Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ།next

ཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ།


GLG023_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ་བཞུགས་སོ། །


GLG023_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མཚན་ཐོས་པའི་མོད་ལ་མི་སྲུན་སྙིང་། །ཅིག་ཅར་འགས་ན་གར་དགུའི་ཉམས་འགྱུར་ཙམ། །བསྟན་པས་ནག་ཕྱོགས་དྲུང་འབྱིན་ཚེ་བདག་དངོས། །དྲིན་ཅན་བླ་མའི་ཞབས་པད་ལ་བཏུད་ནས། །སྒྲིབ་གཉིས་བག་ཆགས་བཅས་ལ་ཞེ་སྡང་བས། །རབ་ཁྲོས་གནམ་ས་ལྟར་བགྲད་ཞལ་ནང་དུ། །དགྲ་བགེགས་འདེབས་བྱེད་ཡེ་ཤེས་རང་འབར་བ། །དུས་ཀྱི་བྱིན་ཟའི་ཕུང་པོའི་རྗེས་བསྙེག་ཚེ། །གཞན་འཕྲུལ་བདག་པོའི་ཡིད་ཁོང་ཆུད་པའི་བཞིན། །ཐུར་ཕབ་མྱ་ངན་ཁང་བུར་བརྒྱལ་བྱེད་ན། །རྦོད་གཏོང་དམོད་པའི་སྦྱོར་ངན་ཕྱེ་མ་ལེབ། །མིང་གི་ལྷག་མར་འགྱུར་བས་བག་ཡོད་བྱོས། །ཡང་བཟློག་ནག་པོ་མེའི་སྤུ་གྲིའི་ལས་ཀྱི་མཐའ་སྡུད་གདུག་པ་མེའི་སྦྱོར་བ་ལ་བརྟེན་ནས། བཟློག་བསད་ཀྱི་སྒྲུབ་མཇུག་འཁོར་ལོ་དང་ལིངྒ་བསྲེགས་ཏེ་བསད་པའི་ལས་མཐར་ཐུག་པ་སྒྲུབ་པ་དང་གཞན་ཡང་དགྲ་བགེགས་གློ་བུར་དུ་སྒྲོལ་བ། གདུག་པ་ཅན་ཐུག་ཕྲད་དུ་གསོད་པ། འོག་གདོན་གྱི་འཚེ་བ། ནད་པ་དང་སྲེའུ་ལ་གནོད་པའི་གདོན། རྒྱལ་འགོང་གི་སྨྱོ་འབོག་སོགས་(༢ན)


GLG023_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མི་དང་མི་མ་ཡིན་གྱི་གནོད་པ་བཟློག་བསད་བཙན་ཐབས་སུ་བསྒྲུབ་པའི་རིམ་པ་རྣམས་ལས་སྒྲུབ་མཇུག་མིན་པའི་གློ་བུར་དུ་བྱ་བ་ཡིན་ན་ལོ་ཟླ་ཞག་དུས་ཚོད་རྩུབ་ཅིང་གཟའ་སྐར་སྦྱོར་བྱེད་ངན་པ་སོགས་དང་བསྟུན་ཏེ་དུར་ཁྲོད་དམ་ལྷ་འདྲེ་དྲག་པོ་གནས་པ་ལྟ་བུའི་ས་མ་དུལ་བར་བྱེད་ན་གནུབས་ཡེ་ཤེས་རྒྱ་མཚོས་མཛད་པའི་དབང་མཆོག་ལས་བྱུང་བའི་ས་ཆོག་དང་། གནས་ཁང་རྙིང་པ་ལྟ་བུར་མ་བྱས་ཀྱང་མི་འགལ་ལ། འོན་ཀྱང་དབང་ཆོག་ངེས་དོན་བདེ་འཇུག་ལས་གསུངས་པའི་སྔོན་འགྲོ་གཏོར་མ་དང་གཞན་ཡང་བསངས་དང་གསེར་སྐྱེམས་སོགས་ཀྱིས་སྡེ་བརྒྱད་ཆ་སྙོམས་ལས་སྦྱོར་གྱི་སྒྲུབ་མཇུག་དང་འབྲེལ་ན་བཤད་མ་ཐག་པ་རྣམས་བཏང་སྙོམས་སུ་བཞག་སྟེ། དེའང་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པའི་གནུབས་ལུགས་ཀྱི་སྦྱིན་སྲེག་གཏེར་གཞུང་ལས། ཐོག་མར་ལྷོ་ཕྱོགས་ཁ་བལྟས་པའི༔ ས་གཞི་ནག་དང་ས་རྩུབ་སར༔ དྲག་པོའི་ཐབ་ཁུང་བརྩིག་པར་བྱ༔ ས་གསུམ་མཁར་གོང་ཆུ་གསུམ་ལ༔ མཎྜལ་ཁྲུ་གང་དཔངས་སུ་བརྩིག༔ ཅེས་སོགས་འབྱུང་བ་(༢བ)


GLG023_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཁར་གོང་སྲིན་ཅན་དང་སྦྱར་བའི་ས་གསུམ་ཆུ་གསུམ་གྱིས་སྦྲུས་པའི་སྟེགས་བུ་རྩེ་མོ་ལྷོར་བསྟན་པའི་དབུས་སུ། མ་ཏྲཾ་མགོ་བྱང་དུ་བསྟན་པའི་ལྟོ་བར་ཐབ་མན་ངག་ལྟར་བྲིས་པའི་སྟེང་དུ། དྲག་པོའི་ཧོམ་ཤིང་དུག་ཁྲག་གིས་སྦགས་པ་ཟུར་གསུམ་རྒྱར་སོར་ཉི་ཤུ་དཔངས་སུ་སོར་གཅིག་གིས་དམན་པ་བརྩིགས། དབུས་སུ་མེ་ཚད་དང་ཏིང་ལོ་སོགས་ཕྱག་ལེན་ལྟར་བཅའ། མེ་ལྕེས་མི་སླེབས་པའི་སར་གཅོད་པ་ནམ་མཁའི་འཁོར་ལོ་དགྲམ། གངས་རི་དང་ས་བོན་བྲིས་པའི་མེ་ཡོལ་བཅའ། མེ་སྲོག་འཛིན་པའི་རྫས་ནི་གོང་དུ་བཤད་པའི་ཤིང་གི་རྒྱུ་ལ་ཡམ་ཤིང་སྦོམ་ཕྲ་མཐེའུ་ཆུང་ཙམ་སྲིད་དུ་སོར་བཅུ་པ་དྲག་པོའི་རྩང་གི་དབྱིབས་ཅན་མིའི་རྒྱུ་མའམ་རྒྱུས་པས་དཀྲིས་ཤིང་ཞུན་ཆེན་དང་དུག་ཁྲག་གིས་སྦགས་པ། ཆིལ་ཞུན་གསུམ་དང་བསྲེས་པའི་མར་ནག །དྲག་པོའི་རྫས། གནད་ཀྱི་རྫས། ནད་བསྐྱེད་པའི་རྫས། དུག་གསུམ་ལས་སྦྱོར་གྱི་རྫས། རྦོད་གཏོང་བཟློག་ཅིང་ཚ་བ་བསྐྱེད་པའི་རྫས། མྱོས་བྱེད་ཀྱི་རྫས། གསོད་བྱེད་ཀྱི་རྫས་རྣམས་ཐོད་ངན་གྱི་སྣོད་དུ་གཏམས་ཏེ་རོ་རས་སམ་འཕུང་རེ་གང་རུང་གི་སྟེང་དུ་མ་འཁྲུགས་པར་མེ་ལྟར་འབུལ་རྒྱུ་ཉུང་ཟད་ཅིག་དང་བཅས་པའི་ཚར་གཉིས་གཡས་སུ་དགོད། གཡོན་ངོས་སུ་ཆུ་གཉིས་སྔོན་འགྲོའི་ཕྱིའི་ཉེར་སྤྱོད། ཁྱད་པར་དུག་ཆང་གཉིས་དང་སྦྱར་བའི་ཁྲག་གི་ཨརྒྷཾ་དང་ཞབས་བསིལ། དབང་པོ་ལྔའི་མེ་ཏོག །ཤ་ཆེན་དང་གུ་གུལ་སྦྱར་བའི་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་ཆང་དང་སྦྱར་བའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་སོགས་རོལ་མོ། །དམར་(༣ན)


