོས་རྣམས་ཐམས་ཅད་རང་གི་སེམས། །སེམས་འདི་སྐྱེ་འགག་གཉིས་མེད་པར། །ཐམས་ཅད་ཀུན་གྱི་དངོས་གཞི་གནས། །སྐུ་གསུམ་རྒྱལ་བའི་དགོངས་པར་གཅིག །རོལ་པ་ཆེན་པོ་གསུམ་དུ་ཤར། །ཡེ་ཤེས་རྒྱས་པས་བསྒྲུབ་མི་དགོས། །ཞེས་འབྱུང་བས། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་རིག་པ་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའང་འདི་ཞེས་རང་བཞིན་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལ་སྐྱེ་མེད་སྤྲོས་པ་ལ་རྩལ་མ་འགགས་པར་རང་གསལ་དུ་འཆར་བས་འགགས་མེད་རོལ་པ་སྟོང་པའི་རང་བཞིན་གསལ་བ་གསལ་བའི་རང་བཞིན་སྟོང་པ་སྟེ་གསལ་སྟོང་གཉིས་སུ་མེད་པ་དེ་རྒྱལ་བ་སྐུ་གསུམ་གྱི་ངོ་བོར་བཞུགས་པའང་། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ། འགགས་མེད་རོལ་པ་ལོངས་སྐུ། ལས་སྣ་ཚོགས་བྱེད་པ་སྤྲུལ་པའི་སྐུ་སྟེ་མདོར་ན་བརྟན་གཡོ་ཐམས་ཅད་དབྱེར་མེད་སྐུ་གསུམ་གྱི་རོལ་པར་གནས་པའོ། །དེ་ལྟ་བུའི་སྐུ་གསུམ་པོ་དེ་བདེ་གཤེགས་ཞི་ཁྲོའི་རྟེན་བརྟེན་པ་མཐའ་ཡས་པ་ལས་སྐབས་ཀྱིས་ཕྱེ་བས་ཨྱེསྟ། ཟིལ་གནོན་གྱི་རྟེན་བརྟེན་པར་ལྷུན་གྱིས་གྲུབ་པའོ། །དེ་ལྟ་བུའི་ངོ་བོ་དེའང་གློ་བུར་དུ་གྲུབ་པ་ལྟ་བུ་ནི་མ་ཡིན་ཏེ། ཡེ་གདོད་མ་ནས་སངས་རྒྱས་པའི་ངོ་བོར་གནས་པ་ཡིན་ནོ། །དེ་སྐད་དུ་རྒྱུད་ལས། ངོ་བོ་མ་(༡༥ན)


GLG023_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཆོས་ཀྱི་སྐུ། །ཆོས་སྐུ་འགྱུར་བ་མེད་པར་གཅིག །སྐུ་དང་མཚན་མར་བཏགས་པ་ཀུན། །ཡེ་ཤེས་ལྷུན་གིས་གྲུབ་པའི་སྐུ། །ལས་དང་སྦྱོར་བ་སྣ་ཚོགས་ཀུན། །སྒྱུ་མ་ལྷུན་གྲུབ་སྤྲུལ་པར་འདུས། །རོལ་པའི་ཕྱག་རྒྱར་སྣང་བའོ། །ཞེས་དང་། རྩ་བ་མི་འགྱུར་བྱང་ཆུབ་སེམས། །གཅིག་ནི་ཀུན་གྱི་རང་བཞིན་ཡིན། །ཅེས་འབྱུང་བས་དངོས་གཞི་མ་བཅོས་པ་དེ་ཁོ་ན་ཉིད་སྐུ་ཐམས་ཅད་ཀྱི་ངོ་བོའམ་རང་བཞིན་ནམ་གཞིར་གྱུར་པའོ། །གཉིས་པ་བསྒོམ་པའི་ཐབས་ལ། རང་ཉིད་ཀྱི་དཀྱིལ་འཁོར་བསྒོམ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པ། ཐུན་མོང་དུ་མཆོད་པའི་ལས་རིམ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ། སྔགས་ཀྱི་བཟླས་ཐབས་བསྟན་པའོ། །དང་པོ་ལ་སྟོང་ཉིད་བསྒོམ་པ། རྟེན་གཞལ་ཡས་ཁང་བསྒོམ་པ། བརྟེན་པ་ལྷའི་འཁོར་ལོ་བསྒོམ་པའོ། །དང་པོ་ནི། གོང་དུ་བཤད་པ་ལྟར་ཆོས་ཐམས་ཅད་རང་སེམས་སུ་ཤེས་དགོས་ལ། དེ་ལྟ་བུའི་སེམས་དེ་སྐྱེ་མེད་སྟོང་ཉིད་སྤྲོས་པ་དང་བྲལ་བ། ཅིར་ཡང་མི་འགགས་པས་ཀུན་ཁྱབ་རང་གསལ་བར་འཆར་བ་ཡིན་ལ། གསལ་སྟོང་དབྱེར་མི་ཕྱེད་པ་དེ་ཆོས་ཐམས་ཅད་ཀྱི་རྒྱུའམ་དངོས་གཞི་ཡིན་པས་སེམས་ཀྱི་གནས་ལུགས་འབྲས་བུ་སྐུ་གསུམ་གྱི་ངོ་བོ། ཆོས་ཀྱི་དབྱིངས་མཉམ་པ་ཉིད་དུ་རོ་གཅིག་པ་དེའི་དོན་རྟོགས་ན་གང་ཤར་ཐམས་ཅད་སྐུ་གསུམ་གྱི་རོལ་པ་རང་བྱུང་དུ་འཆར་ལ། སེམས་ཉིད་ཡེ་ནས་སངས་རྒྱས། ལྷའི་སྐུ་གསུང་ཐུགས་སུ་ཡེ་ནས་གནས་པ་ཡིན་པས་གཞན་ནས་ལོགས་སུ་བསྒྲུབ་མི་དགོས་པའི་རྒྱུ་མཚན་གྱིས། རྟེན་དང་བརྟེན་(༡༥བ)


GLG023_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་ཐམས་ཅད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་གསལ་འདེབས་པ་ཡིན་པས། རྣམ་ངེས་རིན་ཅེན་སྒྲོན་མེ་ལས། རྩ་བར། ཨེ་ནི་སྟོང་པ་ཆོས་འབྱུང་སྟེ། །མ་སྐྱེས་འགག་པ་མེད་པ་ལ། །རང་བཞིན་གནས་པ་དྲན་པར་བྱ། །ཞེས་པས། ཨྱེ་ཨྱེ་ཨྱེ། ཞེས་བརྗོད་པས། ཆོས་ཐམས་ཅད་རང་བཞིན་སྤྲོས་བྲལ་སྟོང་པ་ཉིད་རིག་པ་རང་གསལ་གྱི་ངང་དུ་ལྷག་གིས་གསལ་བར་བྱའོ། །དེ་ནི་ཏིང་ངེ་འཛིན་གྱི་ཆོས་ཐམས་ཅད་འབྱུང་གནས་སུ་གྱུར་པའོ། །ཞེས་གསུངས་པའི་དགོངས་པའང་འདི་ཡིན་ལ། དེའང་ལས་བྱང་ཆེན་མོ་རྣམ་ངེས་དང་བཅས་པར། ཏིང་ངེ་འཛིན་གསུམ་ཞེས་པའི་མིང་འདོགས་དངོས་སུ་མང་བ་དང་། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཏིང་ངེ་འཛིན་གསུམ་མམ་མངོན་བྱང་ལྔ་ལ་སོགས་རྒྱུ་རྐྱེན་ལས་རིམ་གྱིས་བསྐྱེད་པ་ནི་མིན་ཏེ། ཞེས་གསུངས་པ་རྣམས་ལ་ཏིང་ངེ་འཛིན་རྣམ་གསུམ་མི་དགོས་སམ་སྙམ་པའི་ལོག་རྟོག་སྐྱེ་སྲིད་པས། ཏིང་ངེ་འཛིན་གསུམ་མི་དགོས་པ་ནི་མ་ཡིན་ཏེ། ཏིང་ངེ་འཛིན་རྣམ་གསུམ་གྱི་དོན། ཆོས་ཐམས་ཅད་རང་སེམས་ལས་ལོགས་སུ་མེད་པའི་གང་དུའང་མ་གྲུབ་པས། གསལ་སྟོང་གཉིས་སུ་མེད་པ་དེ་རྒྱལ་བ་སྐུ་གསུམ་གྱི་ངོ་བོར་བཞུགས་པ། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ། འགགས་མེད་རོལ་པ་ལོངས་སྐུ། ལས་སྣ་ཚོགས་བྱེད་པ་སྤྲུལ་སྐུ་སྟེ་སྐུ་གསུམ་དང་སྦྱོར་བ་ཡིན་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་དུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་གསུམ་གྱི་དང་པོ་ཆོས་སྐུ། གཉིས་པ་ལོངས་སྐུ། གསུམ་པ་སྤྲུལ་སྐུར་སྦྱོར་ཞིང་། ལས་བྱང་ཆེན་མོར། ཨྱེ་ཨྱེ་ཨྱེ་ཞེས་པ་གསུམ་པོ་ལ་(༡༦ན)


GLG023_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གསུམ་ཚང་ཞེས་པ་བྱང་ལུགས་ཀྱི་ཞལ་བཞེས་ཡིན་ལ། ལྕགས་སྡིག་ལས་བྱང་ཆེན་མོ་དང་། ཆོས་རྗེ་སྒྲོལ་མ་བའི་ལས་བྱང་རྣམས་སུ་བསྐྱེད་པ་མཧཱ་ཡོ་ག་ལྟར་རྒྱུ་འབྲས་ཀྱི་ཚུལ་དུ་བསྒོམ་པའི་ཐབས་སུ་ཏིང་ངེ་འཛིན་རེ་ལ་ཤློ་ཀ་སྔགས་དང་བཅས་པ་རེ་སྣང་ངོ་། །འཁོན་སྟོན་རྡོ་རྗེ་འཛིན་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས། གསང་སྔགས་གསར་མ་བ་རྣམས་ཀྱི་སྐུ་གསུམ་ལམ་འཁྱེར་དུ་གྲགས་པ་སྔ་འགྱུར་གྱི་ཏིང་ངེ་འཛིན་རྣམ་གསུམ་དུ་ཚང་ཞེས་གསུང་བ་སྙིང་ལ་བཅང་བར་བྱའོ། །འོ་ན་ཏིང་ངེ་འཛིན་རྣམ་གསུམ་སོགས་རྒྱུ་རྐྱེན་ལས་རིམ་གྱིས་གསལ་འདེབས་པ་ཡིན་ནམ་སྙམ་ན། སྐབས་འདིར་དེ་ནི་མ་ཡིན་ཏེ། རྫོགས་ཆེན་ལྟར་ཏིང་ངེ་འཛིན་རྣམ་གསུམ་སྐུ་གསུམ་དང་སྦྱར་བའི་གསལ་སྟོང་གཉིས་སུ་མེད་པའི་སྤྲོས་བྲལ་སྟོང་ཉིད་རིག་པ་རང་གསལ་གྱི་ངང་དུ་གསལ་བར་བྱ་བ་ཡིན་ནོ། །གཉིས་པ་ལ། འབྱུང་བཞི་རི་རབ། གཞལ་ཡས་ཁང་དངོས། གདན་དང་གསུམ་ལས། དང་པོ་ནི། འབྱུང་བཞིའི་དཀྱིལ་འཁོར་བརྩེགས་སྟེང་སོགས་ཀྱིས། རིག་པ་རང་གསལ་གི་ངང་ལས་ནམ་མཁའ་སྟོང་པ་དངོས་མེད་ལ་རླུང་གི་དཀྱིལ་འཁོར་ཆགས། མེ་འོད་རབ་ཏུ་འབར་ཞིང་། ཁྲག་གི་རྒྱ་མཚོའི་རྦ་རླབས་འཁྲུགས་པ། མཆོག་ཕྲན་ཞིང་གི་ས་གཞི་ཡངས་པའི་སྟེང་དུ་ཀེང་རུས་ཀྱི་རི་རབ་གསལ་འདེབས་པ་ཡིན་ལ། དེའང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས། ལྕགས་སྡིག་ལས་བྱང་ཆེན་མོ། རྗེ་སྒྲོལ་མ་པའི་ལས་བྱང་རྣམས་སུ་འབྱུང་བཞི་རི་རབ་གསལ་འདེབས་ཀྱི་ཚིགས་བཅད་སྔགས་དང་(༡༦བ)


GLG023_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཡོད་ཅིང་། དེའང་ལྕགས་སྡིག་ལས་བྱང་དུ། གསེར་གྱི་ས་གཞི་ཞེས་དང་། རྗེ་སྒྲོལ་མ་བའི་དེར་ཞིང་གི་ས་གཞི་ཞེས་སོགས་ཅུང་ཟད་འདྲ་མིན་སྣང་ལ། ལས་བྱང་ཆེན་མོ་རྣམ་ངེས་དང་བཅས་པར་ཚིག་དངོས་སུ་མ་ཐོན་པ་ནི་དོན་གྱིས་ཡོང་བ་ལ་དགོངས་པས། འདིར་ལས་དང་པོ་པ་ལ་གསལ་བའི་ཕྱིར་བརྗོད་པ་ཡིན་ནོ། །གཉིས་པ་ནི། གཞལ་ཡས་ཁང་། བཀོད་ལེགས་སོགས་ཏེ། རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡེ་ཤེས་ཆེན་པོའི་གནས་མཐའ་དང་དབུས་མེད་པ། རྒྱ་མ་ཆད་པ། ནམ་མཁའི་མཐའ་དང་མཉམ་པ། ཕྱི་དང་ནང་མེད་པ། ཀུན་ཏུའང་ནང་དུ་གྱུར་པ། ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་པ། ཕྱོགས་བཞིར་སྒོ་བཞི་རྟ་བབས་དང་བཅས་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་ལ་ལྷ་མོ་རྣམས་གར་བྱེད་པ། རྩིག་སྟེང་ནས་ཐོད་པའི་ཕ་གུ་འཕྱར་ཅན་དུ་གནས་པ་ལ་ཐོད་པའི་ཕྲེང་བ། སྦྲུལ་ནག་གི་སྲད་བུས་དཀྲིས་པའི་དྲ་བ་དང་དྲ་ཕྱེད་འཕྱང་བ། རྒྱུ་མའི་ལྡ་ལྡི། ཙིཏྟའི་ཕོ་ལོངས་ཅན། རོ་རས་ལས་གྲུབ་པའི་མདའ་ཡབ། རུ་ཆེན་གྱི་མཆོད་རྟེན་སྦྲགས་པའི་པུ་ཤུད། མི་མགོའི་ཏོག་དང་བཅས་པ། འོབས་ཆེན་བཅུ་དྲུག །དུར་ཁྲོད་ཆེན་པོ་བརྒྱད་ཀྱི་ཁོར་ཡུག་དང་ལྡན་པའི་ཕྱི་རོལ་ཏུ་རྡོ་རྗེའི་གུར་ཁང་མེ་རབ་ཏུ་འབར་བ། དེའང་དབུས་ཀྱི་ཕོ་བྲང་གྲུ་གསུམ་མཐིང་ནག་ལ་ཐོད་ར་ཟླུམ་པོས་བསྐོར་བ། ཟླ་གམ་དམར་པོ་གསུམ་དང་ལྡན་པ། དེའི་ཕྱི་རོལ་ན་ཐོད་པའི་མཁར་བཞི། དེའི་ཕྱི་རིམ་ན་ལྕགས་མཁར་བརྒྱད། དེའི་ཕྱི་རིམ་ན་ལྕགས་མཁར་བཅུ་གཉིས། མུ་ཁྱུད་(༡༧ན)


GLG023_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོས་བསྐོར་བ། གྲུ་ཆད་བཞི་བར་ཁྱམས་དང་བཅས་པ། ཐོད་པ་རིན་པོ་ཆེ་ལས་གྲུབ་པ། ནང་ཞིང་ཆེན་པོ་བརྒྱད་ཀྱི་ཀ་བ། ལྷ་ཆེན་པོ་བརྒྱད་ཀྱི་གདུང་མ། ཀླུ་ཆེན་པོ་བརྒྱད་ཀྱི་ལྕམ། རྒྱུ་སྐར་གྱི་དྲལ་མ། དམ་རྫས་བདུད་རྩི་ལྔའི་ཐོག་ཞལ་བྱས་པ་ཞིང་གི་སྒོ་འགེབ། བ་དན་གྱི་ཀ་རྒྱན། རུས་སྦལ་གྱི་ཁ་གདན། ཉི་ཟླའི་ཀ་གཞུ། སྦྲུལ་གྱི་སྐྱེས་བུ། ཁྱུང་གི་ཡ་ཕུབ། ཆུ་སྲིན་གྱི་སྔ་ཐེམ་ལ་སོགས་པ་དང་། གནམ་ལྕགས་འབར་བའི་གཟེར་བཏག་ལ། དབུས་ཀྱི་གཙང་ཁང་ཕྱུར་བུར་གྱུར་པའི་རྩེ་མོ་རབ་ཏུ་མཐོ་བའོ། །དེ་སྐད་དུ་མན་ངག་རྩ་བ་ལས། ཨ་ཡི་ཕོ་བྲང་ཟླ་གམ་གསུམ། །ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད། །ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི། །སྒོ་བཞི་རྟ་བབས་བརྒྱད་དང་ལྡན། །འོབས་ཆེན་བཅུ་དྲུག་རྡོ་རྗེའི་གུར། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །བཤིག་པ་མེད་པར་ངང་གིས་སྟོང་། །ཞེས་དང་། ཨ་མུ་ཀ་ཕུང་བའི་རྒྱུད་ལས། དབུས་སུ་གྲུ་གསུམ་མཐིང་ནག་ལ། །ཟླ་གམ་དམར་པོ་གསུམ་དང་ལྡན། །ཐོད་མཁར་ཆེན་པོ་བཞི་དང་ནི། །ཕྱི་རིམ་ལྕགས་མཁར་བཅུ་གཉིས་དང་། །འོབས་ཆེན་བཅུ་དྲུག་དག་གིས་བསྐོར། །ཕྱི་ནང་མེད་པར་ཁྱབ་ཅིང་གསལ། །གྲུ་ཆད་ཡེ་ཤེས་སྣམ་བུར་ལྡན། །སྒོ་བཞི་རྟ་བབས་དག་དང་བཅས། །དྲ་བ་དྲ་བྱེད་ཆུན་འཕྱང་དང་། །ལྡ་ལྡི་ཙིཏྟ་ཕོ་ལོང་འཕྱང་། །ཐོད་པ་རིན་པོ་ཆེ་ལས་གྲུབ། །རྩེ་མོ་རབ་ཏུ་མཐོ་བའོ། །ལྷ་བརྒྱད་ཀླུ་བརྒྱད་རྒྱུ་སྐར་དང་། །ཞིང་དང་བམ་ཆེན་རུས་སྦལ་དང་། །ཉི་ཟླ་ཁྱུང་དང་ཆུ་སྲིན་སྦྲུལ། །སོགས་(༡༧བ)


GLG023_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

པས་རབ་ཏུ་བརྒྱན་པའོ། །གནམ་ལྕགས་འབར་བས་རབ་ཏུ་བརྒྱན། ཁ་ཁྱེར་ལྷ་ཚོགས་མང་པོས་མཛེས། །ཞེས་པ་ལྟར་རོ། །ལྕགས་མཁར་བརྒྱད་རྒྱུད་འདིར་མི་གསལ་ཡང་། མན་ངག་རྩ་བར། འཁོར་ལོ་བརྒྱད། ཅེས་གསལ་བར་བྱུང་ལ། དེའང་འཁོར་ལོ་བརྒྱད་ཅེས་པ་བྲི་བྱའི་དབང་དུ་བྱས་པའི་གདན་གྱི་རྩིབས་ཡིན་གྱི། སྒོམ་དོན་ལ་བསླང་བའི་ཚེ་འདིའང་ལྕགས་མཁར་དུ་ལེགས་སོ། །དུར་ཁྲོད་བརྒྱད་མན་ངག་རྩ་བར་དངོས་སུ་མི་སྣང་ཡང་། ཟླ་གསང་རྩ་བའི་རྒྱུད་ལས། དུར་ཁྲོད་ཆེན་པོ་བརྒྱད་ལྡན་བསམ། །ཞེས་འབྱུང་བས། དེའང་སྐབས་དོན་གཞལ་ཡས་ཁང་ཐོད་པ་བམ་རོ་ལ་སོགས་པ་དུར་ཁྲོད་རྒྱུ་ལས་གྲུབ་པར་དགོངས་པ་ཡིན་པར་སེམས་ཏེ། ལྕགས་སྡིག་ལས་བྱང་དུ། ཨེ་ལས་བྷྲ྄྄ུཾ་ཆད་དུར་ཁྲོད་གཞལ་ཡས་ཁང་། །ཞེས་འབྱུང་བ་ལྟ་བུས་མཚོན་ཏེ་ཤེས་ལ། དེར་མ་ཟ་དུར་ཁྲོད་ཆེན་པོ་བརྒྱད། བཀོད་པ་ཟླ་གསང་གི་ལུང་འདིས་བསྒྲུབ་ནུས་ཤིང་། བླ་མ་རྣམས་ཕྱག་ལེན་དུའང་མཛད་པས་ལེགས་སོ། །དེ་ལྟ་བུའི་གཞལ་ཡས་ཁང་དབང་ཆེན་ཡབ་ཡུམ་ལྔ་ལ་སོགས་པ་རྒྱུ་རྐྱེན་ལས་བསྐྱེད་པ་མ་ཡིན་ཏེ། གཞལ་ཡས་ཁང་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་གསལ་འདེབས་པ་ཡིན་ནོ། །དེ་སྐད་དུའང་རྒྱུད་ལས།རང་བཞིན་མི་གནས་མཉམ་ཉིད་ལས། །ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང་། །ཕྱི་དང་ནང་མེད་ཀུན་ཏུ་ནང་། །ཞེས་གསུངས་སོ། །གསུམ་པ་ནི། ཀླུ་གཉན་ས་བདག་ཅེས་སོགས་ཀྱིས། གཞལ་ཡས་ཁང་གི་དབུས་སུ། ཀླུ་མཐོང་བའི་དུག་ཅན་སྦྲུལ་འབུམ། །གཉན་རྭའི་དུག་ཅན་སྡིག་པ་ཁྲི། ས་བདག་(༡༨ན)


GLG023_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་པའི་དུག་ཅན་སྦལ་པ་སྟོང་། དུག་གསུམ་རང་གནས་ཀྱི་ཁྲི་སྡེ་བརྒྱད་དང་བཅས་པའི་སྟེང་དུ་ཕྱོགས་སྐྱོང་བཅུ་མགོ་ཕྱོགས་ཕྱོགས་སུ་བསྟན་ཏེ་རྐང་པ་དབུས་སུ་བསྣོལ་བའི་ཁར། །རུ་དྲ་ཕོ་མོ་བྱི་བཅིངས་སུ་བསྣོལ་པ། མ་ཧེ་གླང་རྒོད་བརྒྱད་ཀྱིས་བརྫིས་པའི་སྟེང་དུ་པདྨ་ཟླ་བ་ཉི་མའི་གདན་ནི་གཙོ་བོའི་གདན་ནོ། །ཇི་སྐད་དུའང་། མན་ངག་རྩ་བ་ལས། ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་། །ཕྱོགས་སྐྱོང་རུ་དྲ་མ་ཧེ་བརྒྱད། །ཉི་ཟླ་པདྨ་བརྩེགས་པའི་གདན། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །ཞེས་འབྱུང་ངོ་། །དེའང་རླུང་གི་ཟས་ཅན་སྦྲུལ། ངུར་འཆི་སྡིག་པ། འཕར་འགྲོ་སྦལ་པ། འཇིགས་པ་བཅུ་པ་མ་ཧེའི་མིང་དུ་སྔོན་གྱི་བརྡར་གྲགས་པ་ལྟར་ལས་བྱང་དུ་བཀོད་པའོ། །འཁོར་གྱི་ལྷའི་གནས་སུ། ཉི་མའི་སྟེང་དུ་བམ་རློན་པ་མགོ་གཡས་སུ་བསྟན་པ་རེ་བསྒོམ་པར་བྱ་སྟེ། དགོངས་རྒྱུད་ལས། གཞན་ན་ཞིང་རྐང་ཉི་མར་བཅས། །ཞེས་འབྱུང་ལ། ཡང་ན་ཆེད་དུ་བསྒོམ་མི་དགོས་ཏེ། གདན་དང་ཆས་ཡིན་པས་སོ། །ཞེས་ཀྱང་གསུང་ངོ་། །གསུམ་པ་བརྟེན་པ་ལྷའི་འཁོར་ལོ་བསྒོམ་པ་ལའང་། དཀྱིལ་འཁོར་སྐད་ཅིག་གིས་བསྒོམ་ཚུལ་བསྟན་པ། གཙོ་བོ་བསྟན་པ། འཁོར་བསྟན་པའོ། །དང་པོ་ནི། རྒྱུ་རྐྱེན་དང་བྲལ་རང་ཉིད་སྐད་ཅིག་གིས། །ཞེས་པས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་། ཏིང་འཛིན་གསུམ་མམ་མངོན་བྱང་ལྔ་ལ་སོགས་པ་རྒྱུ་རྐྱེན་ལས་རིམ་གྱིས་བསྐྱེད་པ་ནི་མ་ཡིན་ཏེ། ཆུ་ལས་ཉ་ལྡང་བ་ལྟ་བུའི་ཚུལ་དུ་སྐད་ཅིག་གིས་གསལ་འདེབས་པ་ཡིན་པས། རྒྱུད་ལས། མི་རྟོག་དབྱིངས་ལས་ཐུགས་རྗེ་ཆེན་པོ་བཞེངས། རྒྱུ་རྐྱེན་(༡༨བ)


GLG023_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་རང་བཞིན་ཆོས་ཀྱི་སྐུ། །ཞེས་འབྱུང་ལ། དེའང་སློབ་དཔོན་བྷ་སུ་དྷ་རས། སྤྱིར་ལྕགས་འདྲ། ཐོག་འདྲ། གནམ་ཐོག་ཆེན་པོ་དང་གསུམ་ལས། འདིར་གནམ་ཐོག་ཆེན་པོའི་ལམ་སྲོལ། གཞལ་ཡས་ཁང་ལྷུན་གྲུབ། ལྷ་ཀོག་བཞེངས་སྔགས་ཐུག་ཕྲད་དུ་བཞེད་པ་ཡིན་ནོ། །གཉིས་པ་གཙོ་བོ་ལའང་། རྩ་བའི་ལྷ་དྲུག་བསྒོམ་པ། རྒྱན་གྱི་ལྷ་བརྒྱད་བསྒོམ་པ། གོ་ཆའི་ལྷ་བཀོད་པའོ། །དང་པོ་ནི། ཁྲོ་རྒྱལ་ཀུན་ཀྱང་སྐྲག་བྱེད་གཤིན་རྗེའི་གཤེད། །ཅེས་སོགས་ཀྱིས། རང་གི་རིག་པ་སྐད་ཅིག་གིས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་རྒྱལ་བ་ཀུན་གྱི་སྤྱིའི་གཟུགས་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་སྲིད་གསུམ་ཟིལ་གྱིས་གནོན་ཅིང་། དྲེགས་པ་ཅན་ཐམས་ཅད་དབང་དུ་སྡུད་པའི་བདག་ཉིད་ཅན། ཤིན་ཏུ་ཁྲོས་ཤིང་རྔམ་པ། སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། ཞལ་གཡས་དཀར། གཡོན་དམར། དབུས་མཐིང་བ། ཕྱག་དྲུག་གི་གཡས་དང་པོ་འཁོར་ལོ། བར་པ་རལ་གྲི། ཐ་མ་རྡོ་རྗེ། གཡོན་གྱི་དང་པོ་བེ་ཅོན། བར་པ་གཏུན་ཤིང་། ཐ་མ་སྡིགས་མཛུབ་ཅན། ཞབས་བཞི་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་སུ་བགྲད་པ། ནམ་མཁའི་ལམ་ཐམས་ཅད་ཁྱབ་པའི་རྡོ་རྗེའི་གཤོག་པ་གདེང་བ། ཞལ་གདངས་པ། མཆེ་བ་གཙིགས་པ། ལྗགས་སློག་པ། སྤྱན་དགུ་མེའི་ཕུང་པོ་ལྟར་འབར་བ། དབུ་སྐྲ་སྨ་ར་བ་སྤུ་ཐམས་ཅད་རྡོ་རྗེའི་མེ་འབར་བ། བདུད། སྲིན་པོ། བཙན། རྒྱལ་པོ། མུ་སྟེགས་ཀྱི་ཐོད་པ་སྐམ་པོ་ལྔས་དབུ་རེ་རེ་བཞིན་བརྒྱན་པ་ལ་རིགས་ལྔའི་ཁྲོ་བོ་བཞུགས་


GLG023_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀླུ་ཆེན་པོ་བརྒྱད་ཀྱི་མགོ་བོ་དང་། ཐོད་རློན་གྱི་ཕྲེང་བ་ལྔ་བཅུ་ཚར་གསུམ་གྱི་དོ་ཤལ་ཅན་རིན་པོ་ཆེའི་རྒྱན་དང་། ཀླུ་རྒྱལ་རིགས་ཀྱིས་སྙན་ཆ། རྗེ་རིགས་ཀྱིས་མགུར་ཆུ། བྲམ་ཟེའི་རིགས་ཀྱིས་ཕྱག་གདུབ། དམངས་རིགས་དང་གདོལ་པའི་རིགས་ཀྱིས་ཞབས་གདུབ་དང་སྐ་རགས་ལ་སོགས་པའི་རྒྱན་རྣམས་བྱས་ཤིང་། གདན་དུའང་བཏིང་ལ། སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི་དང་། གླང་ཆེན་གྱི་ཀོ་རློན། སྐུ་སྨད་ལ་སྟག་གི་པགས་པའི་ཤམ་ཐབས་གསོལ་བ། ཐུགས་ཀར་ཞག་གི་སོར་རིས། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེས་བྱུགས་པ། འབར་བའི་གར་དགུའི་ཉམས་དང་ལྡན་ཞིང་། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པར་གསལ་འདེབས་སོ། །དེའང་སྙིང་འཛིངས་ལས། སྦྲུལ་དང་རིན་ཅེན་འབར་བ་དང་། །དྲེགས་པའི་མགོ་ཅན་ཕྲེང་བས་བརྒྱན། །ཀླུ་རིགས་དུ་མས་སྐུ་ལ་སྤྲས། །ཞེས་པ་ལས་གཞན་པའི་རྒྱན་ཆ་གསལ་བ་མ་བྱུང་ཞིང་། སྒྲུབ་ཐབས་དང་རྗེ་སྒྲོལ་མ་བའི་ལས་བྱང་རྣམས་སུའང་། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་རྣམས་ཚིག་ཟིན་ལ་དངོས་སུ་མེད་པ་སོགས་ཀྱིས། ལྗོངས་འདིའི་ཚེ་བདག་མཁན་པོའི་ཁུར་གྱིས་ངལ་བ་མང་པོ་ཞིག་སྒོམ་དོན་འཕྱུགས་པར་མངོན་ཏེ། བྲི་བྱ་ལའང་ཟིལ་གནོན་གྱི་སྐུ་གཤོག་པ་སོགས་རྒྱན་མ་ཚང་བ་མང་དུ་བྲིས་སྣང་ངོ་། །དེའང་དགོངས་རྒྱུད་ལས། གླང་ཆེན་ལ་སོགས་དུར་ཁྲོད་ཆས། །ཞེས་དང་། ཚུལ་དགུ་ཆས་དགུ་རྒྱན་དགུ་དང་། །ཞེས་དང་། ལྕགས་སྡིག་ལས་བྱང་དུ། དུར་ཁྲོད་ཆས་བརྒྱད་རྡོ་རྗེའི་(༡༩བ)


