Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ།next

ཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ།


GLG023_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ་བཞུགས་སོ། །


GLG023_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཟླ་བྲལ་ནུས་མཐུའི་མེ་དཔུང་གིས། །དགྲ་བགེགས་ནག་ཕྱོགས་སྡེར་བཅས་བུད་ཤིང་རྣམས། །ཐལ་བར་བསྲེག་མཛད་ཚེ་བདག་ནག་པོ་དང་། །དབྱེར་མེད་རྩ་བརྒྱུད་བླ་མའི་ཞབས་བཏུད་ནས། །མནན་སྲེག་འཕང་ཞེས་རིགས་སྔགས་འཆང་ཀུན་ལ། །རླུང་ལྟར་གྲགས་ཀྱང་མིང་ཙམ་གྱུར་ཚུལ་འདི། །མཐོང་བ་སྦྱིན་སྲེག་མཆོད་པས་གཤིན་རྗེའི་གཤེད། །མཉེས་བྱེད་དུས་ཀྱི་མེ་ལྕེའི་ཕྲེང་བ་འདྲི། །དེའང་མན་ངག་རྩ་བ་ལས། །དེ་ནས་བསྲེག་པ་མེ་ཡི་ལས། །གདུག་རྩུབ་དྲག་པོའི་སྦྱོར་བ་བརྩམ། །གདུག་པའི་ནད་རྣམས་ཞི་བ་དང་། །དགྲ་བགེགས་བསྒྲལ་ཞིང་ལས་འདི་བྱ། །ཞེས་གསུངས་པ་ལྟར། རིགས་འཛིན་སྔགས་འཆང་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་ལས་སྦྱོར་མཐའ་ཡས་པ་ལས། བསྲེག་པ་མེའི་སྦྱོར་བ་ཞེས་བྱ་བ་ལས་ཀྱི་མཇུག་སྡུད་དང་། གདུག་པ་ཅན་ཐུག་ཕྲད་དུ་འདུལ་བ་དང་། ཞིང་བཅུའི་དགྲ་དང་བར་ཆད་ཀྱི་བགེགས་བསྒྲལ་ཞིང་འོག་གདོན་གདུག་པ་ཅན་གྱི་གནོད་པ། ནད་པ། སྲིའུ་སོགས་ལ་གནོད་བྱེད་དང་། སྨྱོ་འབོག་རྣམས་འབུལ་བའི་ཕྱིར་ཉམས་སུ་བླང་བར་བྱ་དགོས་ལ། དེའང་གནས་དུར་ཁྲོད་དམ། སྒྲུབ་ཁང་(༢ན)


GLG023_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་པ་གཉན་ཞིང་དབེན་པའི་སར། སྒྲུབ་པ་པོ་བསྙེན་པ་རྫོགས་ཤིང་ལྟ་བའི་གདངས་དང་ལྡན་པས་ལག་ཏུ་བླང་བར་བྱ་སྟེ། མན་ངག་རྩ་བ་ལས། གཉན་ཞིང་དབེན་པའི་གནས་ཉིད་དུ། །བསྙེན་རྫོགས་གདེངས་དང་ལྡན་པ་ཡིས། །ཞེས་སོ། །ད་ེལྟར་སྦྱིན་སྲེག་གི་ལས་རིམ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་ཁང་ཕྱག་བདར་བྱས་ལ། ས་གཞི་ངོས་མཉམ་ཞིང་འཇམ་པར་ས་ཚོན་གྱིས་རུས་སྦལ་སེར་པོ་རྡོ་རྗེའི་རྒྱ་གྲམ་གྲུ་གསུམ་ཟླ་གམ་ཅན་དཔེ་ཆུང་ལྟར་བྲིས་པའི་སྟེང་དུ་ས་སྣ་གསུམ་དང་། འཁར་གོང་སྲིན་ཅན་རྣམས་ལ་མཎྜལ་མདའ་གང་གྲུ་བཞི་པའི་དབུས་སུ་ཐབ་ཁུང་གྲུ་གསུམ་པ་ཆག་གང་བ་བང་རིམ་སུམ་ལྡན། རྩང་དང་ཐོད་པ་མེ་རིས་བརྒྱན་པ། ནང་དུ་འོག་འདེགས་རླུང་གི་འཁོར་ལོ། སྲེག་འཁོར་མུ་ཁྱུད་དྲུག་པ། སྦྲུལ་དང་མེ་རི་ཅན། སྦྱོར་བའི་འཁོར་ལོ་རྣམས་བརྩེགས། ཐབ་ཁུང་སྟེང་དུ་དྲག་པོའི་ཤིང་ལ་ཧོམ་ཐབ་གྲུ་གསུམ་མཐོ་གང་བ་བརྩིགས། གཅོད་པ་ནམ་མཁའི་འཁོར་ལོ་དང་དྲག་པོའི་འཁོར་ལོ་གཉིས་མཁའ་ལ་བརྒྱང་ངོ་། །ཕྱིའི་མཆོད་པ་ལྔ། སྨན་རག་(༢བ)


