Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀnext

རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ


GLG023_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཏྲཻ་ཀུ་ལ་ས་མཱ་ཛཱ་ཡ། སྲིད་པའི་རྩེ་ནས་མནར་མེད་བར་ཁྱབ་མིག་སྨན་ལྷུན་པོ་སྲིན་པོའི་གཟུགས། །སྲིད་གསུམ་གྲོང་ཁྱེར་ལྟོ་བར་རབ་འཆང་སྐྱེ་དགུའི་བླ་སྲོག་གཤེད་གྱུར་ཀྱང་། །སྲིད་འཁྱམས་འགྲོ་ལ་གཅིག་ཏུ་རྗེས་བརྩེ་བགྲང་ཡས་རྣམ་འདྲེན་ཡོངས་ཀྱི་ཡབ། །སྲིད་ཞིའི་ཕ་མཐར་ནམ་ཡང་ལྷུང་མིན་འཇམ་དཔལ་ཀུན་ཏུ་བཟང་པོ་རྒྱལ། ཁྲོ་མེད་དམ་ཉམས་དགྲ་ལ་ལྷག་པར་ཁྲོ། །སྡང་མེད་བདུད་སྡེའི་ཚོགས་ལ་གཅིག་ཏུ་སྡང་། །བརྩེ་མེད་འཆི་བདག་གཤིན་རྗེ་འགྲོ་ལ་བརྩེ། །འཇིགས་མེད་དཔའ་བོ་ཁྲོ་ཆུ་དུག་སྡོང་འཇིགས། །གང་གི་གདམས་པ་རྒྱ་གར་མཁས་པའི་གཞུང་། །བོད་ཡུལ་མཐུ་སྟོབས་ཟླ་བྲལ་གནུབས་ཆེན་ལུགས། །དྲག་སྔགས་རྩིབས་སྟོང་རྩེ་མོར་ལོག་འདྲེན་ཚོགས། །མི་རྟག་ལམ་འགོད་གྲགས་པ་ཕྱོགས་བཅུར་སྙན། །འོན་ཏེ་མིང་ཙམ་བརྗོད་ལས་ཚུལ་བཞིན་དུ། །ལེགས་མཁྱེན་གནམ་ལྕགས་མེ་འབར་ཡབ་སྲས་དང་། །བརྒྱུད་པར་བཅས་ལས་སྔགས་རློམས་ཕལ་ཆེར་གྱིས། །མ་རྟོགས་གསང་བའི་མཛོད་ཀྱི་སྒོ་ལྕགས་དམ། །བསམས་ཀྱིན་བདག་འདྲའི་བློ་དམན་གདུལ་བྱ་ལ། །གཉགས་(༢ན)


GLG023_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

བན་རྣམ་སྤྲུལ་ཆོས་དབྱིངས་རང་གྲོལ་ཞབས། །འཁོར་ལོའི་རི་མོ་གཙུག་ཏོར་རྩེར་བཀྲ་བ། །སངས་རྒྱས་ཐོབ་ཀྱང་རྒྱན་དུ་འཛིན་པར་སྤྲོ། །བླ་ཆེན་མིང་དང་རིགས་རུས་སྐྱེ་བ་ཡིས། ཁྲི་མཐོར་ཁེངས་པའི་ལྟོ་བ་མ་སྦོས་པར། ཁོ་བོས་དམ་པ་བསྟེན་ཅིང་མཁས་དུ་མར། །བགྲོས་པས་མུན་པར་རྫས་འཚོལ་རེ་བ་སྐྱུངས། །དེ་ཕྱིར་ཡི་དམ་ཆོས་སྐྱོང་དབྱེར་མེད་པ། །རིགས་གསུམ་འདུས་པའི་བདག་ཉིད་གཤིན་རྗེའི་གཤེད། །བསྙེན་ཐབས་ཆུ་ཀླུང་དངས་བྱེད་ཀེ་ཏ་ཀ །དཔྱོད་ལྡན་སྙིམ་པར་འབུལ་གྱིས་དང་བས་ལོང་། །དེའང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་གྲངས་མེད་པའི་རྒྱུད་ཀྱི་ཉོན་མོངས་པའི་གཉེན་པོར་དམ་པའི་ཆོས་ཀྱི་ཕུང་པོ་མཐའ་ཡས་པར་སྩལ་པ་ཐམས་ཅད་ཀྱང་ཉན་རང་བྱང་སེམས། ཀྲྀ་ཡོག་སྡེ་གསུམ། ཡོ་ག་གསུམ་སྟེ་ཐེག་པ་རིམ་པ་དགུར་འདུས་ལ། དེའི་ནང་ནས་སྒྲུབ་སྡེ་བརྒྱད་ལ་སོགས་པའི་སྐོར་རྣམས་བསྐྱེད་པ་མ་ཧཱ་ཡོ་གར་གཏོགས་ཤིང་དེ་ལ་ཡང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་མ་མོ་རྦོད་གཏོང་འཇིག་རྟེན་མཆོད་བསྟོད་དྲག་སྔགས་རྣམས་ལས་སྐུ་འཇམ་དཔལ་གཤིན་རྗེ་ལ་(༢བ)