GLG023_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཤ་ཁྲག་གིས་བརྒྱན་པ་རྣམས་འདས་མ་འདས་གཉིས་སོ་སོར་བཤམས། མདུན་གྱི་གཡོན་ངོས་སུ་སྨན་རཀ །དགང་བླུགས་ཁ་སྦྱར། ལས་བུམ། ཐོད་རྔ། རྡོར་དྲིལ། འབྲུ་ནག་གི་མེ་ཏོག །རོ་རས་སམ་མི་ལྤགས་ཀྱི་རླུང་གཡབ། རོ་སྐྲ་བརྒྱད། འཕུང་རེའམ་ཞིང་ལྤགས་ཀྱི་གོས་ཟུང་། དྲག་པོའི་སོ་རྩི་དང་། གཡས་ངོས་སུ་རྩ་བའ་ིརྫས་འཁོར་ལོ་ལིངྒ་འཕུང་རེས་ཁ་བཀང་སྟེ་བཤམ་མོ། །དེ་ནས་སྒྲུབ་པ་པོ་གོས་ནག་གམ་མི་ལྤགས་ཀྱི་གཡང་གཞི་གྱོན། ཐོད་ནག་བཅིངས། གདོང་ལ་མེ་ལོང་བཏགས། རཀྴའི་ཕྲེང་བ་སེ་རལ་ཁར་བྱས། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་སོར་རིས་རྣམས་ཀྱིས་སྦགས། ངག་བཅད། ཞིང་ལྤགས་སམ་བསྒྲུབ་བྱའི་གཟུགས་ཀྱི་སྙིང་གར་གཡོན་བརྐྱང་གིས་འཁོད། སྔོན་དུ་ལས་བྱང་གྱེར་མ་ཟིན་ན་འཕྲིན་ལས་ཀྱིས་གཞུང་བསྲངས་ཏེ་ཚོགས་ལས་ཡན་བྱ། གློ་བུར་གྱི་ལས་ཡིན་ན་ལིངྒ་རྣམས་ལ་གསེར་སྐྱེམས་ནས་བཟུང་གཏུན་དུ་བརྡུང་བའི་བར་གྱིས་གདབ་ལས་རྒྱས་པར་བྱེད། རྡོར་དྲིལ་བཅངས་ཏེ་དེ་ཉིད་དང་རྔ་བྱིན་རླབས་བཀའ་བརྒྱད་ཡོངས་རྫོགས་ཀྱི་ལས་བྱང་ལྷན་ཐབས་ལྟར་དང་། དགང་བླུགས་བརླབ་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། བྱིན་རླབས་རྣམས་འོད་ཟེར་གྱི་ཚུལ་དུ་བཀུག་སྟེ་གཟར་བུ་གཉིས་ལ་ཐིམ། དེ་ཞུ་བ་ལས་ཧཱུཾ་ལས་བླུགས་གཟར་རྡོ་རྗེ་དང་ཨ་ལས་དགང་གཟར་དྲིལ་བུའི་རྣམ་པ་ཅན་ཡོངས་སུ་གྱུར་པ་ལས་ཕྱག་རྒྱ་གཅིག་པའི་ཚེ་བདག་ནག་པོ་རྡོ་རྗེ་ཞགས་(༣བ)


GLG023_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྣམས་པ་དང་གསོད་བྱེད་མ་སྔོ་ནག་ཙིཏྟ་བྷན་དམར་འཛིན་པ་སྙོམ་པར་ཞུགས་པའི་རྐྱེན་གྱིས་འོད་དུ་ཞུ་ནས་བླུགས་གཟར་དང་དགང་གཟར་གྱི་རྣམ་པར་བསམ། ལས་བུམ་ནི་སེ་སྟོན་ཆེན་པོས་མཛད་པའི་དབང་ཆོག་ངེས་དོན་བདེ་འཇུག་ཏུ་རྒྱས་བསྡུས་གཉིས་འབྱུང་བ་ལས་སྐབས་འདིར་བསང་ཆུའི་དོད་ཙམ་ལ་བསྡུས་པའི་ལུགས་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་དབུས་སུ་ཨ་དཀར་པོ་ཤེལ་དཀར་ལྟར་འཚེར་བ་དེ་ལས་འོད་ཟེར་འཕྲོས་འོག་མིན་ནས་བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བསྡུས་ཏེ་བུམ་ཆུ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པའི་ནུས་པ་དང་ལྡན་པར་བསམས་ལ་ཨཱོཾ་ཨཱཿཧཱུཾ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླ། མཆོད་རྫས་དང་སྲེག་རྫས་བརླབ་པ་ནི། བསང་ཆུ་གཡོན་སྐོར་གྱིས་གཏོར་ཞིང་། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཪྣྲི་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་མཆོད་རྫས་དང་སྲེག་རྫས་རྣམས་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་ཤིང་རང་རང་གི་དྲག་པོའི་ལས་རབ་འབྱམས་མ་ལུས་པ་སྒྲུབ་པར་ནུས་པ་ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་བསམས་ལ། ཨཱོཾ་བཛྲ་ཨརྒྷཾ་ཨཱཿ(༤ན)