GLG023_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་པ་གདེངས། །ཞེས་པ་རྣམས་ཀྱིས། དུར་ཁྲོད་ཀྱི་ཆས་བརྒྱད་དང་། རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་བརྒྱད་དམ་དགུའང་བཤད་ཅིང་། དེ་དག་གི་དོན་མན་ངག་རྩ་བར། དཔལ་གྱི་ཆས་དང་དུར་ཁྲོད་ཆས། །ཞེས་འབྱུང་བ་ལྟར། བླ་མ་རྣམས་ཕྱག་ལེན་དུ་མཛད་པས་འདིར་ཡང་། དཔལ་གྱི་ཆས་བརྒྱད་དུར་ཁྲོད་རྒྱན་རྣམས་ཀུན། །ཞེས་བཀོད་པ་ཡིན་ནོ། །གཙོ་བོའི་གཡོན་དུ་ཡུམ་རྡོ་རྗེ་ཁྲོས་མ་སྔོ་ནག་རབ་ཏུ་ཁྲོས་ཤིང་རལ་པ་མུན་ལྟར་གཏིབས་པའི་ཟར་བུ་ལ་མུ་ཏིག་སོགས་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། ཕྱག་གཡས་ཙིཏྟ་ཐོགས་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་བྷནྡྷ་རཀྟས་གང་བ་གཙོ་བོ་ལ་སྟོབ་པ། ཁྲོ་མོའི་ཆ་ལུགས་རྒྱན་དང་ལྡན་པའོ། །དེའང་ཡུམ་གྱི་སྐུ་མདོག་རས་བྲིས་ཁུངས་མ་འགའ་ཞིག་ན་སྔོ་ནག་ཏུ་སྣང་བ། གཙོ་བོའི་སྐུ་མདོག་དང་ཚོན་མདོག་མི་འདྲེས་པ་དང་། དོན་གྱི་ཆ་ལ་འགལ་བ་མེད་པའི་དབང་གིས་མཛད་འདུག་ལ། སྒོམ་དོན་དུའང་རིགས་འགའ་ཞིག་ལ་གཙོ་བོ་སྐུ་མདོག་མཐིང་ནག་ལ། སྐུ་ལ་འཁྲིལ་བའི་ཡུམ་སྔོ་ནག་ལྟ་བུར་བྱས་པ་དམིགས་པ་གསལ་བའང་ཡོད་པས་ལས་བྱང་དུ་བཀོད་པ་ཡིན་ལ། གཞན་མ་མན་ངག་རྩ་བ་དང་། ཆོས་རྗེ་སྒྲོལ་མ་བའི་ལས་བྱང་གཉིས་ཀར། མཐིང་ནག་ཅེས་བཤད་འདུག་པ་ལྟར། སྒོམ་དོན་དུ་མཐིང་ནག་བྱས་ཀྱང་ལེགས་པར་མངོན་ནོ། །གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། གསོད་བྱེད་སྲས་མཆོག་ཡ་མ་རཱ་ཙ་སྐུ་མདོག་སྨུག་ནག་རབ་ཏུ་འཇིགས་ཤིང་རྔམ་པ། ཕྱག་གཡས་གསེར་གྱི་འཁོར་ལོ་རྩིབས་བཅུ་པ་དང་། གཡོན་དགྲ་བགེགས་ཀྱི་དོན་སྙིང་(༢༠ན)


GLG023_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ། ཞབས་བམ་གྱི་གདན་ལ་བགྲད་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་དྲེགས་པའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་དགུ་པ་དང་། གཡོན་སྙིང་ཕྲེང་འཛིན་པ། ཞབས་དོར་སྟབས་སུ་བགྲད་པས་གདུག་པའི་དགྲ་བགེགས་མནན་པའོ། །དེའང་ལས་བྱང་དུ། གསུམ་པའང་། རིན་ཅེན་སྦྲུལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞེས་པའི་དོན། ཡུམ་སྲས་མཆོག །དྲེགས་པ་གསུམ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་དོན་ཏེ། ཕྱི་མ་གཉིས་སྦྲུལ་དང་རིན་པོ་ཆེ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་རྣམ་ངེས་ལས་དངོས་སུ་གསལ་ཞིང་། ཡུམ་ལ་དུར་ཁྲོད་ཀྱི་ཆས་ཞེས་དངོས་སུ་གསལ་བ་མ་བྱུང་ཡང་། ཁྲོ་མོའི་ཆ་ལུགས་ཞེས་པས་དོན་གྱིས་ཐོན་ཞིང་། རྗེ་སྒྲོལ་མ་བའི་ལས་བྱང་དུ། མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞེས་གསལ་བར་བྱུང་ངོ་། །དེའི་ཐུགས་ཀར་པདྨའི་གདན་ལ་བྱ་བ་ནན་ཏན་ཡེ་ཤེས་ཀྱི་ངོ་བོ་རུས་སྦལ་ཁྲོས་པ་ཤིན་ཏུ་རྔམ་པ་འཇིགས་བྱེད་ཆེན་པོ་ཁ་ཐུར་དུ་བལྟས་པ། ལྟོ་བ་ན་སྲིད་པ་གསུམ་གྱི་ཚེ་སྲོག་འཆང་བའོ། །ཡ་མ་རཱ་ཙ་ལ་ཉི་གདན། ཕྱག་ན་རྡོ་རྗེ་ལ་ཟླ་གདན། རུས་སྦལ་ལ་པདྨའི་གདན་བྱ་བར་འཁོར་ནག་ལས་བཤད་དོ། །གཙོ་བོའི་སྤྱི་བོར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཁྱུང་དཀར་པོ་འདབ་གཤོག་རལ་གྲི་གནམ་ལྕགས་འབར་བའི་མཆུ་སྡེར་ཅན་རྭ་བགྲད་པ། སྤྱི་བོའི་གཙུག་ན་ནོར་བུ་རིན་པོ་ཆེས་བརྒྱན་པ། གདུག་པ་ཅན་ཐམས་ཅད་འདུལ་ཞིང་སྦྲུལ་ཟ་བའོ། །དེ་དག་ནི་རྩ་བའི་ལྷ་དྲུག་སྟེ། མན་ངག་རྩ་བར། དྲུག་པ་རྡོ་རྗེ་འཆང་ཆེན་པོ། །(༢༠བ)


GLG023_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན། །མཐིང་ནག་ཟིལ་གནོན་དྲེགས་པ་འདུལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས། །བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབར། །རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན། །དཔལ་གྱི་ཆས་བརྒྱད་དུར་ཁྲོད་བརྒྱན། །ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས། །མཐིང་ནག་ཙིཏྟ་བྷན་དམར་ཐོགས། །ཡེ་ཤེས་བཞི་ཡི་སྤྲུལ་པ་ནི། །ཐུགས་ཀར་ཡ་མ་རཱ་ཙ་སྟེ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །སྨུག་ནག་འཁོར་ལོ་ཙིཏྟ་འཛིན། །ཡ་མའི་ཐུགས་ཀར་དྲེགས་པའི་བདག །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །ལྗང་ནག་རྡོ་རྗེའི་སྙིང་ཕྲེང་འཛིན། །དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ། །བྱ་བ་ནན་ཏན་ངོ་བོ་ཉིད། །འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ། །ལྟོ་བ་སྲིད་གསུམ་ཚེ་སྲོག་འཆང་། །སྤྱི་གཙུག་མཁའ་ལྡིང་གདུག་པ་འདུལ། །སོ་སོར་རྟོག་པའི་ངོ་བོ་ཉིད། །དཀར་པོ་ཟིལ་གནོན་རོ་ཉེ་ཟ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྤྲུལ་པ་གྱད་གནོན་གྱི་ལྷ་བརྒྱད་ནི། ཕྲག་གོང་སྨུག་ནག་ཁྱུང་གཉིས་གཤོག་པ་བརྡེག །ཅེས་སོགས་ཀྱིས། གཙོ་བོའི་ཕྲག་གོང་གཉིས་སུ་ཁྱུང་སྨུག་ནག་འདབ་གཤོག་བརྡེབ་ཅིང་སྦྲུལ་ཟ་བ་གཉིས། ནུ་ཁ་གཉིས་སུ་སེང་གེ་འགྱིང་ཞིང་རབ་སྤྲུག་པ་གཉིས། སོགས་ཁ་གཉིས་སུ་སྟག་མོ་རོ་ཟ་ཞིང་ཤ་ཁྲག་གློ་སྙིང་ནང་ཁྲོལ་ལ་རྔམ་པ་གཉིས། སྟ་ཟུར་གཉིས་སུ་དུག་སྦྲུལ་ནག་པོ་ལྕེ་གཉིས་བསྐྱོད་ཅིང་གདུག་པའི་ཁ་རླངས་འབྱིན་པ་གཉིས་སོ། །དེ་དག་ནི་རྒྱན་གྱི་ལྷ་བརྒྱད་དེ། མན་ངག་རྩ་བ་ལས། ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་། །སོག་ཁར་སྟག་མོ་རོ་ལ་རྔམ། །(༢༡ན)


GLG023_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ཁར་སེང་གེ་རལ་པ་སྤྲུག །སྟ་ཟུར་སྦྲུལ་ནག་ཁ་རླངས་འབྱིན། །ཞེས་གསུངས་སོ། །དེའང་རྩ་བར་སྟག་སྔོན་དུ་བྱུང་ཞིང་། སྒྲུབ་ཐབས་དང་རྗེ་སྒྲོལ་མ་བའི་ལས་བྱང་དུ་སེང་གེ་སྔོན་ལ་བྱུང་བ་ནི་གང་བདེ་བྱས་པས་འགལ་བ་མེད་དོ། །དེའང་། སྙིང་པོ་དོན་གྱི་གསང་རྒྱུད་ལས། སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རྡོ་རྗེ་འཆང་གི་སྤྱི་གཟུགས་ཅན། །མ་སྐྱེས་ངང་ལས་རང་བཞིན་འཆར། །ཕྱག་རྒྱ་ཀུན་གྱི་ཟིལ་གནོན་ཡིན། །ཞེས་གསུངས་སོ། །གསུམ་པ་གོ་ཆ་ནི། ལྷུན་པོ་ལྟར་བརྗོད་གཙུག་ཏུ་ཧཱུྃ་མཛད་དང་། །ཞེས་སོགས་ཀྱིས། གཙོ་བོའི་སྐུ་རི་རབ་ལྟ་བུར་བརྗིད་པའི་སྤྱི་གཙུག་ཏུ་ཧཱུྃ་མཛད། མགྲིན་པར་རྟ་མགྲིན། ལྟག་པར་རྣམ་རྒྱལ། དཔུང་བ་གཡས་སུ་གཤིན་རྗེ་གཤེད། གཡོན་དུ་བདུད་རྩི་འཁྱིལ་པ། བརླ་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་གཞན་གྱིས་མི་ཐུབ་པ། ལྟེ་བར་མི་གཡོ་བ། དཔྱི་མཚམས་སུ་ཁམས་གསུམ་རྣམ་རྒྱལ། གསང་གནས་སུ་སྟོབས་པོ་ཆེའོ། །དེ་སྐད་དུ་མན་ངག་རྩ་བ་ལས། རི་རབ་ལྟ་བུར་བརྗིད་པ་ཡི། །ལུས་ལ་ཁྲོ་བཅུ་རྫོགས་པར་བསྒོམ། །སྟེང་དང་ཕྱོགས་བཞིའི་ཁྲོ་བོ་ནི། །སྤྱི་གཙུག་མགྲིན་པ་ལྷག་པ་དང་། །དཔུང་པ་གཡས་དང་གཡོན་ལ་བསྒོམ། མཚམས་བཞི་འོག་གི་ཁྲོ་བ་ནི། །བརླ་གཡས་གཡོན་དང་ལྟེ་བ་དང་། །དཔྱི་མཚམས་གསང་བའི་གནས་སུ་བསྒོམ། །ཞེས་སོ། །དེའང་སྟེང་དང་ཕྱོགས་བཞིའི་ཁྲོ་བོ་ལྔ་ནི། སྐུ་མདོག་མཐིང་ནག་ཞལ་ནང་དུ་གཟིགས་ནས་སྲུང་བའི་ལས་མཛད་པ། མཚམས་བཞི་འོག་གི་ཁྲོ་བོ་ལྔ་སྐུ་མདོག་ལྗང་ནག་ཞལ་ཕྱིར་གཟིགས་ནས་ཕ་རོལ་གྱི་བྱས་པ་(༢༡བ)


GLG023_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བཤིག་པའི་ལས་མཛད་ཅིང་། བཅུ་གའང་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་འཁོར་ལོ་དང་། གཡོན་སྡིགས་མཛུབ་མཛད་པ་ཡིན་ཏེ། ཆོས་རྒྱལ་དབང་པོའི་སྡེས། ཧཱུྃ་མཛད་རྟ་མགྲིན་རྣམ་རྒྱལ་གཤིན་རྗེ་གཤེད། །བདུད་རྩི་འཁྱིལ་རྣམས་མཐིང་ནག་ཞལ་ནང་གཟིགས། །འཁོར་ལོ་སྡིགས་པའི་མཛུབ་ཅན་སྲུང་བའི་ཕྱིར། །དབྱུག་སྔོན་གཞན་གྱིས་མི་ཐུབ་མི་གཡོ་མགོན། ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་རྣམས་ལྗང་ནག །འཁོར་ལོ་སྡིགས་མཛུབ་ཕྱིར་གཟིགས་བྱས་པ་བཤིག །ཅེས་པ་ལྟར་རོ། ཁྲོ་བོ་བཅུ་པོ་འདི་དག་གི་འགོད་ཚུལ་དང་། སྐུ་མདོག་ཕྱག་མཚན། སྙིང་འཛིངས་ཀྱི་སྒྲུབ་ཐབས་ལག་ཏུ་བླང་བའི་སྒྲོན་མེ་ཁྲག་འཐུང་ཞལ་གྱི་གདམས་པ་ལས། ཏིང་ངེ་འཛིན་གྱི་རྫས་བཟློག་ནག་པོ་ངར་གཅོད་ཀྱི་ལས་བྱ་ན། སྤྱི་བོའམ་སྨིན་མཚམས་སུ་ཧཱུྃ་མཛད། མགྲིན་པར་རྣམ་རྒྱལ། དཔུང་པ་གཡས་སུ་གཤིན་རྗེའི་གཤེད། ལྟག་མདུད་དུ་རྟ་མཆོག །དཔུང་པ་གཡོན་དུ་བདུད་རྩི་འཁྱིལ་པ། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་སྡིགས་མཛུབ་ཅན། ཞལ་ནང་དུ་གཟིགས་པ་སྲུང་བའི་ཚུལ་ཅན། ལྟེ་བར་འདོད་པའི་རྒྱལ་པོ། དཔྱི་མཚམས་སུ་མི་གཡོ་བ། ཚང་སྟེང་དུ་གཞན་གྱིས་མི་ཐུབ་པ། དཔྱི་གཡོན་དུ་ཁམས་གསུམ་རྣམ་རྒྱལ། གསང་བར་རྡོ་རྗེ་གནོད་མཛེས་སྐུ་མདོག་ལྗང་ནག་ཏེ་ཞལ་གཅིག་ཕྱག་གཉིས་པ་འཁོར་ལོ་དང་སྡིགས་མཛུབ་ཞགས་པ་ཅན་ཞལ་ཕྱིར་གཟིགས་པ་ཕ་རོལ་གྱི་བྱས་པ་བཤིག་པའི་ཚུལ་ཅན་ནོ། །སྙིང་གི་དཀྱིལ་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཞི་བའི་རྒྱན་ཆས་ཅན། ཕྱག་ན་འཁོར་ལོ་དང་པདྨ་(༢༢ན)


GLG023_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་བདག་གི་ལུས་ངག་ཡིད་གསུམ་རྡོ་རྗེ་འཇིག་བྲལ་མང་བར་བྱིན་གྱིས་བརླབ་པའོ། །ཞེས་འབྱུང་ངོ་། །ཟླ་གསང་རྩ་བའི་རྒྱུད་ལས། བདག་ཉིད་ཕྱག་རྒྱ་ཆེན་པོའི་སྐུ། །རི་རབ་ཙམ་དུ་རབ་བསྒོམས་ལ། །གཉེན་པོ་ཡན་ལག་རྫོགས་པར་བསྒོམ། །སྤྱི་གཙུག་མགྲིན་པ་སྙིང་ག་དང་། ལྟེ་བ་དང་ནི་གསང་བ་ལྔར། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །བུ་ག་དགུ་རུ་མེ་འཚུབ་ནི། །དམར་ནག་འཁྱིལ་དང་འཚུབ་པར་བསྒོམ། །ཐུགས་ཀར་ཡ་མ་རཱ་ཛ་སྟེ། །ཕྱག་གཡས་དབྱུག་པ་སྔོན་པོ་ལ། །གཡོན་པ་ཊཱཀྐི་རཱ་ཛ་སྟེ། །གསང་སྒོར་བདུད་རྩི་འཁྱིལ་བ་བསྒོམ། །ཞབས་གཡས་འཁོར་ལོ་སྟོབས་པོ་ཆེ། །གཡོན་པ་མི་གཡོ་མགོན་པོའོ། །སྨིན་མར་ཧཱུཾ་མཛད་ལྟག་པར་དབང་། །གསང་བར་ལས་མཆོག་རྒྱལ་པོ་བསྒོམ། །ཞེས་འབྱུང་བ་དང་ཡང་དོན་མཐུན། ཡང་གཙུག་ཏོར་འཁོར་ལོས་སྒྱུར་བ་དྲག་སྔགས་ཨུར་མོ་ལས་བྱུང་བ་ལྟར་འབྲེལ་ཏེ། དེའང་མན་ངག་གི་འགྲེལ་པར། རང་ཉིད་མི་འཇིགས་པའི་གོ་བགོས་པ་ནི། རང་ལྷར་གསལ་བའི་ལུས་ལ་ཁྲོ་བཅུ་རྫོགས་པར་བསྒོམ་ཞིང་། ཞེས་དང་། དྲག་པོ་ཨེ་རིང་གི་རྩ་བ་ལས། འཁོར་ལོས་སྒྱུར་བའི་ཁྲོ་བོ་བཅུའི་ལས་སྔགས་དྲག་པོ་བསྡེབས་ལ་ཨུར་མེ་ངར་གཅོད་ཀྱི་དགོངས་པས་རང་སྲོག་བཙན་པོའི་མཁར་དུ་གཞུག་པ་དང་། ཞེས་སོགས་འབྱུང་། དེའང་ཧཱུཾ་མཛད་དགྲ་སྟ། རྣམ་རྒྱལ་འཁོར་ལོ། དབྱུག་སྔོན་དབྱུག་པ། གཤིན་རྗེ་བེ་ཅོན། མི་གཡོ་རལ་གྲི། རྟ་མགྲིན་པདྨ། འདོད་རྒྱལ་ལྕགས་ཀྱུ། བདུད་རྩི་འཁྱིལ་བ་རྒྱ་གྲམ། ཁམས་གསུམ་རྣམ་རྒྱལ་ཏྲི་ཤུ་ལ་སྟོབས་པོ་ཆེ་གཏུན་ཤིང་ངམ་རྡོ་རྗེ་(༢༢བ)


GLG023_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་པ། གཡོན་ཐམས་ཅད་སྡིགས་མཛུབ་བོ། །དྲག་སྔགས་ལས། ལྕགས་ཀྱུ་དབྱུག་པ་བེ་ཅོན་དང་། །རྩེ་གསུམ་པདྨ་རྡོ་རྗེ་དང་། །རལ་གྲི་དབྱུག་པ་དགྲ་སྟ་དང་། །རྡོ་རྗེ་རྩེ་གཅིག་བསྣམས་པ་སྟེ། །གཡོན་པ་ཐམས་ཅད་སྡིགས་མཛུབ་མཛད། །ཅེས་འབྱུང་ངོ་། །སྐུ་མདོག་ནི། ཁ་དོག་རིགས་དང་མཐུན་པའམ། །ཡང་ན་ཐམས་ཅད་སྔོ་ནག་གི །ཞེས་འབྱུང་ངོ་། །དེ་ནས། མགུར་ནས་ལོང་བུའི་བར་དུ་མཚོན་གང་གི །ཞེས་སོགས་ཀྱིས། སྐུའི་མགུར་ནས་ལོང་བུའི་བར་དུ་ཉི་མའི་གདན་ལ་བཞུགས་པའི་ཁྲོ་ཆུར་མེ་རླུང་ལས་ཀྱི་འཁོར་ལོ་བསྐོར་བས་གཏམས་པ། བ་སྤུའི་བུ་ག་ནས་རྡོ་རྗེའི་མེའི་ཚ་ཚ་འཕྲོ་བ། བུ་ག་དགུ་ནས་རྡོ་རྗེའི་ཐོག་དང་མེའི་འཚུབ་མ་སོགས་བཟོད་པར་དཀའ་བའི་འཁྲུལ་འཁོར་དང་སྤྲུལ་པའི་ཁྲོ་ཚོགས་དཔག་ཏུ་མེད་པ་འཕྲོས་པས། ཡ་མཐའ་རྒྱལ་བ་ཞི་ཁྲོ་མ་གཤིན་ཕུར་པ་ནས། མ་མཐའ་ས་བདག་འགོང་པོ་པེ་ཀར་དམ་སྲི་ཀླུ་དང་ཀླུ་བདུད་མཛེ་འདྲེ་ལ་སོགས་པའི་སྐྱེ་འགྲོ་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་གནོན་ཅིང་སྟོབས་རྣམས་འཕྲོག་པའོ། །དེའང་མན་ངག་རྩ་བ་ལས། མགུར་ནས་ཞབས་ཀྱི་བར་དག་ལ། ཁྲོ་ཆུང་མཚོན་ཆ་ཐོགས་པས་གཏམས། །བ་སྤུ་རྡོ་རྗེའི་ཚ་ཚ་འཕྲོ། །བུ་ག་དགུ་ནས་རྡོ་རྗེ་ཡི། །ཐོག་དང་མེ་ཡི་འཚུབ་མ་འཕྲོ། །སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འགྱེད། །ཞི་ཁྲོ་མ་གཤིན་ཕུར་པ་དང་། །ས་བདག་འགོང་པོ་པེ་ཀར་དང་། །དམ་སྲི་སྐྱེ་འགྲོ་ཐམས་ཅད་དང་། །ཀླུ་དང་ཀླུ་བདུད་མཛེ་ཡི་ནད། །ཟིལ་གྱིས་གནོན་ཅིང་སྟོབས་རྣམས་འཕྲོག །ཅེས་སོ། ཁྲོ་ཆུང་གི་ཕྱག་མཚན་གནུབས་(༢༣ན)


GLG023_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་རིམ་གསལ་སྒྲོན་ལས། མགུར་ནས་ཞབས་ཀྱི་ལོང་བུའི་བར། །ཡེ་ཤེས་ཁྲོ་ཆུང་མཚོན་རེ་བ། །རཾ་ཡཾ་ཀརྨ་ཙཀྲ་འཕྲོ། །སུཪྻའི་གདན་ལ་ཕྱི་ནས་བསྲུང་། །ཞེས་དང་། རྗེ་སྒྲོལ་མ་བས། ཚིག་དེ་བོད་སྐད་དུ་བསྒྱུར་ནས། མེ་རླུང་ལས་ཀྱི་འཁོར་ལོ་འཕྲོ། །ཉི་མའི་གདན་ལ་ཕྱི་ནས་བསྲུང་། །ཞེས་པ་ལྟར་ལས་བྱང་འདིར་ཡང་བཀོད་པ་ཡིན་ལ། རྩ་བར་མཚོན་ཆ་སྣ་ཚོགས་སུ་བཤད་པ་སྒོམ་དོན་ལ་གང་བདེ་དང་། གཉིས་ཀ་བྱས་ཀྱང་ཁྲོ་ཆུང་མཐའ་ཡས་པ་སྐྱེད་པ་མི་འགལ་བར་སེམས་སོ། །ཟླ་གསང་རྩ་བའི་རྒྱུད་ལས། མགུར་གྱི་བུམ་པ་མན་ཆད་ནས། །ཞབས་ཀྱི་ལོང་བུ་ཡན་ཆད་དུ། ཁྲོ་ཆུང་སེམས་དཔའ་མཚོན་གང་བ། །མདོག་ནག་མཚོན་ཆ་སྣ་ཚོགས་བསྣམས། །ཉི་མའི་འོད་སྟོང་ལྡན་པར་བསྒོམ། །ཞེས་སོ། །དེའང་རྣམ་ངེས་རིན་ཅེན་སྒྲོན་མེར། གང་ཞིག་མངོན་པར་རྟོགས་པ་བསྒོམ་ཞིང་འཕྲིན་ལས་བྱེད་པའི་ཚེ། མངོན་པར་རྟོགས་པའི་ཚིག་གི་ཕྲེང་བ་བཟུང་སྟེ། དེ་མ་བྱུང་གི་བར་དུ་ཚིག་རིས་ཡིད་ལ་བྱེད་ཅིང་འདོན་ལ། རྩོལ་མེད་དུ་བྱང་པོར་སོང་བའི་ཚེ། །ཡིད་རྒྱ་ཡན་དུ་བཏང་ནས་ཚིག་བྱང་ཡུད་ཙམ་གྱིས་རྫོགས་པར་བྱེད་ཅིང་། ཅུང་ཟད་སེམས་བཟུང་ནས་ཚིག་བཤར་བས་བརྗེད་པ་ལྟ་བུར་སོང་ནས་ཐོགས་པར་སྣང་བས་ན་བྱང་ཆ་དེ་འབྱུང་ཞེས་སྨྲ་བའི་མངོན་རྟོགས་བསྒོམ་པར་རློམ་པ་ལ་ནི་སྙིང་པོ་ཅིའང་མེད་དོ། །དེས་ན་དཀྱིལ་འཁོར་གྱི་མངོན་པར་རྟོགས་པའི་གནས་ལུགས་བློ་ཡུལ་དུ་འདྲིས་པར་བྱས་ནས་ཉམས་སུ་བླངས་པའི་ཚེ། བློ་ཆེ་ན་ཅིག་ཅར་དུ་ལམ་གྱིས་གསལ་(༢༣བ)


GLG023_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། བློ་ཆུང་དང་པོ་བས་རིམ་གྱིས་མཚན་མ་ཕྲ་མོ་ཡན་ཆོད་གསལ་འདེབས་ཤིང་། གསལ་འདེབས་ཀྱི་རྐྱེན་དུ་བརྗོད་པའི་ཚིག་བཤད་ལས་བྱང་ལྟར་བྱ་བ་ནི་རང་ཅག་གི་ཕྱག་ལེན་ཡིན་ལ། འོན་ཀྱང་མངོན་རྟོགས་ཀྱི་ཚིག་བཤད་ཞིབ་པོར་བརྗོད་པ་ཉིད་ཏིང་ངེ་འཛིན་གསལ་བའི་རྐྱེན་དུ་ངེས་པར་འགྲོ་བར་སྣང་ན། མངོན་རྟོགས་ཀྱི་ཚིག་སྒོམ་ཁོག་ལྟར་ངག་ཏུ་བརྗོད་པ་ལའང་ཉེས་པ་མེད་པར་སེམས་སོ། །ཞེས་གསུང་བ་ནི་དིང་དུས་ཀྱི་གསང་སྔགས་གསར་རྙིང་གི་མངོན་རྟོགས་བསྒོམ་ཞིང་འཕྲིན་ལས་བྱེད་པ་ཕལ་ཆེར་གྱི་རང་མཚང་དུ་གང་འབབ་ཤེས་ལྡན་དག་སྙིང་ལ་འཆོངས་ཤིག །གཉིས་པ་འཁོར་གྱི་ལྷ་བསྐྱེད་པ་བསྟན་པ་ལ། སྤྲུལ་པ་གསུམ་བསྐྱེད་པ། གཤེད་བཞི་བསྐྱེད་པ། མོན་བདུད་བསྐྱེད་པ། འཆི་བདག་བཅུ་གཉིས་བསྐྱེད་པ། བར་ཁྱམས་ཀྱི་སྤྲུལ་པ་བསྐྱེད་པ། སྒོ་བ་བཞི་བསྐྱེད་པ། ཕྱི་རོལ་འཁུ་ལྡོག་གི་འོབས་སྲུང་བསྐྱེད་པའོ། །དང་པོ་ནི། གཙོ་བོའི་གཡས་ཟུར་སྐུ་སྤྲུལ་འཆི་བདག་ནི། །ཞེས་སོགས་ཀྱིས། དབུས་ཀྱི་ཨའི་ཕོ་བྲང་མཐིང་ནག་རྩེ་མོ་ལྷོར་བསྟན་ནང་དུ་གདན་སྟེང་དུ་གཙོ་བོ་བཞུགས་པའི་གྲུ་གསུམ་ཐོང་ར་ཟླུམ་པོས་བསྐོར་བའི་ཟླ་གམ་གསུམ་གྱི་ལྷོ་ནུབ་གཙོ་བོའི་གཡས་ཟུར་དུ་སྐུ་སྤྲུལ་འཆི་བདག་བྱེ་བ་དགུ་རིང་དབུ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་སེར་གཡོན་དམར་བ། དབུས་དང་སྐུ་མདོག་སྔོ་ནག །ཕྱག་གཡས་པ་གསུམ་ན་ཐོད་དབྱུག །རལ་གྲི། དགྲ་སྟ་འཛིན་ཅིང་། གཡོན་གསུམ་ན་ཐོད་པ་མདུང་དང་ལྕགས་ཀྱི་རི་རབ་བམ་མེ་དཔུང་འཛིན་པ། ལྕགས་ཀྱི་ཁྲབ་གསོལ་ཞིང་། དུར་ཁྲོད་(༢༤ན)


GLG023_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆས་ཀྱིས་བརྒྱན་པ། མ་ཧེ་སྔོ་ནག་གི་སྟེང་དུ་འགྱིང་བ། ཡུམ་ཆེན་སྲིན་མོ་གསོད་བྱེད་མ་ཏྲི་ཤུལ་དང་ཐོད་པ་ཁྲག་གིས་གང་བ་འཛིན་པའོ། །དེ་ལྟར་ཨ་མུ་དང་ཟླ་གསང་ལས་བཤད་ཅིང་བསྐུལ་དང་མཐུན་པས་བདེ། ཕྱག་རྒྱ་གསལ་སྒྲོན་དུ། གཡས་གསུམ་རལ་གྲི་ཞིང་དབྱུག་ལྕགས་ཀྱི་རི་རབ། གཡོན་གསུམ་བེ་ཅོན་ལྕགས་ཀྱུ་རྡོ་རྗེའི་རྒྱ་གྲམ་འཛིན་ཅིང་། ཆུ་གླང་ནག་པོ་ལ་གཞོན་པར་བཤད་དོ། །དགོངས་རྒྱུད་ལས། རང་ཉིད་ཟིལ་གནོན་སྐུ་རུ་གསལ། །བྱེ་བ་དགུ་ཁྲི་མདུན་དུ་བསྐྱེད། །ཞིང་བསྣོལ་རུ་དྲའི་གདན་སྟེང་ན། །ཆུ་གླང་སྔོན་པོ་སྦྲུལ་རིས་ཅན། ཐོད་པ་ནུས་པོས་བརྒྱན་པ་ལ། །ཉི་ཟླ་དང་བཅས་གདན་ལ་གནས། །སྐུ་མདོག་སྔོ་ནག་ཁྲོ་ཞིང་གཏུམ། །སྐུ་སྟོད་གླང་ཆེན་སྟག་ཤམ་ཞིང་། །སྦྲུལ་དང་ཐོད་པ་རིན་པོ་ཆེ། །དབུ་དང་ལྷུ་ཚིགས་ཕྱག་ཞབས་བརྒྱན། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །གཡས་པ་གསུམ་ན་རལ་གྲི་དང་། །བེ་ཅོན་ལྕགས་ཀྱི་རི་རབ་བསྣམས། །གཡོན་པ་གསུམ་ན་ལྕགས་ཀྱུ་དང་། །ཞགས་པ་རྡོ་རྗེ་རྒྱ་གྲམ་བསྣམས། །ཞེས་སོ། །ཟླ་གམ་གསུམ་གྱི་ཤར་ལྷོ། གཙོ་བོའི་གཡོན་ཟུར་དུ་གསུང་སྤྲུལ་སྲོག་བདག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་གཡས་གཉིས་ན་བེ་ཅོན་དང་རྒྱུ་ཞགས། གཡོན་གཉིས་ན་ལྕགས་ཀྱུ་དང་བསེ་མདུང་འཛིན་པ། རུས་སྦལ་གྱི་གཡང་གཞི་གསོལ་ཞིང་། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། བསེའི་གྱི་ལིང་ལ་བཅིབས་པ། ཡུམ་སྲིན་མོ་རོ་ལངས་མ་སྤུ་གྲི་དང་ཐོད་པ་འཛིན་པས་འཁྱུད་པའོ། །(༢༤བ)