GLG023_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་རིགས་ཕྱག་རྒྱ་ཟིལ་གནོན། རྡོ་རྗེའི་རིགས་འཇོམས་བྱེད་ནག་པོ། རིན་པོ་ཆེའི་རིགས་ཁ་ཐུན་ནག་པོ། པདྨའི་རིགས་འཇིགས་བྱེད་རུ་མཚོན་དམར་པོ། ལས་ཀྱི་རིགས་གཤོར་བསད་ཉི་མ་ཁྲོས་པའི་སྐོར་སོགས་རྣམ་གྲངས་ཆེས་མང་བ་ལས་འཇམ་དཔལ་ཚེ་བདག་གི་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོ་འདི་ནི་འགྲན་གྱི་ཟླ་མེད་པས་བྱད་མ་མཁན་པོའི་རྦོད་གཏོང་རང་གཤེད་དུ་འབེབས་ཤིང་རྒྱལ་བ་ཞི་ཁྲོ་ནས་གྲོང་རྒྱུའི་འགོང་པོ་ཡན་གྱི་གཉེན་པོ། སྐྱེ་འགྲོ་རྣམས་ལ་ཆུ་སྲིན་ཁ་གདངས་པ་ལྟ་བུ། ཡི་དམ་ཆོས་སྲུང་གཞན་གྱིས་ལྟ་བར་མི་བཟོད་པའི་མུ་སྟེགས་རྫས་མཐུ་ནག་པོས་གནོད་མི་ནུས་པར་མ་ཟད་འདི་ལ་གྲོགས་སུ་འགྱུར། བྱད་མ་ཕ་རོལ་པོ་ནུས་པ་ཆེ་ཞིང་སྲུང་ཟློག་ཇི་ལྟར་མང་བཞིན་དུ་ལྷག་པར་ཕར་ལ་བཟློག་བསད་མྱུར། ལན་ཅིག་བསྒྲུབས་ན་སླར་བསྐྱར་མི་དགོས། བསྙེན་པ་ཁ་གསོ་གཏོར་བསྐུལ་འཐུ་བ་བརྡབས་པ་ཙམ་གྱིས་དགྲ་བོ་སྐད་ཅིག་ལ་འཆི་བའི་རལ་གྲི་ཕྱུང་རྒྱག །རླུང་སྒྲུབ་བམ་རྫུ་འཕྲུལ་གྱི་བསྒྲུབ་པ་ཡིན་པས་སྤུ་གྲི་ཀ་མ་ལ་ལྟར་རྣོ་ཞིང་རླུང་བཞིན་འཁྱུག་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སྐོར་འདི་ནི་སྨན་སྡོང་ཆེན་མོའི་རྒྱུད་ལས། རྒྱ་གར་གྱི་གྲོང་ཁྱེར་མུ་སྟེགས་ཀྱི་བ་ར་དྷྭ་ཛ་བྱ་བ་དར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ནི་དར་ཡོད་པ་མུ་སྟེགས་ཀྱི་སྟོན་པ་འཕུང་བྱེད་ནག་པོ་དང་། མུ་སྟེགས་སྐྲའི་ལ་བ་ཅན་དང་། མུ་སྟེགས་མེའི་སླག་པ་ཅན་དང་། མུ་སྟེགས་ཀྱི་སྡེ་རིགས་ཐམས་ཅད་འདུས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཐམས་ཅད་ནི་བཤིག །གླེགས་བམ་ཐམས་ཅད་མེ་ལ་བསྲེགས། ཆོས་ཀྱི་སྒྲ་ཡང་(༣ན)


