Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས།next

འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས།


GLG023_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས་བཞུགས་སོ། །


GLG023_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་སྒྲིབ་བྲལ་གཟིགས་པའི་སྤྱན་རས་ཀྱིས། །ཤེས་བྱ་ཐམས་ཅད་མཁྱེན་པའི་རྡོ་རྗེ་འཛིན། ངེས་པ་དོན་གྱི་འཇམ་མགོན་བླ་མ་མཆོག །ཆོས་དབྱིངས་རང་གྲོལ་སྙིང་དབུས་པད་མཚོར་བཞུགས། །གདོད་ནས་དག་པའི་རང་གི་སེམས་ཉིད་འདི། །འཇམ་དཔལ་རྡོ་རྗེ་མངོན་སུམ་ངོ་སྤྲད་ནས། །ཚེ་འདིར་བྱང་ཆུབ་བསྒྲུབ་པ་གསང་བའི་ལམ། །གནུབས་ཆེན་འབྱུང་བའི་ལུགས་སྲོལ་འདི་རྨད་བྱུང་། །བསྐལ་བརྒྱར་བསྒྲུབ་བྱའི་གྲགས་ཆེན་སངས་རྒྱས་དེ། །རང་ངོ་འཕྲོད་ནས་ཕུང་པོ་འོད་སྐུ་རུ། །གྲོལ་ཚེ་གཞན་ནས་འཚོལ་འདོད་དཀའ་སྤྱད་ཅན། །བློ་ཆུང་བྱིས་པ་ཆུ་ཟླའི་གཟུགས་ཀྱིས་བསླུ། །གནས་སྐབས་ལས་བཞི་བསྒྲུབ་པར་སྔོན་འགྲོའི་ཆོས། །མཐར་ཐུག་བྱང་ཆུབ་འཚོལ་ལ་དངོས་གཞིའི་ལམ། །རིགས་འཛིན་རིམ་པར་བྱོན་པའི་ཞལ་གྱི་དྲོད། །མ་ཉམས་བྱིན་རླབས་རླངས་པ་ཅི་ཡང་འཐུལ། །ལྕགས་སྡིག་ཆོས་སྡེའི་ལྷ་ལམ་ཡངས་པའི་ངོས། །སྟོད་དྲིལ་ཉི་མ་ཤར་བའི་འོད་སྟོང་གིས། །སྒྲིབ་གཉིས་སྨག་རུམ་སངས་དང་ལྷན་ཅིག་པར། །དངོས་གྲུབ་སྣང་བའི་(༢ན)


GLG023_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་འདིར་སྤྱོད་ཅིག །དེ་ལ་འདིར་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དང་ཟུང་དུ་འབྲེལ་བར་འཇམ་དཔལ་ཞི་བའི་སྒྲུབ་སྐོར་ལ། གཙོ་བོར་བྱ་སླ་ཞིང་འཁྱེར་བདེ་བ་གནམ་ལྕགས་སྡིག་པའི་ཆོས་སྡེའི་བྱང་ཆུབ་བསྒྲུབ་པའི་སྐོར་ལྕགས་འདྲའི་ཆོས་ཚན་འཇམ་དཔལ་ཞི་བའི་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་དང་གཏེར་ཁ་མི་གཅིག་པ་སྤྲུལ་པའི་གཏེར་སྟོན་གསར་བན་ཕྱོགས་མེད་ཀྱིས་སྟག་ཚང་བཀྲ་ཤིས་དཔལ་ཕུག་ནས་གདན་དྲངས་པའི་འཇམ་དཔལ་རྫོགས་ཆེན་གྱི་སྐོར་སོགས་ལས་ཇི་ལྟར་རིགས་པ་དྲག་སྒྲུབ་མང་པོའི་སྔོན་དུ་འགྲོ་དགོས་པ། ཇི་སྐད་དུ། ཞི་བར་བསྙེན་ཅིང་དྲག་པོར་སྒྲུབ། །ཅེས་རྒྱུད་ཀྱི་དགོངས་དོན་དང་མཚུངས་པར་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་སྦྱོར་རྩ་བསྙེན་གྱི་གོང་གནོན་ཟླ་གསང་ཞི་བསྙེན་གྱི་སྔོན་འགྲོར་འཇམ་དཔལ་ཞི་བ་ཡེ་ཤེས་སེམས་དཔའི་བསྙེན་པ་བྱ་དགོས་པ་ཡང་བཟློག་གི་ཆོས་སྐོར་དུ་ས་བཅད་ཙམ་ལས་མེད་ཅིང་། དེ་ལ་བརྟེན་ནས་གོང་མ་རྣམས་ཀྱིས་ཡང་བཟློག་དང་འབྲེལ་མཚུངས་པའི་འཇམ་དཔལ་གྱི་སྒྲུབ་སྐོར་ཇི་ལྟར་རིགས་པ་ཐུགས་ཉམས་སུ་བསྟར་བ་ལས་ཡིག་ཆར་འཁོད་པ་མ་བྱུང་ལ། (༢བ)