GLG023_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་གསལ་སྒྲོན་དུ། སྲོག་བདག་སྐུ་མདོག་དམར་པོ་ཐོད་པའི་རྣ་ཆ་ཅན་བེ་ཅོན་དང་རྒྱུ་ཞགས་འཛིན་པར་བཤད་དོ། །དེའང་སྔ་མ་ནི། ཨ་མུ་དང་ཟླ་གསང་གཉིས་ཀ་ལས་བྱུང་ཞིང་། རྗེ་སྒྲོལ་མ་བ་དང་ཆོས་རྒྱལ་དབང་པོའི་སྡེ་གཉིས་ཀ་ཕྱག་ལེན་དུ་མཛད་པའོ། །རིན་ཅེན་སྒྲོན་མེར། ཡང་ན་བསྙེན་ཅིང་སྒྲུབ་པའི་དུས་སུ་སྲོག་བདག་ཕྱག་རྒྱ་གསལ་སྒྲོན་ལྟར་དང་། འོག་ནས་བྱུང་བའི་ཚེ་བདག་དང་། གཤེད་བཞིའི་བཞོན་པའང་གདན་དུ་བྱ་ལ། ལས་ལ་བསྐུལ་བའི་དུས་སུ་བཞོན་པ་ཅན་དུ་བྱས་ནའང་མི་ལེགས་པ་མེད་དོ། །ཟླ་གམ་གསུམ་གྱི་བྱང་ཕྱོགས་གཙོ་བོའི་སྐུའི་རྒྱབ་ཕྱོགས་སུ་ཐུགས་ཀྱི་སྤྲུལ་པ་ཚེ་བདག་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བཞི་བགྲད་པ། རྩ་བའི་ཞལ་གསུམ་དབུས་མ་ཧེ། གཡས་སྟག་གཡོན་སེང་གེའི་མགོ་བོ་སྟེ་གསུམ་གའང་ཁྲོ་ཞིང་རྔམ་པ། བར་པའི་ཞལ་གསུམ་དབུས་མཐིང་ནག །གཡས་དཀར། གཡོན་དམར་བ། གསུམ་ག་ཁྲོ་བོའི་ཞལ་ལ་གཡས་ཅུང་ཟད་བཞད་པའི་ཉམས་དང་། གཡོན་ཆགས་པའི་ཉམས་ཅན། སྟེང་གི་ཞལ་གསུམ་དབུས་ཁྱུང་། གཡས་རྨ་བྱ། གཡོན་དུར་བྱའི་མགོ་བོ་ཅན་ནོ། །ཕྱག་གཡས་དགུ་ན་རིམ་པ་བཞིན་དུ། རྡོ་རྗེ། ཞིང་དབྱུག །དར་མདུང་། འཁོར་ལོ། རལ་གྲི །དགྲ་སྟ། ཁ་ཊྭཱཾ་ག །གྲི་གུག །རྡོ་རྗེའི་ཐོ་བ་འཛིན་ཅིང་། གཡོན་དགུ་ན་རིམ་པ་བཞིན། བནྡྷ། འུག་པ། བེ་ཅོན། གཏུན་ཤིང་། སྡིགས་མཛུབ། ལྕགས་ཀྱུ། ཞགས་པ། མི་སྙིང་། ཞིང་ཆུང་གི་རྒྱལ་མཚན་འཛིན་པ། ཞིང་ལྤགས་ཀྱི་སྟོད་གཡོགས་དང་། སྟག་ལྤགས་(༢༥ན)


GLG023_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རློན་པས་སྨད་དཀྲིས་པ། ཐོད་སྤྲུལ་སོགས་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །བདུད་མོ་གསོད་བྱེད་མ་ཙིཏྟ་དང་བནྡྷ་ཁྲག་གི་གང་བ་ཐོགས་པ་མི་ལྤགས་གྱོན་པས་འཁྱུད་པའོ། །ཕྱག་མཚན་དེ་ལྟར་ཟླ་གསང་དང་། ཨ་མུར་བཤད་པ་རྗེ་སྒྲོལ་མ་བའང་ཕྱག་ལེན་དུ་མཛད། ཡུམ་གསུམ་ཡང་ཟླ་གསང་དང་ཨ་མུར་བཤད་དོ། །དགོངས་རྒྱུད་ལས། ཕྱག་དགུ་གཡས་ན་ཕྱག་མཚན་བསྒྲེང་བ་ནི། །འཁོར་ལོ་རལ་གྲི་རྡོ་རྗེ་ཁ་ཊྭཱཾ་མདུང་། །མདའ་ཆེན་ཞིང་ཆུང་དབྱུག་པ་རྒྱ་གྲམ་བསྣམས། །གཡོན་དགུ་བེ་ཅོན་གཏུན་ཤིང་རྒྱུ་ཞགས་སྦྲུལ། །སྡིགས་མཛུབ་ཏྲི་ཤུ་དགྲ་སྟ་གཞུ་དང་ཙིཏྟ་འཛིན་འབྱུང་སྟེ་མཆོད་བསྟོད་གསལ་སྒྲོན་དང་མཐུན་ནོ། །དེ་དག་ནི་སྤྲུལ་པ་གསུམ་སྟེ། མན་ངག་རྩ་བར། ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། །སྐུ་སྤྲུལ་འཆི་བདག་བྱེ་བ་དང་། །གསུང་སྤྲུལ་སྲོག་བདག་དམར་པོ་དང་། །ཐུགས་སྤྲུལ་ཚེ་བདག་མགོ་དགུ་པའོ། །ཞེས་སོ། །གཉིས་པ་གཤེད་བཞི་ནི། ཐོད་པའི་མཁར་བཞིར་དྲེད་མོ་ལག་རྡེབ་དང་། །ཞེས་སོགས་ཀྱིས། ཤར་གྱི་ཐོད་མཁར་གྱི་ནང་དུ་གཤིན་རྗེ་ཡ་མ་རཱ་ཛ་སྨུག་ནག་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ། དྲེད་མོ་ལག་རྡེབ་ལ་ཞོན་པ། ལྷོར་སྲིན་མོ་མྱོས་བྱེད་འབར་བ་སེར་ནག་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ། གཏུམ་པོ་དོམ་ནག་ལ་ཞོན་པ་ནུབ་ཏུ་ཀླུ་བདུད་ཨཪྻ་དམར་པོ་དམར་ནག་སྦྲུལ་དང་ཐོད་པས་བརྒྱན་པ། དྲེལ་རྟ་ལ་ཞོན་པ། བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་སྦྲུལ་དང་ཐོད་པས་བརྒྱན་པ། དྲེལ་རྟ་ལ་ཞོན་པ། བྱངདུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་སྦྲུལ་དང་ཐོད་པས་བརྒྱན་པ། རྔ་མོ་གདོང་སེར་ལ་ཞོན་པ། བཞི་གའང་གཡས་འཁོར་ལོ་དང་གཡོན་(༢༥བ)


GLG023_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བེ་ཅོན་འཛིན་ཅིང་། ཡུམ་ཡང་སྙིང་འཛིངས་དང་མན་ངག་རྩ་འགྲེལ་རྣམས་སུ་མི་གསལ་ཡང་། སྟོབས་ཆེན་ལྟར། སྲིན་མོ་ནག་མོ། ཨེ་ཀ་ཛཱ་ཊཱི། བདུད་མོ་ནག་མོ། གནོད་སྦྱིན་ནག་མོ་རྣམས་རིམ་པ་བཞིན་ཡབ་ལ་འཁྱུད་ཅིང་ཐོད་ཁྲག་སྟོབ་པའོ། །རྗེ་སྒྲོལ་མ་བའང་ཕྱག་ལེན་དུ་འདི་མཛད། ཡང་མཐུན་མི་སྒྲོན་མ་རྩིས་ཀྱི་ཡི་གེ་ལས། གཤེད་བཞིའི་བཞོན་པ་ཡ་མ་རཱ་ཛ་སྔ་མ་དང་འདྲ་བ། མྱོས་བྱེད་འབར་བ་དོམ་སྙིང་དཀར་ལ་ཞོན་པ། ཨཪྻ་དམར་པོ་ཝ་མོ་སྟོད་སེར་ལ་ཞོན་པ། རལ་པ་ཚར་དགུ་དྲེལ་རྟ་ལ་ཞོན་པ། ཞེས་བཤད་དེ། གཤེད་བཞིའི་ཕྱག་མཚན། ཡ་མ་རཱ་ཛ་རལ་གྲི་དང་ཞགས་པ། མྱོས་བྱེད་འབར་བ་རལ་གྲི་དང་དགྲ་སྟ། ཨཪྻ་དམར་པོ་ལྕགས་ཀྱུ་དང་ཞགས་པ། རལ་པ་ཚར་དགུ་དབྱུག་ཏོ་དང་ཞགས་པ་འཛིན་པར་དབང་པོའི་སྡེའི་ཟུར་འདེབས་སུ་ཡོད་པས། ལས་བྱང་འདིར་འཁྱེར་བདེ་བས་ཕྱིར་སྔ་མ་ལྟར་བཀོད་ཀྱང་དོན་ལ་ཁྱད་པར་མེད་དོ། །དེ་དག་ནི་གཤེད་བཞི་སྟེ། མན་ངག་རྩ་བ་ལས། ཕྱི་རོལ་ཐོད་པའི་མཁར་བཞི་ན། །གཤེད་པོ་ཡ་མ་རཱ་ཛ་དང་། །སྲིན་པོ་མྱོས་བྱེད་འབར་བ་དང་། །ཀླུ་བདུད་ཨཪྻ་དམར་པོ་དང་། །གནོད་སྦྱིན་རལ་པ་ཚར་དགུའོ། །ཞེས་སོ། །གསུམ་པ་མོན་བདུད་ནི། ལྕགས་མཁར་ཕྱོགས་བཞིར་དུང་ལྕགས་བསེ་གསེར་གྱི། །ཞེས་སོགས་ཀྱིས། ལྕགས་མཁར་བརྒྱད་ཀྱི་ཤར་དུ་དུང་གི་མོན་པ། སེང་གེའི་མགོ་ཅན་མོན་མོ་བླ་རྐུན་རྔམ་པའི་གདོང་ཅན་གྱིས་འཁྱུད་པ། ལྷོར་ལྕགས་ཀྱི་མོན་པ་སྟག་གི་མགོ་ཅན་མོན་མོ་གཡུའི་རལ་པ་ཅན་གྱིས་འཁྱུད་པ། ནུབ་ཏུ་བསེའི་མོན་པ་དྲེད་ཀྱི་མགོ་ཅན། མོན་མོ་ཚེ་སྲོག་འཕྲོག་པ། (༢༦ན)


GLG023_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་གི་རལ་པ་ཅན་གྱིས་འཁྱུད་པ། བྱང་དུ་གསེར་གྱི་མོན་པ་ཁྱུང་གི་མགོ་ཅན། མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་མས་འཁྱུད་པ། ཡབ་བཞི་ཕྱག་གཡས་རི་རབ་དང་གཡོན་ཞགས་པ་འཛིན་ཅིང་། ཡུམ་བཞི་གཡས་ཙིཏྟ་དང་གཡོན་ཐོད་ཁྲག་གོ །ལུགས་གཅིག་ལ་ཡབ་བཞི་འཁོར་ལོ་དང་ཞགས་པ་འཛིན་པའང་ཡོད་དོ། །ལས་བྱང་འདིར། རང་འདྲའི་ཡབ་ལ་འཁྱུད། ཅེས་པ། ཤིན་ཏུ་རྔམ་ཞིང་འཇིགས་པའི་ཆ་ནས་རང་འདྲ་ཞེས་བཤད་པ་ཡིན་ལ། ཡུམ་གི་ཞལ་ཁྲོ་མོའི་ཞལ་ཅན་ལས། ཡབ་ལྟར་སེམས་ཅན་གཞན་གྱི་མགོ་བརྙན་ནི་མ་ཡིན་ནོ། །ཤར་ལྷོར་ཧེ་ལི་ཁྱབ་པ་སྔོ་ནག་གཡས་འཁོར་ལོ་འཛིན་ཅིང་། ཡུམ་བདུད་མོ་མི་ཟན་སྙིང་རྐུན་མས་འཁྱུད་པ། ལྷོ་ནུབ་ཏུ་ནག་པོ་མཛུམ་མེད་སེར་ནག་གཡས་རལ་གྲི་འཛིན་ཅིང་། ཡུམ་བདུད་མོ་མེ་ཐོགས་སྙིང་འབྱིན་མས་འཁྱུད་པ། ནུབ་བྱང་དུ་སོ་འདར་འཁྲིག་པ་དམར་ནག་གཡས་ཚེ་སྲོག་སྡུད་པའི་བར་དུ་འཛིན་ཅིང་། ཡུམ་བདུད་མོ་ཁྲག་སྐྱུག་སྙིང་ལ་གཟེར་འདེབས་མས་འཁྱུད་པ། བྱང་ཤར་དུ་རལ་པ་སྤྱིར་བཅིངས་ལྗང་ནག་གཡས་ཁྲམ་ཤིང་འཛིན་ཅིང་། ཡུམ་ནག་མོ་མྱོས་བྱེད་དབུགས་སྡུད་མས་འཁྱུད་པ། ཡབ་རྣམས་ཀྱིས་གཡོན་ཁྲམ་ཤིང་དང་། ཡུམ་རྣམས་གཡས་ཙིཏྟ་དང་གཡོན་ཐོད་ཁྲག་གོ །མོན་བདུད་བརྒྱད་ཡུམ་དང་བཅས་པ་ཤིན་ཏུ་རྔམ་ཞིང་མེ་ལྕེ་གློག་དང་སྐར་མདས་བརྒྱན་པའོ། །རྗེ་སྒྲོལ་མ་བའི་ལས་བྱང་དུ། རལ་པ་སྤྱིར་བཅིངས་གཡས་ཞགས་པ་འཛིན་པར་བཤད། རིན་ཅན་སྒྲོན་མེ་དང་། རྗེ་སྒྲོལ་མ་བའི་ལས་བྱང་གཉིས་ཀར་ནག་(༢༦བ)


GLG023_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འཛུམ་མེད་དང་སོ་འདར་འཁྲིག་པ་གོང་འོག་བརྗེས་འདུག་པ་ཡིག་རྒྱུན་ནོར་རམ་གང་ཡིན་བརྟག་གོ །ལས་བྱང་འདིར་ནི་དབང་པོའི་སྡེའི་ཟུར་འདེབས་ལྟར་བཀོད་པ་ཡིན་ཏེ། དེ་ཉིད་ལས། ཧེ་ལེ་ཁྱབ་པ་སྔོ་ནག་འཁོར་ལོ་ཅན། །བདུད་མོ་མི་ཟན་སྙིང་རྐུན་མ་ཡིས་འཁྱུད། །ག་པོ་འཛུམ་མེད་སེར་ནག་རལ་གྲི་འཛིན། །བདུད་མོ་མེ་ཐོགས་སྙིང་འབྱིན་མ་ཡིས་འཁྱུད། །སོ་འདར་འཁྲིག་པ་དམར་ནག་པར་བུ་ཅན། །བདུད་མོ་ཁྲག་སྐྱུག་སྙིང་གཟེར་འདེབས་མས་འཁྱུད། །རལ་པ་སྤྱིར་བཅིངས་ལྗང་ནག་ཁྲམ་ཤིང་ཅན། །ནག་མོ་མྱོས་བྱེད་དབུགས་སྡུད་མ་ཡིས་འཁྱུད། །བདུད་པོ་བཞི་ཡི་གཡོན་ཀུན་ཁྲམ་ཤིང་བསྣམས། །ཡུམ་བཞི་ཙིཏྟ་ཐོད་ཁྲག་འཛིན་འཁྱུད་སྟབ། །མོན་བདུད་ཡབ་ཡུམ་ཀུན་ཀྱང་ཤིན་ཏུ་རྔམ། །མེ་ལྕེ་གློག་དང་སྐར་མདས་བརྒྱན་པའོ། །ཞེས་པ་ལྟར་རོ། །དེ་དག་ནི་མོན་བདུད་བརྒྱད་དེ། མན་ངག་རྩ་བར། དེའི་ཕྱི་འཁོར་ལོ་རྩིབས་བརྒྱད་ལ། །ཕྱོགས་བཞི་ལ་ནི་མོན་པ་བཞི། །མཚམས་བཞི་ལ་ནི་བདུད་བཞི་སྟེ། །དེ་དག་ཡུམ་དང་བཅས་པའོ། །ཞེས་སོ། །བཞི་པ་འཆི་བདག་བཅུ་གཉིས་ནི། ཕྱི་རིམ་ལྕགས་མཁར་བཅུ་གཉིས་ཤར་ཕྱོགས་སུ། །ཞེས་སོགས་ཀྱིས། ལྕགས་མཁར་བཅུ་གཉིས་ཀྱི་ཤར་སྟོད་དུ་བྷེ་ཝ་ས་ཏྭ་མཐིང་ནག་བེ་ཅོན་འཛིན་པ། ཤར་སྨད་དུ་ནོར་བུ་དགེ་འཕེལ་སེར་ནག་འཁོར་ལོ་བསྐོར་བ། ཤར་ལྷོར་སེར་ནག་འཇོམས་བྱེད་ལྕགས་ཀྱུ་འཛིན་པ། ལྷོ་སྟོད་དུ་བྱེ་བ་དགུ་ཁྲི་ལྗང་ནག་དབྱུག་ཏོ་བསྣམས་པ། ལྷོ་སྨད་དུ་ཡཀྴ་གློག་ཕྲེང་དམར་ནག་རྒྱུ་ཞགས་འཕེན་པ། ལྷོ་ནུབ་ཏུ་ཡཀྴ་ཟ་བྱེད་སྔོ་ནག་སྤུ་གྲི་ཐོགས་པ། (༢༧ན)


GLG023_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་སྟོད་དུ་གཏུམ་པོ་དུད་ཁ་བདུད་ཀྱི་ཁྲམ་ཤིང་འཕྱར་བ། ནུབ་སྨད་དུ་གང་བ་ཀུན་འཇོམས་དཀར་པོ་མདའ་གཞུ་འགེང་བ། ནུབ་བྱང་དུ་ཁ་འབར་རལ་གཅིག་དམར་ནག་རལ་གྲི་འཕྱར་བ། བྱང་སྟོད་དུ་སྦྲུལ་མགོ་ཀུན་འཛིངས་སྔོ་སྐྱ་ལྕགས་མདུང་འཕེན་པ། བྱང་སྨད་དུ་ངང་པ་སྟོབས་ལྡན་སེར་པོ་དགྲ་སྟ་འཛིན་པ། བྱང་ཤར་དུ་ཧོང་བན་སྲོག་འཛིན་ནག་པོ་བདུད་ཞགས་འཕེན་པ། ཐམས་ཅད་ཤིན་ཏུ་ཁྲོས་ཤིང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའོ། །ལྟར་རྗེ་སྒྲོལ་མ་བའི་ཕྱག་ལེན་དུ་བཤད་ཅིང་། དབང་པོའི་སྡེའང་འདི་ག་མཛད། ཐམས་ཅད་ཀྱི་ཕྱག་མཚན་གཡས་ཕུར་པ་དང་གཡོན་ཐོད་ཁྲག་འཛིན་པར་བཤད་པའང་ཡོད་དོ། །དེ་དག་ནི་འཆི་བདག་བཅུ་གཉིས་ཏེ། མན་ངག་རྩ་བར། ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ། །ལས་ཀྱི་འཆི་བདག་བཅུ་གཉིས་གནས། །ཞེས་སོ། །ལྔ་པ་བར་ཁྱམས་ཀྱི་ལྷ་ནི། ཕྱི་རིམ་ཁྱམས་སུ་ལས་ཀྱི་གཤིན་རྗེ་རྣམས། །ཞེས་སོགས་ཀྱིས། བར་ཁྱམས་ལ་ཕོ་གཤེད་མོ་གཤེད་ལ་སོགས་པ་ལས་ཀྱི་གཤིན་རྗེ་ཐམས་ཅད་ཤ་ཟ་ཀི་ཀང་མ་མོ་ལ་སོགས་དྲེགས་པ་ཅན་གྱི་ཚུལ་འཛིན་ཅིང་སྣ་ཚོགས་པའི་མཚོན་ཆ་ཐོགས་པར་བསམ་མོ། །དེ་དག་ནི་བར་ཁྱམས་ཀྱི་ལྷ་ཞེས་བྱ་སྟེ། མན་ངག་རྩ་བར། དེ་ཡི་ཕྱི་རིམ་བར་ཁྱམས་ལ། །ཕོ་གཤེད་མོ་གཤེད་ལ་སོགས་པའི། །ཤ་ཟ་ཀི་ཀང་མ་མོའི་ཚོགས། །ཞེས་སོ། །དྲུག་པ་སྒོ་བ་ནི། སྒོ་བཞིར་དཀར་པོ་སྙིང་འབྱིན་མགོན་པོ་ནག །ཅེས་སོགས་ཀྱིས། ཤར་སྒོར་དཀར་པོ་སྙིང་འབྱིན་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་མགོན་པོ་ནག་པོ་ཞགས་པ་(༢༧བ)


GLG023_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། ནུབ་སྒོར་ཡབ་རྗེ་ནག་པོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་སྐུ་མཆོག་དམར་པོ་དྲིལ་བུ་འཛིན་པ། བཞི་གའང་རང་མདོག་དང་མཚུངས་པའི་བེར་གསོལ་བའོ། །ཕྱག་མཚན་དེ་ལྟར་འཁྱེར་བདེ་བའི་དབང་དུ་བྱས་པ་སྟེ། རྗེ་སྒྲོལ་མ་བ་དང་དབང་པོའི་སྡེ་གཉིས། དཀར་པོ་སྙིང་འབྱིན་རུ་མཚོན་འཁོར་ལོ། མགོན་པོ་ནག་པོ་བེ་ཅོན་ཐོད་ཁྲག །ཡབ་རྗེ་ནག་པོ་ཁྲམ་ཤིང་བདུད་ཞགས། སྐུ་མཆོག་དམར་པོ་དབྱུག་ཏོ་མདུང་འཛིན་པར་བཞེད་ལ། རིན་ཅེན་སྒྲོན་མར་ཡང་ན་ཞེས་འདམ་གར་བཤད་པས་གང་བདེ་བྱའོ། །དེ་དག་ནི་སྒོ་བ་བཞི་སྟེ། མན་ངག་རྩ་བར། སྒོ་བཞི་རུ་ནི་རྒྱལ་པོ་དང་། །མགོན་པོ་བདུད་དང་གནོད་སྦྱིན་བཞི། །ཞེས་སོ། །བདུན་པ་ཁོར་ཡུག་ནི། འོབས་སྲུང་འཇིགས་རུང་བཤན་པ་སྲོག་གཤེད་བདག །ཅེས་སོགས་ཀྱིས། འོབས་ཆེན་བཅུ་དྲུག་ལ་ནི། འོབས་སྲུང་ཆེན་པོ་འཇིགས་སུ་རུང་བ་བཅུ་དྲུག་སྣ་ཚོགས་པའི་མདོག་ཅན། མཚོན་ཆ་སྣ་ཚོགས་ཐོགས་པར་བསམ་མོ། །དེ་སྐད་དུའང་། ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ། །འོབས་སྲུང་ཆེན་པོ་བཅུ་དྲུག་གནས། །ཞེས་སོ། །མདོར་ན་དཀྱིལ་འཁོར་གྱི་ཁྱམས་སྟོངས་ལ་གནས་པའི་ཕོ་གཤེད་མོ་གཤེད་རྣམས་དང་། ཕྱི་རོལ་གྱི་དུར་ཁྲོད་ལ་གནས་པའི་བཤན་པ་ཚེ་སྲོག་གི་གཤེད་མ་ཕྱོགས་བཅུར་ལས་བྱེད་པའི་ཕོ་ཉ་གཤིན་རྗེ་དྲེགས་པ་ཅན་གྱི་ཚོགས་རྣམས་གང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་གནས་པ་དེ་ཉིད་དུ་ནམ་མཁའ་ལ་རྒྱུ་སྐར་འཁྲིགས་པ་ལྟར་རང་བཞིན་ལྷུན་གྲུབ་ཏུ་འདུས་ནས་འཕྲིན་ལས་བྱེད་པ་ཡིན་ཏེ། ལས་གཤིན་(༢༨ན)


GLG023_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། ཐུགས་རྗེས་ཉི་མ་ལྟ་བུའི་དབྱུགས་ཕྱུང་ནས། །དཀྱིལ་འཁོར་ཆེན་པོ་བསྲུང་བར་འཕྲིན་ལས་བསྐོས་སོ། །ཞེས་རྒྱུད་ལས་བྱུང་བ་ལྟར་རོ། །རྒྱུད་དུ། འཁོར་རྣམས་ལས་ལས་གྲུབ་པས་བསྐྱེད་མི་དགོས། །ཞེས་གསུང་བ་ནི། འཁོར་རྣམས་རང་རྒྱུད་པ་ཁོ་ན་ལྟར་མི་བསྐྱེད་པ་ལ་དགོངས་པ་ཡིན་གྱི། དོན་ལ་འཁོར་ཡང་རང་རྒྱུད་པ་དང་སྤྲུལ་པ་གཉིས་སུ་གསུངས་པ་ལ། འདིར་ནི་དཀྱིལ་འཁོར་སྤྲོས་པའི་ཚེ་ལྷ་ཐམས་ཅད་འཁོར་འདས་དབྱེར་མེད་བསྒྲུབས་པས། རྣལ་འབྱོར་པའི་ཚོགས་རྫོགས་ཤིང་། ཇི་ལྟར་འདོད་པའི་འཕྲིན་ལས་མྱུར་དུ་འགྲུབ་པ་ཡིན་ནོ། །ཨ་མུ་ཀ་ཕུང་གི་རྒྱུད་ལས། རྒྱལ་བ་གཅིག་གི་ཡེ་ཤེས་ལ། །དུ་མ་ལས་ལ་རྒྱུག་འགྲོ་བ། །རང་ལས་བྱུང་བའི་སྤྲུལ་པར་སྣང་། །དོན་དམ་གཉིས་མེད་གཅིག་ཏུ་རྫོགས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རོ། །ཞེས་པའི་དོན་གྱི་གནད་གོ་བ་ལམ་འདི་ལ་གལ་ཆེ་བར་ཡོད་དོ། །དེ་ལྟར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་སྣང་ལ་རང་བཞིན་མེད་པར་བལྟ་བར་བྱ་སྟེ། མན་ངག་རྩ་བར། དེ་ལྟར་དེ་དག་ཐམས་ཅད་ཀུན། །སེམས་ཉིད་སྟོང་པ་ཆོ་འཕྲུལ་ཏེ། །ཆོས་ཉིད་སྟོང་པ་ཤར་བ་ན། །བར་སྣང་ནམ་མཁའི་འཇའ་ཚོན་ནམ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པར་བལྟ། །ཞེས་གསུངས་པ་ལྟར་རོ། །ད་ལྟ་ཕྱག་ལེན་དུ་མན་ངག་རྩ་བའི་ཚིག་བདུན་སྒྲིགས་མར་ཟུར་འདེབས་ཀྱི་ཚིག་དགུ་སྒྲིགས་མས་བརྒྱན་ཏེ་ངག་འདོན་(༢༨བ)


GLG023_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱེད་པ་ཡིན་ནོ། །སྨྲས་པ་། གདོད་ནས་ལྷུན་གྲུབ་ཟིལ་གནོན་རྟེན་དང་བརྟེན་པར་བཅས་པའི་འཁོར་ལོ་ཆེ། །ལྷ་ལམ་ངོས་སུ་དབང་པོའི་གཞུ་ལྟར་ཕན་ཚུན་མ་འདྲེས་རྣམ་བཀྲ་ཞིང་། །གང་གིས་འཇིག་དང་གཞོམ་དུ་མེད་པས་རྡོ་རྗེ་ལྟ་བུར་སྲ་བརྟན་པ། །ཀུན་ལས་རྣམ་པར་རྒྱལ་འདིར་རྣལ་འབྱོར་བྱེད་གང་རྨད་བྱུང་སྐལ་བ་ཅན། །ཞེས་སོ། །གཞུང་གི་དོན་གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ལ། སྙན་གསན་གདབ་པ། སྤྱན་དྲང་བ། བརྟན་པར་གཞུགས་སུ་གསོལ་བའོ། །དང་པོ་ནི། ཨེ། མི་རྟོག་ངང་ལས་ཐུགས་རྗེའི་སྐུ། །ཞེས་སོགས་དང་། བཛྲ་ས་མ་ཡ་ཛཿས། ཕྱོགས་བཅུའི་སངས་རྒྱས་མ་ལུས་པ་རིགས་འཛིན་སྲུང་མའི་ཚོགས་བཅས་ཕྱག་རྒྱ་ཟིལ་གནོན་གྱི་རྣམ་པ་སད་པར་བྱ། །གཉིས་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཞེས་སོགས་དང་། ཛཿཧཱུཾ་བཾ་ཧོཿས་བདག་ཉིད་ཀྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་བསྟིམ། དེ་ལྟར་སྤྱན་དྲང་བ་ལྟར་སྣང་བའང་། ཡེ་ཤེས་པ་གཞན་ཞིག་ཏུ་ཡོད་པའི་བློ་བཅད་པའི་ཕྱིར་ཡིན་གྱི། དོན་དམ་དུ་རང་ཉིད་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་རྫོགས་པ་ལས་གཞན་པའི་ཡེ་ཤེས་པ་ལོགས་ནས་སྤྱན་དྲང་དུ་མེད་དོ། །གསུམ་པ་ནི། འཁོར་ལོ་འབར་བའི་ལྟེ་བ་ལ། །ཞེས་པ་ནས། ཏིཥྛ་བཛྲ་གྱིས་བརྟན་པར་བཞུགས་སུ་གསོལ་བར་བྱའོ། །གཞུང་གི་དོན་གསུམ་པ། ཐུན་མོང་དུ་མཆོད་པའི་རིམ་པ་ལ། ཕྱག་གི་མཆོད་པ་ཐུན་མོང་སྤྱིའི་མཆོད་པ། ཁྱད་པར་རང་གི་མཆོད་པའོ། །དང་པོ་ནི། ཆོས་ཉིད་སྐྱེ་བ་མེད་པ་ལ། །ཞེས་སོགས་(༢༩ན)