GLG023_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

མི་གྲག་པར་བྱས་སོ། །དེའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་འདྲ་ཡོང་བ་ཡང་འཕགས་པ་འཇམ་དཔལ་གྱིས་དགོངས་ཏེ་ཐུགས་མུག་སྐྱེས་ཏེ་འཇམ་དཔལ་ཐུགས་ཁྲོས་པ་ལས་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཛ་ཞེས་པའི་སྐུར་སྤྲུལ་ནས་དབུ་གསུམ་ཕྱག་དྲུག་གཡས་གསུམ་དགྲ་སྟ། གཡོན་གསུམ་གློ་སྙིང་བསྣམས་པ། སྐུ་སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་དཔལ་དང་ལྡན་པ། སྐུ་ལ་ཡེ་ཤེས་ཀྱི་མེ་འབར་བ་འཇིགས་སུ་རུང་བ་ཞིག་ཏུ་བསྟན་པས་མུ་སྟེགས་ཐམས་ཅད་བརྒྱལ་ཞིང་ཤི། མུ་སྟེགས་ཀྱི་ཡིག་ཆ་ཐམས་ཅད་མེར་བསྲེགས། མུ་སྟེགས་ཀྱི་བསྟན་པ་ནི་གཅིག་ཀྱང་མེད་པར་བྱས་སོ། །ཞེས་པ་ལྟར་ལྷ་མཆོག་འདི་ཉིད་ཤེས་བྱ་བཅུའི་སྒོ་ནས་ཤེས་དགོས་པ་འབྱུང་ཁུངས་ནི། གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས་བྱུང་ཞིང་མུ་སྟེགས་པ་རྣམས་འདུལ་བའི་ཐབས་གཙོ་བོར་བསྟན་པས་མུ་སྟེགས་ཟླ་གསང་ནག་པོར་གྲགས། རིགས་ནི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལས་སྐུའི་རིགས། མཚན་ནི་རྒྱུད་ལས། ནང་ལྟར་རྟ་མགྲིན་འཇམ་དབྱངས་ཕྱག་རྡོར་གསུམ་ཡིན། ཕྱི་མུ་སྟེགས་ལ་རྣོ་བ་མཐུ་དེ་ལྟར་ཆེ། གསང་བ་ལྟར་ཆོས་སྐུ་ལོངས་སྐུ་གསུམ་ཡིན་པས་རྟགས་མཚན་ཆེ་བ་དེ་ལྟར་ལགས། ཕྱི་ལྟར་ན་འཆི་བདག །ཚེ་བདག །སྲོག་བདག་གསུམ་ཡིན། རྫུ་འཕྲུལ་དྲག་རྩལ་ཆེ་བ་དེ་ལྟར་ལགས། ཞེས་པ་ལྟར་རིགས་གསུམ་འདུས་པའི་བདག་ཉིད་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོ། མུ་སྟེགས་སྲོག་གི་སྤུ་གྲི། བྱད་མ་འབུམ་གྱི་སྲོག་གཅོད། ལས་ཀྱི་མཐའ་སྡུད་སྤྱི་གཤེད་ནག་པོ་ཞེས་སོགས་རྣམ་(༣བ)