GLG023_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ནས་ཤཔྟའི་བར་གྱིས་མཆོད་རྫས་དང་། ཨཱོཾ་ཡ་མཱཏྣ་ཀ་དགྲ་བགེགས་ཪྣྲི་ཏྲི་མཱ་ར་ཡ་ཛཿཛཿ ལན་གསུམ་གྱིས་སྲེག་རྫས་རྣམས་བརླབ། མེ་སྒྲུབ་པ་ནི། ལས་སྔགས་བརྗོད་ཅིང་གཞུང་ནས་བཤད་པའི་མེ་ལས་སྦར་བའི་སྦོར་ལྡེ་རས་དམར་སོགས་མན་ངག་བཞིན་བསྒྲུབས་པ་ཐལ་སྦྱར་གྱི་བར་དུ་བཟུང་ནས་གཡོན་དུ་ལན་གསུམ་བསྐོར། དེ་དང་མཚུངས་པར་ཨ་ཀྲོ་འབྲུ་བཅུ་གཅིག་པ་བཟླ་ཞིང་ཏིང་ལོ་སྦར་བ་དང་བཅས། ཧཱུཾ། དམེ་ཡུགས་བཤན་པ་ནག་པོའི་ཁྱིམ་ནང་ནས༔ བསླངས་མེ་ཡམ་ཤིང་ནག་པོ་ལ་སྦར་བས༔ དྲག་པོའི་སྲེག་རྫས་འབར་བར་མངའ་གསོལ་ལོ༔ འབར་བའི་འཕྲོ་འདུ་འཁྱིལ་བའི་ལས་མཛོད་ཅིག༔ ཨཱོཾ་ཨགྣི་ཧ་བྱ་ཀ་བྱ་ཛ༔ དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཕཊ་ཛྭ་ལ་རཾ༔ ཞེས་བརྗོད་ཅིང་རྩ་སྐམ་ཅུང་ཟད་བཅུག །བཤད་མ་ཐག་པའི་སྔགས་དང་བཅས་བླུགས་གཟར་གསུམ་གྱིས་མེ་གསོ་ཞིང་། ཨེ་ཡཾ་རཾ་ཛྭ་ལ་རཾ་དགྲ་བགེགས་མཱ་ར་ཡ་རྦད་ཅེས་རླུང་གཡབ་ཀྱིས་ཅུང་ཟད་གཡབ། སྔར་བཞིན་ཐབ་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་ནག་པོ་རྭ་རྣམ་པར་གདེངས་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དྲག་པོའི་ཐབ་ཁུང་གྲུ་གསུམ་པ་ཁ་དོག་ནག་པ་བང་རིམ་གསུམ་དང་ལྡན་པ་ཁ་ཁྱེར་གདེངས་ཤིང་མཆུ་འཕྱང་བ་ཟབ་ཅིང་རྒྱ་ཆེ་བ་དྲག་པོ་ཆོས་ཀྱི་དབྱིངས་གཤིན་རྗེའི་ཞིང་ཁམས་ནམ་མཁའི་མཐའ་དང་མཉམ་པའི་ནང་དུ་རཾ་ལས་དུག་གི་མེ་དཔུང་འབར་ཞིང་འཁྲུག་པ་འུར་འུར་ཆོམ་ཆོམ་ཚིག་ཚིག་ཕཊ་ཕཊ་ཁུག་ཁུག་སོད་སོད་རྒྱོབ་(༤བ)


GLG023_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱོབ་སྒྲ་འབྲུག་སྟོང་ལྟར་ལྡིར་བའི་དབུས་སུ་ར་སྐྱེས་ཁམ་པ་འཇའ་འོད་ལྔ་དང་གློག་གི་ཕྲེང་བས་བརྒྱན་པ། མིའི་ཡ་མགལ་གྱི་སྔ་རུ་དང་མ་མགལ་གྱི་ཕྱི་རུ། སྦྲུལ་ནག་ཁྲ་བོའི་གོང་རྨེད་བྱས་པ། སྒ་ལ་ཞིང་པགས་གཡོགས་པའི་སྟེང་དུ་ཧཱུཾ་རཾ་ལས་སྐྱེས་པའི་མེ་ལྷ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་རྡོ་རྗེ་དང་བགྲང་འཕྲེང་། གཡོན་གཉིས་དབྱུ་གུ་དང་གུནྡྷེ་བསྣམས་པ། གསུས་པ་འཕྱང་བ། ཡན་ལག་རགས་ཤིང་མི་སྡུག་པ་ཁྲོ་འཁྲུགས་རྔམ་པས་ཁམས་གསུམ་ཟ་བར་ནུས་པ་མཆེ་བ་གཙིགས་ཤིང་ལྗགས་དྲིལ་བ། སྤྱན་གསུམ་དམར་ལ་ཟླུམ་ཞིང་ཁྲོ་གཉེར་བསྡུས་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་མེའི་ཐོད་བཅིངས་པ། ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པ། ཨོཾ་པྲ་མོ་ཧ་པྲ་མོ་ཧ། ཞེས་བརྗོད་པས་ཕྱོགས་བཞིར་པྲ་མོ་ཧ་བཞི་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞི་མ་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། གཡས་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་མིའི་མགལ་བ། གཡོན་གཉིས་མེ་དར་དང་དྲིལ་བུ་འཛིན་པ་གཅེར་བུ་འགྲེང་སྟེ་གནས་པ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་ནག་པོ་དཔག་མེད་འཕྲོ་བ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨཱོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་མེ་མཚམས་ནས་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛ༔ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་དབྱུ་གུ་རྩེ་གསུམ་གྱི་ཕྱག་རྒྱས་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་མེ་ལྷ་དྲང་སྲོང་(༥ན)


GLG023_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག༔ བསྟན་པ་སྲུང་མཛད་གཟི་བརྗིད་ཅན༔ རང་གི་དམ་ཚིག་ཚུལ་བཞིན་དུ༔ འདིར་གཤེགས་དྲག་པོའི་ཕྲིན་ལས་མཛོད༔ ཨེ་ཧྱེ་ཧི་བྷ་ག་ཝཱ་ན་ཛཿཧཱུཾ་བཾ་ཧོ༔ ཨཱོཾ་ཨགྣ་ཡེ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཛ་ཧོཿ ས་མ་ཡ་སྟཾཿ ཞེས་པས་སྤྱན་དྲངས་ཏེ། ཧཱུཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་རབ་སྒྲུབ་ཅིང་༔ ཐུགས་རྗེས་དྲག་པོའི་ལས་མཛད་པ༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨཱོཾ་ཨགྣ་ཡེ་ས་མ་ཡ་ཏིཥྛ་ལྷན༔གྱིས་བཞུགས་སུ་གསོལ༔ ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ཞི་རྒྱས་དབང་དྲག་སྣ་ཚོགས་པ༔ འཕྲིན་ལས་ཀུན་གྱི་དབང་པོ་མཛད༔ ཏིང་འཛིན་ལྷ་ལ་ཕྱག་འཚལ་ལོ༔ ཨཱོཾ་ཨགྣ་ཡེ་ཨ་ལ་ལ་ཧོ༔ ཨ་ཏི་པུ་ཧོཿཔྲ་ཏི་ཛ་ཧོཿ ཞེས་ཕྱག་བྱ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་ལས་མགྱོགས༔ སྲེག་རྫས་ཀུན་གྱི་ཕྱག་འཚང་མཛད༔ ཚིམ་བྱེད་ཁྱོད་ལ་མཆོད་པ་ནི༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་དང་༔ རྐང་གླིང་རོལ་མོར་བཅས་པ་འབུལ༔ ཞེས་ནས་དྲག་པོའི་འཕྲིན་ལས་མཛོད༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ཨརྒྷཾ་པཱུ་ཛ་ཧཱུཾ༔ ནས་ཤཔྟ་པཱུ་ཛ་ཧཱུཾ་གི་བར་གྱིས་ཆུ་གཉིས་ཉེར་སྤྱོད་འབུལ། ཧཱུཾ། ཏིང་འཛིན་དབང་སྒྱུར་ཞལ་ཟས་བདུད་རྩི་ལྔ༔ དྲང་སྲོང་ཆེན་པོས་སྔོན་ཆད་མ་བསྟར་བའི༔ དག་ཅིང་གཙང་མར་སྦྱར་བ་འབུལ་ལགས་ཀྱི༔ ཐུགས་རྗེ་ཆེན་པོས་དགོངས་(༥བ)