GLG023_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨ་ཏི་པུ་ཧོཿས་བདག་དང་ཡེ་ཤེས་པ་གཉིས་སུ་མེད་པ་ཕྱག་གི་ངོ་བོ་དང་། པྲ་ཏཱིཙྪ་ཧོཿས་གཉིས་མེད་ཀྱི་དཀྱིལ་འཁོར་དེའང་གསལ་ལ་རང་བཞིན་མེད་པར་ཉམས་སུ་ལེན་པ་ཕྱག་གི་ལན་ཡིན་ནོ། །སྤྲོ་ན། ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནི་ཨ་ལ་ལ་ཧོཿ ཞེས་པས་རྟོག་པ་བརྡ་འཇལ་བ་ལ་ངོ་མཚར་བསྐྱེད་པ་ཡིན་ལ། མ་བྱས་ཀྱང་འགལ་བ་མེད་དོ། །གཉིས་པ་ནི། གྲངས་མེད་ཡིད་འོང་རིན་ཅེན་སྣོད་ཡངས་སུ། །ཞེས་སོགས་དང་། ཨཱོཾ་ཨ་ཧ་ར་ཧཱུྃ་ནས་ཤཔྟའི་བར་བརྗོད་ཅིང་འབུལ་ལོ། །དེའང་པདྨ་ཀུནྡ་སོགས་མེ་ཏོག་གི་ཚོགས་རིན་པོ་ཆེའི་སྣོད་དུ་བཤམས་ཤིང་། ཙན་དན་དཀར་དམར་ཨ་ཀ་རུ་སོགས་དྲི་བཟང་བསྲེགས་པའི་དུད་པ་མཁའ་ལ་འཁྲིགས་པ། དུས་མཐའི་མེ་ལྟ་བུའི་འོད་དང་ལྡན་པའི་མར་མེའི་ཕྲེང་བ་དང་། བཟང་པོ་དྲུག་སོགས་དྲི་མཐའ་ཡས་པ་དང་ལྡན་པའི་དྲི་ཆབ། མངར་སྐྱུར་བསྐ་བ་ལ་སོགས་པའི་རོ་མཐའ་ཡས་པ་དང་ལྡན་པའི་ཞལ་ཟས་ཀྱི་ཚོགས། པི་ཝཾ་གླིང་བུ། སིལ་སྙན་དང་། ཨུ་དྷ་ཀ་སོགས་རྔའི་རིགས་དང་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་སྟེ། ཕྱིའི་མཆོད་པའི་ཚོགས། མཆོད་པའི་ལྷ་མོ་རྣམས་ཀྱིས་སོ་སོར་ཐོགས་ཏེ་འབུལ་བར་བྱེད་པའི་སྒོམ་དོན་ཚིག་ཏུ་བསྒྲིགས་པའོ། །གསུམ་པ་ལ། བདུད་རྩི་སྨན་གྱི་མཆོད་པ། རཀྟ་དམར་གྱི་མཆོད་པ། བྷ་ལིང་གཏོར་མའི་མཆོད་པ། སྨན་གྱི་གསང་ནན་སྦྲེང་བ། འདོད་ཡོན་ནང་གི་མཆོད་པ། ཕྱག་རྒྱ་གར་གྱི་མཆོད་པའོ། །དང་པོ་ལའང་། སྨན་གྱི་ཆེ་བ་བརྗོད་དེ་སྤྱིར་མཆོད་པ། ལྷ་རྐང་གྲངས་ཀྱི་སྒོས་(༢༩བ)


GLG023_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བྱ་བ། དངོས་གྲུབ་བླང་ཞིང་བདུད་རྩི་མྱང་བའོ། །དང་པོ་ནི། མྱོང་གྲོལ་དམ་རྫས་དང་སྦྱར་ཨ་མྲྀ་ཏ། །སོགས་བརྗོད་དེ། སྔགས་ལན་གསུམ་གྱིས། བླ་མ་ཡི་དམ་ཆོས་སྐྱོང་སོགས་ལ་དབུལ་ཞིང་། བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུ་མཆོད་ཡུལ་རྣམས་ཀྱི་ཞལ་དུ་གསོལ་བས། ཐུགས་ཟག་མེད་ཀྱི་ཡེ་ཤེས་ཆེན་པོས་གང་ཞིང་དགྱེས་ཏེ་དངོས་གྲུབ་སྩོལ་བར་བསམས་པས། བསྡུ་ན་དེ་ཙམ་གྱིས་འགྲུབ་ལ། རྒྱས་པར་སྤྲོ་ན། འཕགས་པ་འཇམ་དཔལ་བཤེས་གཉེན་དང་། །ཞེས་སོགས་ལས་བྱང་ཆེན་མོ་ནས་འབྱུང་བའི་བླ་མ་བརྒྱུད་མཆོད་ཀྱང་བྱ། །གཉིས་པ་ནི། རྒྱས་པར་སྤྲོ་ན། གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །ཞེས་སོགས་ལས་བྱང་ཆེན་མོ་ནས་འབྱུང་བ་ལྟར། དཀྱིལ་འཁོར་གྱི་ལྷ་ཚོགས་རྫོགས་པར་རེ་རེ་ནས་མཆོད་ཅིང་། སྨན་མཆོད་ཀྱི་ཤམ་བུའམ་ཇི་ལྟར་རིགས་པ་བཏགས་སོ། །གསུམ་པ་ནི། ཡིག་བརྒྱ་བརྗོད་ཅིང་། ཉེས་བྱས་སྨན་གྱི་སྒོ་ནས་བཤགས་ཏེ་སྣོད་དུ་རུང་བར་བྱས་ལ། ཨཱོཾ་ཨཱཿཧཱུཾ་ཞེས་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འབྲུ་གསུམ་བདུད་རྩིའི་ནང་དུ་བབས་པར་བསམ། སླར་ཡང་རིགས་འཛིན་སོགས་བརྗོད་ལ། འབྲུ་གསུམ་གནས་གསུམ་དུ་བསྟིམ་ཞིང་། ཀཱ་ཡ་སིདྡྷི་སོགས་བརྗོད་ལ་བདུད་རྩི་མྱང་ངོ་། །གཉིས་པ་རཀྟ་དམར་གྱི་མཆོད་པ་ནི། གདུག་ཅན་དགྲ་བགེགས་ཁྲག་གི་དངས་མའི་མཚོར། །ཞེས་སྔགས་དང་བཅས་པས་ཁམས་གསུམ་རཀྟའི་རྒྱ་མཚོ་ཞལ་དུ་གསོལ་བས། འཁོར་བའི་རྩ་བ་འདོད་(༣༠ན)


GLG023_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་རྩད་ནས་བཅད་པར་བསམ་མོ། །གསུམ་པ་བྷ་ལིང་ནི། ཞིང་བཅུ་བསྒྲལ་བའི་ཤ་རུས་དབང་ལྔའི་རྡུལ། །ཞེས་སྔགས་དང་བཅས་པས་གཏོར་མ་བདུད་རྩིའི་རྒྱ་མཚོ་འདོད་ཡོན་དྲུག་གི་ལྷ་མོས་མཆོད་པར་བསམ། དེའང་ཚིག་ཟིན་ལ། རྡུལ་མང་བརྩེགས་པའི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ལྷུན་པོ། །རྒྱུ་དང་ཚད་ཆེ་ཞིང་ཕུན་སུམ་ཚོགས་པ་དཔེར་མཚོན་ནས། ཞིང་བཅུ་བསྒྲལ་བའི་ཤ་རུས་ཁྲག་དང་སྦྱར་བའི་དམར་གྱི་གཏོར་མའི་མཆོད་པ་བདུད་རྩིའི་རོ་དང་ལྡན་པར་བསམས་པའི་དོན་ཏོ། །བཞི་པ་སྦྲེང་མཆོད་ནི། དུག་ལྔའི་བདུད་རྩི་ཆེ་སྦྱར་ཡེ་ཤེས་ལྔ། །ཞེས་སོགས་སྔགས་དང་བཅས་པས་གཏོར་མ་བདུད་རྩི་མུ་ཏིག་དྲི་མ་མེད་པ་ལྟ་བུ་ལྷ་རྣམས་ཀྱིས་གསོལ་བར་བསམ་ཞིང་བདུད་རྩི་གཏོར་མར་བླུག་གོ །ལྔ་པ་ནང་གི་འདོད་ཡོན་ནི། དུར་ཁྲོད་དབུས་སུ་ཚིལ་ཆེན་སྣང་འོད་འབར། །ཞེས་ཁ་ཐུན་ལྟར་སྔགས་དང་བཅས་པས་དབུལ། དྲུག་པ་ཕྱག་རྒྱ་གར་མཆོད་ནི། རང་སྣང་ཤེས་རབ་ཨེ་གསང་ཆུ་གཏེར་ཆེ། །ཞེས་སོགས་སྔགས་དང་བཅས་པས་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོས་མཆོད་དོ། །ཕྱག་རྒྱ་གར་མཆོད་འདི་ལས་བྱང་ཆེན་མོར་གསལ་བ་མེད་ཀྱང་། རྗེ་སྒྲོལ་མ་བའི་ཕྱག་ལེན་ལྟར་བྱས་པ་ཡིན་ནོ། །གཞན་ཡང་སྐབས་འདིར་གླུ་ཡེ་ཤེས་ཀྱི་མཆོད་པའང་རུང་སྟེ། སྤྲོ་ན། ཧཱུྃ། སངས་རྒྱས་ཀུན་གྱི་རང་བཞིན་རྡོ་རྗེ་འཆང་། །ཞེས་སོགས་ཚང་བར་བྱའོ། །བཞི་པ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ནི། རབ་འབྱམས་(༣༠བ)


GLG023_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བ་མ་ལུས་པའི། །ཞེས་སོགས་ཀྱིས་དབུས་ཀྱི་གཙོ་བོ་ཕྱག་རྒྱ་ཟིལ་གནོན་ནས་བཟུང་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་བསྟོད་པར་བྱ་བ་ཡིན་ནོ། །དེའང་འདིའི་དོན་ཡེ་ཤེས་ལྔ་སོགས་ལ་སྦྱར་ཏེ་རྒྱས་པར་འོག་ཏུ་འཆད་ཅིང་། ཚིག་ཟིན་གཙོ་བོའི་མངོན་རྟོགས་དང་མཐུན་པ་ལྟར་ཡིན་ལ། འཁོར་རྣམས་ཉི་མས་པད་ཚལ་རྒྱས་ཤིང་། འུག་པ་སོགས་མཚན་མོའི་བྱ་རྣམས་རྨོངས་པ་ལྟར། གསོད་བྱེད་མས་བདེ་བ་ཆེན་པོ་བསྐྱེད་ཅིང་མ་གདོན་འཇོམས་ལྷ་དབང་ཕྱུག་གིས་ལྷ་མ་ཡིན་བཅོམས་པ་བཞིན། སྲས་མཆོག་གིས། ཁྲོ་བོའི་གཙོ་བོ་རྣམས་ཀྱི་མཐུ་ལས་དང་སྦྱོར་བ་འཇོམས། རྒྱ་མཚོ་སོགས་ཆུས་མི་གསོད་པ་ལྟར། གསང་བདག་གིས་འཇིག་རྟེན་དྲགས་པའི་ལས་དང་སྦྱོར་བ་འཇོམས། །བུང་བ་རྣམས་མེ་ཏོག་གི་ནང་དུ་གནས་པ་ལྟར། སྲིད་གསུམ་གྱིས་ཁྱམས་དང་། སེང་གེས་གླང་པོ་སོགས་གསོད་པ་བཞིན། ཁྱུང་ཆེན་གྱིས་ཀླུ་རིགས་སོགས་འོག་གདོན་གྱི་ནུས་པ་འཇོམས། གནམ་ལྕགས་ཐོག་གིས་བྲག་རི་འཇིག་པ་ལྟར་རྒྱན་ལྷ་བརྒྱད་ཀྱིས་གདུག་པ་ཅན་སོ་སོ་འཇོམས་ཞེས་པའི་དོན་ནོ། །གཞུང་གི་དོན་ལྔ་པ་སྔགས་ཀྱི་བཟླས་ཐབས་བསྟན་པ་ལ། ཕྱི་སྐོར་སྐུའི་དྲག་སྔགས། ནང་སྐོར་གསུང་གི་དྲག་སྔགས། གསང་སྐོར་ཐུགས་ཀྱི་དྲག་སྔགས་ཡང་གསང་དྲག་པོ་རྒོད་ཀྱི་དྲག་སྔགས་བཟླས་ཐབས་སོ། །དང་པོ་ནི། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་ལས། །ཞེས་སོགས་ཀྱིས། བདག་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་གི་མཐའ་སྐོར་དུ་སྐུའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཇའ་ཚོན་(༣༡ན)


GLG023_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བྱུང་། བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་ཏེ་བདག་གཞན་གྱི་སྡིག་སྒྲིབ་དགྲ་བགེགས་ཐམས་ཅད་བ་མོ་ལ་ཉི་མ་ཤར་བ་བཞིན་དུ་དག་པར་བསམ་མོ། །དེའང་སྔགས་ཀུན་གྱི་ཐོག་མར་སྐུའི་སྔགས་བཟླ་བར་གསུངས་ཏེ། སྔགས་དོན་གསལ་སྒྲོན་དུ། དྲག་པོ་སྔགས་ཀྱི་འབྲུ་བཅུ་གཉིས་པ་དེ་དག་ནི་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་སྟེ་གསང་ཆེན་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ཀུན་གྱི་འགོ་ལ་བགྲང་བར་བྱའོ། །ཞེས་གསུངས། གཉིས་པ་ནི། བདག་ཉིད་ལྷར་གསལ་ལྗགས་ཀྱི་རྩེ་མོ་ལས། །ཞེས་སོགས་ཀྱིས། བདག་ཉིད་ཀྱི་ལྗགས་ཀྱི་རྩེ་མོ་ལས་འོད་ཟེར་མེའི་ཚ་ཚ་ལྟ་བུ་འཕྲོས་པས་ལས་ངན་པའི་བག་ཆགས་དང་བར་དུ་གཅོད་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་བསམ་མོ། །གསུམ་པ་ནི། ཐུགས་ཀའི་མཐིང་ནག་ཧཱུྃ་ལས་སྔགས་འཁོར་ནི། །ཞེས་སོགས་ཀྱིས། ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་མགལ་མེ་ལྟར་འཁོར་ཞིང་འཕོས་པས། སྡིག་སྒྲིབ་ཐམས་ཅད་སྟར་ཚན་ལ་སྦུར་མི་ཆགས་པ་བཞིན་དུ་སོང་བར་བསམ་མོ། །དེ་དག་ཀྱང་བསྙེན་པ་ལྟར་བཟླ་བ་ཡིན་ཏེ། རང་རང་གི་སྤུ་གྲིའི་སྒོ་ནས་ལས་ཕན་གནོད་བསྒྲུབ་པ་ནི་མན་ངག་ལྟར་ཤེས་པར་བྱའོ། །དམར་ཡིག་ཏུ། སྐུ་ཡི་སྔགས་སྦྱོར་གནག་པ་དང་། །དམར་ལེན་སྙིང་ཕྱུང་འབྲུ་བརྒྱད་གསུངས། །དྲག་སྔགས་སྦྱོར་བའི་རྒྱལ་པོར་བཤད། །ཅེས་དང་། ཨེ་དུན་ཀ་ཡི། གསང་སྐོར་ཐུགས་ཀྱི་དྲག་སྔགས་ཏེ། །སྤུ་གྲི་རྣམ་གསུམ་མ་ངེས་འགྱུར། །ཞེས་དང་། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི། །(༣༡བ)


GLG023_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མ་འགགས་རང་སྣང་རོལ་པའི་རྩལ། །ཆོས་ཀུན་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་ཡིན་པར་བཤད། །ཅེས་གསུངས་སོ། །བྷ་སུ་དྷ་རའི་རྒྱུད་ཀྱི་སྤྱི་སྤྱོད་ལས། ཕྱི་སྐོར་སྐུ་ཡི་དྲག་སྔགས་དང་། ནང་སྐོར་གསུང་གི་དྲག་སྔགས་དང་། གསང་སྐོར་ཐུགས་ཀྱི་དྲག་སྔགས་དང་། ཡང་གསང་རྒོད་ཀྱི་དྲག་སྔགས་སོ། །དེ་ལ་ཕྱི་སྐོར་སྐུ་ཡི་དྲག་སྔགས་ནི། རྩ་བའི་ཡི་གེ་བཅུ་གཉིས་པ་ལ། ལས་ཕན་གནོད་དང་བཅས་པའོ། །ནང་སྐོར་གསུང་གི་དྲག་སྔགས་ནི། རྩ་བ་འབྲུ་བརྒྱད་པ་ལས་དང་བཅས་པའོ། །གསང་སྐོར་ཐུགས་ཀྱི་དྲག་སྔགས་ནི། རྩ་བའི་འབྲུ་བཞི་པ་ལས་དང་བཅས་པའོ། །ཡང་གསང་རྒོད་ནི་དྲག་པོ་སྔགས་རིང་ལས་དང་བཅས་པའོ། །ཞེས་འབྱུང་ངོ་། །བཞི་པ་ཡང་གསང་རྒོད་ཀྱི་དྲག་སྔགས་བཟླས་ཐབས་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། འཇམ་དཔལ་ལྷ་རྒྱུད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་རྫོགས་པའི་དྲག་སྔགས་དྲག་པོ་ཨྱེ་རིང་གི་སྔགས་ཏེ། འདི་ལ་བསྙེན་པར་བཟླ་བ་དང་། དྲག་པོར་བཟླ་བ་གཉིས་ཀྱི་དང་པོ་ནི། བདག་ཉིད་ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་དུ། །ཞེས་སོགས་ཀྱིས། བདག་ཉིད་ཟིལ་གནོན་དུ་གསལ་བའི་ཐུགས་ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་འདྲ་བའི་ནང་དུ་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་སྨུག་ནག་ཕྱག་མཚན་མི་མངའ་བ་ཞིག་བསྒོམ། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ཁ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཞིག་བསམ། དེ་ལ་སྔགས་ཀྱི་ཕྲེང་བ་ཀློག་སྟབས་སུ་བསྐོར་བར་བསམ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན་ཏེ་རང་གི་པདྨ་དམར་(༣༢ན)


GLG023_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཧྲཱི༔དམར་པོར་གནས་པའི་མཐའ་སྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག །སླར་འོད་ཟེར་སྟེང་དུ་འཕྲོས་པས། ཀླད་པ་དུད་ཁང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱོཾ་དཀར་པོར་གནས་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་ཕོག །སླར་ཡང་ལྕེ་སྟེང་ནས་ཐུགས་ཀར་འཕྲོས་ཤིང་དེ་ལྟར་འཕྲོ་འདུ་འཁོར་མོར་བྱས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་སྦྱངས། དེ་ནས་འོད་ཟེར་ཕྱིར་འཕྲོས་ཏེ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གནས་སུ་འཕྲོས་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ། འོད་ཟེར་ཚུར་འདུས་བདག་ཉིད་ཀྱི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། ཡང་འོད་ཟེར་ཕྱིར་འཕྲོས། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། མཐུ་དཔལ་གཟི་མདངས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཚུར་འདུས་བདག་ལ་ཐིམ་པས། བདག་ཉིད་ཡེ་ཤེས་ཀྱི་སྐུ་ཤིན་ཏུ་གཟི་བརྗིད་དང་ལྡན་པར་གྱུར། ཡང་འོད་ཟེར་ཕྱིར་འཕྲོས། ཡུལ་གནོད་བྱེད་ཀྱི་དགྲ་བགེགས་རྣམས་ལ་ཕོག་པས་བྱ་སྒྲོ་མེས་བསྲེགས་པ་ལྟར་བཅོམས། འོད་ཟེར་ཚུར་འདུས། དེ་དག་གི་ཚེ་དང་བསོད་ནམས་ཀྱང་བདག་ལ་ཐིམ་ཞིང་། བདག་གི་བ་སྤུའི་བུ་ག་ཐམས་ཅད་དུ་ཉི་མའི་གདན་ལ་བཞུགས་པའི་ཁྲོ་ཆུང་ཕྱག་ན་མེ་རླུང་གི་འཁོར་ལོ་བསྣམས་པས་གཏམས་ཏེ་བར་གཅོད་བསྲུང་བར་བསྒོམ་ཤིང་། ལས་དང་པོ་བས་དེ་དག་ལ་ཁྲིད་དུ་བྱས་པའམ། བརྟན་པ་ཅུང་ཟད་ཐོབ་པས་འཕྲོ་འདུ་རྣམས་ཅིག་ཅར་དུ་བྱ་བ་ཡིན་ནོ། །དེའང་ཐོག་མར་ཡིག་འབྲུ་(༣༢བ)


GLG023_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་ཞེ་དགུ་པ་འདི་ཉིད་ལ་བསྙེན་པ་བྱེད་དོ། །དེ་སྐད་དུའང་། རྩ་བ་ལུས་ཀྱི་དྲག་སྔགས་ལ། །ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡོད། །ཅེས་དང་། དེ་ནི་ལུས་ཀྱི་ཚུལ་ཡིན་ཏེ། །བསྙེན་པ་དང་ནི་ཉེ་བར་བསྙེན། །ཅེས་སོ། །བྷ་སུ་དྷ་རས། དང་པོ་ཁོ་ན་དྲག་པོ་དབང་སྡུད་སྔགས་རིང་ལ་ནན་ཏན་བྱ་སྟེ། དེའང་སྐུ་གསུང་ཐུགས་ཀྱི་འཕྲེང་བ་ལས་གཅུན་པ་དང་། གནད་ལ་དབབ་པ་དང་། གྲོང་ཁྱེར་དཀྲུག་པ་དང་། མིང་དང་འབོད་པ་དང་། སྲོག་གཟིར་བ་དང་། དབྲོག་པ་དང་། བཅད་པའི་ལས་རྣམས་སྔགས་ཀྱིས་བྱེད་པས་རང་བཞིན་བསྙེན་པར་བྱའོ། །ཞེས་འབྱུང་ངོ་། །གཉིས་པ་དྲག་པོར་བཟླས་པ་ལ། ལྷག་གསལ་བ། ཡུལ་གསལ་བ། སྔགས་གསལ་བའོ། །དང་པོ་ནི། བདག་ཉིད་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་དང་བཅས་བ་གསལ་བར་བྱས་པའི་གཙོ་བོའི་ཐུགས་ཙིཏྟའི་ནང་དུ་ཉི་མའི་གདན་ལ་ཧཱུྃ། སྲས་ཀྱི་ཐུགས་ཀར་མ། དྲེགས་པའི་ཐུགས་ཀར་ཧཱུྃ། རུས་སྦལ་གྱི་ཐུགས་ཀར་ཀཱ། བྱ་ཁྱུང་གི་ཐུགས་ཀར་ཁྲོམ། ཡུམ་གྱི་ཐུགས་ཀར་མ། དེ་རྣམས་ཀྱི་ཐ་མར་དྲག་སྔགས་ཀྱིས་བསྐོར་བར་བསམ་མོ། །ལྷ་རྣམས་རིམ་པར་ཐུགས་ཀྱི་ཕྱི་བྲང་གི་ནང་དུ་བསྒོམ་ཞེས་རྗེ་དབང་གསུང་ཞེས་རིན་ཅེན་སྒྲོར་མར་བཤད་དོ། །གཉིས་པ་ཡུལ་གསལ་བ་ནི། གང་ལ་བྱ་བའི་དགྲ་བགེགས་དེ་གཞུང་བཞིན་བསྐྱེད་དོ། །གསུམ་པ་སྔགས་གསལ་བ་ནི། ཨྱེ་རིང་ལུས་ལ་གཟིར་བ་གཡུ་སྤྱང་ཅན་བཏགས་ལ་བཟླས་སོ། །དམར་ཡིག་ཏུ། ཨ་མུ་ཀཾ༔ འབྲུ་གསུམ་སྲོག་གཤེད་བསྡེབས་པ་ཡིན། །མྱགས༔ གཅིག་གིས་སྲོག་དང་སྙིང་པོ་གཞོམ། །ཐུམ་རིལ༔ གཉིས་(༣༣ན)


GLG023_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རྦོད་གཏོག་རང་ལ་བཟློག །ཏྲིག་ནན་སྦུར་ཡ་ནན༔ ལྔ་ཡིས་སྟོབས་དང་ནུས་པ་གནོན། །ཨེ༔གཅིག་གིས་སྟོང་སྲོག་གནད་ཡིག་འགྱུར། །ཧུར་ཐུམས་ཛཿ གསུམ་གྱིས་སྲོག་གི་འབྲས་བུ་སྡུད། །ཁཾ་ཤག །འབྲུ་གཉིས་རྩ་དང་དངས་མ་འབྲེལ། རོ་མྱགས༔ གཉིས་ཀྱིས་སྟོབས་དང་ནུས་པ་གནོན། མུགས་ཏི་རྦད༔ གསུམ་གྱིས་ལུས་སྲོག་སྦྱོར་བ་གཅོད། །ཅེས་གསུངས་སོ། །བསྙེན་པ་ཐེམས་ནས་འདི་ཉིད་གང་འགྲུབ་བཟླས་ཤིང་། །བྱེ་བྲག་ཕ་རོལ་གྱི་སྦྱོར་བ་འཇོམས་པའི་ཕྱིར་སྲོད་དང་ཐོ་རེངས་བརྒྱ་རྩ་བཟླས་པར་བྱའོ། །རྩ་བར། སྲོད་དང་ཐོ་རེངས་བརྒྱ་བརྒྱ་ཡིས། །ཕས་ཀྱི་སྟོབས་ཀྱི་སྦྱོར་བ་འཇོམས། །ཞེས་སོ། །བལ་པོ་བྷ་སུ་དྷ་རས། དྲག་པོ་ཨྱེ་རིང་སྔགས་རྒོད་འདི། །རྟག་པར་རྒྱུན་དུ་བཟླས་གྱུར་ན། །འཇིག་རྟེན་ལྷ་འདྲེ་ཁམས་འཁྲུག་ཅིང་། །ལྷ་སྲིན་ཙིཏྟ་དཀྲུག་པར་འགྱུར། །ཞེས་སོ། །མན་ངག་རྩ་བ་ལས། དྲག་པོ་ཨྱེ་རིང་སྔགས་རྒོད་ལ། །འབྱུང་བ་ལྔ་ཡི་ལོག་འདྲེན་བསྒྱུར། །དྲག་པོ་ཨེ་ཡི་རྩ་བ་ལ། །བཙན་པོ་མཁར་དུ་གཞུག་པ་དང་། །སྤྱི་སྲོག་དབང་དུ་སྡུད་པ་དང་། །སྟོང་སྲོག་གནད་ལ་བོར་བ་དང་། །སྒོས་སྲོག་དམིགས་སུ་གཤོར་བའི་ལས། །མཁས་པས་བསྡེབ་པ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། སྤྱང་མོ་དྲུག་གི་སོ་དང་གང་གནོད་པའི་སྒོས་སྲོག་དམིགས་སུ་གཤོར་བ་སོགས་ལ་མན་ངག་གི་གནད་མཐའ་ཡས་པ་སྣང་བས་ཞལ་གདམས་སྙིང་གི་ཁྲག་ལྟ་བུ་རྣམས་ཁོང་དུ་ཆུད་པར་བྱས་ནས་ཉམས་སུ་བླངས་ན་གནམ་ལྕགས་འབར་བའི་རྡོ་རྗེའི་ཐོག་དང་མཚུངས་ཤིང་། དེང་སང་གི་ཆོས་ལ་རས་སྦྱོང་མཁན་གཞན་གདམས་(༣༣བ)


GLG023_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤྱོད་པ་ལྟར་བྱུང་རྒྱལ་དུ་འཇུག་པ་ནི་རང་ཉིད་ཕུང་བར་བྱེད་པའི་རྒྱུ་ཡིན་པས། སྲོག་ལ་གཅེས་པ་རྣམས་བག་དང་ལྡན་པར་བྱོས་ཤིག །སྐབས་སུ་ཨུར་མོ་ངར་གཅོད་དང་། ལྷ་སྲིན་གྱི་ཚེ་བདུད་ཀྱང་ཤེས་པར་བྱའོ། །དེ་སྐད་དུའང་། སློབ་དཔོན་ནོར་འཛིན་གྱིས་གནུབས་ཆེན་ལ་གདམས་པར། ཨྱེ་རིང་སྟོང་སྲོག་ལྷ་ཡི་ང་རྒྱལ་དང་། །རང་གཤེད་སྤྱང་མོ་དྲུག་གི་དགོངས་པ་དང་། །ལྷ་སྲིན་ཡིད་འཕྲོག་ཏིང་འཛིན་ཡིག་ཆུང་དང་། །འདི་གསུམ་བསྡེབས་ལ་བན་ཆུང་ཐུགས་དམ་མཛོད། །འདི་གསུམ་མང་པའི་སྡིག་པ་སྙིང་འཛིངས་ནི། །ནོར་བུའི་ཕྲེང་བ་ཐག་པ་ཆད་པ་འདྲ། །ཞེས་གསུངས་སོ། །འཛབ་བསྟོད་འབུལ་བ་དང་དངོས་གྲུབ་བླང་བ་ལས་བྱང་ཆེན་མོ་ཟུར་དུ་མེད་ཀྱང་། རྗེ་སྒྲོལ་མ་པའི་ཕྱག་བཞེས་སུ་འདུག་ལ། འདིར་ནི་གསོལ་བ་བཏབ་ཅིང་དངོས་གྲུབ་བླང་བ་ཙམ་བྱས་ན་བདེ་ཞིང་ལེགས་པར་མངོན་པར་བསྙེན་པའི་མཇུག་ཏུ། བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱི། །ཞེས་སོགས་བརྗོད་དོ། །སྨྲས་པ། ཡེ་ནས་ལྷུན་གྲུབ་རང་སེམས་ཡེ་ཤེས་ལྷ། །རྨི་ལམ་ལྟར་དུ་ལོགས་ནས་སྤྱན་དྲངས་པའི། །བདེ་གཤེགས་རྒྱལ་བ་ཞི་ཁྲོ་ཀུན་འདུས་ལྷ། །ཟིལ་གནོན་ཕྱག་རྒྱའི་འཁོར་ལོ་རྣམ་པར་བཀྲ། །གཉིས་མེད་ཕྱག་དང་ཕྱི་ནང་གསང་བ་ཡི། །མཆོད་སྤྲིན་རྒྱ་མཚོའི་དཔག་བསམ་ལྗོན་ཤིང་གིས། །མཐའ་ཡས་མཆོག་ཐུན་དངོས་གྲུབ་འབྲས་བུ་ཆེ། །འཕྱུགས་མེད་དུས་སུ་སྩོལ་བའི་དཔྱིད་ཀྱི་མ། །སྐུ་གསུང་ཐུགས་དང་ཡང་གསང་སྔགས་ཀྱི་མཐུ། །རྣམ་པར་འགྲུབ་པའི་མན་ངག་བདུད་རྩིའི་བཅུད། །སྣོད་ལྡན་སྙིང་གི་བུམ་པ་འགེང་འདོད་ན། །རྒྱུད་ལྡན་(༣༤ན)


GLG023_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཞབས་པད་རིང་དུ་བསྟེན། །རྟོག་གེའི་དུག་ཆུས་མྱོས་པའི་མཁས་རློམ་དང་། །སྟོབས་ལྡན་བླུན་པོས་བཀུར་བའི་དྲེགས་པ་ཅན། །བསྟན་འཛིན་ལུང་མེད་གཞན་ལ་འཆང་བའི་ཆོས། །ཡངས་པའི་ས་འདི་གང་ཕྱིར་ཚུལ་འདི་གསང་། །ཞེས་སོ། །གཞུང་གི་གསུམ་པ་ལས་དང་འབྲས་བུ་བསྟན་པ་ནི། ཐོག་མར་ལས་བཤད་པར་བྱ་སྟེ། དེའང་དབུས་ཀྱི་གཙོ་བོ་ཕྱག་རྒྱ་ཟིལ་གནོན་གྱིས་སྲིད་གསུམ་ཟིལ་གྱིས་གནོན། གཡོན་ན་ཡུམ་རྡོ་རྗེ་ཁྲོས་མས་མོ་གདོན་ཀུན་ཟིལ་གྱིས་གནོན། ཐུགས་ཀའི་ཡ་མ་རཱ་ཛས་ཞི་ཁྲོ་གཤིན་རྗེ་ཕུར་པ་པདྨའི་མཐུ་ལས་དང་སྦྱོར་བ་ཐམས་ཅད་ཟིལ་གྱིས་གནོན། །དེའི་ཐུགས་ཀའི་ཕྱག་ན་རྡོ་རྗེས་བདུད་དང་མུ་སྟེགས་རྒྱལ་པོ་དཀོར་སྲུང་བཙན་དང་ཐེའུ་རང་གཉན་དང་གནོད་སྦྱིན་གྱི་ལས་དང་སྦྱོར་བ་ཐམས་ཅད་ཟིལ་གྱིས་གནོན། དེའི་ཐུགས་ཀའི་རུས་སྦལ་ཁྲོ་བོས་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་དང་བཀྲག་མདངས་ཚེ་དང་དབང་པོ་འབྱུང་བའི་དངས་མ་ཐམས་ཅད་སྡུད་ཅིང་འཆང་། སྤྱི་གཙུག་གི་བྱ་ཁྱུང་གིས་ཀླུ་དང་ཀླུ་བདུད་ཀླུ་སྲིན་མཛེ་འདྲའི་སྟོབས་དང་ནུས་པ་ཐམས་ཅད་འཇོམས་ཤིང་ཟིལ་གྱིས་གནོན། ཕྲག་གོང་ཁྱུང་གཉིས་ཀྱིས་ས་བདག་ས་སྲིན་བཙན་དང་ཡུལ་ལྷ་ཐམས་ཅད་ཟིལ་གྱིས་གནོན། ནུ་ཁའི་སེང་གེས་མི་རིགས་སྟོབས་ཅན་ཀུན་ཟིལ་གྱིས་གནོན། སོགས་ཁའི་སྟག་གིས་གཅན་གཟན་དང་དུད་འགྲོའི་སྟོབས་ཟིལ་གྱིས་གནོན། སྟ་ཟུར་གྱི་སྦྲུལ་ནག་གིས་སྔགས་དང་དམོད་པ་དྲག་པོ་དང་། ཚ་བའི་དབལ་ཀུན་ཟིལ་གྱིས་གནོན། ད་ནི་འཁོར་རྣམས་ཀྱི་ལས་བཤད་དེ། དེའང་འཆི་བདག་གིས་མནན་པའི་ལས་མཐའ་དག་བྱེད། (༣༤བ)