GLG023_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གསུམ། མར་ནག །ཉ་བོ། སྦྱིན་སྲེག་སྤྱི་གཞུང་གི་སྲེག་རྫས་རྣམས་དང་། ལུགས་འདིའི་ཐུན་མོང་མ་ཡིན་པའི་དྲག་པོའི་རྫས། གནད་ཀྱི་རྫས། ཚ་བའི་རྫས། གསོད་པའི་རྫས། མྱོས་བྱེད་ཀྱི་རྫས་རྣམས་ཐོད་པའམ་ལྕགས་སོགས་ཀྱི་སྣོད་དུ་བཤམ་མོ། །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་ཡེ་ཤེས་ཀྱི་མེ་ལྷ་མཆོད་པ་གཉིས། དང་པོ་ནི། འཕྲིན་ལས་ཀྱི་གཞུང་བསྲངས། །འཛབ་དང་ཚོགས་མཆོད་འབུལ། །དེ་ནས་རྡོ་རྗེ་སློབ་དཔོན་ཕོད་ནག་གྱོན། རག་ཤའི་འཕྲེང་བ་སེ་རལ་དུ་བྱས། །ཞྭ་ནག་གམ་ཐོད་ནག་བཅིངས། ཁ་ལྷོར་བསྒྱུར། རྐང་པ་དོར་སྟབས་སུ་འདུག་པ་ལ། རྡོ་རྗེ་དྲིལ་བུ་ལག་ཏུ་བཟུང་ནས། མཆོད་རྫས་བྱིན་གྱིས་བརླབ་པ་ནི། རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །མ་ཧཱ་རཀྟ་ཧཱུཾ་ཧྲཱིཿཋ། ཞེས་པའི་བར་དང་། ཨ་ཀ་ཕ་ལ། ཞེས་པ་ནས། ཤཔྟའི་བར་བརྗོད་པའོ། །སྲེག་རྫས་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དམ་ཉམས་དགྲ་བགེགས་ཀྱི། །ཤ་དང་ཁྲག་ལས་བྱུང་བའི་སྲེག་བྱེད་ཀྱི། དྲག་པོའི་རྫས་རྣམས་དངས་ཤིང་ཐོགས་མེད་པ། །ཤ་ལྔ་བདུད་རྩི་ལྔ་ཡི་རང་བཞིན་གྱུར། ཨོཾ་སྭཱཧཱ། ཨོཾ་ཨཱཿསྭཱཧཱ། ཨོཾ་ཤྲེ་ཡཾ་སྭཱཧཱ། ཨོཾ་ཛིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བྱིན་གྱིས་བརླབ། དེ་ནས་མེ་སྦར་བ་ནི། ངག་ཏུ་རྩ་སྔགས་ལན་གསུམ་བརྗོད། མེ་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུཾ། དམེ་ཡུགས་བཤན་པ་ནག་པོའི་ཁྱིམ་ནང་ནས། །བླངས་མེ་ཡམ་ཤིང་ནག་པོ་ལ་སྦར་བས། །དྲག་པོའི་སྲེག་རྫས་འབར་བར་མངའ་གསོལ་ལོ། །འབར་བའི་འཕྲོ་འདུ་འཁྱིལ་(༣ན)


GLG023_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་མཛོད་ཅིག །ཨོཾ་ཨགྣེ། ཨ་བྱ་ཀ་བྱ་ཛཿ དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་ལན་གསུམ་བརྗོད་ཅིང་རླུང་གཡབ་དང་བཅས་པས་ཕྱོགས་བཞི་ནས་མེ་སྦར་རོ། །དེ་ནས་ཐབ་བསྐྱེད་པ་ནི། སྭཱ་བྷ་ཝས་སྟོང་པར་སྦྱངས། ཐབ་ཁུང་མི་དམིགས་སྟོང་པའི་ངང་ཉིད་ལས། །མདུན་དུ་དྲག་པོའི་ཐབ་ཁུང་གྲུ་གསུམ་པ། །དཔངས་རྒྱར་ཁྲུ་གང་ཁ་ཁྱེར་སུམ་བརྩེགས་ཅན། །ཐབས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས། །ཉི་མའི་གདན་སྟེང་རཾ་ལས་མེ་ལྷ་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རྡོ་རྗེ་བགྲང་འཕྲེང་གཡོན་པ་ན། །དབྱུག་པ་གྷུནྡྷེ་འཛིན་ཅིང་མེ་དཔུང་བརྒྱན། །ར་སྐྱེས་ཁམ་པ་འཇའ་ཚོན་གློག་གིས་འཁྲིལ། །ཞིང་གི་ཡ་འགལ་སྔ་རུ་སྦྲུལ་ནག་དང་། ཁྲ་བོས་གོང་རྨེད་བྱས་ལ་རབ་བཅིབས་པའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་ཟེར་འཕྲོས་པས་ཤར་ལྷོ་མཚམས་ནས་ནི། །སྐད་ཅིག་ཉིད་ལ་གནས་འདིར་སྤྱན་འདྲེན་ནོ། །བཛྲ་ས་མ་ཡ་ཛ༔ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་ཤིང་བཞུགས། །དགའ་དང་གུས་པས་ཕྱག་བགྱིའོ། །ཨགྣེ་དྷེ་པ་རྀ་ཥི་ས་མ་ཡ་ཛཿཛཿ ས་མ་ཡ་ཏིཥྛ་ལྷན། ན་མོ་སིདྡྷི་ཧཱུཾ། གདན་འབུལ་བ་ནི། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་ཅོག་གསུམ་པོ་མཉེས་བྱེད་དང་། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་(༣བ)