GLG023_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཀྲོཏ་ཨགྣ་ཡེ་པཱུ་ཛ་ཁཱ་ཧི༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧ་བ་ལིངྟ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧིས་ནང་མཆོད་འབུལ༔ ཧཱུཾ། གཟི་བྱིན་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་རབ་སྒྲུབ་ཅིང་༔ ཐུགས་རྗེས་དྲག་པོས་ལས་མཛད་པ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་ཚོགས་ནས་ཀྱང་འབུལ༔ ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཉམ་པའི་ངང་ལ་ཀུན་སྣང་ཡང་༔ ཆོས་ཉིད་ངང་ལས་མ་གཡོས་པའི༔ ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། རོ་སྐྲ་བརྒྱད་པོ་བསངས་སྦྱངས། སྟོང་པའི་ངང་ལས་ཪྣྲི་དང་ཏྲི་ལས་བྱུང་བའི་དགྲ་བགེགས་བསྒྲལ་བའི་སྒྲ་མ་ཉམས་པ་དྲག་པོའི་ལས་རབ་འབྱམས་སྒྲུབ་པའི་ནུས་པ་དང་ལྡན་པར་བསམས་ལ། ཧཱུཾ་ཨཱོཾ་ཡ་མཱནྟ་ཀ་བཛྲ་སཏྭ་ཨ་ཞེས་རོ་སྐྲ་རྣམས་གཡོན་སྐོར་དུ་སྔ་མའི་རྩེས་ཕྱི་མའི་རྩ་བ་ནོན་པ་དགྲམ། བྱོན་ཟན་འབུལ་བ་ནི། མེ་ལྷའི་ཞལ་གྲུ་གསུམ་དུ་གདངས་པའི་ལྗགས་རྡོ་རྗེ་ནག་པོ་རྩེ་གཅིག་པའི་རྣམ་པ་ཅན་འབར་ཞིང་གློག་ལྟར་འཁྱུག་པ་ལ་རཾ་ཡིག་དམར་ནག་ཚ་ཞིང་རྩུབ་པ་དང་། དགང་བླུགས་ཀྱི་རྩེ་ལ་ཧཱུཾ་ཡིག་ནག་པོ་རེ་རེས་མཚན་པར་མོས་ནས། ཨཱོཾ་ཨགྣ་ཡེ་སྭཱཧཱ། བརྗོད་ཅིང་བླུགས་གཟར་བདུན་གྱིས་དགང་གཟར་བཀང་སྟེ་པུས་མོའི་ཁོང་ལས་ལག་པ་གཉིས་མི་འདའ་བས་ཁྲོ་བོའི་ཁུ་ཚུར་གྱི་ཕྱག་རྒྱས་གཟར་བུ་གཉིས་ཁ་སྦྱར་ནས་གཡོན་དུ་བསྐོར་ཞིང་ཨཱོཾ་ཨགྣ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡེ། བདག་ཅག་དཔོན་(༦ན)


GLG023_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་ཡོན་མཆོད་རྣམས་ལ་གནོད་པར་བྱེད་པའི་ནད་གདོན་སྡིག་སྒྲིབ་བར་གཅོད་ཁྱད་པར་དགྲ་བགེགས་བྱད་མ་རྦོད་གཏོང་ཆེ་གེ་མོ་མཱ་ར་ཡ་རྦད། ལན་གསུམ་གྱིས་འབུལ། ན་མོ་རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་ཆེན་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབ་པ་དང་བདག་གི་འཕྲིན་ལས་སྒྲུབ་པར་མཛད་དུ་གསོལ། བདག་ཅག་གི་སྡང་བའི་དགྲ་དང་གནོད་པའི་བགེགས་ཐམས་ཅད་བརླག་པར་མཛད་དུ་གསོལ། ཞེས་བརྗོད་དེ་ཡམ་ཤིང་ཟུང་དུ་སྦྱར་བ་ནི། ཨཱོཾ་ཨགྣ་ཡེ་པྲ་ཏི་ཧ་ར་ཛྭ་ལ་ཡེ། བདག་ཅག་དཔོན་སློབ་ཡོན་མཆོད་ལ་གནོད་པར་བྱེད་པ་ནས་བཟུང་མཱ་ར་ཡ་རྦད་ཅེས་པའི་བར་གྱི་མང་ཉུང་སྐབས་དང་སྦྱར་བ་འབུལ། འབྲུ་མར་ནི། ཨཱོཾ་ཨགྣ་ཡེ་བདག་ཅག་དཔོན་སློབ་སོགས་སྤེལ་ཚིག་གོང་དང་འདྲ་བ་ལ་དགང་བླུགས་ཀྱིས་དབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བདུད་བཞི་འཇོམས་པའི་ཕྱག་བཞི་པ༔ ཞབས་བཞི་ལས་ཀུན་གྲུབ་པར་བྱེད༔ ར་སྐྱེས་ཁམ་པ་ཆིབས་སུ་བཅབས༔ ར་ལ་འཇའ་དང་གློག་གིས་བརྒྱན༔ ཞིང་གི་ཡ་མགལ་སྔ་རུ་དང་༔ སྦྲུལ་ནག་འཁྱིལ་པས་གོང་རྨེད་བྱས༔ མེ་ལྕེ་དགུ་ཕྲེང་སྐུ་ལ་བརྒྱན༔ བྲམ་ཟེའི་བུ་མོ་ལྔ་བརྒྱ་ཡང་༔ ཁྱོད་ཀྱི་འཁོར་དང་གཡོག་ཡིན་ནོ༔ ཁ་འབར་མ་ཡིས་མེ་བུས་པའི༔ ཨགྣི་རཱ་ཛ་འཁོར་བཅས་ལ༔ རཀྟ་དམར་གྱི་མཆོད་པ་དང་༔ འཆི་མེད་བདུད་རྩི་དཔལ་བཤོས་དང་༔ སྤོས་ཆེན་དུད་པ་ལ་སོགས་པ༔ སྲེག་རྫས་མཆོད་པ་འདི་(༦བ)


GLG023_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་གྱི༔ ཞེ་སྡང་ཁྲོས་པའི་སྦྱོར་བ་ཆོམས༔ ལུས་སྲོག་དབང་པོའི་དངས་སྙིགས་ཕྱེ༔ རྩ་རྒྱུས་ཁྲག་གི་བླ་མཚོ་སྐོམས༔ གདུག་རྩུབ་མེ་ལྷའི་ཞལ་དུ་སྟོབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི༔ ཨཱོཾ་བཛྲ་ཀྲོ་ཏ་ཨགྣ་ཡེ་ཆེ་གེ་མོ་ཛྭ་ལ་རཾ་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་པས་རྩ་བའི་རྫས། དྲག་རྫས། གནད་རྫས། ནད་བསྐྱེད་པའི་རྫས། དུག་གསུམ་ལས་སྦྱོར་གྱི་རྫས༔ ཚ་བ་བསྐྱེད་པའི་རྫས༔ མྱོས་རྫས༔ གསོད་རྫས་ཏེ་བརྒྱད་པོ་ཡང་གྲངས་སུ་བཅད་དེ་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་པས་མགྱོགས༔ ཞེས་སོགས་ཀྱིས་མཆོད་བསྟོད་གོང་ལྟར་བྱ༔ མེ་ལྷ་འཁོར་བཅས་ཁྱེད་རྣམས་ཀྱིས༔ བདག་ཅག་དཔོན་སློབ་རྒྱུ་སྦྱོར་ལ༔ ཉེར་འཚེ་བར་གཅོད་མི་མཐུན་ཕྱོགས༔ གཏོང་བའི་བན་བོན་སྐྱེ་བོ་སོགས། །དགྲ་བགེགས་མ་ལུས་སྒྲོལ་བ་ཡི། །དྲག་པོའི་འཕྲིན་ལས་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། ཨགྣ་ཡེ་ཛྭ་ལ་ཛྭ་ལ། གྷ་ཚ་གྷ་ཚ། ལ་བྷ་བྷ་མུཿ ཡེ་ཤེས་མེ་ལྷ་དམ་ཚིག་པ་ཉིད་ལས༔ ཕྱིར་གཤེགས་ཤར་ལྷོའི་མཚམས་སུ་རབ་བཞུགས་ནས། །ཞལ་ཚུར་གཟིགས་ཏེ་དཀྱིལ་འཁོར་ལྷ་ཚོགས་རྣམས། མཉེས་བྱེད་མཆོད་པའི་དཔང་པོ་མཛད་པར་གྱུར། །ཞེས་མེ་ལྷ་ཡེ་ཤེས་པ་གཤེགས་སུ་གསོལ། འདས་པའི་མེ་ལྷ་མཆོད་པ་ནི། ཨྱེ། དམ་ཚིག་མེ་ལྷའི་ཐུགས་ཀར་ཆོས་ཀྱི་དབྱིངས༔ དྲག་པོའི་ཞིང་ཁམས་མཐའ་དང་(༧ན)