GLG023_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་སུ་རྗེ་འབྲི་གུང་པ་ཆེན་པོ་དབུར་སྨྱོན་ཆོས་ཀྱི་གྲགས་པས་ཡིག་ཆ་ཞིག་མཛད་པ་དངོས་གཞི་ཤིན་ཏུ་ལེགས་ནའང་ཕྱིས་འགྱུར་གྱི་ཆོ་ག་དང་འབྲེལ་བ་ཞིག་འདུག་པ་དེ་ཉིད་མི་རུང་བ་མ་ཡིན་མོད། འོན་ཀྱང་གཏེར་བྱོན་རྡོ་རྗེའི་གསུང་འཁྲུལ་པ་མེད་པ་ཉམས་སུ་བླང་བྱ་ཡོད་བཞིན་དུ་དེ་ཁོ་ན་ལྟར་བྱེད་པར་རིགས་ཤིང་། དེའང་གོང་དུ་སྨོས་པ་གསུམ་གྱི་ནང་ནས་མངོན་རྟོགས་སོགས་ལྕགས་སྡིག་གི་ཞི་བའི་སྒྲུབ་པ་དང་ཡང་བཟློག་གི་ཐུགས་ཀའི་འཇམ་དཔལ་འབྲེལ་མཚུངས་པས་དེའི་དགོངས་དོན་ལྟར་ཉམས་སུ་བླང་བ་ལ། སྔོན་འགྲོ་ནི། དེ་ཉིད་ལས། བྱང་ཆུབ་དབེན་པའི་གནས་མཆོག་ཏུ། །ས་བཟང་སྲོག་ཆགས་མེད་པ་ལ། །ཡང་ན་རིན་ཅེན་ཤིང་ལ་ནི། །མཎྜལ་མདའ་གང་གྲུ་བཞིར་བཞེང་༔ འོད་ལྔ་ཁ་དོག་ལེགས་པར་བྲི། །དཀྱིལ་དུ་ཨ་ལྔ་འོད་ཀྱི་གཟུགས། །སྐུ་ལྔ་རིགས་ལྔའི་ངོ་བོ་ལས༔ སྟེང་དུ་དར་སྣ་ལྔ་ཡི་གུར༔ མཆོད་ལྔ་གཏོར་མ་ལེགས་པར་བཤམས༔ རོལ་མོ་སྣ་ཚོགས་ཡིད་འོང་བཤམས༔ ཕྱི་ནང་གཏོར་མས་མཆོད་བྱས་ལ༔ ཞེས་པ་ལྟར་གནས་ཁང་ཕྱག་དར་བྱ། སྲོག་ཆགས་མེད་ཅིང་བཀྲ་ཤིས་པའི་ས་ལ་སྟེགས་བུའམ་ཡང་ན་ཅོག་ཙེ་ལྟ་བུའི་སྟེང་དུ་རིན་པོ་ཆེ་དང་ཤིང་སོགས་ལས་གྲུབ་པའི་མཎྜལ་མདའ་གང་གྲུ་བཞི་ཁོད་སྙོམས་པར་འོད་ལྔའི་དཀྱིལ་འཁོར་དབུས་སུ་འཇམ་དཔལ་རིགས་ལྔའི་ས་བོན་རང་མདོག་དང་མཐུན་པ་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་འབྲི་དར་ཚོན་སྣ་ལྔའི་གུར་ཕུབ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ། གཏོར་མ་ཟླུམ་པོ་པད་འདབ་ཅན་སྨན་རག་ཚོགས་གཞི་བགེགས་ཀྱི་གཏོར་མ་སོགས་མཁོ་བའི་ཡོ་བྱད་རྣམས་(༣ན)


GLG023_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདུ་བྱས། དེའང་རྫོགས་ཆེན་དང་འབྲེལ་བའི་དབང་དུ་བྱས་ན་གདོན་བགེགས་རང་སྣང་རིག་པའི་ཆོ་འཕྲུལ་ལས་ལོགས་སུ་མེད་པས་ཀ་དག་གི་དབྱིངས་སུ་གནོད་བྱ་གནོད་བྱེད་དང་བྲལ་ནའང་སྒྱུ་མའི་སྲིན་པོ་ལྟར་ཀུན་རྫོབ་དང་བསྟུན་ཏེ་རང་ཉིད་ཟིལ་གནོན་གཤིན་རྗེའི་གཤེད་ཀྱི་ང་རྒྱལ་ལ་གནས་པས་གཞི་བགེགས་ལ་བཀའ་བསྒོ་བ་ནས་སྲུང་འཁོར་གྱི་བར་ལས་བྱང་རྡོ་རྗེའི་ཐོག་མདའ་བཞིན་བྱ། སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་བཟུང་བ་ནི། དཀོན་ཅོག་གསུམ་ལ་སྐྱབས་སུ་མཆིའོ༔ དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་སུ་སྨོན༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་སྲས་སུ་མཛད་དུ་གསོལ༔ ལན་གསུམ། གསང་བ་མཆོག་གི་དཀྱིལ་འཁོར་དུ༔ བླ་མེད་གནས་སུ་སྒྲུབ་པ་དང་༔ བདེ་གཤེགས་དངོས་གྲུབ་ཐོབ་བྱའི་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་བརྗོད༔ སྔོན་འགྲོར་ཞི་བ་འཇམ་དབྱངས་བསྒོམ་ཞིང་མཚན་བརྗོད་བཀླག་པ་ནི། ཆོས་ཀུན་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་༔ ཞེས་པ་ནས༔ འཛིན་མེད་རང་སར་གྲོལ་བའི་རྒྱུར་གྱུར་ཅིག་གི་བར་ལས་བྱང་ཆེན་མོ་བཞིན་བྱ། ཏྲཾ་རཏྣ་མཎྜ་ལ། པཾ་པདྨ་མཎྜ་ལ། མ་སཱུཪྱ་མཎྜ་ལ། ཨ་ཙནྡྲ་མཎྜལ། བཛྲ་ས་མ་ཡ་ཧཱུཾ་ཛཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ཀྱིས་ཚོགས་ཞིང་དཀྱུས་ལྟར་དང་། ཧཱུཾ། ངོ་བོ་ཆོས་སྐུ་སྤྲོས་བྲལ་མཁའ་དབྱིངས་ནས། །རང་(༣བ)