GLG023_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མཐའ་ཡས། འཁོར་ནི་གཤེད་ཆེན་སྡེ་དྲུག་པོར་མ་ཟད་ཡེ་ཤེས་ཀྱི་སྲུང་མ་དང་འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཀྱིས་བཀའ་ཉན། གསུང་བསྟོད། འཕྲིན་ལས་སྒྲུབ་པར་བྱེད་པ་འདིའི་སྔོན་གྱི་དམ་ཚིག་དང་ལས་ཀྱི་ཆེ་བ་ལས་ནི་སངས་རྒྱས་སྟོང་རྩའི་སྤྱན་སྔར་སྲོག་སྙིང་ཕུལ་ནས་དམ་བཅས་པའི་མཐུས་ཕྱི་ནང་བན་བོན་གྱི་བྱད་མ་མཁན་པོ་གང་དང་འགྲས་ཀྱང་ལོག་རྡུགས་འབྱམས་གསུམ་མེད་པར་སྐད་ཅིག་ལ་བརླག་པའི་ལས་འགྲུབ། སྤྲུལ་པ་ནི་དུས་དྲུག་དམ་རྫས་ཚོགས་ཤིང་རྦད་བསྐུལ་གནད་ཀྱི་སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་དམ་ལས་མི་འདའ་བར་གང་བཅོལ་བྱེད་པ། སྤྲུལ་པའི་རྒྱུ་མཚན་ཡང་ཇི་སླད་དུ། སྤྱི་བོའི་རྩ་ནས་ཡཿཤར་གཤིན་རྗེ་བྱུང་། །ལྟེ་བའི་རྩ་ནས་མཿཤར་མ་མོ་བྱུང་། །སྙིང་གའི་རྩ་ནས་ནཿཤར་ཀླུ་རྒྱལ་བྱུང་། །མགྲིན་པའི་རྩ་ནས་ར་ཿཤར་རྒྱལ་པོ་བྱུང་། །ཤངས་ཀྱི་ཁུང་ནས་ཤཿཤར་གཟའ་རྒོད་བྱུང་། །སྙན་གྱི་ཁུང་ནས་ཀྵཿཤར་གནོད་སྦྱིན་བྱུང་། །སྤྱན་མིག་གཉིས་ནས་ཙཿཤར་བཙན་རྒོད་བྱུང་། །ཕྱག་ཞབས་མཐིལ་ནས་དུཿཤར་དམུ་རྒྱལ་བདུད། །ཅེས་ཚེ་བདག་གི་ལས་སྦྱོར་སྐབས་རྒྱུད་ཁུངས་དང་འབྲེལ་བ་དོན་གྱི་འདིར་ཡང་ཐོབ། མཛད་པ་པོ་ནི་སིངྒ་ལའི་པཎྜི་ཏ་འཇམ་དཔལ་བཤེས་གཉེན། ཨྱོན་སངས་རྒྱས་གཉིས་པ། སློབ་དཔོན་ཁྲག་འཐུང་ནག་པོ་རྣམས་ཀྱིས་ཟླ་གསང་གི་རྒྱུད་རྣམས་བཤད་ཐབས་ཀྱི་སྒོ་ནས་བལ་ཡུལ་གྱི་འབངས་འབུམ་སྡེར་དབང་བའི་ཡམ་བུའི་རྒྱལ་རིགས་གུ་རུ་ནོར་བུ་འཛིན་པར་གནང་། གཞུང་ལས། མུ་སྟེགས་སྟོན་པ་འདི་ཉིད་ཀྱི། །ལས་སྦྱོར་གཤིན་རྗེའི་ངན་སྔགས་འདི། །གཤིན་རྗེ་ནག་པོའི་རྒྱུད་ལས་བཏུས། །ལྕགས་ཀྱི་(༤ན)