GLG023_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མེད་པ། །རབ་ཏུ་ཡངས་ཤིང་གཏིང་ཟབ་རྒྱ་ཆེའི་ནང་༔ རང་གི་ཐུགས་ལས་ཧཱུཾ་ཆད་འོད་དུ་འབར། །ཧཱུཾ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་ལྔ་ནས། ནམ་ཡང་གཞོམ་ཞིག་མེད་པའི་གུར་དུ་གྱུར་གྱི་བར་དཀྱུས་ལྟར་གཙོ་འཁོར་ཀུན་ཀྱང་སྐུ་མདོག་རྩ་བའི་ཞལ། མིག་སྨན་མདོག་ཅན་ཤིན་ཏུ་ཁྲོ་ཞིང་རྔམ། སྟང་ཟིལ་ལྟར་གནག་འཚེར་བའི་འོད་འཕྲོ་བ། །དྲག་པོའི་ལས་ཀུན་མཛད་པའི་རྣམ་པར་གྱུར། །དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི། །ཞེས་པ་ནས། ཚུགས་པར་ནུས་མིན་མཐུ་རྩལ་ལྡན་པར་གྱུར་གྱི་བར་ལས་བྱང་གི་དཀྱུས་བཞིན་ལས་རང་ཉིད་འཇམ་དཔལ་ཞེས་པ་སྐད་ཅིག་འཇམ་དཔལ་དང་། རང་གི་ཐུགས་ལས་ཞེས་པ་གཙོ་བོའི་ཐུགས་ལས་ཞེས་པར་བསྒྱུར་ཞིང་། འཇམ་དཔལ་ཞི་དྲག་གི་མངོན་རྟོགས་འབྱིན་འཇུག་བཟློག་པའི་སྐབས་ལྟར་བྱས་ནས། ལྟེ་བར་པད་ཟླ་ཉི་སྟེང་རིན་པོ་ཆེ་ནས། དཀར་དམར་དབྱངས་གསལ་ཐབས་ཤེས་ཚུལ་གྱིས་བསྐོར་ཞེས་པའི་བར་དོར། ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་བཞེངས་ཞེས་པའི་མཇུག་ཏུ་ཐུགས་ཀར་གནམ་ལྕགས་རྡོ་རྗེ་ནག་པོའི་རྭ། ལྔ་གདེངས་ལྟེ་བར་མཐིང་ནག་ཧཱུཾ་མཚན་གྱུར། །ཞེས་འདོགས། སྦྱོར་སྒྲོལ་མཆོད་པའི་མཇུག་ཏུ། གནོད་བྱེད་དགྲ་བགེགས་མ་ལུས་སྒྲོལ་བའི་ཕྱིར། །འཇམ་དཔལ་གཤིན་རྗེའི་གཤེད་པོ་འཁོར་བཅས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ། །འབར་བ་གཤིན་རྗེའི་ཞལ་དུ་ཁ་རཾ་ཁཱ་ཧི༔ མཉྫུ་ཤྲཱི་སོགས་ཀྱི་མཐར་ག་ཎ་ཙཀྲ་(༧བ)


GLG023_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཙ་ཁཱ་ཧིས་ཚོགས་ནས་འབུལ། བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་ཞལ་གྲུ་གསུམ་ཞེས་པ་ནས་ཧཱུྃ་ཡིག་ནག་པོ་རེ་རེས་མཚན་པར་མོས་པའི་བར་དང་ཕྱག་རྒྱ་སོགས་སྔར་བཞིན་གྱིས། ཧཱུཾ། ཆོས་ཉིད་གདལ་བ་ཆེན་པོའི་ཧོམ་ཁུང་དུ། རིག་པ་བྱང་ཆུབ་སེམས་ཀྱི་མེ་སྦར་ཏེ། གཟུང་འཛིན་འཁོར་བའི་བག་ཆགས་བསྲེག་པ་དང་། འཇམ་དཔལ་ལྷ་ཚོགས་ཐུགས་དམ་བཀང་བའི་ཕྱིར། །དུག་གསུམ་ཤ་ཁྲག་རྫས་ཆེན་འདི་འབུལ་གྱི། །མངོན་སྤྱོད་དྲག་པོའི་འཕྲིན་ལས་གྲུབ་པར་མཛོད། །ལས་སྦྱོར་རྩ་བའི་བསྙེན་སྔགས་ཚར་བདུན་བརྗོད་རྗེས་བླུགས་གཟར་བདུན་གྱིས་དགང་གཟར་འགེང་བ་སོགས་དང་ཨཱོཾ་ཨགྣ་ཡེ་དེ་བྱ་ནས་མ་ར་ཡ་རྦད་ཀྱི་བར་མེ་ལྷའི་སྐབས་བཞིན་བྱ། ཉེས་བྱས་དྲག་བསྐུལ་གྱི་མཇུག་ཏུ། ཧཱུཾ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ གདུག་པ་འདུལ་མཛད་གཤིན་རྗེའི་གཤེད༔ སྲོག་བདག་ཚེ་བདག་ནག་པོ་ནི༔ སྐུ་དཔངས་ཆེ་ལ་དྲེགས་ཤིང་རྔམ༔ ནག་པོ་དུག་ཆེན་འཁྱིལ་བ་འདྲ༔ སྐུ་ནི་ནམ་མཁའི་ཁམས་དང་མཉམ༔ གསུང་ནི་ང་རོ་འབྲུག་ལྟར་སྒྲོག༔ ཐུགས་ནི་སྟོང་ཁམས་ཁྱབ་པར་བལྟ༔ ཞལ་ནི་ཧོམ་ཁུང་གདངས་པ་འདྲ༔ ལྗགས་ནི་ཧོམ་གཟར་བརྐྱང་བ་འདྲ༔ མཆེ་བ་རྩང་ཕུར་གཏམས་པ་འདྲ༔ ཁྱོད་ནི་སྲོག་དབུགས་བདག་པོ་སྟེ༔ གཏི་མུག་འབར་བའི་ཀློང་དཀྱིལ་ནས༔ རབ་ཁྲོས་ཞལ་གསུམ་ད་དགོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ འདོད་ཆགས་འབར་བའི་ཀློང་དཀྱིལ་ནས༔ ཡུམ་ཆེན་ཁྲག་མིག་ཞལ་གདོངས་ཤིག༔(༨ན)