GLG023_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ན་ཛྭ་ལ་ཡེ། ཕྱི་མཆོད་འབུལ་བ་ནི། མཆོད་ཡོན་མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཆབ་སྨན་རག་བདུད་རྩི་ཞལ་ཟས་རྣམས། །དག་ཅིང་གཙང་མར་སྦྱར་ཏེ་ཡིད་འོང་བ། །དྲང་སྲོང་མེ་ལྷ་འཁོར་དང་བཅས་ལ་འབུལ། །སྔགས་ལ་ཨརྒྷཾ་ནས་ཤབྡའི་བར་སྦྱོར་རོ། །གཏོར་མ་ནི། ཧཱུཾ། ཏིང་འཛིན་དབང་གྱུར་ཞལ་ཟས་བདུད་རྩི་ལྔ། །དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི། །དག་ཅིང་གཙང་མར་སྦྱར་ལ་འབུལ་ལགས་ཀྱི། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་ཨགྣེ། དྷེ་ཝ་རྀ་ཥི། ཨ་བྱ་ཀ་བྱ། དྷེ་ཝ་རྀ་ཥི། མ་ཧཱ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི། སྐྱེར་ཚེར་འབུལ་བ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །མར་དང་དྲི་ཆུ་བདུད་རྩི་བྱུགས་པ་ཡིས། །དུག་ཤིང་ཚེར་མ་དྲག་ལས་བསྒྲུབ་ཕྱིར་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་ཀ་ལ་སྲིག་མཱ་ར་ཡ་ཕཊ་སྦྱར་རོ། །མར་ཁུ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །དྲི་མེད་རྩི་བཅུད་དང་ལྡན་རྣམ་པར་དག །བྱང་ཆུབ་སེམས་ཀྱི་ངོ་བོ་མར་འདུལ་གྱི། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་ཀ་ལ་སྲིག་ཤ་མཱ་ར་ཡ་ཕཊ་སྦྱར་རོ། །སྨན་རཀ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །དུག་ལྔ་སེལ་བའི་བདུད་རྩིའི་རྒྱ་མཚོ་དང་། །ཐུགས་རྗེ་ཆགས་པའི་དམར་ཆེན་རཀྟ་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟ་པཱུ་ཛ་ཁཱ་ཧི་ཧོཿ བདུད་རྩི་འབུལ་བ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །བདེ་ཆེན་དབྱིངས་ལ་སྟེར་(༤ན)


GLG023_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རོ་ལྡན་པ། །སྐྱེ་མེད་བྱང་ཆུབ་སེམས་རྟོགས་བདུད་རྩི་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་བོ་དྷི་ཙིཏྟ་ཁ་རཾ་ཁཱ་ཧི། སྨན་སྣ། རིན་པོ་ཆེ། འབྲུ་སྣ་འབུལ་བ་ནི། དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ལ། །སྨན་སྣ་རིན་ཅེན་ལྔ་དང་འབྲུ་སྣ་ལྔ། །སྙིང་པོ་ལྔ་དང་ཆོས་མཆོག་ལྔ་རྣམས་འབུལ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞེས་སུ་གསོལ། །རྩ་སྔགས་ལ་བྷ་ར་ཨ་མྲྀ་ཏ་མཱ་ར་ཡ་ཁ་རཾ་ཁཱ་ཧི། ཧི་ར་ས་རཏྣ་བྷུ་ཏ་ཧཱུཾ། བསྟོད་པ་ནི། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞི་རྒྱས་དབང་དྲག་ལ་སོགས་པ། །འཕྲིན་ལས་ཀུན་གྱི་དབང་པོ་མཛོད། །ལྷ་འཛིན་ལྷ་ལ་ཕྱག་འཚལ་ལོ། །སྔགས་ཀྱི་མཇུག་ཏུ་ཨ་ལ་ལ་ཧོཿ ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ དེ་ནས་སྲེག་རྫས་འབུལ་བ་ནི། རཾ། མེ་དཔུང་འབར་བའི་དཀྱིལ་འཁོར་འདིར། །མཚན་མར་གྱུར་པའི་དངོས་པོ་རྣམས། །བསྲེགས་པས་དངོས་ཀུན་བརླག་པར་གྱུར། །སླར་ཡང་མི་འཕྱོར་བར་དུ་སྲེགས། །རཾ་ཛཱ་ལ་རཾ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་སྲེག་རྫས་ཀྱི་གཙོ་བོ་དགྲ་བགེགས་བྱད་མ་བསྲེག་པ་ནི། ལིང་ག་ཕྱག་ལེན་ལྟར་བཤམ། རང་གི་ཐུགས་ཀ་ནས་ཨེ་མཐིང་ནག་ཞིག་ཆད་པ། ཞེས་པ་ནས་བཟུང་སྟེ། སྲས་མཆོག་ཐུགས་ནས་དྲེགས་པའི་བདག་པོ་ནི། ཞེས་སོགས་སྔགས་དང་བཅས་པའི་བར་དཀྱུས་བཞིན་བཏང་། དེ་ནས་མེ་ལྷའི་རྒྱལ་པོ་དྲང་སྲོང་འཁོར་བཅས་རྣམས། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་གདོངས་ལ། །ལྗགས་ཁྱོངས་སྐྱེ་ཤི་རྩད་ཆོད་ཚེམས་གཅིགས་ལ། །དགྲ་བགེགས་ཤ་ཁྲག་འབུལ་གྱི་བཞེས་སུ་གསོལ། །རྩ་སྔགས་ཀྱི་མཇུག་ཏུ་ཛྭ་ལ་རཾ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་(༤བ)