GLG023_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པར་བུར་བཅུག་ནས་ནི། །བལ་ཡུལ་བུམ་ཐང་གཏེར་དུ་སྦས། །ཕྱི་རབས་དུས་ཀྱི་ཐ་མ་ལ། །ལས་ཅན་ཞིག་དང་འཕྲད་པར་ཤོག །ལས་ཅན་ཞིག་གིས་ཐོན་ནས་ཀྱང་། །གདུག་པའི་དགྲ་བགེགས་སྒྲོལ་བར་ཤོག །ཅེས་པ་ལྟར། སློབ་དཔོན་བལ་པོའི་རྒྱལ་པོས་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུད་ལས་བཀོལ་ཏེ་ལྕགས་ཀྱི་པར་བུར་བཅུག་རྒྱ་རིམ་པ་གསུམ་གྱིས་བཏབ་ནས་གཞུང་ཡིག་རྣམས་བལ་ཡུལ་བུམ་ཐང་ཀེ་རུར་གཏེར་དུ་སྦས། སློབ་དཔོན་འདིས་མུ་སྟེགས་པ་རྣམས་བཏུལ་བས་མུ་སྟེགས་སློབ་དཔོན་དུའང་གྲགས། ཆོས་སྐོར་རྣམས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེར་ཆིག་བརྒྱུད་ཀྱི་ཚུལ་དུ་གསུངས་པས་ཇི་སྐད་དུ། སྤུ་ངན་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་གར་གཙུག་ལག་དཔལ་དགེ་ལ། །བལ་ཡུལ་ཡམ་བུའི་དགོན་དུ་ཞུས། །ཞེས་བལ་པོའི་རྒྱལ་པོར་མ་ཟད་གཙུག་ལག་དཔལ་དགེར་ཡང་གསན། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱི། །གཤིན་རྗེ་ནག་པོའི་ཞལ་གདམས་སྦྱར། །གཙུག་ལག་དཔལ་དགེའི་བཀར་ཉན་པས། །སུ་ལའང་མི་སྤེལ་གཏེར་དུ་སྦ། །ཞེས་པ་ལྟར་ཤོག་དྲིལ་ལ་ཞལ་གདམས་ཕལ་ཆེར་བསེ་སྒྲོམ་སྨུག་པོར་བཅུག་ནས་མོན་བུམ་ཐང་དང་འཐོར་བུ་བྱང་སྤྲ་དུན་རྩེར་ཡང་གཏེར་དུ་སྦས། དགོས་བྱེད་ནི་སྤྱིར་བསྟན་འགྲོའི་བདེ་སྐྱིད་འཕྲོག་པ་དང་། བྱེ་བྲག་སྔགས་བན་ལ་སྟོབས་ལྡན་གྱི་འཚེ་བས་ཁས་ཉེན་པ། ལྷག་པར་བན་བོན་མུ་སྟེགས་བྱད་མ་མཁན་པོ་མཐུ་ཆེན་རྣམས་འདུལ་བའི་ཕྱིར་མཛད། གཏེར་སྟོན་ནི་གནུབས་ཆེན་གྱི་སྐྱེ་བ་སྤྲུལ་སྐུ་རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར་གྱིས་གཏེར་ཁ་གསུམ་པོ་ཚང་བར་གདན་དྲངས་པས། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་གར་ཤར་ནུབ་ཆུ་(༤བ)


GLG023_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མྱུལ། །ཐ་མར་བོད་ཡུལ་དབུས་སུ་སླེབས། །སངས་རྒྱས་བསྟན་པ་བསྲུང་དོན་དུ། །སྲོག་སེར་གཏད་གསུམ་ལ་སོགས་པའི། །ངན་སྔགས་ཡིག་སྣ་དཔག་མེད་ཞུས། །སངས་རྒྱས་བསྟན་པའི་བཙས་སུ་བཞག །ཁྱད་པར་སྙིང་ཐིག་སྐོར་མཛོད་ནས། ཁྲོ་ཆུ་ཁོལ་མའི་འགོམ་ཆོག་འདི། །བལ་ཡུལ་བུམ་ཐང་ཀེ་རུར་སྦས། །དུམ་པ་རྒྱ་ཡིས་གཏེར་ནས་བཏོན། །ཤ་བ་རྒྱུག་པའི་འཕྲོ་ལ་འགྱེལ། །གདམས་པ་འདི་འདྲ་ཨ་ཙ་མ། །ཞེས་པས་ཤེས་ནུས་ཤིང་གདམས་པའི་ཆེ་བ་འདོན་པའི་ཆེད་དུ་བལ་པོ་ནས་ལ་སྟོད་ཀྱི་བར་གཏོར་མ་དང་བསྐུལ་ཙམ་གྱིས་བན་བོན་ལྔ་བཅུ་ཙམ་ཞག་བདུན་ནས་འཆི་རྟགས་ཐོན་པར་བསྒྲལ་བས་དྲག་སྔགས་ཀྱི་སྙན་པས་ཁྱབ། བརྒྱུད་པ་ནི་གཏེར་སྟོན་རྒྱ་ཞང་ཁྲོམ་ལ་གནུབས་སྟོན་དར་དབང་གིས་འབྲི་སུམ་ཅུ་སོ་གསུམ་གཞལ་བའི་རྟ་འབྲུག་གཤོག །གསེར་སྲང་གང་། སྦྱང་ཐུལ་རྣམས་ཕུལ་ནས་ཞུས། དགྲ་བོ་ཞག་བདུན་ནས་འཆི་རྟགས་ཐོན། དེ་ལ་བྷ་ཡ་ཤཱཀ་རྡོར་གྱིས་གསེར་སྲང་གང་དང་ནོར་བུ་གཡུ་འབར་བྱ་བ་ཕུལ་ནས་ཞུས། ཕོ་མོ་སུམ་ཅུ་ཟླ་གཅིག་ནས་འཆི་རྟགས་ཐོན། དེ་ལ་སྲས་ཨ་གྲགས་ཀྱིས་འབུལ་ཞབས་བཏེག་ནས་ཞུས་པས་མཐུ་ནུས་ཀྱི་གྲགས་པ་ཐོབ། གཞན་ཡང་རྗེ་བཙུན་དོན་ཡོད་རྡོ་རྗེས་གསན་པ་སོགས་ནས་ཉེ་བར་བརྒྱུད། བར་སྐབས་སུ་དར་རྒྱས་ཆེ་བ་ཙམ་བྱུང་ནའང་རིམ་གྱིས་ཆོས་རྒྱུན་ཉག་ཕྲར་སོང་བས་ལྷོ་ན་སྟག་དང་བྱང་ན་འབྲོང་གི་དཔེ་བཞིན་ཁྲོ་ཆུ་དུག་སྡོང་ཟེར་བའི་གཤེད་སྐོར་ཞིག་ཡོད་པར་སྣང་ཞེས་གླེང་བ་ཙམ་ལས་རྟོགས་པ་ནི་དགུན་ཆུ་ལྟར་གྱུར་སྐབས་གུང་རད་པ་ཚུལ་ཁྲིམས་རྒྱ་མཚོ་དང་རྒྱ་སྟོན་ནམ་མཁའི་མཚན་ཅན་སོགས་ཡོངས་འཛིན་འགའ་ཞིག་ལ་རྗེ་ཟུར་པ་གནམ་(༥ན)