GLG023_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ང་རྒྱལ་འབར་བའི་ཀློང་དཀྱིལ་ནས༔ ཡ་མ་རཱ་ཛ་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ཞེ་སྡང་འབར་བའི་ཀློང་དཀྱིལ་ནས༔ བྱེ་བ་དགུ་ཁྲི་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ཕྲག་དོག་འབར་བའི་ཀློང་དཀྱིལ་ནས༔ ཀླུ་བདུད་ནག་པོ་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ལས་གཤིན་སྡེ་བརྒྱད་ཞལ་གདོངས་ཤིག༔ སྡང་དགྲ་གནོད་བགེགས་ཁ་རཾ་ཁཱ་ཧི༔ ཨྱེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ནས༔ འཇམ་དཔལ་ཚེ་བདག་ནག་པོ་འཁོར་དང་བཅས༔ གདུག་རྩུབ་དམར་ནག་འཁྱིལ་བའི་ཧོམ་ཁུང་འདིར༔ གཤེགས་ཤིང་བཞུགས་ལ་དྲག་པོའི་མཆོད་རྫས་བཞེས༔ ཡམ་ཤིང་ཞུན་ཆེན་མར་ནག་འདི་བསྲེགས་པས༔ སྡང་དགྲ་གནོད་བགེགས་མ་ལུས་ཐལ་བར་རློག༔ ལིང་ག་མིང་དུས་བླ་སྲོག་བཅས་བསྲེགས་པས༔ ཡིད་ལ་བརྣག་པའི་དགྲ་གདོན་རྩད་ནས་ཆོད༔ དྲག་པོའི་རྫས་རྒོད་རིལ་བུ་འདི་བསྲེགས་པས༔ གནོད་བྱེད་བྱད་མའི་མཐུ་སྟོབས་དྲུང་ནས་ཕྱུང་། །གནད་ལ་འབེབས་པའི་དྲག་རྫས་འདི་བསྲེགས་པས། །དགྲ་གདོན་བྱད་མེའི་ཚོགས་ཀུན་གནད་ལ་ཕབ། །འདུ་བ་འཁྲུག་བྱེད་རྫས་རྒོད་འདི་བསྲེགས་པས། །དལ་ཡམས་ནད་ཀྱིས་དགྲ་བོ་ཁ་ཕུང་ཐོང་། །གདུག་པ་གསུམ་གྱི་རྫས་སྦྱོར་འདི་བསྲེགས་པས། །དགྲ་བགེགས་རྦོད་གཏོང་མ་ལུས་ཉམས་སུ་ཆུག །དྲེག་སྔགས་དམག་བཟློག་རྫས་རྒོད་འདི་བསྲེགས་པས། །མཐུ་བྱད་རྦོད་གཏོང་རང་གཤེད་རང་ལ་ཕོབ། །དབྱེ་དཀྲུག་ཚ་རྫས་འབར་བ་འདྲི་བསྲེགས་པས། །དགྲ་བོ་ལྷ་དང་ཕྲོལ་ལ་ལུས་སེམས་བསྲེགས། །རྨུགས་ཤིང་མྱོས་བྱེད་རྫས་སྦྱོར་(༨བ)


GLG023_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བསྲེགས་པས། །བྱད་མ་ལྷར་བཅས་བརྒྱལ་འབོག་མྱོས་སུ་ཆུག །གསོད་བྱེད་རྣོ་ངར་རྫས་སྦྱོར་འདི་བསྲེགས་པས། །བྱད་མ་དགྲ་བགེགས་མ་ལུས་མྱུར་དུ་གསོད། །གདུག་པ་མེ་ཡི་ལས་སྦྱོར་མཆོད་པ་འདིས། །དམིགས་པའི་དགྲ་བགེགས་མྱུར་དུ་བརླག་གྱུར་ཅིག་ཅེས་བརྗོད་དེ། ཐོག་མར་གཙོ་བོ་ལ་འབུལ་བ་ནི། ཨྱེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་ནས༔ བཟུང་། བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཀྱི་བར་བསྟོད་རིང་ལྟར་དང་། ཨཱོཾ་ཨེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ་པྲ་ཏི་ཧ་ཏ་ཛྭ་ལ་ཡེ། ཆེ་གེ་དུ་རཾ་ཤ་ཏྲུཾ་ཨུ་ནན་གཟིར་ཕྱུང་སྲོག་ལ་དུ་རཾ་ཙིཏྟ་བྲེང་ཤག་ཐུན་རྦད་ཨེ་རཾ་དགྲའམ་བགེགས་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཕཊ་ཀྱིས་ཡམ་ཤིང་ཟུང་དུ་སྦྱར་བ་རབ་བརྒྱ། འབྲིང་དྲུག་ཅུ་རྩ་བཞི་ཐ་མའང་ཉེར་གཅིག་འབུལ། སྔགས་དངོས་གཞི་གོང་ལྟར་ལ་པྲ་ཏི་ཧ་ཏ་ཛྭ་ལའི་ཚབ་ཏུ་ཨགྣ་ཡེ་སྦྱར་བས་ཏིལ་མར་ཞུན་ཆེན་གྲངས་སྔར་བཞིན་དགང་བླུགས་ཀྱིས་འབུལ། སྒྲུབ་འཇུག་གི་འཁོར་ལིང་ངམ་ལིངྒ་གཏུབས་པ་ནས་གང་དགོས་རྣམས་ལྷ་སྔགས་ཀྱི་རྗེས་སུ་ཨེ་ལ་ཙཀྲ་ཨེ་རཱ་ག་བཛྲ་མིང་ཏྲིག་ནན་སྲོག་ལ་ཧཱུར་ཐུཾ་ཛཿ མིང་སྲོག་མཱ་ར་ཡ་དགྲའམ་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཕཊ་ཛྭ་ལ་རཾ། ཞེས་སྔགས་བཟླས་བསྟུན་ཏེ་གྲངས་བཅད་ནས་འབུལ། དེ་རྗེས་དྲག་རྫས་ནས་བཟུང་གསོད་རྫས་ཀྱི་བར་ལྷ་སྔགས་ལ་ཆེ་གེ་མོ་དུ་རཾ་ཤ་ཏྲུཾ་ནས་མཱ་ར་ཡ་ཧཱུཾ་ཕཊ་ཀྱི་བར་སྦྱར་བས་རིམ་བཞིན་འབུལ། བྷྱོ། ཁྲོ་རྒྱལ་ཆེན་པོའི་གཡོན་གྱི་ཕྱོགས་ནས་ནི༔ ཞེས་སོགས་དང་། ཧེ་ཀ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ་ལ་སྔགས་སྦྱོར་ལུགས་ཡབ་ལྟར་བྱས་རྗེས་རྫས་སྣ་དགུ་པོ་གོང་ལྟར་འབུལ། ཧཱུཾ། གཡས་ན་སྲས་མཆོག་ཡ་མ་རཱ་ཙ་ནི༔ ཞེས་སོགས་(༩ན)