GLG023_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལོངས་སྐུ་འཇམ་དཔལ་རིགས་ལྔའི་ཚོགས། །ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་ཟློས་གར་གྱིས། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་བྱིན་ཆེན་ཕོབ། །ཨཱོཾ་མཉྫུ་ཤྲཱི་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨས་བྱིན་དབབ། རྟེན་གཏོར་དོར་བའི་སྨན་རག་གཏོར་གསུམ་དང་མཆོད་པ་བྱིན་རླབས་ལས་བྱང་ལྟར་བྱ། དངོས་གཞི་ནི་གཏེར་གཞུང་ལས། དེ་རྫོགས་བསམ་གཏན་ཏིང་འཛིན་ནི༔ རང་ཉིད་འཇམ་དཔལ་སེར་པོར་བསྐྱེད༔ ཅེས་སོགས་ཀྱི་དགོངས་དོན་ཅུང་ཟད་ཁ་བཀང་བ་ནི། ཧཱུཾ། ཆོས་རྣམས་ཐམས་ཅད་ཀ་ནས་དག་པའི་གཤིས། །མ་སྐྱེས་འགག་མེད་གང་དུ་མི་གནས་པ། །རང་རིག་གདོད་མའི་མགོན་པོ་འཇམ་དཔལ་དབྱངས། །ལྷུན་གྲུབ་འོད་གསལ་འདུས་མ་བྱས་པའི་དབྱིངས། །སྲ་མཁྲེགས་སྲུང་བའི་འཁོར་ལོ་ཡངས་པའི་ནང་། །ཆུ་ལས་ཉ་འཕར་བཞིན་དུ་པདྨ་དང་། །ཉི་མའི་གདན་སྟེང་རང་ཉིད་འཇམ་དཔལ་དབྱངས། །སྐུ་མདོག་སེར་པོ་གུར་གུམ་མདངས་དང་ལྡན། །ཞལ་གཅིག་ཕྱག་གཉིས་གཡས་པ་ཤེས་རབ་ཀྱི། །རལ་གྲི་འཕྱར་ཞིང་གཡོན་པ་ཨུཏྤ་ལའི། །ཡུ་བ་ནས་འཛིན་དགུང་ཐད་འདབ་སྟེང་དུ། །བསྟོད་པ་གླུར་བླངས་ལེའུའི་གླེགས་བམ་བསྣམས། །རིན་ཅེན་དབུ་རྒྱན་སྙན་ཆ་མགུལ་རྒྱན་དང་། །ཕྱག་ཞབས་གདུ་བུ་དོ་ཤལ་སེ་མོ་དོ། །ཆོས་ཉིད་འཁོར་ལོ་དབུ་ཡི་གཙུག་ན་མཛེས། །སྲབ་འཇམ་དར་གྱི་སྟོད་གཡོགས་ལྷབ་ལྷུབ་དང་། པཉྩ་ལི་ཀའི་ཤམ་ཐབས་རྣམ་པར་ཀླུབས། །ཞི་ཞིང་འཛུམ་ལྡན་བཅུ་དྲུག་ལང་ཚོ་ཅན། །ཞབས་གཉིས་མི་ཕྱེད་རྡོ་རྗེའི་སྐྱིལ་ཀྲུང་གིས། །ཡེ་ཤེས་འོད་ལྔ་འབར་བའི་ཀློང་ན་བཞུགས། །(༤ན)