GLG023_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདག་གིས་བཤིག་པའི་ལས་མཐའ་དག་བྱེད། ཚེ་བདག་གིས་བསད་པའི་ལས་མཐའ་དག་བྱེད། གཤེད་པོ་བཞིས་རང་གི་རྩ་ཆེན་བཞི་བསྲུང་ཞིང་བདུད་བཞིའི་གཉེན་པོ་བྱེད་དོ། །མོན་བདུད་བརྒྱད་ཀྱིས་རྣལ་འབྱོར་པའི་རྣམ་ཤེས་ཚོགས་བརྒྱད་བསྲུང་ཞིང་དགྲ་བོའི་གཤེད་བྱེད་དེ། དེའང་བྱེ་བྲག་ཏུ། དུང་གི་མོན་པས་སྲིད་པའི་ཕུང་པོ་ལྔ་དང་འབྲལ། ལྕགས་ཀྱི་མོན་པས་སྲིད་པའི་འབྱུང་བ་ལྔ་དང་འབྲལ། བསེའི་མོན་པས་སྲིང་པའི་ཆགས་སྡང་ལྔ་དང་འབྲལ། གསེར་གྱི་མོན་པས་སྲིད་པའི་རྣམ་ཤེས་བརྒྱད་དང་འབྲལ། ཧེ་ལ་ཁྱབ་པས་སྲིད་པའི་བླ་བརྐུ། ནག་པོ་འཛུམ་མེད་ཀྱིས་སྲིད་པའི་དབུགས་ལེན། སོ་འདར་འཁྲིག་པས་སྲིད་པའི་ཚེ་འཕྲོག །རལ་པ་སྤྱིར་བཅིངས་གྱིས་སྲིད་པའི་བླ་དང་འབྲལ། འཆི་བདག་བཅུ་གཉིས་ཀྱིས་རང་གི་སྐྱེ་མཆེད་བཅུ་གཉིས་བསྲུང་ཞིང་། དགྲ་བོའི་རྟེན་འབྲེལ་བཅུ་གཉིས་གནད་གཅོད་བཅིངས་པའོ། །དཀར་པོ་སྙིང་འབྱིན་གྱིས་དགྲ་བོ་ལྕགས་ཀྱུས་འགུགས་ཤིང་སྨྱོར་འཇུག །མགོན་པོ་ནག་པོས་ཞགས་པས་བཅིངས་ནས་བརྒྱལ་དུ་འཇུག །ཡབ་རྗེ་ནག་པོས་ལྕགས་སྒྲོག་གིས་བསྡམས་ནས་ཁྲམ་ལ་འདེགས། སྐུ་མཆོག་དམར་པོས་དྲིལ་བུས་མྱོས་ཤིང་རྒྱུ་ཞགས་ཐོགས་ནས་རྩ་རྒྱུས་གཅོད་པར་བྱེད། །སྤྲུལ་པ་ཤ་ཟ་དྲུག་ཁྲི་དྲུག་སྟོང་གིས་དྲེགས་པ་དཔའ་རྩལ་འགྲན་པའི་ལས་བྱེད་དོ། །ད་ནི་འབྲས་བུ་བཤད་པར་བྱ་སྟེ། དེ་ལའང་རྟེན་དང་བརྟེན་པ་སོ་སོའི་རྣམ་དག་བཤད་པ་དང་། ལམ་ཀུན་གཅིག་ཏུ་གྲོལ་བའི་འབྲས་བུ་བཤད་པའོ། །དང་པོ་ནི། སྤྱིར་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཡིན་ལ། བྱེ་བྲག་ཏུ་(༣༥ན)


GLG023_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་གྲུ་གསུམ་མཐིང་ནག་ནི་ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་སྤྲོས་བྲལ་མཚོན་པའོ། །ཟླ་གམ་གསུམ་ནི་ཁམས་གསུམ་རྣམ་པར་དག་པ་བདེ་བ་ཆེན་པོའོ། །ཐོད་ཕྲེང་ནི་ཐུགས་རྗེ་རོལ་པའོ། །ཐོད་མཁར་བཞི་ནི་ཡེ་ཤེས་བཞིའོ། །འཁོར་ལོ་རྩིབས་བརྒྱད་རྩིབས་མཚན་དང་བཅས་པ་ནི་ཡེ་ཤེས་བཅུ་དྲུག་གོ །ལྕགས་མཁར་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པའོ། །གྲུ་ཆད་བཞི་ནི་ཚད་མེད་བཞི། ཁྱམས་བཞི་ནི་འཕྲིན་ལས་བཞི། །སྒོ་བཞི་ནི་ཡེ་ཤེས་བཞིའོ། །རྟ་བབས་རྣམ་པར་ཐར་པ་བརྒྱད། དྲ་བ་དྲ་ཕྱེད་ཕར་ཕྱིན་བཅུ། རྒྱན་སྣ་ཚོགས་ཆོས་བརྒྱད་ཀྱི་སྤྲོས་པ་དག་པའོ། །རྩེ་མོ་མཐོ་བ་ཐིག་ལེ་ཉག་གཅིག་གོ །གདན་གྱི་དྲེགས་པ་ཅན་རྣམས་ནི་དེ་དག་བསྒྲལ་ནས་ཆོས་ཉིད་དུ་སྦྱོར་ཞིང་། ཉི་ཟླ་པདྨ་ཐབས་ཤེས་ཆགས་མེད་མཚོན་པའོ། །དེ་ནས་བརྟེན་པ་ལྷའི་རྣམ་དག་བཤད་པར་བྱ་སྟེ། དེའང་ནང་བཅུད་ཀྱི་འཇིག་རྟེན་རྣམ་པར་དག་པ་བརྟེན་པ་ལྷའི་འཁོར་ལོ་ཡིན་ལ། བྱེ་བྲག་ཏུ་དབུས་ཀྱི་གཙོ་བོ་བཅོམ་ལྡན་འདས་ཉིད་ནི་འབྱུང་བ་ནམ་མཁར་འཛིན་པའི་དངས་མ་དང་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེའང་གཞི་ཁམས་གསུམ་གྱི་འགྲོ་བར་ཞེན་པའམ། བདག་ཏུ་འཛིན་པ་གསུམ་ལམ་རྣམ་པར་ཐར་པའི་སྒོ་གསུམ་དུ་དག་ནས་འབྲས་བུ་སྐུ་གསུམ་དུ་གྲོལ་བའི་དོན་ནོ། །ཕྱག་དྲུག་ནི། གཞི་རིགས་དྲུག་ཏུ་འཁོར་བ་ཉིད་ལམ་ཕར་ཕྱིན་དུ་དག་ནས་འབྲས་བུ་རིགས་དྲུག་ཡེ་ཤེས་ཆེན་པོ་དྲུག་ཏུ་གྲོལ་བའི་དོན་ནོ། །ཞབས་བཞི་ནི། སྐྱེ་བ་རྣམ་བཞིར་འཛིན་པ་ཉིད་ཚད་མེད་པ་བཞིར་དག་ནས་རྫུ་འཕྲུལ་(༣༥བ)


GLG023_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྐང་པ་བཞིར་གྲོལ་པའི་དོན་ནོ། ཁྲོ་བོའི་ཆས་དགུ་ནི་རྒྱན་དུ་ཆགས་པར་འཛིན་པ་ཉིད་གར་དགུ་དག་ནས་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུར་གྲོལ་བའི་དོན་ནོ། །རང་འོད་རྡོ་རྗེའི་མེ་དཔུང་ནི། མ་རིག་པ་ཉིད་རང་བཞིན་གྱིས་འདི་གསལ་བའི་ཡེ་ཤེས་སུ་དག་ནས་འབྲས་བུ་ཡེ་ཤེས་ཆེན་པོའི་ཀློང་དུ་རང་གྲོལ་བ་དེ་བཞིན་གཤེགས་པའི་རིགས་སོ། །དེ་སྐད་དུའང་རྒྱུད་ལས། ཕྱག་རྒྱ་ཆེན་པོ་རྔམ་པའི་སྐུ། །མཐིང་ནག་དུག་ཆེན་དུག་ལྔ་འཇོམས། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །སྒོ་གསུམ་སྐུ་གསུང་ཐུགས་སུ་རྫོགས། །རིགས་དྲུག་འཁོར་བའི་གཞི་རྩ་མེད། །པ་རོལ་ཕྱིན་དྲུག་ཡེ་ཤེས་དྲུག །སྐྱེ་བ་རྣམ་བཞི་སྟོང་བདག་མེད། །ཚད་མེད་བཞི་དང་རྫུ་འཔྲུལ་རྐང་། །རྫོགས་པར་རང་བཞིན་ལྷུན་ནས་གྲུབ། །ཅེས་འབྱུང་ངོ་། །གཡོན་གྱི་གསོད་བྱེད་མ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་མྱ་ངན་ལས་འདས་པའོ། །ཐུགས་ཀའི་ཡ་མ་རཱ་ཛ་ནི་འབྱུང་བ་སར་འཛིན་པའི་དངས་མ་དང་རྣམ་པར་ཤེས་པའི་ཕུང་པོ་ཉིད་ཡ་མ་རཱ་ཛ་ར་དག་ནས་འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་བ་རྡོ་རྗེའི་རིགས་སོ། །ཕྱག་རྡོར་ནི་འབྱུང་བ་མེར་འཛིན་པའི་དངས་མ་དང་ཚོར་བའི་ཕུང་པོ་ཉིད་དྲེགས་པ་ཕྱག་ན་རྡོ་རྗེའི་སྐུར་དག་ནས་འབྲས་བུ་མཉམ་ཉིད་ཡེ་ཤེས་སུ་རང་གྲོལ་བའི་རིན་པོ་ཆེའི་རིགས་སོ། །རུས་སྦལ་ནི་འབྱུང་བ་རླུང་དུ་འཛིན་པའི་དངས་མ་དང་འདུ་བྱེད་ཀྱི་ཕུང་པོ་ཉིད་རུས་སྦལ་རྔམ་པར་དག་ནས་འབྲས་བུ་བྱ་བ་གྲུབ་པའི་ཡེ་ཤེས་སུ་རང་གྲོལ་བ་ལས་ཀྱི་རིགས་སོ། །བྱ་ཁྱུང་ནི་འབྱུང་བ་ཆུར་འཛིན་པའི་དངས་མ་དང་འདུ་ཤེས་ཀྱི་ཕུང་པོ་ཉིད་(༣༦ན)


GLG023_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྱུང་རྒྱལ་པོའི་སྐུར་དག་ནས་འབྲས་བུ་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་བ་པདྨའི་རིགས་སོ། །དེ་ལྟར་ཡོངས་སུ་རྫོགས་པའི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཕྱག་རྒྱ་ཟིལ་གནོན་ཞེས་བྱའོ། །རྒྱུད་ལས། སེམས་མིན་ལོགས་ནས་འཆར་བའམ། རྐྱེན་ལས་འབྱུང་བ་མ་ཡིན་ཏེ། ཡེ་ཤེས་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་སོ། །ལྷ་དེ་དག་ནང་རྩ་གནས་ལ་སྦྱར་ཏེ་བཤད་པ་ནི་རྒྱུད་དང་མན་ངག་ལས་ཤེས་པར་བྱའོ། །རྒྱན་གྱི་ལྷ་རྣམས་ནི་གདུལ་བྱར་འཛིན་པ་ཉིད་ལྷ་བརྒྱད་དུ་དག་པ་ཡེ་ཤེས་ཀྱི་རོལ་པའོ། །ད་ནི་འཁོར་གྱི་རྣམ་དག་བཤད་པར་བྱ་སྟེ། །དེ་ལ་སྤྲུལ་པ་གསུམ་ནི་དུག་གསུམ་ལྷར་དག་པ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སོ། །གཤེད་བཞི་ནི་ཉོན་མོངས་པ་བཞི་ལྷར་དག་པ་ཡེ་ཤེས་བཞིའོ། །མོན་བདུད་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་དག་པ་ཡེ་ཤེས་ཀྱི་ཆོ་འཕྲུལ་ལོ། །འཆི་བདག་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་དག་པའི་ཡེ་ཤེས། སྒོ་བ་བཞི་ནི་བདག་ཏུ་ལྟ་བ་དག་པའོ། །དེ་ལྟར་བཤད་པའང་གོང་དུ་རྟེན་དང་བརྟེན་པར་བཅས་པའི་རྣམ་པ་གསལ་བའི་སྐབས་རྣམས་སུ་དེ་དང་དེའི་རྣམ་དག་ངེས་པར་བྱས་ནས་ཉམས་སུ་བླང་བ་ནི་བླ་ན་མེད་པའི་ལམ་སྲོལ་ཐུན་མོང་མ་ཡིན་པ་སྟེ། སྔགས་འབྲུ་གཅིག་ལ་ལམ་དུ་བྱེད་པ་ཞེས་པའང་འདི་འདྲ་ལ་དགོངས་པ་ཡིན་པར་གསུངས་སོ། །གཉིས་པ་ནི། རྩ་བར། ཆོས་ཉིད་སྐྱེ་བ་མེད་པ་ལས། །སྐུ་གསུམ་ལྷུན་གྱིས་གྲུབ་པར་བཤད། །ཡེ་ཤེས་རོལ་པ་འགག་པ་མེད། །བདེ་ཆེན་ལྷུན་གྲུབ་རེ་དོགས་བྲལ། །བདག་ཉིད་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་གསུངས་སོ། །འདི་ལ་བྷ་(༣༦བ)


GLG023_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྷ་རས། ཆོས་སྐུ་སྐྱེ་མེད་ལས་རང་བྱུང་གི་ཡེ་ཤེས་རང་ཤར་བས་ཡེ་ཤེས་ལྷུན་གྲུབ། གཟུགས་སྐུའི་འགྲོ་དོན་རྩོལ་མེད་དུ་སྤྱོད་པས་རྣམ་པ་ལྷུན་གྲུབ། ཐབས་ལ་མཁས་པའི་སངས་རྒྱས་ཀྱི་མཛད་པ་སྒྱུ་མ་ལྷུན་གྲུབ། དེ་ཉིད་འཕྲིན་ལས་བསྙེན་སྒྲུབ་འཕྲོ་འདུའི་རྩོལ་བ་དང་བྲལ་ཞིང་ཡོངས་རྫོགས་སུ་གནས་པས་དབང་པོ་ལྷུན་གྲུབ། ཅིར་སྣང་ཕྱག་རྒྱར་གསལ་བས་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྟེ་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་ལྷུན་གྱིས་གྲུབ་ཅིང་བགྲོད་ཐོབ་མེད་པས་འབྲས་བུ་ལྷུན་གྲུབ་ཅེས་གསུངས་ཏེ། མདོར་ན་ཆོས་སྐུ་སྐྱེ་མེད་ཀྱི་རོལ་པ། ལོངས་སྐུ་བདེ་བ་ཆེན་པོའི་རྣམ་འཕྲུལ་བསམ་ཡས་འབད་མེད་ལྷུན་གྲུབ་ཏུ་བཞུགས་པ་ནི་ལམ་མཐར་ཕྱིན་པའི་འབྲས་བུ་ཡིན་ནོ། །དེ་ལ་སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་དུའང་ཐ་སྙད་འདོགས་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། ཕུང་པོ་ལྔ་སྣང་ལ་རང་བཞིན་མེད་པར་གསལ་བ་ལོངས་སྐུ། དེའི་རང་བཞིན་ཆོས་སྐུ། དོན་བྱེད་པས་སྤྲུལ་སྐུ། རང་བྱུང་ཡེ་ཤེས་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་ལ་སོགས་པར་གདུལ་བྱ་སོ་སོར་སྣང་བས་མངོན་བྱང་། དེ་དག་ཚིག་སྔ་ཕྱིར་བྱུང་ཡང་དོན་ལ་དབྱེར་མེད་ཅིང་རྟག་པ་ཐེར་ཟུག་རྒྱུན་ལས་གྲོལ་བས་རྡོ་རྗེའི་སྐུའོ། །དེ་ལྟ་བུ་ནི་ཕྱག་རྒྱ་ཆེན་པོ་ཟིལ་གནོན་ལྷུན་གྱིས་གྲུབ་པའི་དགོངས་པ་མཐར་ཕྱིན་པར་བཤད་དོ། །རྒྱུད་དུའང་། འཁོར་བ་དོང་སྤྲུགས་ཀ་དག་གླིང་། །སངས་རྒྱས་རང་ཆས་བཙལ་དུ་མེད། །ཅེས་གསུངས་སོ། །ད་ནི་ལམ་གྱི་སྐབས་སུ་གྲུབ་པའི་མཚན་མ་བསྟན་པའང་ཞར་ལ་བཤད་པར་བྱ་སྟེ། དེ་ལ་བམ་ཆེན་གསང་བའི་དབང་ཆུར་གྲུབ་པའི་རྟགས་ནི།(༣༧ན)


GLG023_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་རྒྱལ་ས་ཐོབ་པ་དང་། རིན་པོ་ཆེའི་ཀཀྞི་ལ་འཛེགས་པ་དང་། བདུད་རྩིའི་ཆུ་ལ་ཁྲུས་བྱེད་པ་དང་། ཤ་ཁྲག་དང་འདོད་ཡོན་ལ་རོལ་བའི་རྨིས་ལྟས་དང་། ཞེས་དང་། འཁོར་ལོ་ནག་པོའི་རྒྱུད་ལས། དེ་ལ་རྟགས་ཀྱི་རིམ་པ་འབྱུང་ངོ་། །མགོ་ལ་སྐུ་གདུང་ཉི་ཟླ་གབ། །བདུད་རྩིའི་ཆུ་ལ་ཁྲུས་བྱེད་དང་། མེ་ཆུ་འཚུབ་མར་འཁྱིལ་བའི་ལྷ། །ཀླུ་ལ་གདོད་ཕྱིར་གྲུ་གཟིངས་བསྐྱོད། །གླང་པོ་ཞོན་ནས་མཚོན་ཆ་འབར། །ཕྱི་ཡི་རྟགས་སྤྱོད་ཡུལ་དུ་འགྱུར། །འོད་སྒྲ་དུ་བ་བཞད་ཅིང་སྟོན། །དམག་འདྲེན་དགྲ་འགུགས་འོད་བྱེད་དང་། །ནད་གཅོད་རྐང་འབེབས་ལས་ལ་འཕྱུར། །སྤྱོད་ཡུལ་རྣམ་གསུམ་ནང་དུ་ཟུང་། །ལུས་ཡང་སེམས་རྒོད་རིག་པ་དངས། །ཟས་དང་སྐོམ་གྱི་འདུ་ཤེས་ཆུང་། །ཉོན་མོངས་ཤེས་པ་མུལ་ལ་འབར། །སྔ་ན་མེད་པའི་རྣམ་པ་མྱོང་། །ཐུན་ཟོར་ཤ་ཁྲག་རྔམ་ཞིང་རོལ། །གསང་བའི་རྟགས་ནི་དབང་སྡུད་སྦྱར། །གཞན་ཡང་རྟགས་ཀྱི་རིམ་པ་ལ། །བདག་ཉིད་ཕྱག་རྒྱ་གསལ་བ་དང་། །རང་སེམས་མི་གཡོ་ཉམས་དང་ལྡན། །འདོད་པའི་ཡུལ་ལ་ཤིན་ཏུ་འཚིག །སྔགས་རྣམས་གསལ་ལ་འབར་ཞིང་འདྲིལ། །བློ་ནི་མི་གཡོ་དོན་རྣམས་གསལ། །ལྕེ་ལྐོག་ཚ་ལ་གཡའ་བ་དང་། །འབྲུམ་བུ་ཕྲ་མོས་འགེངས་པ་དང་། །ལུས་ལ་འདུ་བའི་ནད་མེད་ཅིང་། །ལུས་ལ་དྲོད་དང་གཡོ་བའི་རླུང་། །བོད་པའི་དུས་སུ་སྙིང་གནས་ལྡང་། །ཐོག་སེར་ཐོ་ལུམ་འབར་བ་དང་། །མཚོན་ཆ་ཀླད་ལ་བསྐོར་བ་དང་། །གཞན་གྱི་ངག་ལམ་འཁོར་ལོས་བཀག །རང་གིས་རང་གི་ཡུལ་ཁམས་བཤིག །འཁོར་གྱི་འབྲད་བྲལ་(༣༧བ)


GLG023_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བསད་པ་འབྱུང་། །རང་ཡང་དབུགས་འཐུམས་ལྕེ་མི་བདེ། །རང་འཁོར་རང་ལ་གནོད་པ་བྱེད། །མན་ངག་ལྡན་པས་འཁྲུལ་འཁོར་འགྱུར། །ཞེས་དང་། རྒྱ་གར་དྷ་ན་དྷ་ལས། རྟགས་ནི་སྐུ་དངོས་སུ་མཐོང་བ་དང་། རྟེན་གྱི་བྲིས་སྐུ་ཞལ་བཞད་པ་དང་། ནམ་ལངས་པ་དང་། འོད་ཀྱིས་རྒྱལ་ཁམས་ཁེངས་པ་དང་། །ཉི་ཟླ་གཟའ་སྐར་དུས་གཅིག་ཏུ་ཤར་བ་དང་། ལུས་ཀྱི་ཟག་པ་ཟད་པ་དང་། །འདོད་ཡོན་མངོན་དུ་འབྱུང་བ་དང་། །ལུས་ཡོད་དུ་མི་ཚོར་ཞིང་འདུ་བ་དང་བྲལ་བ་དང་། དབུགས་ཕྱི་ནང་རྒྱུ་བ་མི་ཚོར་བ་དང་། ངག་གི་བདེན་པ་གྲུབ་པ་དང་། སེམས་གང་དུའང་མི་འཕོ་བར་ཆོས་ཉིད་ལ་གནས་པ་ལ་སོགས་པ་ཅི་རིགས་སུ་འབྱུང་ངོ་། །ཞེས་གསུངས་སོ། །བྱེ་བྲག་ཏུ་དྲག་པོའི་ལས་མཐར་ཐུག་པའི་རྟགས་ནི་དྲག་ལས་རང་རང་གི་སྐབས་སུ་འབྱུང་ངོ་། །སྨྲས་པ། སྣོད་བཅུད་རྣམ་པར་དག་པ་རྟེན་བརྟེན་པའི། །རང་སྣང་ཡེ་ཤེས་རོལ་པར་རྟག་འཆར་བའི། །ལྷུན་གྲུབ་སྐུ་གསུམ་ངོ་བོ་ཕྱག་རྒྱའི་གར། །ཐེག་མཆོག་སྙིང་པོའི་རྣལ་འབྱོར་རྨད་དུ་བྱུང་། །ཆོས་ཀུན་སེམས་ལས་གཞན་དུ་མ་མཆིས་ཀྱང་། །མཁའ་ལ་སྤྲིན་དང་འཇའ་ཚོན་གློག་འཁྱུག་ལྟར། །འཁྲུལ་སྣང་ལམ་གྱི་མཚན་མར་སྟོན་པ་འདིས། །སླུ་མེད་རྟེན་ཅིང་འབྲེལ་བར་འབྱུང་དེ་མཚོན། །ཞེས་སོ། །སྤྱི་དོན་གསུམ་པ་འཕྲིན་ལས་ཀྱི་རྫས་ཀྱི་ཆོ་ག་ལ། ཚོགས་ཀྱི་འཁོར་ལོ་བྱ་བ། ལྷག་མ་བཏང་བ། འཕྲོས་དོན་ཟོར་ལས་བྱེ་བྲག་ཏུ་བཤད་པ། །བསྟན་མ་བསྐྱང་བ། དཀྱིལ་འཁོར་བསྡུ་བ། དགེ་བ་བསྔོ་བ། ཤིས་པ་བརྗོད་པའོ། །དང་པོ་ལ། ཚོགས་བཤམ་ཞིང་བྱིན་གྱིས་བརླབ་པ། ཚོགས་ཞིང་སྤྱན་དྲང་བ། (༣༨ན)


GLG023_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་ཏེ་སྤྱིར་མཆོད་པ། བྱེ་བྲག་ཏུ་ཞལ་གཡས་དཀར་ལ་མཆོད་པ། གཡོན་དམར་ལ་བཤགས་པ། དབུས་མཐིང་བ་ལ་སྟོབ་པ། ཚོགས་ལ་རོལ་བའོ། །དང་པོ་ནི། རཾ་ཡཾ་ཁཾ་གིས་ཚོགས་ཀྱི་ཡོ་བྱད་ཀུན། །ཞེས་སོགས་བརྗོད་དེ། རཾ་ཡཾ་ཁཾ་གསུམ་གྱིས་ཚོགས་མ་དག་པ་རྣམས་མེས་བསྲེགས། རླུང་གིས་གཏོར། ཆུས་བཀྲུས་ཏེ་སྦྱངས། ཨཱོཾ་ཨཱཿཧཱུཾ་གིས་སྦྱངས་རྟོགས་སྦར་ཞིང་། ཧོ༔ཡིག་ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ་བོ། །གཉིས་པ་ནི། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །ཞེས་སོགས་ཀྱིས། བླ་མ་བདེ་གཤེགས་ཞི་ཁྲོའི་ཚོགས་སྤྱི་དང་། ཁྱད་པར་ཟིལ་གནོན་ལྷ་ཚོགས་རིགས་འཛིན་སྲུང་མར་བཅས་པ་རྣམས་སྤྱན་དྲངས། །གསུམ་པ་ནི། ངོ་བོ་སྣང་སྟོང་ཀུན་བཟང་མཆོད་པའི་སྤྲིན། །ཞེས་སོགས་ཀྱིས། འདོད་ཡོན་དྲུག་གི་ལྷ་མོ་མཆོད་པའི་ཚོགས་ཐོགས་པས་ནམ་མཁའ་བཀང་སྟེ་མཆོད། །བཞི་པ་ནི། ཟབ་བྲལ་བདུད་རྩིའི་རོ་མཆོག་བརྒྱ་ལྡན་པའི། །ཞེས་སོགས་ཀྱིས་དབུལ་ཞིང་། རང་གི་ཆོས་སྐྱོང་ནས་གཞི་བདག་གི་བར་དུ་འབུལ་ལོ། །ལྔ་པ་ནི། མཆོག་དང་ཐུན་མོང་དངོས་གྲུབ་གངྒཱའི་རྒྱུན། ཞེས་སོགས་དང་། ཡིག་བརྒྱ་བརྗོད་དེ་ཉེས་པ་རྣམས་བཤགས། དེའང་ཚིག་ཟིན། ཉི་འོད་ཀྱིས་གངས་རི་བཞུ་ཞིང་མེད་པར་བྱས་ན་གངྒ་སོགས་ཆུ་རྒྱུན་ལ་གནོད་པ་ལྟར། ཉེས་ལྟུང་གི་དྲིས་དམ་ཚིག་ལ་ཉམས་ཆགས་བྱུང་ན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་པའི་གེགས་སུ་འགྱུར་བས་དེ་བཤགས་པའོ། །དྲུག་པ་ལ་གདུལ་བྱ་འགུགས་པ། བསྒྲལ་བ། སྟོབ་པའོ། །དང་པོ་ནི། ཧཱུཾ། ཞེས་འདོད་(༣༨བ)


GLG023_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་གྱི་ལྷ་མོ་རང་གི་ཐུགས་ཀར་བསྡུ། ཨྱེ་རིང་ཚར་གཅིག་གིས་ང་རྒྱལ་གསར་ཞིང་སྤྲུལ་པ་སྤྲོ། ནྲྀ་ཛཿསོགས་ཀྱི་ཕྱག་རྒྱ་བཞིས་དགུག་བཅིང་བསྡམ་མྱོས་དབྱེ་གཞུག་བྱ། སླར་ཡང་གྲུ་གསུམ་ཨེ་ཡི་སོགས་ཀྱིས་ཕོ་ཉ་མངགས་ཤིང་འགུགས་པར་བྱའོ། །གཉིས་པ་ནི། འོག་ནས་འབྱུང་བ་ལྟར་གྱི་དམིགས་པ་དང་བཅས་ཏེ། ཨྱེ་མྱགས་སོགས་བརྗོད་ཅིང་ཕུར་བུ་བཏབ་སྟེ་བསྒྲལ། ཚེ་གནས་ཀྱི་དགོངས་པ་བཞིན་བྱ། སླར་རལ་གྲིས་གཏུམ་ཅིང་གོང་གི་སྔགས་རྣམས་བརྗོད་དོ། །གསུམ་པ་ནི། ལིང་རོ་སྨན་རག་གིས་སྦྲུས་པ་ཐོད་པར་བསྡུས་ལ། ཤ་ཁྲག་གི་རྒྱ་མཚོར་བསམ། ཨེ་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །སོགས་བརྗོད་དེ། དགྲ་བོའི་ཤ་ཁྲག་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་རོལ་བས་དུག་གསུམ་རྩད་ནས་བཅད་པར་བསམ་མོ། །བདུན་པ་ནི། སྤྱི་ལྟར་ཚོགས་དབང་བསྐུར་བའི་ཚིག་བརྗོད་པའམ། མིན་ཀྱང་རུང་སྟེ། ལྷ་ལ་མཆོད་པའི་བསམ་པས་རོལ་བར་བྱ་ཞིང་། ལྷག་མ་གསོག་འཇོག་མེད་པར་བཞག་གོ །རྗེས་ཀྱི་གཉིས་པ་ལྷག་མ་ལ། ལྷག་གཏོར་བྱིན་གྱིས་བརླབ་པ། མགྲོན་འགུགས་པ། ཟིལ་གྱིས་མནན་པ། དམ་ཚིག་བསྟན་པ། དམ་བསྒྲག་པ། ཁ་ཆུ་སྦྲན་པ། མཆོད་ཅིང་ལས་ལ་གཞོལ་བའོ། དང་པོ་ནི། ལྷག་ཕུད་ཀྱི་གཏོར་མ་སྨན་རཀ་དང་བཅས་པ་རང་གི་མདུན་དུ་བཞག་ལ། གཏོར་སྣོད་ཉི་ཟླའི་དཀྱིལ་འཁོར་དུ། །ཞལ་ཟས་ཧཱུཾ་གིས་དངོས་པོ་བསྲེགས། །ཨཱཿཡིས་ནམ་མཁའ་ལྟ་བུར་ཏེ། །ཨཱོཾ་གྱིས་མོས་པ་ཇི་ལྟ་བར། །ཧོཿཡིས་བདུད་རྩི་ཉིད་དུ་བསྒྱུར། །གཟུགས་ནི་བསྒྲལ་བའི་དངོས་པོར་གྱུར། །ཨཱོཾ་ཨཱཿཧཱུཾ་ཧོཿཞེས་བརླབ་བོ། །(༣༩ན)