GLG023_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནེ་རི་ཏི་ཁཱ་ཧི། དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་འབུལ་ལོ། །དེ་ནས་དགང་བླུགས་ཐོགས་ལ། དྲང་སྲོང་མེ་ལྷའི་ལྗགས་ནི་རྡོ་རྗེ་ཡི། །སྦུ་གུ་ཅན་ལ་རཾ་གྱི་ཡི་གེས་མཚན། དགང་བླུགས་ཁ་ལ་ཧཱུཾ་ཡིག་འོད་ཟེར་ནི། །རབ་ཏུ་འབར་ཞིང་འཕྲོ་བས་མཚན་པར་གྱུར། །ཨོཾ་ཨགྣེ་དྷེ་བ་རྀ་ཥི་ཧ་བྱ་ཀ་བྱ་དྷེ་བ་རྀ་ཥི་མ་ཧཱ་མཱ་ར་ན་ཕཊ། ཅེས་པ་བདུན་ནམ་ཉེར་གཅིག་གིས་མེ་གསོ་བའི་ཕྱིར་དུ་མར་ཁུ་འབུལ། བདག་ཅག་དཔོན་སློབ་རྣམས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། དགྲ་བགེགས་ཆེ་གེ་མོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། དེ་ནས་ཐོག་མར་ཡཾ་ཤིང་ནི། ཨོཾ་བོ་དྷི་བྲྀཀྵ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་ནས། ཕྱོགས་ཐམས་ཅད་ཅེས་པའི་བར་སྔར་ལྟར་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཆེ་གེ་མོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། མར་ཁུ། ཨོཾ་ཨགྣེ་ཡེ་སྭཱཧཱ། བདག་ཅག་དཔོན་སློབ་༝༝ སྦྱོར་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་༝༝ ཏིལ། ཨཱོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་ཧཱུཾ་ཕཊ། བདག་ཅག་དཔོན་སློབ་༝༝ སྡིག་པ་དང་སྒྲིབ་པ་ལོག་པར་འདྲེན་པའི་དགྲ་བགེགས་༝༝ དུར་བ། ཨཱོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ།༝༝ ཚེ་རྒྱས་པ་ལ་བར་དུ་གཅོད་པའི་༝༝ འབྲས། ཨཱོཾ་བཛྲ་པུཥྚ་ཡ་སྭཱཧཱ།༝༝ བསོད་ནམས་རྒྱས་པ་ལ་བར་དུ་གཅོད་པའི་༝༝ ཞོ་ཟན། ཨཱོཾ་སརྦ་སཾ་པ་རི་ཡེ་སྭཱཧཱ།༝༝ བདེ་བའི་ཚོགས་ལ་བར་དུ་གཅོད་པའི༝༝ ཀུ་ཤ །ཨཱོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱ།༝༝ འབྲུ་རྒྱས་པ་ལ་བར་དུ་གཅོད་པ་ཐམས་ཅད༝༝ (༥ན)