GLG023_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཐབས་ཤེས་ཟུང་འཇུག་ཉིན་མཚན་གྱིས། །མདངས་མཚོན་ཟླ་ཉི་ཁ་སྦྱོར་གའུའི་ནང་། །འཇའ་འོད་ཀློང་དུ་ཨ་ཡིག་མཐིང་དཀར་སེར། །དམར་ལྗང་ཐ་མར་སྙིང་པོའི་སྔགས་ཀྱིས་བསྐོར། །ཞེས་བདག་བསྐྱེད་ཀྱི་ཏིང་འཛིན་སྔོན་དུ་བཏང་སྟེ་མདུན་བསྐྱེད་བསྒྲུབ་པ་ནི། ཆོས་སྐུ་སྟོང་པའི་རང་མདངས་མ་འགགས་པའི། །ཡེ་ཤེས་འོད་ལྔའི་འཇའ་རིས་རྣམ་བཀྲ་བ། །ཐིག་ལེ་རྣམ་ལྔའི་ཚོམ་བུའི་གུར་ཁང་ནང་། །གདོད་ནས་རྣམ་དག་ལྷུན་གྱིས་གྲུབ་པའི་ལྷ། །དབུས་དང་ཕྱོགས་བཞིར་འཇམ་དཔལ་རིགས་ལྔ་ནི། །ཉོན་མོངས་ལྔ་དག་ཡེ་ཤེས་རྣམ་ལྔའི་མདངས། །མ་འདྲེས་མཐིང་དཀར་སེར་དམར་ལྗང་གུའི་མདོག །ཞི་ཞིང་འཛུམ་ལྡན་བཅུ་དྲུག་ན་ཚོད་ཅན། །རལ་པའི་ཟུར་ཕུད་ལྔ་ལྡན་རིན་ཅེན་རྒྱན། །སྣ་ཚོགས་དར་གྱི་ན་བཟའ་མཛེས་པར་གསོལ། །ཕྱག་གཡས་ཤེས་རབ་རལ་གྲིའི་འཆང་བཟུང་ནི། །རྡོ་རྗེ་འཁོར་ལོ་རིན་ཅེན་པདྨ་དང་། །རྒྱ་གྲམ་རང་རྟགས་ལས་གྲུབ་ཡུ་བ་འཛིན། །གཡོན་པ་ཐུགས་ཀར་ཨུཏྤལ་རྩ་བ་ནས། །བཟུང་བའི་འདབ་སྟེང་མཚན་བརྗོད་གླེགས་བམ་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་པད་ཉིའི་གདན་ལ་བཞུགས། །ཐུགས་ཀར་ཟླ་ཉི་ཁ་སྦྱར་གའུའི་ནང་། །འཇའ་ཚོན་འོད་ལྔའི་གུར་དབུས་རང་རང་གི །མདོག་ལྡན་ཨ་ཡིག་ཐ་མར་ཡི་གེ་དྲུག །སུམ་ཅུ་རྩ་དྲུག་སྔགས་ཀྱིས་ཡོངས་སུ་བསྐོར། །བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་ཡིག་མཐིང་ག་ཡིས། །མཚན་པ་ལས་འཕྲོས་ཡེ་ཤེས་ལྷ་ཚོགས་རྣམས། །དབྱིངས་(༤བ)


GLG023_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རིག་དག་པའི་ཀློང་ནས་ས་མཱ་ཛཿ། ཧཱུྃ། རང་བཞིན་སྤྲོས་བྲལ་ཆོས་ཉིད་ཕོ་བྲང་ནས༔ རང་བྱུང་ཡེ་ཤེས་ཞི་བའི་ཆ་ལུགས་ཅན༔ གསེར་མདོག་གཟི་མདངས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱག་གཉིས་ཤེས་རབ་རལ་གྲི་པོ་ཏི་ཅན༔ བདེན་པ་དབྱེར་མེད་འཇའ་ཚོན་ཀློང་ན་བཞུགས༔ མ་རིག་རྟོག་པའི་མུན་པ་སེལ་བའི་ཕྱིར༔ རང་བྱུང་ཡེ་ཤེས་སྤྱན་འདྲེན་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མཉྫུ་ཤྲཱི་ནྱ་པ་ཏ་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧོ༔ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཛ་ཧཱུཾ་བཾ་ཧོཿ ཞེས་སྤྱན་དྲངས་ཤིང་བསྟིམ། ཧཱུཾ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡི༔ འཁོར་འདས་དབྱེར་མེད་བདེ་བ་ཆེན་པོའི་ངང༔ མ་རྟོགས་བློ་ཡི་ཞེན་པ་སྒྲོལ་བའི་ཕྱིར༔ རང་བྱུང་ཡེ་ཤེས་འཕོ་འགྱུར་མེད་པར་བཞུགས༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་སརྦ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ཁ་ཧཱུཾ་ཨ་ཨཱཿས་བཞུགས་སུ་གསོལ། ཧཱུཾ། མི་གནས་མ་བཅོས་དག་པ་ཆོས་སྐུ་ལས༔ རང་སྣང་ཡེ་ཤེས་དཔལ་གྱི་སྐུར་གསལ་ནས༔ གང་ལ་གང་འདུལ་སྤྲུལ་པའི་འབྱུང་གནས་ཏེ༔ འཇམ་དཔལ་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོ༔ ཞེས་ཕྱག་བྱ། ཧཱུཾ། མཁའ་དབྱིངས་ཀློང་ཡངས་ཀུན་ཏུ་བཟང་པོའི་ངང་༔ རང་འོད་རང་སྣང་ཀུན་བཟང་རོལ་པའི་སྤྲིན༔ ཕྱི་ནང་གསང་བའི་མཆོད་སྤྲིན་མ་ལུས་པ༔ གཉིས་མེད་རང་སྣང་ངང་ལ་ཐིམ་པར་འབུལ༔ ཨོཾ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། ཧཱུཾ། རང་བྱུང་གདོད་ནས་དག་པའི་བཅུད༔ རིགས་ལྔ་དམ་ཚིག་ལྔ་ཡི་དངོས༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་(༥ན)