GLG023_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གྷྲི་མ་ཡ་མ་དུ་རུ་ཙཀྲ་ཧཱུཾ་ཕཊ་སོགས་ཀྱིས་རྫས་དགུ་སྔར་བཞིན་འབུལ། མདུན་ན་སྐུ་སྤྲུལ་འཆི་བདག་ནག་པོ་ནི༔ སོགས་དང་། སརྦ་ཙིཏྟ་གཟིར་ཐུཾ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་ཧཱུཾ་ཕཊ་སོགས་ཀྱིས་གོང་བཞིན་དང་། རྒྱབ་ན་གསུང་སྤྲུལ་སྲོག་བདག་ནག་པོ་ནི༔ ཞེས་སོགས་དང་སྔགས་བཤད་མ་ཐག་པ་ལྟར་གྱིས་འབུལ་ཞིང་བཞི་ག་ལ་གཙོ་བོ་ལས་རྫས་ཉུང་ཙམ་བྱེད། ལས་གཤིན་བྱེ་བ་དགུ་ཁྲི་འཁོར་བཅས་ལ། །དྲག་པོའི་སྲེག་རྫས་འབར་བའི་མཆོད་པ་འབུལ། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བྱད་མ་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ ཨཱོཾ་ཀརྨ་ཡ་མ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ་སོགས་གོང་བཞིན་འབུལ། བསྡུས་པར་འདོད་ན་འཁོར་རྣམས་ཀྱི་བསྟོད་བསྐུལ་དཀྱུས་གཅིག་ཏུ་བྱས་རྗེས། ཧེ་ཀ་ཡ་མ་དུ་རུ་ཙཀྲ །གྷྲི་མ་ཡ་མ་དུ་རུ་ཙཀྲ ། སརྦ་ཙིཏྟ་གཟིར་ཐུམ་བྷིག་ནན་ཏྲིག་ནན་རྦད་ཡ་བཟློག་ཡ་ཧཱུཾ་ཕཊ་ཀྱི་མཐར་སྔགས་སྦྱོར་ལུགས་སོགས་གཞུང་ལྟར་བྱ། རྒྱས་བསྡུས་གང་གི་མཐར་ཡང་ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་སོགས་ཀྱིས་ཐལ་མོས་ལན་བདུན་རྡེབ། ཧཱུཾ། གཞན་ཡང་ཁྲོ་རྒྱལ་ཆེན་པོ་ཁྱེད་རྣམས་ལ༔ ཞེས་སོགས་བསྟོད་རིང་མཇུག་གི་འཕྲིན་ལས་རྫོགས་པར་འཆོལ། བྱོན་ཟན་གྱི་སྐབས་ཇི་ལྟ་བས་གཤེགས་སྐྱེམས་འབུལ། ཧཱུཾ། འཕགས་པའི་རྒྱལ་པོ་ཁྲོ་རྒྱལ་གཤིན་རྗེའི་གཤེད༔ ཅེས་སོགས་ཀྱིས་ཕྱི་མཆོད། བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ། ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ། །མཧཱ་བ་ལིང་རཀྟར་བཅས་པ་འབུལ། །བཞེས་(༩བ)


GLG023_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མེད་དངོས་གྲུབ་སྩལ་དུ་གསོལ། །ཨཱོཾ་མཉྫུ་ཤྲཱི་སོགས་ཀྱི་མཐར་མ་ཧཱ་པཉྩ་དང་མ་ཧཱ་རཀྟ་སྦྱར་བས་སྨན་རཀ་དང་གཏོར་མ་དྲག་པོའི་གཏོར་མ་ལྟར་བརླབས། ཧཱུཾ། བླ་མེད་མཆོག་གི་མཆོད་པར་སྦྱར་བ་འདི། སོགས་ཀྱི་མཇུག་ཏུ་ཐུན་གཏོར་བཞིན་འབུལ། ཨཱོཾ་བཛྲ་ཏམྦུ་ལ་ཡེ་སྭཱཧཱས་སོ་རྩི་དང་། ཞིང་ཆེན་པགས་པ་ལ་སོགས་པ། །ལུས་ལ་བདེ་བའི་རེག་བྱ་ཅན། །གོས་ཟུང་གཤིན་རྗེའི་གཤེད་པོ་ཡི། །ལྷ་ཚོགས་འཁོར་བཅས་སྐུ་ལ་འབུལ། །ཨཱོཾ་བཛྲ་ཝསྟྲ་ཡེ་སྭཱཧཱས་གོས་ཟུང་འབུལ། །ཨྱེ། ཆོས་སྐུ་སྐྱེ་བ་མེད་པ་ལས༔ ཞེས་སོགས་ཀྱིས་བསྟོད། ཚེ་བདག་ཡབ་ཡུམ་སྲས་འཁོར་བཅས་པ་རྣམས། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཞེས་པ་ལ་བསད་པའི་ཤམ་བུ་བཏགས་པ་བྱ། །ལྷ་ཡི་ལྷ་མཆོག་མ། བསྐལ་པ་དཔག་མེད་མ། མཁྱེན་བརྩེ་ནུས་མངའ་མ་སོགས་ཀྱིས་འདོད་དོན་ལ་གསོལ་བ་གདབ། གཤིན་རྗེའི་གཤེད་ཀྱི་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བཀང་། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་སོགས་ཀྱིས་བཟོད་པར་གསོལ། ཨཱོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང་བཛྲ་མུ༔ས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། །དམ་ཚིག་པ་རང་གི་སྙིང་གར་བསྡུ། སླར་ཡང་འཇིག་རྟེན་པའི་མེ་ལྷ་མཆོད་པ་ནི། དབང་པོར་བཞུགས་པའི་ཡེ་ཤེས་ཀྱི། །མེ་ལྷ་བཛྲ་ས་མཱ་ཛཿ སླར་ཡང་དམ་ཚིག་སེམས་དཔའ་དང་། །དབྱེར་མེད་ངོ་བོ་གཅིག་ཏུ་གྱུར། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ ར་སྐྱེས་བཅིབས་ནས་གློག་པས་མགྱོགས༔ ནས་ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་པའི་བར་གྱིས་(༡༠ན)