GLG023_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར། ཨཱོཾ་ཨཪྠ་སིདྡྷ་ཡེ་སྭཱཧཱ།༝༝ ནོར་དང་འབྲུ་རྒྱས་པ་ལ་བར་དུ་གཅོད་པའི༝༝ ནས། ཨཱོཾ་མཧཱ་བེ་བྷཱ་ཡ་སྭཱཧཱ།༝༝ མྱུར་བའི་ཤུགས་ལ་འབྱུང་བའི་བར་དུ་གཅོད་པའི༝༝ སྲན་མ། ཨཱོཾ་མ་ཧཱ་བ་ལཱ་ཡ་སྭཱཧཱ།༝༝ སྟོབས་རྒྱས་པ་ལ་བར་དུ་གཅོད་པའི༝༝ གྲོ །ཨཱོཾ་བཛྲ་གྷསྨ་རི་ཡེ་སྭཱཧཱ།༝༝ ནད་མེད་པ་ལ་བར་དུ་གཅོད་པའི་༝༝ བུ་རམ་ལ། ཨཱོཾ་སྟཾ་བྷ་ལེ་ཡེ་སྭཱཧཱ།༝༝ ལོག་པར་འདྲེན་པའི༝༝ གོས་ཟུང་། ཨཱོཾ་བཛྲ་ཝ་སྟྲ་ཡེ་སྭཱཧཱ།༝༝ གཟི་བརྗིིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་༝༝ དྲག་པོའི་རྫས། གནད་རྫས། ཚ་རྫས། གསོད་རྫས། མྱོས་རྫས་རྣམས་སོ་སོའི་རིལ་བུ་བྱས་པ་འབུལ་ཞིང་། ཨཱོཾ་ཨགྣ་ཡེ་སྭཱཧཱ། ཁྱད་པར་སྔ་དགྲ་ལག་ལ་བདར་བ། ཕྱི་དགྲ་ཡིད་ལ་སེམས་པ་ད་དགྲ་གནོདཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་མེ་ལྷའི་སྔགས་དང་འབྲེལ་བ་བརྒྱའམ་ཉེར་གཅིག་གང་རུང་གིས་འབུལ། དེ་ནས་བསྟོད་པ་ནི། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པོ། །ཞབས་བཞི་ལས་ཀུན་འགྲུབ་བྱེད་པའི། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། །གཉིས་པ་ལ། རྩ་བའི་ལྷ་དང་རྒྱན་ལྷ་མཆོད་པ། འཁོར་རྣམས་མཆོད་པའོ། །དང་པོ་ནི། སྤྱན་དྲངས་པའི་མེ་ལྷ་གཤེགས་སུ་གསོལ་བ་ནི། ཨགྣ་ཡེ། ཛ་ཡ་ཛ་ཡ། གྷ་ཛ་གྷ་ཛ། ས་བྷ་བྷ་མུ། ཡེ་ཤེས་མེ་ལྷ་དམ་ཚིག་པ་ཉིད་ལས། །ཕྱིར་གཤེགས་ཤར་ལྷོ་མཚམས་སུ་རབ་བཞུགས་ནས། །ཞལ་ཚུར་གཟིགས་ཏེ་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་པའི་དཔང་(༥བ)


GLG023_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟ་བུར་བཞུགས་པར་གྱུར། །དམ་ཚིག་མེ་ལྷའི་ཐུགས་ཀར་གཞལ་ཡས་ཁང་། །བཀོད་ལེགས་རིན་ཅེན་ལས་གྲུབ་སྒོ་བཞི་པ། །ཞེས་པ་ནས། ཕྱག་རྒྱ་གར་མཆོད་ཀྱི་བར་དཀྱུས་བཞིན་བཏང་། དེ་རྗེས་ལིངྒ་བཅུ་བཞི་བསྒྲལ་ཞིང་སྟོབ་པའི་བར་དཀྱུས་ལྟར་བྱ་ཞིང་། འོན་ཀྱང་སྟོབ་པའི་སྔགས་མཇུག་ཏུ། ཨེ་མྱགས་ཡ་རྔུབས་མུགས་ཤག་ཀ་དུན། ཆེ་གེ་མོའི་སྲོག་ལ་ཧུར་ཐུམས་ཛཿ ཛྭ་ལ་རཾ་ཤག་རྦད། ཛྭ་ལ་རཾ། ས་ནཱ་ག་དུ་རུ་རཾ། ས་ནཱ་ག་ཨུ་ན་ན། གཟིར་ཕྱུང་། སྲོག་ལ་དུ་རཾ། ཙིཏྟ་བྲེང་ཤག་དུ་རཾཿ ཨེ་རཾ་ས་ནཱ་ག་སྙིང་གཟེར་དུ་རཾཿ ཨི་ནན་འདྲིད་ཕྱུང་༔ ས་ནཱ་གཱ་ཙིཏྟ་ཐུཾ་རིལ་རྦདཿ ཛྭ་ལ་རཾ་མཱ་ར་ཡ་ཕཊ་ཕཊཿ ཅེས་སྦྱར་རོ། །གདོན་བགེགས་དམིགས་བསལ་ཀླུ་ལྟ་བུ་ལ་འདི་བཞིན་དང་། གནོད་བྱེད་སྡེ་བརྒྱད་གཞན་ལའང་མཚོན་ཞིང་། བགེགས་སྤྱིར་བཏང་ལ། ཨེ་མྱགས་༝༝ གནོད་བྱེད་སོགས་ལ་རཾ་ཛ་ལ་རཾ་ཁཱ་ཧི། དགྲ་སྤྱིར་བསྲེག་པ་ལ། ཨྱེ་མྱགས་༝༝ དགྲ་བོའི་སྲོག་ལ་ཁཱ་རཾ་ཛྭ་ལ་རཾ་ཁཱ་ཧི། ཐུན་མོང་ལ། ཨྱེ་མྱགས་༝༝ དགྲ་བགེགས་གནོད་བྱེད་ཀྱི་སྲོག་ལ་ཁཱ་རཾ་ཛྭ་ལ་རཾ་ཁཱ་ཧི། ཞེས་སྐབས་དང་སྦྱོར་རོ། །དམིགས་བསལ་ཡོད་ན། ཨྱེ། ཟིལ་གནོན་རྩ་བ་རྒྱན་གྱི་ལྷ་རྣམས་ཀྱིས། རྣལ་འབྱོར་དཔོན་སློབ་ལྟོས་བཅས་སྦྱིན་པའི་བདག །འཁོར་དང་བཅས་པ་སྡང་ཞིང་གདུག་པ་དང་། །དྲག་ཤུལ་སེམས་འཆང་བསམ་ངན་སྦྱོར་རྩུབ་པའི། །བྱད་མ་དགྲ་བོ་ཆེ་གེ་འདི་ཞེས་པའི། །ཤ་ཟོ་ཁྲག་འཐུང་སྲོག་ཆོད་དབུགས་ལོང་ལ། །ལོ་ཟླ་ཞག་དང་ཟ་མར་མ་ལུས་པར། །ད་ལྟ་ཉིད་དུ་བཞེས་པའི་འཕྲིན་(༦ན)