GLG023_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྫུས༔ རྒྱུད་དྲུག་སེམས་ཅན་ཀུན་སྒྲོལ་བ༔ དུག་ལྔ་སེལ་བའི་བདུད་རྩི་འདི༔ བླ་མ་ཡི་དམ་རྣམས་ལ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ བླ་མ་བརྒྱུད་མཆོད་ནི༔ ཉམས་ལེན་དཀྱུས་མ་ལ་ལས་བྱང་ཆེན་མོ་ལྟར་དང་། ཡང་བཟློག་གི་སྔོན་འགྲོར་སྒེར་དུ་བྱེད་ན། དེ་གའི་རྒྱུན་མཆོད་ལེན། དུག་ལྔ་རང་གྲོལ་ཡེ་ཤེས་ལྔ་ཡི་བདག༔ བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེ་ཆེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མཉྫུ་ཤྲཱི་སརྦ་པཉྩ་ཨ་མྲི་ཏ་ཁཱ་ཧིཿ ཞེས་སྨན་མཆོད་འབུལ། ཨོཾ་ཨཱཿཧཱུཾ། དཔལ་ལྡན་རྡོ་རྗེ་སྐུ་གསུང་ཐུགས་འཆང་བ༔ མི་ཕྱེད་རྡོ་རྗེ་སྐུ་གསུང་ཐུགས་དང་ལྡན། །དེང་བདག་འཇམ་དཔལ་སྐུ་གསུང་ཐུགས་འཛིན་པ། །འཇམ་དཔལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་མཉྫུ་ཤྲཱི་ཀཱ་ཡ་སིདྡྷི་ཨཱོཾ་ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུཾ་གིས་དངོས་གྲུབ་བླངས། ཧཱུཾ། རང་བཞིན་སྤྲོས་བྲལ་ཆོས་ཉིད་དག་པ་ལ། །འགྲོ་མགོན་རང་བྱུང་འཇམ་དཔལ་ཡེ་ཤེས་སེམས༔ རང་རྒྱུད་བཅིངས་པའི་བདག་འཛིན་མཚན་མའི་ཆོས༔ བདག་མེད་རྒྱལ་བའི་ཞིང་དུ་སྦྱོར་བའི་ཕྱིར༔ རང་སྣང་ཞེན་བྲལ་འདོད་ཡོན་ལྷ་མོས་མཆོད༔ བདུད་རྩི་སྨན་རཀ་དམ་རྫས་གཏོར་མ་རྣམས༔ རིགས་ལྔ་དབྱེར་མེད་ཀློང་དུ་འབུལ་ལགས་ན༔ གཉིས་སུ་མེད་པའི་དོན་གྱིས་བཞེས་ནས་ཀྱང་༔ མཚན་མའི་རྣམ་རྟོག་བག་ཆགས་ཞི་བར་མཛོད༔ ཨོཾ་མཉྫུ་ཤྲཱི་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧིཿ མཧཱ་བ་ལིངྟ་ཁ་(༥བ)


GLG023_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ཁཱ་ཧི༔ ཞེས་པས་ནང་གི་མཆོད་པ་འབུལ། ཧཱུཾ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག༔ མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད༔ ཡང་དག་མཐར་གྱུར་ཁྱོད་ལ་འདུད༔ སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད༔ སངས་རྒྱས་ཆགས་པ་ཁྱོད་ལ་འདུད༔ སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། སངས་རྒྱས་དགྱེས་པ་ཁྱོད་ལ་འདུད༔ སངས་རྒྱས་རོལ་པ་ཕྱག་འཚལ་འདུད། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད༔ སངས་རྒྱས་བཞད་པ་ཕྱག་འཚལ་འདུད། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད༔ སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད༔ མེད་པ་ལས་བྱུང་ཁྱོད་ལ་འདུད༔ སངས་རྒྱས་འབྱུང་བ་ཁྱོད་ལ་འདུད༔ ནམ་མཁའ་ལས་བྱུང་ཁྱོད་ལ་འདུད༔ ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད༔ སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད༔ སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད༔ ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད༔ ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད༔ ཅེས་པས་བསྟོད། ཧོཿ རང་བཞིན་རྣམ་པར་དག་པའི་གཞལ་ཡས་ནས༔ རང་བྱུང་ཡེ་ཤེས་ཆེན་པོའི་སྐུ༔ མཚན་ལྡན་ཞི་བའི་ཆ་ལུགས་སུ་བཞུགས་པ། བཅོམ་ལྡན་འདས་འཇམ་དཔལ་རིགས་ལྔ་མཁྱེན་པར་མཛོད་ཅིག་དགོངས་སུ་གསོལ་ལོ། །རང་བཞིན་རྣམ་པར་དག་པའི་མཆོད་པ། ཡེ་ཤེས་ཀྱི་རོལ་པ་འདོད་པའི་ཡོན་ཏན་དང་བདུད་རྩིའི་ཆུ་རྒྱུན་དུ་བྱིན་གྱིས་བརླབས་ཏེ་འབུལ་ན་ཐུགས་རྗེ་ཆེན་པོས་བཞེས་ཤིང་ལོངས་སྤྱད་དུ་གསོལ། ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པ་ལ་ཡིན་པར་མ་ཤེས་པས་དངོས་པོ་ལ་མངོན་པར་ཞེན་པ་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་ཉམས་ཆགས་དང་འགལ་འཁྲུལ་དུ་གྱུར་པ་མཐོལ་ཞིང་བཤགས༔ རང་བྱུང་ཡེ་ཤེས་དོན་མཆོག་དང་ཐུན་མོང་གིས་བསྡུས་པ༔ དུས་དང་ལས་ལ་རག་མ་ལུས་པར་ད་ལྟ་ཉིད་དུ་སྩལ་(༦ན)