GLG023_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལྷག་བྱིན་གྱིས་བརླབ་ཚུལ་འདི་ལས་བྱང་ཆེན་མོར་དངོས་སུ་མི་གསལ་ཞིང་། ལས་བྱང་འདིར་ཡང་དངོས་སུ་མ་བཀོད་ལ། འོན་ཀྱང་རྡོ་རྗེ་སློབ་དཔོན་ཙམ་གྱིས་བརླབ་བོ། །གཉིས་པ་ནི། བདག་གི་ཐུགས་ཀ་ནས་ཛ་ལས་ཊཀྐི་རཱ་ཛ་སྤྲོས་ཏེ། ཨཱོཾ་བཛྲ་ཊཱཀྐི་རཱ་ཛ་སོགས་དང་། དཀྱིལ་འཁོར་ཕྱི་རོལ་སོགས་བརྗོད་ལ། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཁྱམས་ལ་དགུག་གོ །གསུམ་པ་ནི། མཛུབ་མོ་དང་གུང་མོ་དང་མཐེ་བོང་རྣམས་སོ་སོར་སྦྱར། སྲིན་ལག་དང་མཐེའུ་ཆུང་འབར་བ་ལྟར་བྱས་པའི་ཁྱུང་གི་ཕྱག་རྒྱ་བཅས་ལ། ཨཱོཾ་ཤྲཱི་མཉྫུ་ཀྲོ་དྷ་སོགས་བརྗོད་པས་བདག་ཉིད་ཀྱི་རྡོ་རྗེའི་གཤོག་པ་ལས་འོད་ཟེར་མེའི་ཚ་ཚ་ལྟ་བུ་འཕྲོས་པས་མ་མོ་མཁའ་འགྲོ་འབུམ་དང་བཅས་པ་ཟིལ་གྱིས་མནན་ཏེ་མདོར་ན་ཡེད་ཡེད་བཀའ་ཉན་པར་བསམ་མོ། །བཞི་པ་ནི། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ག་ཤིབས་པ་རྡོ་རྗེ་རྩེ་གཉིས་པ་ལྟར་བྱས་ལ། ས་མ་ཡ་དུ་མནྟ། ཀ་ར་ན་ཕཊ། ཅེས་བརྗོད་དོ། །ལྔ་པ་ནི། ལག་གཡས་སྡིགས་མཛུབ་བསྒྲེང་། བེ་ཅོན་བཟུང་བ་ལྟར་བྱས་ལ། ཨ་ཀ་ཡ་མ་ཧཱུྃ། །ཞེས་བརྗོད་པས། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་རྣམས་ཀྱི་ལག་ཏུ་བེ་ཅོན་བྱིན་པས་རང་སེམས་དཔང་དུ་བཙུགས་ཤིང་དམ་ལས་མི་འདའ་ལ། འདས་ན་མགོ་འགས་སྙིང་འཚིག་པར་བསམ་མོ། །དྲུག་པ་ནི། ཡ་རྐན་ལ་ཡབ་ལྔ། མ་རྐན་ལ་ཡུམ་ལྔ། སྨན་ཁར་བླུག་པ་དེ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་འོད་ཟེར་ལྔ་འཕྲོ་བའི་ཁ་ཕྲུ་གཏོར་མ་ལ་བཏབ། དཔལ་གཏོར་ནས་ཀྱང་མཐེབ་སྐྱུ་ཆ་ཚང་གཏོར་མའི་སྟེང་དུ་ཕབ་བོ། །བདུན་པ་ནི། དམར་ཆེན་(༣༩བ)


GLG023_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་བདུད་རྩི་ཨ་མྲྀ་ཏ། །སོགས་དང་ཨོཾ་ཨེ་ཀ་ཡ་མ་ཀྲོ་དྷ་ཁཱ་ཧི་ཞེས་སོགས་ཀྱིས། གཏོར་མ་བདུད་རྩིའི་རང་བཞིན། ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་བསྟན་སྲུང་ལས་ཀྱི་གཤིན་རྗེ་རྣམས་ཀྱིས་གསོལ་བར་བསམ་མོ། །དེའང་སྒྲུབ་པ་ཞག་སྦྲེལ་གྱི་ཚེ། ལྷག་མ་བཙོན་དུ་འཛིན་པའི་ཚུལ་ཡང་མཆིས་ནའང་། དགོངས་སྟར་གྱིས་གཏོང་བ་ལེགས་སོ། །སྨྲས་པ། དཔྱིད་ཀྱི་མ་མས་བསྐྱངས་པའི་ཆུ་འཛིན་ཕྲེང་། །དབྱར་དུས་ལྷ་ལམ་དབུས་སུ་རབ་འཁྲིགས་ནས། །གྲུ་ཆར་བབས་པའི་གཤེར་གྱི་ནོར་འཛིན་ཀུན། །བརླན་པར་བྱེད་པ་དངོས་པོའི་རྟེན་འབྲེལ་ཡིན། །དེ་བཞིན་དམ་ལྡན་རིགས་འཛིན་སྔགས་འཆང་གིས། །གཉིས་མེད་ཚོགས་ཀྱི་མཆོད་པའི་དགའ་སྟོན་གྱིས། །དངོས་གྲུབ་ནོར་བུ་བསམ་འཕེལ་དབང་གི་རྒྱལ། །རྩོལ་མེད་ལྷུན་གྱིས་གྲུབ་པ་ཨེ་མ་མཚར། །ཞེས་སོ། །གསུམ་པ་འབྱེས་དོན་ཟོར་ལས་བྱེ་བྲག་ཏུ་བཤད་པ་ལ། །ལས་བྱང་ཆེན་མོ་དང་རྣམ་ངེས་གཉིས་ཀར། ཟོར་ལས་བྱེད་ན་སྐབས་འདིར་བྱ་ཞེས་གཞན་དུ་ཞལ་འཕངས་པ་ཙམ་ལས་དངོས་སུ་མ་གསུངས་ནའང་། ལས་བྱང་འདིར་དཔྱོད་ལྡན་ཉམས་སུ་བླང་བ་ལ་འཁྱེར་བདེ་བའི་ཕྱིར་བཀོད་པས། འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་ཚུལ་འདི་ལག་ཏུ་བླང་བའི་གང་ཟག་རྟེན་གྱི་ཁྱད་པར། གང་དུ་བྱ་བའི་གནས་ཀྱི་ཁྱད་པར། སྒྲོལ་བའི་དུས་དང་ཚེས་ཀྱི་ཁྱད་པར། ལས་སྦྱོར་བྱ་བའི་ཡུལ་གྱི་ཁྱད་པར། སྦྱོར་བ་རྫས་དང་མཆོད་གཏོར་ཡོ་བྱད་ཀྱི་ཁྱད་པར་རོ། །དང་པོ་ནི། གོང་དུ་རྒྱས་པར་བཤད་མོད། འོན་ཀྱང་རྒྱུད་ལས། གདེངས་གསུམ་ལྡན་(༣༤ན)


GLG023_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསལ་གསུམ་བྱ། །ཞེས་དབང་ཐོབ་ཅིང་ལྟ་བ་རྟོགས་པ། མན་ངག་གི་གདེངས་དང་ལྡན་པ་ཞིག་དགོས་པར་བཤད་ཅིང་། གཞན་ཡང་ཆོས་གསུམ་ཞེས་བདག་དོན་སྒྲིལ་བ། བག་དང་ལྡན་པ། དོན་གཉིས་འགྲུབ་པར་འདོད་པ་གསུམ་སྟེ། དེ་སྐད་དུའང་རྒྱུད་ལས། བརྡ་དོན་གྲོལ་དང་སྨིན་པའི་ལམ། །ཏ་ལ་ནག་པོ་སྦྲུལ་འཛིན་ལྟར། །སྦྱོར་བ་གང་ཟག་བག་དང་ལྡན། །དོན་གཉིས་འགྲུབ་པར་འདོད་པ་ཡིས། །ཞེས་པ་ལྟར་ཡིན་ལ་ཁྱད་པར་དུ་ལྷའི་ང་རྒྱལ་བརྟན་ཅིང་བསྙེན་པ་ཐེམས་པ་ལག་ལེན་འཕྱུགས་མེད་དུ་ཁོང་དུ་ཆུད་པ་ནི་མེད་དུ་མི་རུང་བ་ཡིན་ནོ། །གཉིས་པ་ནི། སྔར་སྨོས་པ་ལྟར་དྲག་པོའི་ལས་སྦྱོར་ལ། དུར་ཁྲོད་དང་། བྲག་རི་ནག་པ་དང་། གདུག་པ་ཅན་རྒྱུ་བའི་ས་གཉན་པའམ། ཡང་ན་གནས་ཁང་ཉམས་དགའ་བ་དག་ཏུ་བྱ་སྟེ། རྒྱུད་ལས། དུར་ཁྲོད་གནས་སམ་བྲག་རིའི་ངོས། །དབེན་པར་འདུག་ལ་བསམ་གཏན་བྱ། །ཞེས་དང་། ཡང་། དུར་ཁྲོད་ལ་སོགས་བདེ་གནས་སུ། །རང་སེམས་དབེན་པར་གནས་བབས་ཏེ། །ཞེས་གསུངས་ལ། ཁ་ཐུན་དུ། བསྙེན་སྒྲུབ་གཉིས་ཀྱི་སྒྲུབ་པའི་གནས་དུར་ཁྲོད་ཤིན་ཏུ་གཉན་པར་བྱ་བར་བཤད་ནས་བོད་དུ་དེ་ལྟ་བུ་མེད་པས། སློབ་དཔོན་གོང་མ་རྣམས་ཀྱིས་དངོས་གྲུབ་ཐོབ་པའི་གནས་སུ་བྱ་བར་བཤད་དོ། །གསུམ་པ་ནི། གཟའ་ཚེས་སྦྱོར་བ་ས་བདག་གདུག་པ་ཅན་སོགས་ཤིན་ཏུ་རྩུབ་པའི་ཉི་མ་ལ་བྱེད་དགོས་ཏེ། རྒྱུད་ལས། ཚེས་དང་གཟའ་དང་སྐར་མ་དང་། ནག་པོ་རྨེས་པ་གཅིག་ལ་གཏད། །ཅེས་གསུངས་སོ། །བཞི་པ་ནི། རྒྱུད་ལས། དམ་ཆོས་དགེ་བཅུ་སྨོད་པ་དང་། །དགོན་པའི་གནས་སུ་འཕྲག་པ་དང་། །རྒྱལ་བའི་བཀའ་ལས་འདའ་བ་དང་། །མཚམས་མེད་ལྔ་ལ་སྤྱོད་པ་དང་། །བདེན་པའི་བར་ལོག་ལྟ་བ་སྤྱོད། །དེ་ཚེ་སྔགས་ཀྱི་དམོད་པ་བོར། །ཞེས་གསུངས་པ་(༤༠བ)


GLG023_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། བསྒྲལ་བྱའི་ཞིང་དགེ་བ་བཅུ་ཁྱད་དུ་གསོད་ཅིང་། མི་དགེ་བ་བཅུ་དང་དུ་ལེན་པ། དབེན་གནས་དང་ཆོས་འཁོར་གཉན་པོ་རྣམས་འཇོམས་ཤིང་། མཚམས་མེད་ལྔ་ལ་སྤྱོད་པ་སོགས་བསྟན་པ་འཇིག་པའི་དགྲ་བོ་ལ་བྱང་སེམས་ཅན་གྱི་སྔགས་འཆང་རྡོ་རྗེ་འཛིན་པས་དྲག་པོ་མངོན་སྤྱོད་ཀྱི་ལས་བརྩམ་པར་བྱ་བ་ཡིན་ཏེ། རྒྱུད་ལས། བདག་དོན་མ་ཡིན་བསྟན་པའི་དོན། །དཀོན་ཅོག་བླ་མའི་དོན་ཆེད་དུ། །བསྟན་པའི་བར་གཅོད་བྱེད་པ་དག །བསྒྲལ་ན་བླ་མེད་བྱང་ཆུབ་མྱུར། །དེ་མིན་ན་ནི་མནར་མེད་དེ། །ལས་ཀྱི་རུ་དྲ་ལ་སོགས་སྐྱེ། །ཞེས་གསུངས་ལ། དེའང་། བདག་དོན་མ་ཡིན་ཞེས་པ་ནི། ཚེ་འདི་ཁོ་ན་བདེ་བའི་ཐབས་ཙམ་དང་། རྣལ་འབྱོར་པ་ཆོས་བསྒྲུབ་པའི་འགལ་རྐྱེན་དུ་མི་འགྲོ་བའི་རྐྱེན་ཆུང་ངུ་ཙམ་ལ་མངོན་སྤྱོད་ཀྱི་ལས་མི་བྱ་བའི་དོན་ཡིན་ལ། སྤྱིར་རྣལ་འབྱོར་པས་རྒྱུད་སྡེ་སོགས་གསུང་རབ་ལ་ཐོས་པ་བྱས་པ་ནི་ལུང་གི་བསྟན་པ་དང་། ལམ་ཟབ་མོ་ཉམས་སུ་བླངས་པ་ནི་རྟོགས་པའི་བསྟན་པ་ཡིན་པས། རིག་པ་འཛིན་པའི་གང་ཟག་མི་རེ་ལ་གནོད་པ་བྱུང་ཀྱང་བསྟན་པ་ལ་གནོད་པར་འགྲོ་བས་རྣལ་འབྱོར་པའི་སྒོས་དགྲ་རྣམས་བསྒྲལ་བའི་ཡུལ་ཡིན་ནོ། །དེང་སང་ནི་འདི་དག་གི་དོན་མ་གོ་བར། ཆོས་བྱེད་ཀྱི་སྒྲུབ་པ་པོ་བློ་དཀོན་ཅོག་ལ་བསྟད་ནས་བསྙེན་སྒྲུབ་ལས་སྦྱོར་བྱེད་པ་ལ་འཕྱ་ཞིང་། དགོན་གྲོང་ཁང་ཁྱིམ་ཙམ་ལ་སངས་རྒྱས་ཀྱི་བསྟན་པའི་མིང་དུ་བཏགས་ནས་ཁ་གསང་དང་ཚུལ་འཆོས་འཐབ་རྩོད་གཡོ་སྒྱུ་ལྷུར་ལེན་པའི་རྟོག་གེ་པ་ང་རྒྱལ་ཅན་དང་། སྒོམ་ཆེན་བླུན་པོ་དག་ཅལ་ཅོལ་གྱི་གཏམ་མ་མང་བར་བག་ཡོད་པར་བྱོས་ཤིག །དང་པོ་ལ། བཅའ་བ་ཟོར་དང་མཆོད་གཏོར། ཟས་པོ་འགུགས་པའི་དམིགས་(༤༡ན)


GLG023_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན། སྦྱོར་བ་འཛོམ་པ་དྲག་པོའི་རྫས་སོ། །དང་པོ་ནི། ལྕགས་སྡིག་བཟློག་གཞུང་ལས། དང་པོ་སྔགས་པ་བསྙེན་རྫོགས་པས། །ཞིང་ཆེན་གདན་ལ་མཎྜལ་དབུལ། །འབྲུ་ནག་ལྷ་གྲངས་ཚོམ་བུ་བཀོད། །མཆོད་བཤགས་བསྐང་བཟློག་བསང་གཏོར་རམ། །དམར་གྱི་གཏོར་མ་ཆེན་པོ་བཤམས། །སྨན་ཕུད་རཀྟ་མཆོད་པས་བསྐོར། །ཞེས་པ་ལྟར། དྲག་པོའི་གཏོར་ཟོར་རི་རབ་གཟུགས་སམ་ཞལ་ཕྱུང་བ་སྐབས་ཐོབ་དང་སྦྱར་བ་ལ་ཤར་དུ་མཆོད་གཏོར། ལྷོར་བཤགས་པའི་གཏོར་མ། ནུབ་ཏུ་བསྐང་གཏོར། བྱང་དུ་བཟློག་པའི་གཏོར་མས་བསྐོར་བ་དང་། གཞན་ཡང་གཏོར་ཟོར། མདའ་ཟོར། ཁྲག་ཟོར། ཀོང་ཟོར། མེ་ཟོར། རྡོ་ཟོར། ཡུངས་ཟོར། རྭ་ཟོར་རྣམས་སོ་སོའི་རྫས་སྔགས་བཟོ་དབྱིབས་ལྟར་བཀོད། སྨན་རཀ །ཤ་ཆེན་གྱི་སྤོས། གཏོར་ཆུང་རྣམས། ཆད་མཐོའི་གཏོར་མ། གསེར་སྐྱེམས་ཀྱི་ཆས་སོགས་ཕྱི་ནང་གི་མཆོད་པ་རྣམས་བཤམ་མོ། །དེའང་གདོང་ཟོར་བྱེད་པ་ཕལ་ཆེར་རྒྱུ་མཚན་མ་གོ་བར་སྤྲོས་བཅས་ཁོ་ན་ལྷུར་བླངས་ཏེ། ཐོད་སྐམ་གྱི་དབུ་རྒྱན་སོགས་ལྡེར་བཟོའི་ཁྲོ་བོའི་དབུ་ཇི་ལྟ་བར་བྱེད་པ་ལས་གཏོར་མའི་བཟོ་དབྱིབས་མ་དོད་པའི་ལག་ལེན་མང་དུ་འདུག་ཀྱང་། དབང་པོའི་སྡེའི་ཕྱག་བཞེས་སུ། ཁྲོ་བོའི་གདོང་དང་གཏོར་མའི་བཟོ་དབྱིབས་གཉིས་ཀ་མཉམས་པ་མཛད་ཅིང་། མེ་ཟོར་ཀྱང་བཅའ་གཞི་ལོགས་སུ་མི་མཛད་ལ། མ་ཏྲམ་གྱི་སྟེང་དུ་འབྲུ་ནག་གི་ཚོམ་བུ་བཀོད་པའང་སྐབས་དང་སྦྱོར་བ་ཡིན་ནོ། །ལུགས་འདི་ལ་རོ་ཟོར། ཐོད་ཟོར། རྭ་ཟོར་ཞེས་བཤད། འོན་ཀྱང་བོད་དུ་རྭ་ལས་ཟོར་(༤༡བ)


GLG023_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་གཉིས་ཀྱི་རྒྱུན་མ་དར་རོ། །རྭ་ཟོར་བསྒྲུབ་ཚུལ་གྱི་མན་ངག་ཟབ་མོ་ཡི་གེ་ལོགས་སུ་གསལ་བ་ལས་ཤེས་དགོས་སོ། །ལྕགས་སྡིག་ལྕགས་འདྲ་སོགས་ནས་ཟོར་སྣ་མང་པོ་འདི་འདྲ་དངོས་སུ་མ་བཤད་དམ་སྙམ་ན། ལྕགས་སྡིག་ལས་བྱང་དུ། གཏོར་ཟོར་དམར་པོ་ཤར་ར་ར། ཁྲག་ཟོར་དམར་པོ་འཁྱིལ་ལི་ལི། །ཐུན་ཟོར་སེ་ཕྲན་ཉིལ་ལི་ལི། །མདའ་ཟོར་སྐར་ལྟར་བྲེངས་སེ་བྲེང་། །ཐོད་ཟོར་རྦབ་ལྟར་རིལ་ལི་ལི། །ཕུར་ཟོར་ཤ་ལ་ཐིམས་སེ་ཐིམ། །རྡོ་ཟོར་ཐོག་ལྟར་རྦད་དེ་རྦད། །ཅེས་བཤད་ཅིང་། ཕུར་ཟོར་ནི་སྲས་མཆོག་བསྐྱེད་པའི་ཕུར་པ་ཉ་བོ་ལ་བརྡེག་པས་ཟོར་གྱི་གཙོ་བོ་ཡིན་ལ། དེ་ལས་ལོགས་སུ་མི་དགོས་ཀྱང་། འབྲུག་པའི་ལས་བྱང་ཀུན་བཟང་མཆོད་སྤྲིན་པ་དག་ལོགས་སུ་ཕུར་ཟོར་བསྐུལ་དང་བཅས་པ་བྱེད་པ་ནི་མན་ངག་ལ་ནང་བྱན་མ་ཆུད་པའི་རྟོག་བཟོའི་སྐྱོན་ནོ། །ཚིག་ཟིན་ལ་དངོས་སུ་མ་ཟིན་པའི་ཟོར་རྣམས་ནི། །འཆར་ཀ་སོགས་ལས་གཤིན་རྣམས་ནས་ཁ་འགེང་བ་ཕྱག་ལེན་ཡིན་ཞིང་། ཁྱད་པར་འཆར་ཀ་ཟོར་གྱི་རྣ་ཆ་ཅན་ཡིན་པས་སོ། །ཚེ་བདག་མཁན་པོར་རློམ་པ་མང་པོ་ཞིག །མན་ངག་དང་བྲལ་ཏེ་རང་བཟོའ་ིགཏོར་མ་དང་། གསར་རྙིང་གི་མན་ངག་བསྲེས་པའི་ངག་དུག་བསྡུས་པའི་གོས་ཧྲུལ་ལྟར་བྱས་ནས། གདམས་པ་ཚད་ལྡན་རྣམས་ཀྱང་ཆུད་ཟ་བར་བྱེད་པའི་ལག་ལེན་གྱིས་རྒྱལ་ཁམས་གང་བ་འདི་དག་དང་། སོག་མ་ལ་ཟན་གྱི་ཞལ་བ་བྱས་པའི་རྨོངས་པ་མགོ་བསྐོར་གྱི་གཏོར་མ་ཁོང་སྟོང་ཅན་དྭགས་བརྒྱུད་པ་ཅི་རིགས་ཀྱིས་བྱེད་པ་སོགས་ལ་མིག་ལྟོས་བྱེད་པས་མཚོན་ཏེ། རང་རེའི་ལུགས་འདིར་ཤན་ཡེ་མ་ཤོར་བ་བྱེད་དགོས་པ་ཤེས་ལྡན་(༤༢ན)


GLG023_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྙིང་ལ་ཆོངས་ཤིག །གཉིས་པ་ནི། སྙིང་གཟེར་ལས། དམིགས་བསྟད་འབེམ་ལ་བཅའ་བ་ནི། །དགྲ་བགེགས་ལིང་ག་འདྲི་བ་ཡིན། །ཞེས་པས་དམིགས་རྟེན་གྱི་ཉ་བོ་ལའང་ཟན་ལིང་དང་ཤོག་ལིང་གཉིས་ལས། སྔ་མ་ནི་རྒྱུ་བག་ཟན་ལས་བྱས་པའི་ཉ་བོ་སྐྱེ་མཆེད་དོད་པ། ཆེ་ཆུང་ཚད་སོགས་མན་ངག་ལྟར་བྱ་ཞིང་། ཕྱི་མ་ནི། ཕྱིར་ཡང་ཕྲ་ཞིབ་ཀྱི་མཛད་པ་མང་ཞིང་ཁྱད་པར་ལུགས་འདི་ལ་མི་འདྲ་བའི་ཁྱད་ཆོས་ཤིན་ཏུ་མང་བས་ཞལ་གྱི་བདུད་རྩི་ལས་ལོང་ཞིག །གསུམ་པ་ནི། འབྲུབ་ཁུང་། ཕུར་པ། རལ་གྲི །སྐམ་གཤེར་གྱི་ཐུན། ཐོད་ངན། མན་ངག་ལྟར་བྱས་པའི་ཟོར་གཞུ། ཟོར་སྒུལ། དུག་སྣ། མཚེ་ཡུངས། རྩང་། རྟ་ཚིལ། ཁྲག་གི་ཀོང་བུ་ལོ་ཚད། སྤོས་ཀྱི་སྡོང་བུ། ཤ་ཁྲག་སྣ་ཚོགས། ཕབས་རྩི། བལ་ཚོན་སྣ་ལྔ། ཡུགས་སའི་འཕང་གི་རྩང་། སྦང་མ། སྐྱེར་པའི་རྩང་། ལྷ་བཤོས་ཁྲག་གི་བྱུགས་པ། གུ་གུལ། རབས་ཆད་ཁང་པའི་དུད་པ། རམས་ཀྱི་ཕྱེ་མ། དུག་ཁྲག །གྲི་ཁྲག །རོ་སོལ། ས་སྣ། མདའ་ཁྲ། འཕང་ཁྲ། ས་སྦྱིན་པོ། རྒྱུ་མ། དབྱེ་རྫས། མ་ཏྲཾ། ཙཀ་ལི། གདུག་པ་ཅན་གྱི་ཤིང་ངམ་ལྕགས་ལས་བྱས་པའི་གཏོར་སྟེགས། ལྕགས་སླང་། ཁྲག་གི་གཤེར་བའི་འབྲུ་ནག །ཞྭ་ཕོད། རོལ་མོའི་བྱེ་བྲག་སོགས་་མདོར་ན་མཐོང་བརྒྱུད་ཀྱི་ཕྱག་བཞེས་ལྟར་བཤམ་ཞིང་། རྫས་དང་། ཡོ་བྱད། ངོ་བོ། ངོས་འཛིན་ལུགས་སོགས་མི་འདྲ་བའི་ཁྱད་པར་མཐའ་ཡས་པ་ཞལ་ཤེས་ལྟར་བྱའོ། །སྨྲས་པ། འདི་ན་རྣམ་པར་རྒྱལ་བ་ལྷ་ཡི་དཔུང་། །ཡན་ལག་བཞི་དང་ལྡན་པའི་སྦྱོར་བ་དག །ཉེ་བར་བཤམས་ཚེ་བཅུད་བྲལ་སྡེར་བཅས་རྣམས། །སྲོག་(༤༢བ)


GLG023_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷག་མའང་ཤོར་སྙམ་སྙིང་ག་འདར། །རྫས་སྔགས་ཏིང་འཛིན་ལྡན་པའི་དྲག་པོའི་ལས། །འཁྲུལ་མེད་རྟ་ལྗང་དབང་པོ་མངོན་ཤར་ཚེ། །ལོག་འདྲེན་དགྲ་སྡེའི་སྲིན་བུ་མེ་ཁྱེར་རྣམས། །ཅིག་ཅར་ཉམས་པས་ས་འོག་སོང་སྙམ་བྱེད། །ཅེས་སོ། །གཉིས་པ་དངོས་གཞི་ལ། ཟོར་རྫས་ཀྱི་བགེགས་བསྐྲད་པ། མཆོད་གཏོར་སྨན་རཀ་བརླབ་པ། ཟོར་བསྐྱེད་ཅིང་གསལ་གདབ་པ། ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ། དམར་གཏོར་རཀྟ་ཕུལ་ཏེ་དྲག་ཏུ་བསྐུལ་བ། ལྷ་སོ་སོར་གཏོར་མ་འབུལ་ཞིང་འཕྲིན་ལས་བཅོལ་བ། བསྒྲལ་ཞིང་སྟོབ་པ། བཟློག་བསྒྱུར་བྱ་བ། ཟོར་ལམ་དབྱེ་བ། ཟོར་འཕང་བའོ། །དང་པོ་ནི། ཨོཾ་སུམ་བྷ་སོགས་ཀྱིས་རང་གི་ཐུགས་ཀའི་ཨོཾ་ལས་ཁྲོ་བོ་གནོད་མཛེས་སྤྲོ་བ་སྔར་ལྟར་བྱའོ། །གཉིས་པ་ནི། རཾ་ཡཾ་ཁཾ་གིས་ཞེས་སོགས་ཀྱིས་བརླབ་ཅིང་དམིགས་པ་སྔར་བཞིན་ནོ། །གསུམ་པ་ལ། གཏོར་ཟོར་གསལ་འདེབས་པ། ཟོར་གཞན་རྣམས་གསལ་འདེབས་པ། ཐུན་ཟོར་གསལ་འདེབས་པའོ། །དང་པོ་ནི། སྟོང་པའི་ངང་ལས་འབྱུང་བཞིའི་དཀྱིལ་འཁོར་སོགས་ཀྱིས་གཏོར་ཟོར་སྣོད་དང་བཅས་པ་སྟོང་པར་སྦྱངས་པའི་ངང་ལས། སྣོད་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཡོངས་སུ་རྫོགས་པའི་ནང་དུ་བཅུད་ཀྱི་གཏོར་མ་རྣམས་ལྷ་སོ་སོར་བསྐྱེད་པ་ཡིན་ནོ། །དེའང་སྔགས་རྙིང་མའི་ཕྱག་ལེན་ཕལ་ཆེར་དུ་ཁྲོ་རོལ། འཆར་ཀ་ཟིལ་གནོན་སོགས་མང་པོར་གྱེར་སྒོམ་ཞེས་བདག་བསྐྱེད་ཀྱི་ལས་བྱང་བརྗོད་ཅིང་གསལ་འདེབས་སྐབས། མདུན་གྱི་གཏོར་མའང་ལྷན་ཅིག་ཏུ་བསྒོམ་པར་མཛད་ཅིང་། ཁྱད་པར་ཆོས་རྒྱལ་དབང་པོའི་སྡེའི་ཕྱག་བཞེས་སུའང་དེ་ག་གནང་བས་འཇུག་པ་བདེ་ཞིང་(༤༣ན)


GLG023_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལ། འོན་ཀྱང་ལྷའི་ངོ་བོ་ལ་ཁྱད་པར་མེད་ནའང་། མདུན་བསྐྱེད་ཀྱི་ལྷ་རྟེན་སྐུ་མདོག་ཕྱག་མཚན་རྣམ་འགྱུར་རྣམས་ལྕགས་སྡིག་ལུགས་ལྟར་མཛད་པས་ངག་འདོན་དུ་ལྕགས་སྡིག་ལུགས་ལྟར་བསྒྲིགས་པ་གསལ་འདེབས་ཀྱི་རྐྱེན་དུ་འགྲོ་བ་དང་། རྗེ་ཀུན་དགའ་ཚེ་མཆོག་པས་ཁྲོ་ཆུའི་བཟློག་བསད་གནམ་ལྕགས་འབར་བ་ཞེས་གཏོར་ཟོར་གྱི་ལྷ་ཚོགས་བསྐྱེད་ཆོག་ལོགས་སུ་འདུག་པ་གོ་བདེ་ཞིང་ལེགས་པར་མངོན་པས་ཀྱང་རྐྱེན་བྱས་ཏེ། དོན་ལ་ཁྱད་པར་མེད་པས་འདི་ལྟར་བཀོད་པ་ཡིན་ནོ། །དེའང་མངོན་རྟོགས་ཆེན་མོར། ཕྱག་རྒྱས་གྲོལ་བའི་དོན་བྱེད་དུ། །བསམ་པ་ཆོས་ཉིད་སྟོང་པ་ལས། །ཡེ་ཤེས་ཆེན་པོའི་གཞལ་ཡས་ཁང་། །རིན་ཆེན་ལྔ་ལས་གྲུབ་པ་དེ། །ཞེས་པ་ལས་འབྱུང་བཞི་རི་རབ་གཞལ་ཡས་ཁང་གི་ས་བོན་བྷྲཱུཾ་སོགས་གསལ་བར་མ་བྱུང་ནའང་། ལས་བྱང་ཆེན་མོར། ཨེ་ལས་ཡཾ་ཆད་རླུང་གི་བ་དན་རྟོགས། །ཞེས་སོགས་འབྱུང་བཞིའི་དཀྱིལ་འཁོར་གསུངས་ཤིང་། ཨེ་ལས་བྷྲུཾ་ཆད་དུར་ཁྲོད་གཞལ་ཡས་ཁང་། །ཞེས་པ་ལྟར་བཀོད་པ་ཡིན་ནོ། །བྷནྡྷ་སྐམ་རློན་གྱི་རྩིག་པ་ནི། ལས་བྱང་དུ། སྐམ་པོར་རིས་རློན་པ་རྩིག་པ་བརྩིགས། གནམ་ལྕགས་འབར་བའི་གཟེར་ཆེན་ཀུན་ཏུ་བདག་ཅེས་གསལ་བར་ཡོད་ལ། ཀ་གདུང་སོགས་ནི་ལས་བྱང་དང་མངོན་རྟོགས་གཉིས་ཚིག་གི་སྤྲོ་བསྡུ་མ་གཏོགས་སྒོ་མཐུན་པས་མངོན་རྟོགས་ཆེན་མོ་ལྟར་བཀོད་པ་ཡིན་ལ། ཞིང་ལྤགས་ཀྱི་ཐོག་དང་རྒྱུ་རློན་གྱི་བྲ་བ་དྲ་ཕྱེད་མངོན་རྟོགས་སུ་མི་གསལ་ཡང་། ལས་བྱང་དུ། ཞིང་ཆེན་ཞིང་ཆུང་ཐོད་སྦྲུལ་ཟུར། །གནམ་ལྕགས་ཁྲོ་ཆུ་ཆུ་སྲིན་ཐོབ། །རྒྱུ་མ་མི་སྙིང་ཀེང་རུས་ཅན། །ཞེས་གསུངས་སོ། །གཞལ་ཡས་ཁང་གི་དབུས་སུ་ཕོ་བྲང་གླིང་(༤༣བ)