GLG023_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད། །རྩ་སྔགས་གསང་སྔགས་དང་བཅས་པའི་གཤམ་དུ་ཐལ་མོ་བརྡེབ། དེ་ཡང་བགེགས་དམིགས་ཀྱིས་གསལ་བ་ལ་ལིངྒ་བར་སྣང་ལ་བརྒྱང་སྟེ་སྣུམ་ཁོལ་མར། ཆང་ལ་རྫས་བསྲེགས་པ་རྭ་ཅོའི་ལྡུགས་སྣོད་དང་བཅས་ཏེ་ཧོམ་འབར་བའི་བསྐུལ་ཚིག་ཀྱང་འདི་ཉིད་ཀྱིས་བྱེད་ཅིང་། བྱད་མ་དགྲ་བོ་ཞེས་པ་བགེགས་གང་ཡིན་པ་ལ་འདོན་པ་བསྒྱུར་རོ། །དེ་ནས་སྲེག་རྫས་འབུལ་ཞིང་གཉེར་གཏད་བྱ་བ་ནི། ཨྱེ། ཆོས་དབྱིངས་དྲག་པོ་ཨེ་ཡི་ཕོ་བྲང་ནས། །བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་གསོད་བྱེད་རྒྱལ། །སྲས་མཆོག་དྲེགས་པ་རུས་པའི་ག་རུ་ཌ། ཁྱུང་སྟག་སེང་སྦྲུལ་སྤྲུལ་པ་འཁོར་བཅས་ལ། །ཆོས་ཉིད་གདལ་བ་ཆེན་པོའི་ཧོམ་ཁུང་དུ། །རིག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་ནས། །དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འབུལ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །བྱད་ཕུར་གཏད་ཁྲམ་ཟོར་རླུང་ཉེ་འབྱེད་དང་། །འགོམས་ཆོག་བསྐྲད་འཁོར་རིག་སྔགས་གནོད་པ་དང་། །ཆགས་ཆེ་ཉམ་ང་མི་མཐུན་ཕྱོགས་རྣམས་ཀུན། །ཐམས་ཅད་བཟློག་ཅིང་བསྒྱུར་བའི་འཕྲིན་ལས་མཛོད། །དེ་ནས་དགང་བླུག་ཐོག་ལ། རྩ་བ་རྒྱན་ལྷའི་ལྗགས་ནི་རྡོ་རྗེ་ཡི། །ཞེས་སོགས་སྔར་ལྟར་བརྗོད། ཨྱེ་ཀ་ཧེ་དུན་སོགས་རྩ་སྔགས་བདུན་ནམ་ཉེར་གཅིག་གིས་མར་ཁུ་ཕུལ་ཏེ་མེ་གསོ་བ་དང་། སྲེག་རྫས་ཡཾ་ཤིང་ནས་གོས་ཟུང་གི་བར་རྩ་སྔགས་ཀྱི་གཤམ་ལ་སྦྱར་ཏེ་འདོད་གསོལ་དང་བཅས་བརྒྱའམ་ཉེར་གཅིག་སོགས་ལོང་སྐབས་དང་བསྟུན་ནས་སྔར་ལྟར་འབུལ། དེ་ནས་ཚེ་བདག་ནག་པོ་རྩ་བ་རྒྱན་གྱི་ལྷ། །འཁོར་དང་བཅས་ལ་(༦བ)