GLG023_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ༔ འདུ་བའི་ནད་དང་བར་གཅོད་ཀྱི་གདོན་ཞི་བ་དང་ཚེ་དང་བསོད་ནམས་དང་ཡེ་ཤེས་རྒྱས་པ་དང་སེམས་ཀྱི་ཆོས་ཉིད་ལ་རང་དབང་བསྒྱུར་ཏེ་རྟོག་པའི་མཚན་མ་ཐམས་ཅད་དབྱིངས་སུ་གཞོམ་དུ་གསོལ། ཞེས་གསོལ་བ་གདབ་ཅིང་ནོངས་པ་བཤགས། དེ་ནས་བསྐྱེད་རིམ་ལ་གསལ་སྣང་ཐོན་པ་བསྒོམ། གཏེར་གཞུང་ལས། བཟླས་བརྗོད་བྲལ་བ་སྙིང་པོའི་དོན༔ བསམ་གཏན་དྲན་རིག་ངེས་དོན་བཟུང་༔ ཞེས་ལྷུན་གྲུབ་འོད་ལྔ་བསྐྱེད་རིམ་གྱི་གསལ་སྣང་མཐའ་དག་ཀ་དག་གི་དབྱིངས་སུ་རྒྱས་བཏབ་སྟེ་དེའི་གནས་ལུགས་ཀྱི་དོན་ལ་ཅི་གནས་སུ་བཞག །གཏེར་གཞུང་ལས། དེ་ལ་གནས་པ་འགྱུ་བ་གནས༔ ཞེས་རྟོག་པ་འཕྲོ་བ་ན་འཛབ་བཟླ་བ་ནི། བདག་མདུན་བསྐྱེད་རིམ་སྔགས་འཁོར་རབ་གསལ་བའི། །རང་གི་ཐུགས་ལས་འོད་ཟེར་འཇའ་ལྟ་བུ། །འཕྲོས་པས་མདུན་བསྐྱེད་ཐུགས་བསྐུལ་འོད་ཟེར་འཕྲོས། །སངས་རྒྱས་བྱང་སེམས་སྐྱབས་གསུམ་མ་ལུས་དང་། ཁྱད་པར་འཇམ་དཔལ་རིགས་ལྔའི་ལྷ་ཚོགས་ལ། །མཆོད་པ་ཕུལ་བས་མཉེས་ཤིང་དེ་རྣམས་ཀྱི། །མཁྱེན་བརྩེ་ནུས་མཐུ་སྐུ་གསུང་ཐུགས་ཡོན་དང་། །འཕྲིན་ལས་བྱིན་རླབས་མ་ལུས་རབ་བསྡུས་ཤིང་། ཁྱད་པར་རིགས་ལྔ་སོ་སོའི་ཁ་དོག་དང་། །མཚུངས་པའི་ཨ་ཡིག་ཆར་བབས་བདག་མདུན་ལ། །ཐིམ་ཞིང་མདུན་བསྐྱེད་རིགས་ལྔའི་ཚོགས་ལས་ཀྱང་། །བྱིན་རླབས་ཡེ་ཤེས་རང་འོད་འཇའ་ཚོན་དང་། །ཡིག་འབྲུའི་རྣམ་པ་སྐྱེ་བ་མེད་པའི་སྒྲ། །བརྗོད་བྲལ་བརྗོད་པའི་ངང་ནས་བདག་ཉིད་དང་། །དབྱེར་མེད་འཇའ་རིས་འོད་ལྔའི་(༦བ)