GLG023_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བསྟོད་བྱ། ཡམ་ཤིང་ནས་བཟུང་གསོད་རྫས་ཀྱི་བར་སྔར་བཞིན་དང་གཤེགས་སྐྱེམས་དགང་བླུགས་བདུན་གསུམ་བྱོན་ཟན་བཞིན་ཕུལ་རྗེས། །བཛྲ་ཏམྦུ་ལས་སོ་རྩི་དང་ཝ་སྟྲས་གོས་ཟུང་འབུལ། གཏོར་མ་དག་པོའི་གཏོར་མ་ལྟར་བརླབ། ཨཱོཾ་ཨགྣ་ཡེ་ས་པ་རེ་ཝཱ་ར་མ་ཧཱ་བ་ལིངྟ་པཱུ་ཛ་ཁཱ་ཧི་ལན་གསུམ་གྱིས་འབུལ། ཧཱུཾ། མེ་ལྷའི་རྒྱལ་པོ་དྲང་སྲོང་འཁོར་བཅས་རྣམས། །བ་ལིང་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཞེས་པར་བསད་པའི་ཤམ་བུ་བཏགས་པའི་འདོད་གསོལ་བྱ། ཨཱོཾ་ཨགྣ་ཡེ་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད། ཡིག་བརྒྱ་དང་མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་སྒྲུབ་ཀྱིས་གཤེགས། །ཇི་བཞིན་དུས་སུ་ཚུར་སྤྱོན་ཞིག །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨཱོཾ་ཨགྣ་ཡེ་ཡ་ཧི་གཙྪ། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་པ་པོ་རྣམས་ལག་གཡས་སྟེང་དུ་བྱས། སྲིན་ལག་སྦྲེལ་ནས་གྲལ་གྲུ་གསུམ་གྱི་ཚུལ་དུ། ཧཱུཾ། འབྱུང་བའི་གདན་གཞི་རྔམ་འོག་ནས༔ ཞེས་པ་ནས་ནམ་ཡང་དང་བར་མ་བྱེད་ཅིག༔ གི་བར་དང་། བདག་ཅག་དཔོན་སློབ་མཆེད་དང་ལྕམ་དྲལ་ལ་སྡང་དགྲ་གནོད་བགེགས་ཐམས་ཅད་མཱ་ར་ཡ་སྟཾ་བྷ་ཡ་ནན། ཞེས་བྲོ་བརྡུང་ཞིང་སུམྦྷ་བརྗོད། བསྔོ་སྨོན་བཀྲ་ཤིས་བྱ། མྱུར་དུ་མེ་གཞི་ལ་དགོས་པ་ཡོད་ན་དུག་ཁྲག་གི་ཆུས་བརླན། །གློ་བུར་གྱི་ལས་དང་སྒྲུབ་མཇུག་གི་མཐའ་སྡུད་ཀྱི་མནན་པ་བྱ་ཚུལ་མི་འདྲ་བའི་ཁྱད་པར་སོགས་ཕྱག་ལེན་ཞལ་(༡༠བ)


GLG023_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལས་ཤེས་པར་བྱ་ཞིང་། སྒྲུབ་མཇུག་གི་ཚེ་རྫས་གཞན་དྲུག་པོ་མ་འབྱོར་ན་སྔོན་མ་གསུམ་གྱིས་བཏུབ་ཙམ་ཡིན་ལ། གློ་བུར་བའི་ལས་ལ་རྫས་ཚང་མ་ངེས་པར་འཛོམ་དགོས་ཤིང་། དམ་སྲི་སོགས་གདོན་ཆེན་མ་རུངས་པ་ཁོ་ན་ལ་གཙོ་བོར་དམིགས་པའི་སྐབས་མེ་ཧོམ་རང་འབར་གྱི་ལས་ནི་གཞན་དུ་ཤེས་པར་བྱའོ། །དེ་ལྟར་རྒྱུད་དང་རྒྱ་གར་མཁས་པའི་གཞུང་། །བོད་ཡུལ་བཀའ་གཏེར་གདམས་པའི་མན་ངག་བཅུད། །རིགས་འཛིན་རིམ་བྱོན་ཕྱག་ལེན་ཞལ་ཤེས་ལ། །བརྟེན་ནས་ལག་ལེན་འཁྲུགས་བསྡེབས་གསལ་བར་བཀོད། །འདི་ཀོ་ཚུལ་འདིར་སྙིང་ནས་མོས་པའི་བློས། །ཐོས་བསམ་སྒོམ་པར་བྱེད་པའི་དཔྱོད་ལྡན་ལ། །ཉེར་མཁོའི་ཆེད་དང་པད་གནུབས་བསྟན་པ་ཡི། །བཙས་སུ་སྤེལ་ལ་ཆོས་སྲུང་ཕྲང་མ་དོག །འོན་ཏེ་ཆོས་དང་དེ་སྟོན་རྒྱུད་པ་གསང་། །རང་འདོད་དམ་མེད་འདོད་ཅན་ལ་བསྟན་ན། །གཉིས་ཀ་གཏེར་སྲུང་མཐུ་ཆེན་སྡེ་བཞི་པོས། །སྲོག་རྩ་དམར་པོ་དྲོངས་ལ་སྙིང་ཁྲག་འཐུངས། །གཏན་མདུན་དམ་ཆོས་སྒྲུབ་པ་དཀར་པོའི་མཁར། །སྲུང་བྱེད་ནག་པོ་མཐུ་ཡི་ལྕགས་རིའི་མཐར། །རབ་འབར་སྲེག་སྦྱོར་རྒོད་མ་ཁ་ཡི་མེའི། །ཚ་རེག་ཡིད་སྲུབས་ཚོགས་ཀྱིས་བཟོད་ནུས་མིན། །དགེ་དེས་ཉོན་མོངས་དུག་ལྔའི་བུད་ཤིང་ཀུན། །ཡེ་ཤེས་ཞུགས་ཀྱིས་ལྷག་མ་མེད་བསྲེགས་པས། །ཤེས་སྒྲིབ་བག་ཆགས་སྨག་རུམ་མཐར་བྱས་ཏེ། །འཇམ་མགོན་རིགས་ལྔའི་འོད་སྣང་འབར་གྱུར་ཅིག །ཅེས་ཡང་བཟློག་ནག་པོ་མེའི་སྤུ་གྲི་ལ་ཉེ་བར་མཁོ་བའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ་འདི་ནི། སློབ་དཔོན་ཆེན་པོ་གཙུག་ལག་དཔལ་དགེས་མཛད་པའི་སྦྱིན་སྲེག་ལ་གཞི་བྱས། ཚེ་(༡༡ན)


GLG023_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དགོངས་རྒྱུད། དྲག་སྔགས་མཚོན་ཆ་ནག་པོའི་རྒྱུད། སྲོག་དམར་ལེན་སྤུ་གྲི་སོགས་རྒྱུད་མང་པོའི་དགོངས་པ་དང་། དཔལ་ཨྱོན་ཆེན་པོས་མཛད་པའི་སྦྱིན་སྲེག་པད་ལུགས་སུ་གྲགས་པ། གཞན་ཡང་སློབ་དཔོན་ཆེན་པོ་པདྨའི་མན་ངག་རྩ་བའང་ལྕགས་འདྲའི་ལས་བཞིའི་སྦྱིན་སྲེག་སོགས་གཏེར་བྱོན་དང་། སེ་སྟོན་ཆེན་པོའི་ཕྱག་ལེན་གྱི་སྦྱིན་སྲེག་གི་ཤོམས། རྗེ་འབྲི་གུང་དབུར་སྨྱོན་གྱིས་མཛད་པའི་སྦྱིན་སྲེག་ཟླ་གསང་འདུས་པའི་ཏནྟྲ་སོགས་རྒྱུད་མང་པོའི་དགོངས་དོན་གྱིས་བརྒྱན་པའི་རྒྱས་བསྡུས་སོགས་ཁུངས་ལྡན་གྱི་ཡིག་ཆ་རྣམས་ལ་ཞིབ་མོར་དཔྱད་དེ་ཐེག་མཆོག་ངེས་གསང་སྙིང་པོའི་འདུས་གྲྭ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་སྣང་བ་ཐོབ་པའི་སྔགས་འཆང་རིམ་པར་བྱོན་པའི་གདུང་ལས་སོན་པ་ཟ་ཧོར་ཡི་བནྡེ་ཟིལ་གནོན་དྲག་པོ་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བདུན་པའི་དམར་ཆ་ཁྲག་འཐུང་རྣམ་པར་རོལ་བའི་ཚེས་ལ་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །མངྒ་ལཾ།།


previousཡང་བཟློག་ནག་པོ་མེའི་སྤུ་གྲིའི་དྲག་པོའི་སྦྱིན་སྲེག་དུས་ཀྱི་བྱིན་ཟའི་ཕུང་པོ།next