GLG023_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་རྫས་གནད་ཀྱི་རྫས། །ཚེ་རྫས་གསོད་དང་མྱོས་བྱེད་རྫས་བསྲེགས་པས། །དམིགས་པའི་དགྲ་བགེགས་མྱུར་དུ་བརླག་གྱུར་ཅིག །ཨྱེ་མྱགས་མཇུག་ཏུ་དྲག་སྔགས་སྐབས་སྦྱར་གྱིས་འབུལ། ཨྱེ་ཀ་ཧེ་དུན༝༝ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། ཞེས་ནང་མཆོད་ཀྱང་དབུལ་ལོ། །གཉིས་པ་ནི། ཡོ་བྱད་རྣམས་སྔར་ལྟར་བཤམས་ལ། ཨྱེ། སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་པ་བཞི། །བདུད་བཞི་འཆི་བདག་བཅུ་གཉིས་བར་ཁྱམས་ལྷ། །སྒོ་བ་བཞི་དང་འོབས་སྲུང་བཅུ་དྲུག་སོགས། །ཕོ་ཉ་བྱེ་བ་ས་ཡར་བཅས་པ་ལ། །ཆོས་ཉིད་གདལ་བ་སོགས་སྔར་ལྟར་བརྗོད། གཏོར་མ་ལྷ་གྲངས་དང་མཉམ་པ་ལོག་འདྲེན་དགྲ་བོ་བསྒྲལ་བའི་ཤ་ཁྲག་ལས། ཞེས་སོགས་དང་ཨྱཻ་རིང་གི་མཐར་གཏོར་སྔགས་དང་བཅས་པས་ཕུལ། ལིངྒ་ལྷ་གྲངས་དང་མཉམ་པ་གོང་བཞིན་བསྒྲལ་ཏེ་ཕུལ། དེ་ནས་དགང་བླུགས་ཐོགས་ལ། ཕྱི་ནང་འཁོར་རྣམས་ལྗགས་ནི་རྡོ་རྗེ་ཡི། །ཞེས་སོགས་བརྗོད། ཨྱེ་རིང་ལ་ཨགྣེ་སྦྱར་བའི་མར་ཁུ་དང་། ཡམ་ཤིང་ནས་གོས་ཟུང་གི་བར་སྔར་བཞིན་ཕུལ། ཨྱེ་མནན་བཤིག་བསད་པའི་ལས་ཀྱི་མཐའ་སྡུད་པའི། །འཆི་བདག་སྲོག་བདག་ཚེ་བདག་མགོ་དགུ་པ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་སོགས། །འཁོར་དང་བཅས་ལ་དྲག་རྫས་གནད་ཀྱི་རྫས། །ཞེས་སོགས་དང་། ནང་མཆོད་སྔར་ལྟར་འབུལ། འདོད་དོན་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །སྦྱིན་སྲེག་མཆོད་པ་དམ་པ་འདི་ཕུལ་བས། །རྒྱལ་བའི་བསྟན་དར་བླ་མའི་སྐུ་ཚེ་བརྟན། །འགྲོ་རྣམས་བདེ་ཞིང་བདག་ཅག་འཁོར་བཅས་ཀུན། །(༧ན)


GLG023_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དོན་འགྲུབ་ཅིང་མི་མཐུན་ཕྱོགས་རྣམས་ཞི། །དགྲ་བགེགས་བྱད་མ་རྦོད་འདྲེ་རྦོད་གཏོང་སོགས། །ཐལ་བར་རློག་ལ་བཅོལ་བའི་འཕྲིན་ལས་མཛོད། །གཉིས་པ་མཇུག་གི་ཆོ་ག་ལ། གཏང་རག་མཆོད་བསྟོད་བྱ་ཞིང་། གཤེགས་སུ་གསོལ་བ། མཐར་ལས་མཇུག་མནན་པ་བྱ་བའོ། །དང་པོ་ལ་འཇིག་རྟེན་ལས་འདས་པ་ལ་བྱ་བ་དང་། འཇིག་རྟེན་པའི་མེ་ལྷ་ལ་བྱ་བའོ། །དང་པོ་ནི། ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། །ཞེས་སོགས་དང་། ཨ་ཀ་ཕ་ལ་ཨ་དྷུ་སུ། ཞེས་པ་ནས། ཤཔྟའི་བར་དང་། སྨན་རག་གཏོར་གསུམ་གྱི་སྔགས་རྣམས་འབུལ། །རབ་འབྱམས་དུས་གསུམ་རྒྱལ་བ་མ་ལུས་པའི། །ཞེས་སོགས་ཀྱིས་བསྟོད། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱི། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་བགྱིས་པ་ལས། །བདག་ཅག་མ་རིག་ལོག་རྟོག་དབང་སོང་བས། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ། །གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བརྗོད་དེ་ཉེས་བྱས་བཤགས། །གཤེགས་གསོལ་སྨོན་ལམ་རྣམས་ལས་བྱང་གི་དཀྱུས་བཞིན་བྱའོ། །གཉིས་པ་ནི། དཔང་པོར་བཞུགས་པའི་ཡེ་ཤེས་མེ་ལྷ་ནི། །སླར་ཡང་དམ་ཚིག་པ་ལ་ཐིམ་པར་གྱུར། །དྲང་སྲོང་མེ་ལྷའི་ལྗགས་ནི་རྡོ་རྗེ་ཡི། །ཞེས་སོགས་ནས་གོས་ཟུང་དང་། དྲག་རྫས་འབུལ་བའི་བར་སྔར་བཞིན་དང་། ནང་མཆོད་ཀྱང་འབུལ། མེ་ལྷའི་གཏོར་མ་བདུད་རྩིར་བྱིན་གྱིས་བརླབས་ལ། ཏིང་འཛིན་དབང་གྱུར་ཞལ་ཟས་བདུད་རྩི་ལྔ། །ཞེས་སོགས་སྔགས་དང་བཅས་པས་ཕུལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་(༧བ)