GLG023_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བུར་གྱུར། །སླར་འཕྲོས་སྣོད་བཅུད་ཀུན་ཚང་སྣོད་གཞལ་ཡས། །བཅུད་ཀུན་ལྷར་གྱུར་གསང་སྔགས་འབྲུག་ལྟར་སྒྲོག །འཁོར་འདས་རྣམས་ཀྱི་ཕུན་ཚོགས་ཡོན་ཏན་ཀྱང་། ཁབ་ལེན་རྡོ་དང་ལྕགས་ཀྱི་སྣང་ཚུལ་བཞིན། །མ་ལུས་བདག་ལ་འདུས་ཏེ་རོ་གཅིག་གྱུར། །ཨོཾ་བཛྲ་མཉྫུ་ཤྲཱི་ཨཿ ཨཱོཾ་ཝཱ་གི་ཤྭ་རི་མུཾ༔ དྷརྨ་དྷཱ་ཏུ་སངྒྷ༔ ཛྙཱ་ན་གརྦྷ་ཨ་ཧྲཱི༔ ཨ་ཨི་ཨེ་ཨོ་ཨཾ་ཨ༔ ར་ལི་ལ་ལི་ཡེ་ཧཱུཾ། ཡང་བཟློག་གི་གོང་བསྙེན་མིན་པའི་འདི་ག་ལ་ཆིག་དྲིལ་ཡིན་ན་ཡི་གེ་དྲུག་པ་འདི་སྟོང་ཕྲག་དྲུག་བཟླས་པས། གཏེར་གཞུང་ལས། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ༔ སྔགས་འདི་སྟོང་ཕྲག་དྲུག་གིས་ནི༔ མཚན་མའི་བག་ཆགས་སྒྲིབ་པ་དག༔ འོད་ལྔ་ཁ་དོག་འཇའ་འོད་འབྱུང་༔ ཞེས་པའི་དོན་ཡིན་ཞིང་། ཟླ་གསང་གཞི་བསྙེན་གྱི་སྔོན་འགྲོ་གཙོ་བོར་བྱེད་ན་ཡི་གེ་དྲུག་པའི་འཛབ་འདི་ཐོག་མཐར་ཅུང་ཟད་རེ་བཟླ་ཞིང་། གཙོ་བོ་ཝཱ་གི་ཤྭ་རི་ལ་ཆིག་དྲིལ་དུ་བྱས་པའི་འབུམ་ཕྲག་དྲུག་གིས་འགྲུབ་པར་ཟླ་གསང་རྩ་རྒྱུད་ལས། ཡེ་ཤེས་སེམས་དཔའ་བསྒོམས་བྱས་ནས༔ ཝཱ་གི་ཤྭ་རི་དྲུག་འབུམ་བཟླས༔ ཞེས་པ་ལྟར་རོ། །གཞན་ཡང་གཏེར་གཞུང་ལས། བཏགས་གྲོལ་དངོས་གྲུབ་བླང་བར་བྱ༔ ཚེ་ཡི་བདག་པོར་འདོད་པས་ན༔ ཞེས་མ་བསྒོམས་སངས་རྒྱས་ཀྱི་ཆོས་ལྔའི་ནང་ཚན་བཏགས་གྲོལ་གྱི་མན་ངག་དང་ཚེ་ཉི་ཟླ་དང་མཉམ་པར་འགྱུར་བའི་ཉམས་ལེན་ཀྱང་ཞལ་ལས་ཤེས་ཤིང་། ཡང་དེ་ཉིད་ལས། རྡོ་རྗེའི་བཟླས་པ་བྱ་བ་ནི༔ སོགས་ཀྱི་དགོངས་དོན་རྫོགས་རིམ་གྱི་གནད་གསང་ཟབ་མོ་དང་། ཡང་དེ་ཉིད་(༧ན)


GLG023_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཞི་རྒྱས་དབང་དྲག་མངོན་སྤྱོད་རྣམས༔ ཞེས་དང་། ཆོས་ཉིད་འཆི་ཁའི་འཕོ་བ་ནི༔ སོགས་ཀྱི་གནས་སྐབས་ལས་ཀྱི་ཁ་བསྒྱུར་དང་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་མྱུར་ལམ་ཟབ་མོ་རྣམས་ཀྱང་པད་གནུབས་གདམས་པའི་མན་ངག་ལ་འདྲིས་པར་བྱས་ཏེ་ཉམས་སུ་བླང་ངོ་། །མཇུག་ཆོག་ནི། ཨཱོཾ་ཨཱཿཧཱུཾ་ཧྲཱིཿས་ཚོགས་བྱིན་གྱིས་བརླབས། འཇམ་དཔལ་རིགས་ལྔའི་ལྷ་ཚོགས་རྣམས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཟག་མེད་བདུད་རྩིའི་མཆོད་པ་འབུལ། །ཨཱོཾ་མཉྫུ་ཤྲཱི་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿ ཞེས་པས་འབུལ། བདག་སོགས་དུག་ལྔའི་དབང་གྱུར་ཏེ། །ཡེ་ཤེས་དག་པའི་རང་བཞིན་ལ། །དངོས་པོར་བཟུང་བའི་ཉེས་པ་ཀུན། །འཇམ་དཔལ་ལྷ་ཚོགས་རྣམས་ལ་བཤགས། །ཡིག་བརྒྱ་བརྗོད་དེ་བཤགས། ལྷག་མ་དཀྱུས་བཞིན་གཏོང་། །བཅོམ་ལྡན་འཇམ་དཔལ་རིགས་ལྔ་འཁོར་བཅས་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། །ཞེས་སོགས་ཀྱིས་གཏང་རག །གཞོན་ནུའི་སྐུ་ལུས་འཆང་བ་པོ་སོགས་ཀྱིས་བསྟོད། ཡི་དམ་འཇམ་དཔལ་རིགས་ལྔ་འཁོར་བཅས་ལ། །བསྙེན་སྒྲུབ་འཕྲིན་ལས་གཞུང་བཞིན་ཞེས་སོགས་ཀྱིས་བཟོད་པར་གསོལ། སྣོད་བཅུད་སྲུང་འཁོར་ལ་ཐིམ་དེ་མདུན་བསྐྱེད། །དེ་ཡང་བདག་ཐིམ་སྟོད་སྨད་ནས་ཞུ་སྟེ། །རིམ་གྱིས་ས་བོན་ལ་ཐིམ་ཇེ་ཕྲའི་མཐར། །གནས་ལུགས་སྤྲོས་བྲལ་ངང་ལས་ལྷ་སྐུར་ལྡང་། །ཞེས་ཉེར་བསྡུ་བྱ། འཇམ་དཔལ་རིགས་ལྔའི་(༧བ)