GLG023_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་པ། དབུས་ཀྱི་གླིང་གྲུ་གསུམ་མཐིང་ནག །དེའི་ནང་དུ་གཙོ་བོའི་གདན་རྣམས་བསྐྱེད་པ་ཡིན་ཞིང་། གླིང་དགུ་ཡོངས་སུ་རྫོགས་པའི་ཕྱི་རོལ་ཏུ་ཨེའི་ཕོ་བྲང་མཐིང་ནག་ཐོད་རས་བསྐོར་བ་ལ་ཟླ་གམ་གསུམ་འབྱུང་བས། ལས་བྱང་དུ། ཨེ་ལས་ཕོ་བྲང་གླིང་དགུ་པ། །མཐིང་ནག་ཟླ་གམ་གསུམ་དང་ལྡན། །ཞེས་པའི་དོན་ནོ། །གཙོ་བོའི་གདན་ལ་འཁོར་ལོ་ལས་བྱང་དང་མངོན་རྟོགས་གཉིས་ཀ་ལས་བྱུང་ངོ་། །མངོན་རྟོགས་འབྲིང་པོར། ཀླུ་འབུམ་གྱི་གདན་དེ་སྦྲུལ་དཀར་པོ། སེར་པོ། དམར་པོ། ནག་པོ་ཁྲ་བོ་འབུམ་བསྣོལ། ཞེས་པ་དང་། གཞན་ཡང་། དེའི་སྟེང་དུ་ཕྱོགས་སྐྱོང་བཅུ་སྟེ། དེའང་གདན་གྲུ་བཞིར་ཡོད་པའི་ཤར་དུ་བརྒྱ་བྱིན་དཀར་པོ། ལྷོར་གཤིན་རྗེ་ནག་པོ། ནུབ་ཏུ་ཀླུ་ནག་པོ། བྱང་དུ་གནོད་སྦྱིན་སེར་པོ། བྱང་ཤར་དུ་དབང་ལྡན་དུད་ཁ། ཤར་ལྷོར་མེ་ལྷ་དམར་སེར། ལྷོ་ནུབ་ཏུ་སྲིན་པོ་སྨུག་ནག །ནུབ་བྱང་དུ་རླུང་ལྷ་ལྗང་གུའོ། །ཞེས་སོ། །གཙོ་བོ་ཕྱག་གཡོན་གྱི་ཐ་མ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པར་ལས་བྱང་དུ་བཤད་ཅིང་། འཕྲིན་ལས་འབྲིང་པོ་དང་མངོན་རྟོགས་ཆེན་མོར། ཕྱག་གཡོན་གྱི་བར་མ་སྡིགས་མཛུབ་དང་ཞགས་པར་བཤད་ཀྱང་ཕྱག་ལེན་དུ་སྔ་མ་ལྟར་མཛད་དོ། །ལས་བྱང་དུ། ཡུམ་ཆེན་པེ་ཏ་ནག་མོ་ནི། ཐོད་སྦུལ་རིན་ཅེན་རུས་པས་བརྒྱན། །རལ་པའི་ཟར་བུ་མུན་ལྟར་གཏིབས། །གཟིག་ཤམ་དར་གྱི་འཕུར་ལྕེ་འཕྱང་། །ཙིཏྟ་བནྡྷས་ཡབ་འཁྱུད་སྟོབ། །ཅེས་པ་ལྟར་ལས་གསལ་བ་མི་འདུག་ལ། མངོན་རྟོགས་སུ། དེའི་པང་ན་ཡུམ་ཆེན་ཞེས་བྱུང་བ་དང་། འདིར་གཡོན་ཟུར་ནས་འཁྱུད་པའི་ཚུལ་ལྟར་བཀོད་པ་ཡིན་ཅིང་། སྒོམ་དོན་(༤༤ན)


GLG023_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གང་བདེ་བྱའོ། །དབྱིངས་ཡུམ་སྲིད་པའི་རྒྱལ་མོ་ལས་བྱང་དུ་གསལ་བར་མེད་ཀྱང་། མངོན་རྟོགས་ཆེན་མོར་གསུངས་པ་ལྟར་བཀོད་པའོ། །རྩ་བའི་ལྷ་དང་རྒྱན་གྱི་ལྷ་རྣམས་འདིར་གླིང་དགུ་སོ་སོར་བཀོད་པ་ཡིན་པས། དེའང་ཕྱོགས་བཞིའི་གླིང་བཞི་ལས། ཤར་ལྷོ་ནུབ་ཀྱི་གླིང་གསུམ་དུ་དྲེགས་པ། སྲས་མཆོག་རུས་སྦལ་དང་། བྱང་གླིང་དུ་སྔགས་སྲུང་དང་བྱ་ཁྱུང་འདམ་གར་མངོན་རྟོགས་སུ་བཤད་ཀྱང་། ལས་བྱང་དུ། བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་གདན་སྟེང་དུ་ས་བོན་བྷྱོ་ལས་བསྐྱེད་པ་ནི། སྔགས་སྲུང་ཨེ་ཀ་ཛཱ་ཊཱི་ནི། ཞེས་པ་ལྟར་བྱང་ཕྱོགས་སུ་བཀོད་པ་ཡིན་ནོ། །ལས་བྱང་དུ་བྱ་ཁྱུང་དངོས་སུ་མ་བྱུང་ཡང་། མངོན་རྟོགས་སུ། སྲིད་པ་གསུམ་གྱི་མཁའ་ལ་ལྡིང་བ་ཟིལ་གནོན་དབུའམ་བྱང་དུ་བསྐྱེད། །ཅེས་འབྱུང་བས། འདིར་གཙོ་བོའི་དབུ་གཙུག་ཏུ་བསྐྱེད་པ་ཡིན་ནོ། །མཚམས་ཀྱི་གླིང་བཞིར་རྒྱན་གྱི་ལྷ་རྣམས་འགོད་པ་ཡིན་ལ། དེའང་ཡབ་སེང་གེ་སོགས་སོ་སོའི་དབུ་ལ་ཁྲོ་བོའི་གཟུགས་ཅན། ཡུམ་རྣམས་སེང་གེ་སོགས་སོ་སོའི་རྣམ་པ་ཅན་ལ་ཆིབས་ཞེས་གསུང་རྒྱུན་དུ་ཡོད་ཅིང་། མངོན་རྟོགས་སུ། ཆིབས་སུ་སེང་གེ་གཡུའི་རལ་པ་སྤྲུག་པ་ལ་བཅིབས་པ་ཡུམ་ཡང་དེ་འདྲ་བ་ལ་ཞེས་ཚིག་ཟིན་ལ་སོ་སོར་སྣང་ཡང་གོང་མ་གཉིས་མན་ངག་གོ །ཟླ་གམ་གསུམ་ལ་སྤྲུལ་པ་གསུམ་བསྐྱེད་པའི་སྐུ་མདོག་ཕྱག་མཚན་རྣམས་མངོན་རྟོགས་དང་ལས་བྱང་གཉིས་མཐུན་ནོ། །ལྕགས་མཁར་བཅུ་གཉིས་ལ་གཤེད་པོ་བཅུ་གཉིས་འགོད་པར་བཤད་པ་ལས་འཁོར་ལོ་ལ་ཕྱི་ནང་ཡོད་མེད་གསལ་བར་ལས་བྱང་མངོན་རྟོགས་གཉིས་ཀར་མ་བྱུང་ཡང་། ཟླ་གམ་ཐོད་རལ་བསྐོར་བའི་(༤༤བ)


GLG023_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་ཏུ་ལྕགས་མཁར་བཞི། དེའི་ཕྱི་རོལ་ཏུ་ལྕགས་མཁར་བརྒྱད་ཀྱི་ནང་མ་ལ་ཡ་མ་རཱ་ཛ་སོགས་བཞི་དང་། ཕྱི་མ་ལའང་མོན་བདུད་བརྒྱད་འགོད་པ་མན་ངག་དང་རས་བྲིས་ཁུངས་བཙུན་ལས་འབྱུང་ངོ་། །མངོན་རྟོགས་སུ། ཕྱི་ནང་གསང་བའི་གཤེད་པོ་བཅུ་གཉིས་པོ་རྣམས་བེ་ཅོན་དང་ལྕགས་ཀྱི་འཁོར་ལོ་འཛིན་ཅིང་སྨད་གནམ་ལྕགས་ཀྱི་ཕུར་པ་ཅན་འཁོར་ལོ་བཅུ་གཉིས་ལ་འགོད་ཅིང་། རྩིབས་མཆན་བཅུ་གཉིས་སུ་ཡུམ་བཅུ་གཉིས་རྣམས་མ་ཏྲམ་རོ་དབྱུག་དང་ཙིཏྟ་འཛིན་ཅིང་། སྐུ་སྨད་དུག་ཕུར་གྲུ་གསུམ་དམར་བ་ཞེས་བཤད་ཀྱང་། གཤེད་པོ་བཅུ་གཉིས་པོའི་སྐུ་མདོག་ཕྱག་མཚན་རྣམས་ཕྱག་ལེན་ལྟར་ལས་བྱང་ཆེན་མོ་བཞིན་བཀོད་པ་ཡིན་ནོ། །འདིར་ཡུམ་རྣམས་ཀྱི་ཕྱག་མཚན་ཚིག་གི་སྤྲོས་པ་ཆུང་བའི་ཕྱི་མ་བཀོད་ཀྱང་། ལས་བྱང་དུ་ཡ་མ་རཱ་ཛའི་ཡུམ་ལ་ཁྲམ་ཤིང་ནད་ཀྱི་རྐྱལ་བ་བསྣམས། །ཞེས་བཤད་ཅིང་། མོན་པ་བཞི་ལ། ཡུམ་རྣམས་ལྕགས་ཀྱུ་ཞགས་པ་བསྣམས། །ཞེས་བཤད། རས་བྲིས་ཁུངས་བཙུན་པ་ཁ་ཅིག་ཏུ། མྱོས་བྱེད་འབར་བ་དང་ཨཪྱ་མ་རུའི་ཡུམ་ཐོད་པ་འཛིན་པའང་ཡོད་ལ། ཡང་ལས་བྱང་དུ། ཕྱི་ནང་གསང་བའི་གཤེད་ཀྱི་ལྷ། །ཡུམ་རྣམས་སྤུ་གྲི་མི་སྙིང་བསྣམས། །ཞེས་ཡུམ་བཅུ་གཉིས་པོ་ཐམས་ཅད་སྤུ་གྲི་མི་སྙིང་འཛིན་པར་བཤད་པའང་སྣང་བས་མཐའ་གཅིག་ཏུ་མ་ངེས་སོ། །གཞལ་ཡས་ཁང་གི་ཟུར་བཞིའི་ཟུར་རེ་རེར་ལྕགས་མཁར་གསུམ་གསུམ་རྒྱབ་མདུན་གྱི་ཚུལ་དུ་གནས་པའི་བཅུ་གཉིས་པོ་རྣམས་ལ་འཆི་བདག་བཅུ་གཉིས་གསལ་འདེབས་ཤིང་། དེ་རྣམས་ཀྱི་སྐུ་མདོག་ལས་བྱང་དང་མངོན་རྟོགས་གཉིས་ཅུང་ཟད་མི་མཐུན་ཞིང་མངོན་རྟོགས་སུ་སྨད་དུག་(༤༥ན)


GLG023_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་དུ་བཤད་དོ། །འདིར་སྐུ་མདོག་རྣམས་ལས་བྱང་ལྟར་བཀོད་ཅིང་། ཕྱག་མཚན་མངོན་རྟོགས་སུ་མི་གསལ་ཡང་། ལས་བྱང་དུ། བེ་ཅོན་འཁོར་ལོ་ཕྱག་ན་བསྣམས། །ཟླ་བ་བཅུ་གཉིས་ལྷ་རུ་གསལ། །ཞེས་པས་སོ། །དེའི་ཕྱི་རོལ་དུ། ལས་བྱང་ལས། ཁྱམས་ལ་གཤིན་རྗེ་སུམ་ཅུ་གཉིས། །ཞེས་པས་དེང་སང་ཕྱག་ལེན་དུ་ཁྱམས་ཀྱི་ཕྱོགས་རེ་རེར་ལྷ་གནས་གྲུ་གསུམ་བརྒྱད་རེ་བཀོད་པའི་ཤར་དུ་བདུད་པོ་བརྒྱད། ལྷོར་གཤིན་རྗེ་བརྒྱད། ནུབ་ཏུ་མ་མ་བརྒྱད། བྱང་དུ་གནོད་སྦྱིན་བརྒྱད་རྣམས་གསལ་འདེབས་པ་ཡིན་ཅིང་། འདི་རྣམས་ཀྱང་མངོན་རྟོགས་སུ་སྨད་ལྕགས་ཕུར་དུ་བཤད་ལ། འདིར་སོ་སོའི་བཞོན་པ་དང་ཕྱག་མཚན་རྣམས་ལས་བྱང་ལྟར་བཀོད་པ་ཡིན་ནོ། །སྒོ་བ་བཞི་ནི། མངོན་རྟོགས་སུ། གཡས་ཀྱི་ཕྱག་ན་ཁྲམ་ཤིང་བསྣམས། །གཡོན་དུ་ལས་ཀྱི་འཁོར་ལོ་བསྐོར། །ཞེས་པ་ལྟར་བཀོད་པ་ཡིན་ནོ། །ལས་བྱང་དུ། ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས། །ཞེས་པའང་ཡོད་དོ། །ཡུམ་བཞི་ནི། རིགས་འཛིན་ཡབ་སྲས་ཀྱི་ཕྱག་ལེན་གྱི་རྒྱུན་ལས་བྱུང་བའི་ཙཀ་ལི་རས་བྲིས་རྣམས་སུ་མེད་པས་འདིར་འདོན་ཆ་ལ་དངོས་སུ་མ་བཀོད་ཅིང་། བློ་དང་ལྡན་པས་སྒོམ་དོན་ལ་སྦྱར་ན། མངོན་རྟོགས་ལས། དུས་བཞི་སྲིད་པའི་རྒྱལ་མོ་ནི། །སྒོ་ཡི་གཡོན་ལོགས་བཞི་ན་གནས། །ཡུམ་ཆེན་མཁའ་འགྲོ་རོ་ལངས་བཞི། །ཕྱག་གཡས་མ་ཏྲམ་རོ་དབྱུག་བསྣམས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་གཡོན། །སྒོ་བཞི་འབྱེད་ཅིང་ཐུན་སྒོང་གཡོན་དུ་འཕེན། །དགྲ་བོ་གར་སྒྲོལ་རྒྱུན་དུ་གསོད་པར་བྱེད། །ཅེས་པ་ལྟར་རོ། །དཀྱིལ་འཁོར་ཕྱི་རོལ་མུ་ཁྱུད་སྐྱོང་བའི་(༤༥བ)


GLG023_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་མོ་གཤེད་སུམ་བརྒྱ་དྲུག་ཅུ་སོགས་ལས་ཀྱི་གཤིན་རྗེ་དང་སྡེ་བརྒྱད་དྲེགས་པ་ཅན་དུར་ཁྲོད་ལ་འཁོད་པ་སོགས་མཐའ་ཡས་པར་བསམ་མོ། །དེ་སྐད་དུའང་ལས་བྱང་ལས། ཕྱི་རོལ་གཤིན་རྗེ་མུ་ཁྱུད་འཛིན། །ཟ་མའི་གཤེད་ཆེན་བཅུ་དྲུག་ནི། །ཕྱག་ན་འཁོར་ལོ་ཐུན་ཁྲག་བསྣམས། །ཆིབས་སུ་མི་ཡི་རྟ་ལ་བཅིབས། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །མ་ཡམས་བསྟན་མ་དབང་ཕྱུག་གསལ། །ཞེས་དང་། བཟློག་གཞུང་དུ། ཟ་མའི་གཤེད་ཆེན་བཅུ་དྲུག་ནི། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །མོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་ནི། །ཞེས་དང་། གཤིན་རྗེ་ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ས་ཆུ་མེ་རླུང་སྤྲིན་དང་དུར་ཁྲོད་བདག །མཁའ་ལ་རྒྱུད་དང་དབང་ཕྱུག་མཁའ་འགྲོ་མ། །ཞིང་སྐྱོང་གིང་དང་ལངྒ་བསྟན་མའི་ཚོགས། །འཇིག་རྟེན་ཀུན་ཏུ་ཁྱབ་པར་རྒྱུག་བྱེད་མ། །ཞེས་སོ། །གཉིས་པ་ནི། ཟོར་གྱི་རྩེ་མོར། ཞེས་སོགས་ཀྱིས་ཟོར་གཞན་རྣམས་གསལ་འདེབས་ཤིང་། དེའང་སྤུ་གྲི་དང་ཆུ་གྲི་སོགས་ཤིན་ཏུ་རྣོ་བའི་དཔལ་ཅན་ཐོགས་པ་མེད་པའི་མཚོན་ཆའི་འཁོར་ལོ་དཔག་ཏུ་མེད་པ་ཟོར་རྣམས་ཀྱི་རྩེ་མོར་འཚུབ་པ་དང་། ཟོར་གྱི་རྐེད་པར་མཚོན་ཆ་སྣ་ཚོགས་ཐོགས་པའི་ཟོར་བདག་ཕོ་མོ་མ་གཤིན་བདུད་དང་གནོད་སྦྱིན་ལ་སོགས་པ་དྲེགས་པ་ཅན་གྱི་ཚོགས་མི་སྡུག་པའི་གཟུགས་ཅན་མཚོན་ཆ་སྣ་ཚོགས་ཐོགས་པ་མཁའ་ལ་གློག་འཁྱུག་པ་ལྟར་རྒྱུ་བར་བསམ་དགོས། ཁྱད་པར་རྡོ་ཟོར་ལྟ་བུ་ལ། གནོད་སྦྱིན་གདུག་པའི་བུ་མོ་རི་རབ་སོགས་མཚོན་ཆ་ཐོགས་པ་བསྐྱེད་དགོས་པས། འཆར་ཀའི་ཟོར་བསྐུལ་དུ། སྟོང་གསུམ་གངས་རིས་བསྐོར་བ་ནས། །གནོད་སྦྱིན་གདུག་(༤༦ན)


GLG023_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུ་མོ་རྣམས། །སྡང་བའི་དགྲ་ལ་རྡོ་ཟོར་རྒྱོབ། །ཅེས་སོ། །སྤྱིར་ཟོར་ཐམས་ཅད་ཤིན་ཏུ་ཆེ་བར་གསལ་འདེབས་དགོས་ཤིང་། ཀོང་ཟོར་ནི་དབུས་ཀྱི་རི་བོ་མཆོག་རབ་དང་མཉམ་པར་ཁྲོ་ཆུའི་ཟོར་བསྐྱེད་ཀྱི་སྐབས་བཤད་དོ། །ཟོར་འཕེན་པའི་དུས། ཟོར་གཞུའི་ཡར་མཆོག་ལ་འབྲུག་སྒྲ་དྲག་པོ་ལྡིར་རི་རི་སྒྲོག་ཅིང་། མར་མཆོག་ནས་གློག་དམར་ཀེམ་ཀེམ་འཁྱུག་པ། འཆང་བཟུང་ནས་ཐོག་མདའ་སེར་བ་ལྟར་ཤར་ར་ར་འབབ་པར་ཡང་གསལ་འདེབས་པ་ཡིན་ནོ། །གསུམ་པ་ལ། སྤྱིར་ཐུན་རྫས་ནུས་ལྡན་དུ་བྱ་བའི་ཚུལ་དང་། དམིགས་བསལ་ཀོང་ཟོར་གྱི་ནང་དུ་ལྡུགས་རྒྱུའི་ཐུན་རྫས་ནུས་ལྡན་དུ་གསལ་འདེབས་ཚུལ་གཉིས་སྣང་བ་གཞན་ལས་ཤེས་པར་བྱའོ། །རྩ་བའི་བཞི་པ་ཡེ་ཤེས་ཀྱི་ལྷ་ཚོགས་སྤྱན་འདྲེན་པ་ནི། འགྱུར་མེད་ཆོས་སྐུའི་ངང་ལས་ཞེས་སོགས་བརྗོད་ཅིང་། ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་ཟིལ་གནོན་གྱི་ལྷ་ཚོགས་རྣམས་རྣལ་འབྱོར་པའི་མོས་པ་དང་གདུང་ཤུགས་དྲག་པོས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཐོགས་པ་མེད་པར་མདུན་བསྐྱེད་ཏེ་ལྷ་ཚོགས་རྣམས་ལ་ཐིམ་པར་བསམ་ཞིང་། འཆི་བདག་ལས་ཀྱི་གཤིན་རྗེ་གདུག་པ་ཅན་གྱི་དམག་ཚོགས་དང་། ཟོར་བདག་ཕོ་མོ་སོགས་རང་དབང་མེད་པར་སྐར་མདའ་འཕངས་པ་བཞིན་དུ་སྤྱན་དྲངས་པར་བསམ་མོ། །ལྔ་པ་དམར་གཏོར་རཀྟ་ཕུལ་ཞིང་དྲག་ཏུ་བསྐུལ་བ་ནི། འཇམ་དཔལ་གཤིན་རྗེ་གཤེད་པོ་འཁོར་བཅས་ལ། །ཞེས་སོགས་བརྗོད་ཅིང་། དམར་གཏོར་གཉིས་དང་རཀྟར་བཅས་པ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་ཕུལ་བས་ལྷ་ཚོགས་ཐམས་ཅད་དགྱེས་ཤིང་ཚིམ་པར་མོས་ནས། གཏོར་མས་ཁར་ཁྲག་(༤༦བ)


GLG023_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཨརྒྷཾ་སྦྲེང་ཞིང་། འགྱུར་ཁུགས་ཀྱི་དབྱངས་དང་བཅས་པས་རྫ་རྔ་བརྡུང་། ཤ་ཆེན་གྱི་གསུར་བཏང་ཞིང་བཤུག་པ་བྱ། དབུས་ཀྱི་གཙོ་བོ་ནས་བཟུང་ལྷ་གྲངས་ཚང་བར་དྲག་ཏུ་བསྐུལ་ལོ། །དེ་སྐད་དུའང་ཡ་མ་རཱ་ཛ་སྐུ་ཁྲོས་པའི་རྒྱུད་ལས། རྫ་རྔ་བརྡུང་ཞིང་གཤིན་རྗེ་འབོད། །ཚིལ་ཆེན་མེ་དང་གསུར་དུད་བཏང་། ཁུར་བ་བུས་ལ་བཤུག་གླུ་བླང་། རཀྟ་དམར་གྱི་ཨརྒྷཾ་དང་། སྨུག་ཆེན་སྨུག་ཆུང་སྙིང་ལ་འབོད། །ཅེས་སོ། །གསར་མའི་གཤིན་རྗེ་བདག་རཀྟས་གཞི་དང་ལམ་སོགས་གང་བདེར་འབོ་ཞིང་། ཨརྒྷཾ་སྐད་ཆེན་པོས་བསྒྲག་པ་ཡོད་པར་གྲགས་ལ། ལུགས་འདི་ལ་ནི་ཡེ་མེད་དོ། །བསྐུལ་ཚིག་འདིར་ཆོ་ག་ཟོར་ཡང་བའི་དབང་དུ་བྱས་ཏེ། མཐིང་ནག་གྲུ་གསུམ་འབར་བའི་ཞེས་སོགས་བྱ་ཞིང་། རྒྱས་པར་སྤྲོ་ན་དབང་པོའི་སྡེའི་ཕྱག་བཞེས་ལྟར་མཆོད་བསྟོད་གསལ་བའི་སྒྲོན་མེ་ཡོངས་རྫོགས་སུ་བྱའོ། །དྲུག་པ་ལྷ་སོ་སོར་གཏོར་མ་འབུལ་ཞིང་འཕྲིན་ལས་བཅོལ་བ་ནི། དམར་གྱི་གཏོར་མ་ལྷ་གྲངས་དང་མཉམ་པ་དགྲ་བགེགས་ཀྱི་ཤ་ཁྲག་ནང་ཁྲོལ་དབང་པོ་སོགས་སུ་བྱིན་གྱིས་བརླབས་ཏེ་སོ་སོར་འབུལ་ཞིང་། བསྡུས་པར་བྱེད་ན། འཇམ་དཔལ་ཚེ་བདག་ནག་པོ་འཁོར་བཅས་ལ། ཞེས་སོགས་ཀྱིས་མི་མཐུན་པའི་རྐྱེན་རྣམས་བཟློག་པ་དང་། དགྲ་བོ་རང་གཤེད་དབབ་པ་སོགས་བཟློག་བསད་ཀྱི་འཕྲིན་ལས་བཅོལ་ལོ། །སྔར་གྱི་སྟེང་དུ་རྒྱས་པར་བྱེད་ན་ལྕགས་སྡིག་བཟློག་གཞུང་ལྟར། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཞེས་སོགས་བྱའོ། །སྨྲས་པ། འདི་ནི་རིག་སྔགས་འཆང་བ་བི་ཤྭ་ཀརྨའི་ཏིང་འཛིན་སོར་མོའི་འདུ་བྱེད་ཀྱིས། །གང་ལ་ཐོགས་མེད་ནུས་ལྡན་ལྷུན་གྱིས་རབ་གྲུབ་གནམ་ལྕགས་འབར་བའི་(༤༧ན)


GLG023_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དག་ལས། ཚངས་པའི་ཚེ་ཡང་སྐད་ཅིག་ཐལ་བར་བྱེད་པ་ཟོར་གྱི་ཐོག་མདའ་ལྷའི་མཚོན་ཆ། །རྣམ་པར་གྲུབ་པ་ཙམ་གྱིས་དགྲ་སྡེ་ལྷ་མིན་ཚོགས་བཅས་སྙིང་ཁྲག་ས་ལ་ལྷུང་། །ཞེས་སོ། །བདུན་པ་བསྒྲལ་ཞིང་སྟོབ་པ་ལ། གསེར་སྐྱེམས་འབུལ་བ། གདུལ་བྱ་འགུགས་པ། སྐྱོབ་པའི་སྲུང་མ་དང་དབྱེ་བ། བསྒྲལ་ལས་བྱ་བ་དངོས། ཞལ་སྟོབ་བྱ་བའོ། །དང་པོ་ནི། རྩ་བརྒྱུད་བླ་མ་གཤིན་རྗེའི་ལྷ་ཚོགས་རྣམས། །ཞེས་སོགས་ཀྱིས་ཕུལ། གཉིས་པ་ལ། འབྲུབ་ཁུང་དང་ཉ་བོ་བསྐྱེད་པ། བདེན་སྟོབས་བརྗོད་དེ་ཚེ་སྲོག་འགུགས་པ། བདེན་པ་བདར་ཞིང་གཟུ་དཔང་གསོལ་བ། ཕོ་ཉ་བརྒྱད་བསྐུལ་ཏེ་སླར་ཡང་བླ་ཚེར་འགུགས་པའོ། །དང་པོ་ནི། རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་ཅེས་སོགས་བརྗོད་དོ། །དེའང་ངོ་བོ་དུག་གསུམ་ལས་ཀྱི་མཐུ་ལས་གྲུབ་པའི་བཙོན་ཁང་དམར་ནག་ཁ་དོག་ཅིང་། མཐིལ་ཡངས་པ། གཏིང་ཟབ་པ། ཟིན་ནས་ཐར་བ་མེད་པའི་སྲིད་པ་ལས་ཀྱི་གཞལ་ཡས་ཁང་། སྲོག་གཅོད་ཀྱི་གྲོང་ཁྱེར་ཆེན་པོ། ནང་དུ་བསྐལ་པ་སྟོང་གི་མུན་པ་འཁྲིགས་ཤིང་། ཕྱི་ནས་བསྐལ་པ་སྟོང་གི་མེ་འབར་བ། རླུང་ནག་འཚུབ་ཅིང་ཤིན་ཏུ་བཟོད་པར་དཀའ་བའི་ནང་དུ་བསྟན་པའི་སྤྱི་དགྲ་དང་། རྣལ་འབྱོར་པའི་སྒོས་དགྲ་གང་ཡིན་པ་དེའི་རྣམ་པར་ཤེས་པ་ནྲྀ་དུད་ཀ་ཡོངས་སུ་གྱུར་པ་ལས་གསལ་འདེབས་ཤིང་། བྱད་དབྱིབས་ཉམ་ཆུང་ཞིང་སྒྱིད་པ་ཕྲ་བ། སྐྲ་གཟིངས་པ། བཀྲག་མདངས་དང་གཟི་བརྗིད་ཉམས་པ། ངལ་ཞིང་དུབ་པ། ཁ་ནས་སིད་ཀྱི་སྒྲ་སྒྲོག་པ། སྐྱོབ་བྱེད་ཀྱི་ལྷ་སྲུང་རྣམས་གཤེད་དུ་གྱུར་པ། རང་བདུད་རང་ལ་ལངས་ཏེ་རང་སྲོག་གཅོད་པར་འགྱུར་བ་མངོན་(༤༧བ)


GLG023_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་ཡོད་པ་ལྟ་བུར་བསམ་མོ། །དུག་སྡོང་ནག་པོའི་བཟློག་བསད་གནམ་ལྕགས་འབར་བ་ལས། དེའི་འོག་ཏུ་ཞིང་ཆེན་གྱི་ས་གཞི་བརྡལ་བ། མཚོན་ཆ་སྣ་ཚོགས་གཟིངས་ཏེ་བདུག་པ། དྲག་པོའི་ཚ་ཚ་ཆིལ་ལི་ལི་ཁོལ་བ། དེའི་འོག་ཏུ་རཀྟའི་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་རྦ་ཉིལ་ཉིལ་འཕྱོ་བ། དེའི་འོག་ཏུ་བསྐལ་པའི་རླུང་དམར་ནག་འུར་རུ་རུ་འབར་བ། དེའི་འོག་གི་བསྐལ་པའི་རླུང་སྤུ་གྲི་སོ་རྒལ་ཆིལ་ལི་ལི་འཁྲུག་པ། དེའི་འོག་ཏུ་དྲག་པོ་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་འཁོར་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར། དགྲ་བོ་ཐམས་ཅད་གཏན་ནས་རླག་པར་བྱེད་པ་མཐའ་དང་དབུས་མེད་པའི་རང་བཞིན་དུ་གྱུར། ཞེས་པ་ནི་སྒོམ་དོན་དང་ངག་འདོན་གང་རིགས་སུ་བྱ་བ་ལེགས་ཤིང་། འབྲུབ་ཁུང་དུག་དང་ཟངས་ལྕགས་ཁྲོ་ཆུ་ལས་གྲུབ་པ་དང་། བང་རིམ་དགུ་ལྡན་དུ་བཤད་པ་དོན་ལ་ཁྱད་པར་མེད་པར་སེམས་སོ། །གཉིས་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་དང་། ཐུགས་ཀའི་འོད་ཟེར་གྱིས་རྒྱུད་བསྐུལ་བའི་ལས་ཀྱི་གཤིན་རྗེའི་དམག་ཚོགས་འཇིག་རྟེན་དྲེགས་པ་ཅན་དཔག་ཏུ་མེད་པ་སྟོང་གསུམ་ཁྱབ་པར་སྤྲོས་པས་དགྲ་བོའི་ཚེ་སྲོག་རྣམ་པར་ཤེས་པ་དང་བཅས་པ་ལྕགས་ཀྱུས་སྙིང་ག་ནས་བཟུང་། ཞགས་པས་སྐེ་ནས་བཅིངས། ལྕགས་སྒྲོག་གིས་ཡན་ལག་བསྡམས། དྲིལ་བུས་མྱོས་པར་བྱས། ལས་ཀྱི་ཕོ་ཉ་རྣམས་དྲག་པོ་སྐད་ཀྱི་ང་རོ་འབྲུག་སྒྲ་ལྟར་ལྡིར་ཞིང་། གནམ་ས་གཡོ་བ་ལྟ་བུའི་ཤུགས་ཀྱི་བྱེའུ་ཁྲས་དེད་པའམ། བཙོན་ཁྲིད་པ་བཞིན་དུ་རང་དབང་མེད་པར་བཀུག་སྟེ་ལིངྒ་ལ་ཐིམ་པའི་དམིགས་པ་དང་བཅས། ན་མོཿརྩ་བ་དང་བརྒྱུད་པར་བཅས་པ། ཞེས་སོགས་བརྗོད་ཅིང་། དགུག་བཅིང་(༤༨ན)