GLG023_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་བརྗོད། འཕྲིན་ལས་གསོལ་བ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པ་ལ། །སྦྱིན་སྲེག་མཆོད་པ་རྣམ་དག་ཕུལ་བ་ཡིས། །སྐུ་གསུང་ཐུགས་ལ་མཉེས་པའི་ཚོགས་གྱུར་ཅིག །དྲག་རྫས་ལྷ་ཡི་རྫས་སུ་རྟོགས་པར་མཛོད། །ཅེས་བརྗོད། དེ་ནས། མཆོད་ཡོན་མེ་ཏོག་སྤོས་དང་མར་མེ་དང་། །ཞེས་པ་ནས། ཤབྡའི་བར་གྱིས་མཆོད། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཞེས་སོགས་ཀྱིས་བསྟོད། གང་ཡང་བདག་བློ་རྨོངས་པ་ཡིས། །ཞེས་སོགས་ཀྱིས་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། ཨགྣེ་བཛྲ་མུ། མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པ་ཅན་དུ་གྱུར། །ཅེས་བརྗོད་དེ་གཤེགས་གསོལ་བྱ། འདོད་རྒུའི་འབྱུང་གནས་བླ་མ་ཡི་དམ་ལྷ། །ཞེས་སོགས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །གཉིས་པ་ལས་མཇུག་མནན་པ་བྱ་བ་ནི། ཐལ་བ་ལ་ཉ་བོ་བྱ་ཞིང་། མིང་བྱང་སོགས་མན་ངག་ལྟར། གཅོད་པ་ནི་ནམ་མཁའི་འཁོར་ལོ་དང་བཅས་ཏེ་ཕག་ཐོད་དུ་འཇུག་པ་སོགས་ལག་ལེན་ལྟར་བྱས་ལ་སྐམ་གཤེར་གང་ཡང་རུང་བར་སྐབས་དང་སྦྱར་ཏེ་མནན་ཅིང་བྲོ་ཡིས་གཟིར་བ་སོགས་གཞུང་ལྟར་བྱའོ། །ཐབ་ཁུང་བསྡུ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱས་ལ། ཡང་ན་འཁོར་ལོ་གཅིག་ལ་སྦྱིན་སྲེག་བདུན། །བྲམ་ཟེ་ཛྙཱ་ན་ཀིརྟིས་མཛད། །འཁོར་ལོ་རེ་ལ་སྦྱིན་སྲེག་གསུམ། །འདི་ནི་འཇམ་དཔལ་རྫུས་(༨ན)


GLG023_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གཞུང་། །ཡང་ན་འཁོར་ལོ་གཅིག་ལ་ཡང་། །ཚེས་ནས་ཞག་བདུན་སྦྱིན་སྲེག་བྱ། །བཅུ་གཉིས་སྲེད་མེད་བུ་ཡང་འཇོམས། །དེ་ནི་རྒྱལ་པོ་ཀུན་སྐྱོང་མན་ངག་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །སྨྲས་པ། འཇམ་དཔལ་གཤིན་རྗེའི་ལས་མཐའ་བསྲེག་པའི་གཞུང་། །པད་ལུགས་གཞིར་བཞག་གནུབས་ཀྱི་མན་ངག་གིས། །ལེགས་པར་བརྒྱན་ཏེ་དམ་པའི་ཕྱག་བཞེས་བཞིན། །གཟུར་གནས་སྔགས་འཆང་རྣམས་ཀྱི་དོན་དུ་བཀོད། །དེ་ལྟའི་རྣམ་པར་དཀར་བའི་དགེ་ཚོགས་ཀྱིས། །མར་གྱུར་འགྲོ་འདིའི་དུཿཁའི་ནགས་ཀླུང་རྣམས། །ཡེ་ཤེས་མཆོག་གི་མེ་ལྕེས་རབ་བསྲེགས་ནས། །ཀུན་བཟང་གདོད་མའི་ལམ་དེར་བགྲོད་པར་ཤོག །ཅེས་འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྦྱིན་སྲེག་གི་མཆོད་པས་མཉེས་པར་བྱེད་པའི་ལས་བྱང་དུས་ཀྱི་མེ་ལྕེའི་འཕྲེང་བ་ཞེས་བྱ་བ་འདི་ཡང་དོན་གཉེར་ཅན་དུ་མས་ཉེ་བར་བསྐུལ་ཞིང་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ལག་ལེན་དུ་ཁྱེར་བདེ་བའི་ཕྱིར་དུ་ཟིལ་གནོན་དྲག་རྩལ་རྡོ་རྗེས་དབྱུ་གུ་ཟླ་བའི་དམར་ཕྱོགས་ཀྱི་དམ་ཅན་མངོན་པར་འདུ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་ངག་དབང་དགེ་ལེགས་སོ།། །།སརྦ་མངྒ་ལཾ།།


previousཟིལ་གནོན་དྲག་པོའི་སྦྱིན་སྲེག་གི་ལས་བྱང་དུས་ཀྱི་མེ་ལྕེའི་ཕྲེང་བ།next