GLG023_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྱོར་ཟབ་མོ་ལ། །བརྟེན་ནས་ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཉམས་སུ་བླངས་པས་ཚེ་འདིར་འཇའ་ལུས་སྐུ། །མངོན་གྱུར་འཇམ་དཔལ་ཀུན་བཟང་ཐོབ་པར་ཤོག །ཅེས་སྨོན་ལམ་གདབ། འཇམ་དཔལ་རིགས་ལྔའི་དཀྱིལ་འཁོར་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་ཡས་པ། །འགྲོ་བ་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས། །དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག །སོགས་ཤིས་པ་བརྗོད་པར་བྱའོ། །སངས་རྒྱས་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས། །བདེ་སྟོང་རིགས་ལྔར་ཤར་བའི་དཀྱིལ་འཁོར་ལ། །བརྟེན་ནས་ཚེ་འདིར་འཇའ་ལུས་བསྒྲུབ་པའི་ཐབས། །ཉམས་སུ་ལེན་པའི་བློ་ལྡན་སྐལ་བཟང་དཔྱིད། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་བཅུད་ཕྱུང་པ། །བསྟོད་པ་གླུར་བླངས་ཡང་སྙིང་སྐྱེ་མེད་དོན། །འཇམ་དཔལ་བཤེས་གཉེན་ཞལ་ལུང་གནུབས་བན་གྱི། །དཀའ་སྤྱད་རྒྱ་བལ་ནས་བསྒྱུར་ཆོས་སྡེ་ཡི། །འདི་དོན་ཉམས་སུ་བསྟར་ལ་ཉེར་མཁོ་བའི། །སངས་རྒྱས་མངོན་སུམ་ལག་བཅངས་འཕྲིན་ལས་འདིས། །འགྲོ་རྣམས་རང་སྣང་དག་པའི་འོག་མིན་དུ། །འཇམ་དཔལ་ལོངས་སྤྱོད་རྫོགས་སྐུར་འཚང་རྒྱ་ཤོག །ཅེས་ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་སྦྱོར་རྩ་བའི་གོང་བསྙེན་ཟླ་གསང་གཞི་བསྙེན་གྱི་སྔོན་འགྲོ་འཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས་འདིའང་ལམ་འདི་ཉམས་སུ་ལེན་པ་རྣམས་ལ་ཕན་འདོད་ཀྱི་བསམ་པས་ཆོས་ཀྱི་ཆ་ལག་ཏུ་བསྒྲིག་འདུན་ཡོད་པ་ལྟར་ཉེ་ཆར་སྔགས་རམས་པ་ནོར་བུ་ཆོས་འཕེལ་དང་སྔགས་བན་བློ་གྲོས་རྒྱལ་བ་གཉིས་ཡང་(༨ན)


GLG023_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་གི་གཞི་བསྙེན་བྱེད་པར་དུས་ཀྱིས་གཏུགས་པས་མཚམས་སྦྱར་ཏེ་གནམ་ལྕགས་སྡིག་པའི་ཆོས་སྡེའི་ནང་ཚན་སྟོད་དྲིལ་ཉི་མ་ཤར་བ་ལས་བྱང་ཆུབ་བསྒྲུབ་པའི་ཆོས་སྡེའི་དགོངས་དོན་གཙོ་བོར་བཟུང་འདོན་ཆའི་ཁ་འགེངས་དགོས་པ་རྣམས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྒྲུབ་ཐབས་བདུད་རྩིའི་ཐིགས་པ་ནས་ཁ་བཀང་བའི་སྐབས་ཐོབ་ཀྱི་ཚིག་ཕྲད་ཕྲན་བུ་བསྒྱུར་ཅིང་མེད་མི་རུང་འགའ་ཞིག་གསར་དུ་བསྒྲིགས་ཏེ་ཟ་ཧོར་གྱི་རིགས་ལས་སྔགས་འཆང་བཞད་པ་རྩལ་གྱིས་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ།། །།སརྦ་མངྒ་ལཾ།།


previousའཇམ་དཔལ་ཞི་བའི་འཕྲིན་ལས་སངས་རྒྱས་མངོན་སུམ་སྟོན་པའི་ལག་བཅངས།next