GLG023_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་མྱོས་དབྱེ་བསྟིམ་གྱི་ཕྱག་རྒྱ་དང་བཅས་པས་ལན་གསུམ་མམ་བདུན། ཉེར་གཅིག་སོགས་སྐབས་དང་སྦྱར་རོ། ཁ་ཐུན་དུ། ནམ་ཕྱེད་དགྲ་བོ་མི་ཉལ་བླ་ཉལ་གྱི་དུས་སུ་སྲུང་མ་རྣམས་ཀྱིས་ཁོའི་རྣམ་པར་ཤེས་པ་དགུག་པ་ནི་གླང་གི་དཀྱིལ་འཁོར་གྱི་སྟེང་ངམ། རྔ་མོ་ལྟ་བུའི་སྟེང་དུ་བསྐྱོན་ལ་འུར་རུ་རུ་བཀུག་ནས་དངོས་སུ་སྒྲུབ་ཁང་དུ་ཁུགས་པར་བསམས་ལ་ཁོ་རང་གི་ལིངྒ་ལ་བསྟིམ་མོ། །ཞེས་བཤད་དོ། །གསུམ་པ་ནི། གསེར་སྐྱེམས་བྱིན་གྱིས་བརླབས་ཏེ། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ནས་བཟུང་། འཇིག་རྟེན་དྲེགས་པའི་བར་རྣམས་ལ་འབུལ་ཞིང་། དངོས་གྲུབ་རྩ་བ་རྡོ་རྗེ་སློབ་དཔོན་དང་། །ཞེས་སོགས་བརྗོད་དོ། །འོན་ཀྱང་དིང་སང་ཕྱག་ལེན་ལ་གོང་དུ་གསེར་སྐྱེམས་དང་། འདིར་བདག་ཉིད་སངས་རྒྱས་བསྟན་ལ་རབ་བཞུགས་ཤིང་། །ཞེས་སོགས་ཀྱིས་གཟུ་དཔང་བྱེད་པ་ཡིན་ནོ། །འདིས་དཔང་གཟུགས་དང་གསེར་སྐྱེམས་གཉིས་ཀའི་གོ་ཆོད་ཀྱང་། ཕྱག་ལེན་དུ་སོ་སོར་མཛད། དབང་པོའི་སྡེའི་ཕྱག་ལེན་དུའང་། མ་ཉེས་དཔང་དུ་དཀོན་ཅོག་བདེ་གཤེགས་བཞུགས། །ཞེས་སོགས་ཀྱི་གཟུ་དཔང་དང་གསེར་སྐྱེམས་ལོགས་སུ་མཛད་དོ། །འོན་ཀྱང་སྤྲོས་ཏེ་སོ་སོར་བྱེད་ན། གཟུ་དཔང་ཉེས་བྱས་དྲག་བསྐུལ་སྲོག་གི་སྤུ་གྲི་ཞེས་བྱ་བའི་ཚིག་དོན་ཕུན་སུམ་ཚོགས་པ་སྣང་བའང་བྱའོ། །དེ་ལྟར་དགྲ་བོས་ཉེས་པ་བྱས་པའི་ཚོགས་རྣམས་བསྒྲགས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་དགྲ་བོ་གསོད་པའི་ཆེད་དུ་ཆེས་ཆེར་རྔམ་པར་བསམ་མོ། །བཞི་པ་ནི། ཕོ་ཉ་གདུག་པ་ཅན་རྣམས་སྤྲས་པས་དགྲ་བོའི་བླ་ཚེ་གར་བརྫུ་ཞིང་། གང་དུ་གནས་ཀྱང་རང་དབང་མེད་པར་བཀུག་པའི་དམིགས་པ་དང་(༤༨བ)


GLG023_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས། བླ་འགུགས་སྤྲུལ་པ་སོགས་བརྗོད་ཅིང་། མཚན་མ་བརྟན་པོ་མ་བྱུང་གི་བར་དུ་སྔགས་རྣམས་བཟླའོ། །གཉིས་པ་སྐྱོབ་པའི་སྲུང་མ་དང་དབྱེ་བ་ནི། བདག་དང་ལས་གཤིན་རྣམས་ཀྱི་ཐུགས་ཀ་ནས་ཁྲོ་བོ་གྲངས་མེད་པ་སྤྲོས་པས། ཁོའི་ལྷ་སྲུང་བྱ་སྤུ་རླུང་གིས་གཏོར་བ་བཞིན་བསྐྲད་པར་བསམས་ལ། ཉ་བོའི་མཐར་གུ་གུལ་གྱི་དུད་པ་བཏང་ཞིང་། ལས་ཀྱི་གཤིན་རྗེའི་གཤེད་པོ་ཐམས་ཅད་དང་། །ཞེས་སོགས་བརྗོད་དོ། །གསུམ་པ་བསྒྲལ་ལས་བྱ་བ་དངོས་ལ། ཐུན་བརྡེག་པ་དང་། ཕུར་པ་གདབ་པ། རལ་གྲིས་གཏུབ་པའོ། །དང་པོ་ནི། རྡོ་རྗེའི་ཐོག་ལྟ་བུའི་ནུས་པ་དང་ལྡན་པའི་ཐུན་རྫས་རྣོ་བའི་དབལ་ཅན་བཏབ་པས་གཟི་བརྗིད་བཀྲག་མདངས་དབང་པོ་ཚེ་སྲོག་ཐམས་ཅད་ཉམས་ཤིང་བཅོམས་པར་བསམས་ལ། མཚེ་ཡུངས་རྡོ་ལྕགས་ལ་སོགས་དྲག་པོའི་རྫས། །ཞེས་སོགས་དང་། ཐུན་མོང་མ་ཡིན་པའི་ཐུན་སྔགས་ཉིན་མཚན་དང་སྦྱར་ཏེ་བརྡེག་གོ །གཉིས་པ་ནི། རང་ཉིད་ཟིལ་གནོན་གསལ་བའི་ཞེས་སོགས་སྔགས་དང་བཅས་པ་བརྗོད་ཅིང་། བདག་ཉིད་ཀྱི་ཐུགས་ཀ་ནས་ཡ་མ་རཱ་ཛ་ལས་མར་མེ་གཅིག་ལས་གཉིས་ཆད་ལྟར་བྱུང་བའི་ཕུར་པ་ཡ་མ་རཱ་ཛ་ལྟ་བ་མན་ཆད་ཟུར་གསུམ་རྣོ་བའི་དཔལ་དང་ལྡན་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པས། ཁོའི་ཚེ་སྲོག་མར་མེ་ལྟ་བུ་ནག་ཐུམ་སྟེ་བསད་ཅིང་རྣམ་པར་ཤེས་པ་བཀྲག་མདངས་ཡི་གེའི་རྣམ་པར་ཡོད་པ་ཕུར་རྩེ་ལ་བླངས་ཏེ་ཐུགས་ཀའི་ཡི་གེ་ལ་བསྡུ་བ་སོགས་ཚེ་ལུང་དང་གནས་ལུང་གི་དགོངས་པ་ཆིག་ཆོད་དུ་འགྲུབ་པའི་གདམས་པ་རྣམས་བྱའོ། །ལས་བྱང་ཀུན་བཟང་མཆོད་སྤྲིན་པ་དག །ཕུར་པ་དབུ་གསུམ་ཕྱག་དྲུག་རྡོར་གཤོག་ཅན་སྨད་ཕུར་(༤༩ན)


GLG023_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་ལྡན་དུ་བཤད་པ་ནི་ལུགས་འདིའི་གནད་ལ་ངེས་པ་མ་རྙེད་པའི་གཞན་དག་ནས་ཁ་བསྐང་བའི་འགལ་དུམ་གྱི་ཕྲེང་བ་ལས་རྒྱུ་མཚན་མེད་ཅིང་། ཐོག་མར་ཉ་བོ་ལ་ཕུར་བ་བཏབ་ནས། དེ་རྗེས་ཡུངས་ཐུན་མདའ་ཐུན་སོགས་ཐུན་རྫས་རྣམས་བརྡེག་པ་ནི། ཕུར་པ་བཏབ་སྟེ་དགྲ་བོ་བསྒྲལ་ཟིན་པ་ལ་སླར་ཐུན་རྫས་བརྡེབ་པ་རོལ་མཚོན་ཆ་འདེབས་པ་དང་ཁྱད་པར་མེད་ཅིང་། ཡང་ཐུན་རྣམས་ཀྱི་མཇུག་ཏུ་ཕུར་བུ་བཏབ་སྟེ་རྣམ་ཤེས་སྦར་བ་སོགས་འདུག་པ། ཕུར་པ་སྔ་མ་རྣམ་ཤེས་རྗེས་འཛིན་གྱི་ཕུར་པ་ཞེས་རྡོ་རྗེ་གཞོན་ནུ་ལས་བཤད་པ་ལྟར་ཡིན་མཆིས་ནའང་། ལུགས་འདི་ལ་གསལ་ཁ་མང་པས་ཕུར་པ་སྔ་རྟིང་གཉིས་སུ་བཏབ་པ་ཚིག་ཚོགས་ཆེ་བ་ལས་གཞན་པའི་རྒྱུ་མཚན་དང་དགོས་པ་མ་མཐོང་ངོ་། །གཞན་ཡང་གསར་མའི་གཤིན་རྗེ་བ་དག་སྣུམ་ཁོལ་མར་ཆང་བླུག་པས་འབར་བའི་མེས་ལིངྒ་སྒྲོལ་བའི་ལག་ལེན་སོགས་ནི་བགེགས་བསྲེག་པ་ལ་སྦྱིན་སྲེག་གི་སྐབས་ཧོམ་སྦར་བ་ལ་བརྟེན་པ་ཡིན་འདྲ་ནའང་། དགྲ་བགེགས་ཀྱི་དབྱེ་བ་མ་ཕྱེད་པའི་བོད་འདིར་བཞད་གད་དུ་འགྱུར་བའི་ལག་ལེན་མང་དུ་དར་རོ། །གསུམ་པ་ནི། ཡ་མའི་ཐུགས་ཀའི་ཕྱག་རྡོར་ལས་བྱུང་བའི་རལ་གྲི་ངོ་བོ་ཕྱག་རྡོར་དུ་གསལ་བས་ལིངྒ་རྣམས་བཏུབ་ཅིང་། སྲས་མཆོག་ཐུགས་ནས་དྲེགས་པའི་བདག་པོ་ནི། །ཞེས་སོགས་སྔགས་དང་བཅས་པ་བརྗོད། །བཞི་པ་སྟོབ་པ་བྱ་བ་ནི། སྟོང་གསུམ་ཁེངས་པའི་སྐུར་བཞེངས་སོགས་སྔགས་དང་བཅས་པ་བརྗོོད་ཅིང་། ལིང་རོ་སྨན་རཀ་གིས་སྦྲན་ཅིང་ཐོད་པར་བསྡུས་པ་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་བྱེད་དང་བཅས་(༤༩བ)


GLG023_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགྱེས་པའི་རྐན་སྒྲ་དང་བཅས་ཆེམ་ཆེམ་གསོལ་བར་བསམ་མོ། །བརྒྱད་པ་བཟློག་བསྒྱུར་བྱ་བ་ནི། གཏོར་མའི་ཁར་དམར་སྦྲེང་ཞིང་། རབ་འཇིགས་གཤིན་རྗེ་གཤེད་ཀྱི་ཞེས་སོགས་བརྗོད་པ་ཙམ་གྱིས་ཆོག་ལ། རྒྱས་པར་སྤྲོ་ན་སྔར་གྱི་སྟེང་དུ། ལྕགས་སྡིག་བཟློག་གཞུང་དུ། ད་ནི་བཟློག་པ་དུས་ལ་བབ། །ད་ནི་བསྒྱུར་བའི་དུས་ལ་བབ། །ཅེས་སོ་བཟློག་གཞུང་རྒྱས་པ་བྱའོ། །དགུ་པ་ཟོར་ལམ་དབྱེ་བ་ནི། ལས་བྱང་འདིར་ཡང་གཏོར་ཟོར་རྣམས་ཕྱིར་སྤགས་ཏེ་གྲལ་དུ་བཀོད། རོལ་མོ་དྲག་ཏུ་བརྡུང་ཞིང་འདི་སྐད་དོ། །ཞེས་ཟོར་རྣམས་ཕྱིར་བཏེག་གྲུབ་ནས་ཟོར་ལམ་དབྱེ་བ་ལྟ་བུ་ཞིག་བྱུང་བ་ནི། སྒྲུབ་པ་ཞག་སྦྲེལ་དུ་བྱས་པའི་ཟོར་འཕེན་པའི་ཉིན་ཡང་ཟོར་ལམ་དབྱེ་བའི་ཚིག་བརྗོད་པའི་དབང་དུ་ཡིན་གྱི། ཟོར་ལམ་དབྱེ་བ་དངོས་གཞི་ནི། ཟོར་རྣམས་ལ་བསྒུལ་བསྐྱོད་སོགས་མ་བྱས་པའི་སྔོན་རོལ་དུ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ཟར་ལམ་དབྱེ་དགོས་སོ། །སྔགས་རྙིང་མའི་ལུགས་འཛིན་མང་པོ་ཞིག་དང་། ཀུན་བཟང་མཆོད་སྤྲིན་པས། གཏོར་མ་སྤགས་ཏེ་སྒོ་དབྱེ་བྱེད་པར་བཤད་པ་ནི། ལྷ་སྲིན་ལ་ཕོག་ཐུག་དང་ཉེས་སྐྱོན་གྱི་ནུས་པ་གང་ལ་བརྟེན་ནས་བྱུང་མ་རྟོགས་པའི་སྐྱོན་ནོ། །རང་ལུགས་ཀྱི་ཟོར་ལམ་དབྱེ་ཚུལ་འདི་ནི་ལུགས་འདི་ལ་མེད་དུ་མི་རུང་བའི་གདམས་པ་དབང་པོའི་སྡེའི་ཕྱག་བཞེས་ཡིན་ནོ། །འགའ་ཞིག་ནི། ཡི་དམ་ལྷའི་ང་རྒྱལ་གྱིས་འགྲོ་བ་ལ་སྒོ་དབྱེ་སོགས་བྱ་མི་དགོས་ཞེས་རྒྱུ་མཚན་མ་གོ་བའི་གཏམ་བབ་བཅོལ་དུ་སྨྲ་བ་ལ་བླུན་པོ་དག་རྗེས་སུ་འཇུག་སྲིད་དེ། དཔྱོད་ལྡན་སུ་ཞིག་ཐོ་ཆོའི་སྤྱོད་པ་ལ་འཇུག་པར་ག་ལ་བྱེད། དེའི་ཕྱིར་ལག་ལེན་ལ་མཐའ་རྒྱ་ཆོད་པ་ནི་གནད་དམ་པ་ཡིན་ནོ། །བཅུ་པ་ཟོར་འཕང་བ་ལ། གསེར་(༥༠ན)


GLG023_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་འབུལ་བ། ཟོར་གཞན་རྣམས་འཕང་བ། རྭ་ཟོར་དང་གཏོར་ཟོར་འཕང་བའོ། །དང་པོ་ནི། བདེ་གཤེགས་ཞི་ཁྲོ་མཐུ་ལྡན་སྲུང་མའི་ཚོགས་སྤྱི་དང་། ཁྱད་པར་གཤིན་རྗེའི་དམག་ཚོགས་གནམ་ས་གཡོ་བ་ཙམ་དང་བཅས་ཏེ། དགྲ་བོའི་མངོན་སྤྱོད་ཀྱི་ལས་བྱེད་པར་བསམ་ཞིང་། གཟའ་དང་བསྟུན་ཏེ་སྒྲུབ་ཁང་གི་ཕྱི་རོལ་ཏུ་སྔར་བཞིན་གསེར་སྐྱེམས་ཕུལ། བདེན་པ་བདར་རོ། །གཉིས་པ་ནི། དུག་ཆེན་ཤིང་ལ་འུག་པའི་ཞེས་སོགས་ཟོར་བསྐུལ་རྣམས་རིམ་པར་བརྗོད་ཅིང་དམིགས་པ་དང་བཅས་པས་ཟོར་སྔགས་བཟླ་ཞིང་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་འཕང་། ཟོར་གཞན་རྣམས་ཀྱི་སྔགས་རྡོ་རྗེ་སློབ་དཔོན་གྱིས་འཆར་ཀ་ནས་ཁ་འགེང་བ་ཕྱག་ལེན་ནོ། །གསུམ་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གོམ་པ་ཞེ་དགུའི་སར་བགྲོད་ནས་བསྐུལ་དང་བཅས་པས་རྭ་ཟོར་དང་གཏོར་ཟོར་འཕང་བ་སྔར་བཞིན་ནོ། །དེའང་རྭ་ཟོར་ལ་བརྟག་པ་བྱ་སྟེ། རུས་སྦལ་སྙིང་གཟེར་ནག་པོའི་རྒྱུད་ལས། ཟོར་ཁའི་པྲ་ཡང་འདི་ལྟ་སྟེ། །རུ་རྩེ་ཁ་ཤ་ཕར་བལྟས་ནས། །ཕྱིར་མི་ལྡོག་དང་ཕོ་རབ་གསུམ། ཁ་བཟང་ཕོ་མོ་རབ་གཉིས་ཏེ། །རྩེ་བཟང་མོ་གཉིས་ཕྱིས་པ་བྱེད། །ཅེས་བཤད་ཅིང་། དེའང་ཟོར་གྱི་བརྟག་ཚུལ་གཙུག་ཕུད་ནག་པོའི་ཞུ་ལན་དུ་གསལ་བ་ལྟར་ཞིབ་པར་བྱའོ། །དེ་ལྟར་བཟློག་པ་གཙོ་བོར་བྱས་ཏེ་ཟོར་དཀྱུས་མའི་དབང་དུ་བཏང་བ་ཡིན་ལ། བསད་པ་དང་ཟོར་འཆམས་སོགས་སྤྲོས་པར་བྱེད་ན་ཟོར་རྣམས་ཉ་བོར་བརྡེག་པ་སོགས་གོ་རིམ་ལག་ལེན་ལྟར་བྱའོ། །སྨྲས་པ། མི་མཐུན་ནག་པོ་བདུད་ཀྱི་རུ་མཚོན་རྣམས། །ཅིག་ཅར་བསྙོལ་བའི་རྒྱལ་རྔ་དབྱར་དུས་ཀྱི། །འབྲུག་སྒྲ་དྲག་པོའི་སྐད་ལྟར་བསྒྲགས་པ་ན། །དཀར་ཕྱོགས་ལྷ་ཡི་བ་དན་རྣམ་(༥༠བ)


GLG023_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྐྱོང་། །ཤུགས་དྲག་རླུང་གིས་བསྐྱོད་པའི་སེར་བ་དང་། །གནམ་ལྕགས་ཐོག་གིས་ལོ་ཏོག་བྲག་རི་རྣམས། །ཉེ་བར་འཇོམས་ན་འདི་ལྟའི་ལས་སྦྱོར་གྱིས། །དགྲ་སྲོག་ལྕགས་ལས་བྱས་ཀྱང་ཇི་ལྟར་འཚོ། །ཞེས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། སྲུང་འཁོར་བྱ་བ། དམ་སྲི་གནོན་པ། ཆད་མཐོ་བསྒྲག་པ། དཀྱིལ་འཁོར་བསྡུ་བའོ། །དང་པོ་ནི། སྒྲུབ་ཁང་གི་སྒོ་དྲུང་ངམ། གཏོར་ཟོར་འཕང་བའི་ས་ཡུལ་དེ་ག་གང་བདེར་མེ་ཆུའི་རྒྱས་འདེབས་ཤིང་། བདག་ཉིད་ཁྲོ་རྒྱལ། ཞེས་སོགས་དང་། སྲུང་སྔགས་བརྗོད་ཅིང་དམིགས་པ་དང་བཅས་པས་སྲུལུང་འཁོར་བྱའོ། །གཉིས་པ་ནི། གཏོར་གཞོང་རི་རབ་ཏུ་གསལ་བ་ཁ་སྦུབ་པའི་འོག་ཏུ་དམ་སྲི་རྣམས་ཆུད་པར་བསམས་ལ། སྟོང་གསུམ་འཇིག་རྟེན་ཡངས་པའི་ཞེས་སོགས་བརྗོད་དོ། །གསུམ་པ་ནི། གཏོར་མ་བྱིན་གྱིས་བརླབས་པ་ནམ་མཁར་བཏེག་སྟེ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་སྔོན་རོལ་དུ། །ཞེས་སོགས་ཚང་མ་བྱའོ། །བཞི་པ་ནི། བདག་མདུན་ལྷན་ཅིག་ཏུ་བྱའམ། རྡོ་རྗེ་སློབ་དཔོན་ཙམ་གྱིས་བྱས་ཀྱང་འགལ་བ་མེད་དོ། །དེ་ལྟར་ཟོར་གྱི་ཁོག་ཕུབས་པའི་ཕྱིར་བརྗོད་པ་ཡིན་གྱི། ཚུལ་བཞིན་ལག་ཏུ་ལེན་པར་འདོད་ན། རྫས་སྔགས་ཏིང་འཛིན་ཐམས་ཅད་ལ་མན་ངག་ཟབ་གནད་མཐའ་ཡས་པས། དེ་དག་མ་རྟོགས་པར་ཉམས་སུ་ལེན་པ་ནི་རང་གཞན་ཕུང་པའི་རྒྱུ་ཡིན་པས། སྙིང་ནས་མོས་པའི་སྐལ་ལྡན་རྣམས། གང་བྱུང་གི་བླ་མ་དང་སུ་བྱུང་གི་གདམས་པས་མ་ཚམ་པར། ཆོས་རྒྱལ་དབང་པོའི་སྡེའི་ཞལ་གདམས་ཁོང་དུ་ཆུད་པའི་རྡོ་རྗེ་འཛིན་པའི་ཞབས་ཀྱི་པདྨོ་ཡུན་དུ་བསྟེན་ཅིག །(༥༡ན)


GLG023_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ས་བཅད་བཞི་པ་བསྟན་མ་བསྐྱང་བ་ནི། རིན་ཅེན་སྒྲོན་མེར། གཏོར་མ་རྣམས་ཕྱི་རོལ་ནམ་མཁའ་མཐོང་བའི་གནས་སུ་བཏེག་ལ། བསྟན་མ་མཆོད་པའི་ཆོ་ག་རྒྱས་བསྡུས་ཇི་ལྟར་འདོད་པ་སྤྱི་དང་མཐུན་པར་བྱའོ། །ཞེས་གསུངས་ལ། ཟོར་གྱི་སྐབས་ཆད་མཐོ་དང་བསྟན་སྐྱོང་གི་གཏོར་མ་སྣོད་གཅིག་ཏུ་མཛད་པ་དབང་པོའི་སྡེའི་ཕྱག་བཞེས་ཡིན་ཅིང་། སྔོན་ཚེ་སློབ་དཔོན་སྤྱན་སྔར་ཞེས་སོགས་བརྗོད་དོ། །ལྔ་པ་དཀྱིལ་འཁོར་བསྡུ་བ་ནི། ནང་དུ་དཀྱིལ་འཁོར་གསལ་བཏབ་ལ། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་སོགས་ཀྱིས་མཆོད། རིན་ཅེན་སྒྲོན་མེར། བསྟོད་པ་དང་བཤགས་པ་བྱེད་པར་བཤད་པའང་སྤྲོ་ན་བྱའོ། །རྩ་བའི་ལྷ་དང་རྒྱན་གྱི་ལྷ་བརྒྱད་རྣམས། །ཞེས་སོགས་བརྗོད་དེ། འོད་གསལ་གྱི་ངང་དུ་ཅུང་ཞིག་མཉམ་པར་བཞག །དེའི་ངང་ལས་སྐད་ཅིག་གིས་ཟིལ་གནོན་རྩ་བའི་ལྷ་དྲུག་རྒྱན་གྱི་ལྷ་བརྒྱད་དང་བཅས་པ་ལ་ལྷུན་གྲུབ་ཏུ་བསམས་ལ་སྐུའི་སྔགས་བཟླས་ཤིང་ལུས་བསྲུང་ངོ་། །ལྔ་པ་དགེ་བ་བསྔོ་བ་ནི། བསྙེན་སྒྲུབ་ལས་གསུམ་ཞེས་སོགས་ཀྱིས་དགེ་བའི་རྩ་བ་རྣམས་རྒྱལ་བའི་སར་བསྔོ་ཞིང་སྨོན་ལམ་གདབ་བོ། །དྲུག་པ་ཤིས་པ་བརྗོད་པ་ནི། འདོད་དགུའི་འབྱུང་གནས་ཞེས་སོགས་ཀྱིས་མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་སྒྲོག །ཕུན་སུམ་ཚོགས་པའི་དགའ་སྟོན་གྱི་དཔལ་ལ་རོལ་ལོ། །ལས་བྱང་རྣམ་པར་ངེས་གཉིས་སྣོད་ལྡན་དང་། །རིགས་འཛིན་བདག་གིས་བཀའ་རྒྱ་ཁྲོལ་མ་གཏོགས། །གཞན་ལ་བབ་ཅོལ་རྒྱུ་ནོར་ངོ་དགའི་ཕྱིར། །བསྟན་ན་སྟོན་པ་པོ་དང་སྟོན་ཡུལ་གཉིས། །གཏེར་བསྲུང་མཐུ་ཆེན་སྡེ་བཞི་རཱ་ཧུ་ལས། །སྙིང་ཁྲག་འཐུང་ལ་ཚར་ཆོད་ཟབ་ཆོས་(༥༡བ)


GLG023_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །གཉེར་དུ་གཏད་དོ་ཉིན་མཚན་དུས་དྲུག་ཏུ། །མ་གཡེལ་སྲུངས་ཤིག་གུ་ཧྱ་ས་མ་ཡ། །དེ་ལྟར་ཟིལ་གནོན་ཕྱག་རྒྱའི་ལམ་ཟབ་མོ་འདི་ཉིད་ལྷོད་པ་མེད་པར་ཉམས་སུ་བླངས་པས། འཇམ་དབྱངས་བླ་མེད་ཀུན་ཏུ་བཟང་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་བ་ཉིད་དོ། །འདིར་སྨྲས་པ། ཁུངས་ལྡན་རྒྱུད་གསུམ་རྣམ་དག་ཐེག་པ་མཆོག །མ་ཉམས་ཕྱག་རྒྱར་བཏབ་པ་གསང་བའི་གཏེར། །སྐལ་བཟང་འདོད་པ་འཇོ་བ་བདུད་རྩིའི་རྒྱུན། །བསམས་དོན་ལྷུན་གྱིས་གྲུབ་པ་ཡིད་བཞིན་ནོར། །ཚད་ལྡན་དྲག་སྔགས་སྤྱི་ཡི་སྡོམ་ཚིག་དང་། ཁྱད་ཆོས་རྣ་ཆ་བརྒྱད་སོགས་བསྡེབས་པའི་གནད། །རྣོ་ངར་ཐོགས་རྡུགས་མེད་པའི་འཁོར་ལོ་ཆེ། །རིགས་འཛིན་དམ་པའི་ལམ་སྲོལ་བླ་ན་མེད། །འདི་འདྲ་མིག་དང་རྣ་བར་མ་གྱུར་པའི། །ཚེ་བདག་རིང་ལུགས་འཛིན་པའི་ཁུར་འཆང་བ། །སྨིག་རྒྱུ་ཆུ་རུ་རློམ་ཡང་སྐོམས་པའི་ནད། །སེལ་བའི་ནུས་པ་མི་འབྱུང་རང་ཉིད་ངལ། །ཀྱེ་མ་གསར་རྙིང་གདམས་པ་གཅིག་ཏུ་བསྲེ། །གཤེད་སྐོར་མ་མགོན་ཕན་ཚུན་དཔེ་རུ་ལེན། །གང་དྲན་ལག་ཏུ་བླངས་ལ་སྙན་བརྒྱུད་ཅེས། ཁ་ཕོར་བྱེད་པའི་གསར་རྙིང་སྔགས་འཆང་མང་། །ཙཱུ་ཏའི་ཡུལ་དུ་རྐང་གཉིས་ལྡན་པའི་མི། །ཚད་ལྡན་མིན་ཞེས་འཕྱ་ལྟར་རང་གཞན་གྱི། །གདམས་པའི་ཕྱོགས་ཙམ་རྣ་བས་མ་ཐོས་འགས། །ཚུལ་ལྡན་བཉེན་སྒྲུབ་ལས་སྦྱོར་བྱེད་ལ་སྨོད། །ཀུན་ཤེས་གཅིག་ལ་རྡུགས་པའི་མཁས་པ་དང་། །ལྷ་བུས་བྱིན་གྱིས་བརླབས་པའི་ལས་དབང་ཅན། །མཐུ་ནུས་རིགས་རུས་ཙམ་ལ་རེ་བ་ཡི། །དྲེགས་ལྡན་མང་ཡང་འདུན་པའི་འགྲམ་ཆུ་མེད། ཁ་བཤད་ཁོ་ནས་འཚོ་བའི་རིགས་ལམ་པ། །གཏི་མུག་ཟས་སུ་ཟ་བའི་(༥༢ན)


GLG023_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་ཆེན་དང་། །ངན་སེམས་ཁོ་ན་ལྷུར་ལེན་རིག་སྔགས་འཆང་། །རྒྱུ་མཚན་བསྙད་པའི་ཡུལ་མིན་ཟུར་དུ་བཞུགས། །དེ་ལྟར་དུས་འདིའི་སྣང་ཚུལ་ཆེས་ངན་ཡང་། །ཟབ་མོའི་གདམས་པ་འདི་ལ་གདེངས་ཐོབ་པ། །ཀུན་བཟང་རྡོ་རྗེ་འཛིན་པ་བླ་མ་རྗེའི། །བཀའ་དྲིན་དྲན་ནོ་སླར་ཡང་ཐུགས་རྗེས་སྐྱོངས། །རྒྱུད་དོན་མན་ངག་འགྲེལ་པའི་དོན་རྣམས་ལས། །སྙིང་པོའི་ཟབ་དོན་དམ་པའི་ཕྱག་བཞེས་ལྟར། །འཕྲིན་ལས་རྣམ་པར་ངེས་ཕྱིར་གསལ་བ་འདིས། །འགྲོ་ཀུན་ཐེག་མཆོག་རྒྱ་མཚོར་འཇུག་པར་ཤོག །ཅེས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་འཕྲིན་ལས་ཀྱི་རིམ་པ་གསལ་བར་བྱེད་པའི་རྣམ་པར་ངེས་པ་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདིའང་། གཏེར་སྟོན་ཆེན་པོ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་དྲི་མ་མེད་པ་ལས་སོན་པའི་རིགས་འཛིན་ཨྱོན་བསྟན་འཛིན་གྱིས་ཉེ་བར་བསྐུལ་པ་ལ་བརྟེན་ནས། སེ་སྟོན་ཆེན་པོས་མཛད་པའི་རྣམ་ངེས་ལ་གཞི་བྱས། རིགས་འཛིན་ཡབ་སྲས་ཀྱི་གསུང་རྒྱུན་ལ་བརྟེན། རང་བློས་གང་སྤོབས་ཀྱིས་བརྒྱན་ཏེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དངོས་སློབ་དྷརྨ་ཕ་ལ་ནས་བཟུང་སྟེ། མ་གཤིན་ཕུར་གསུམ་གྱི་དངོས་གྲུབ་བརྙེས་པའི་རིག་སྔགས་འཆང་གི་བརྒྱུད་དུ་བྱུང་བ་ཟིལ་གནོན་དྲག་རྩལ་རྡོ་རྗེས། རང་ལོ་ཉེར་དྲུག་པ་དབྱུ་གུ་ཟླ་བའི་དམར་ཕྱོགས་ཀྱི་ཁྲག་འཐུང་རྣམ་པར་རོལ་པའི་དུས་ཀྱི་ཚེས་ལ་སྦྱར་བའི་ཡེ་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།


previousཟིལ་གནོན་ཕྲིན་ལས་ཀྱི་རྣམ་ངེས་རིགས་འཛིན་འཆི་མེད་དགའ་སྟོན་བདུད་རྩིའི་ཆུ་རྒྱུན།next