GLG023_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མེ་འབར་གྱིས་གསན། དེ་ལ་སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ་ཡབ་སྲས་རྣམས་ཀྱིས་གསན་པ་ལས་རིམ་པར་བརྒྱུད་དེ་ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ་དང་དཔལ་འགྲི་གུང་པ་དབུར་སྨྱོན་ཆོས་ཀྱི་གྲགས་པས་གསན་པའི་རྒྱུན་མ་ཆད་པ་ཡོད་ཅིང་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེས་ཀྱང་ཚེ་བདག་ཡང་བཟློག་དང་ཁྲོ་ཆུའི་སྐོར་རྗེ་འབྲི་གུང་པར་གསན། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་འཇམ་དཔལ་དུག་སྡོང་གི་སྐོར་སྣང་གསལ་བ་རིགས་འཛིན་ཀུན་དགའ་ཆེ་ཆོག་ལ་གསན་པར་གྲགས་ཀྱང་བརྒྱུད་པ་དེ་དག་ལས་འོངས་པའི་རྒྱུན་ནི་ནམ་མཁའི་དབྱིངས་སུ་དེངས་སོ། །དེ་ཡང་ཆོས་སྐོར་འདིའི་ཡིག་སྣ་ཕྲ་ཞིབ་གབ་དཀྲུགས་འཐོར་བའི་ཚུལ་དུ་བཞུགས་པས་རྡོ་རྗེ་སློབ་དཔོན་གྱི་གསུང་རྒྱུན་ཕྱག་བཞེས་དམར་ཁྲིད་དུ་སྡེབ་ལུགས་མཛུབ་བཙུགས་སུ་ངོ་མ་འཕྲོད་ན་ཡུངས་ཀར་སྤང་ལ་གཏོར་བའམ་བྱིས་པ་འཇའ་ཚོན་བལྟ་བ་ལྟར་ལག་ཏུ་མི་ཁེལ་བས་སྤྱི་སྒོས་སུ་འཚེ་བའི་དགྲ་བོ་གདུག་ཅན་ལ་མཁས་པ་གཙང་ནག་པར་ཁྱིས་རྨུག་པར་བརྩམས་པ་ན། དགག་བྱ་བྱུང་ན་དགོས་པ་ཡོད། ཁྱི་ལ་ཆོས་ཀྱི་བཀྲ་ཤིས་ཤོག །ཅེས་གསུངས་ནས་པོ་ཏི་བརྒྱབ་པ་ལྟར་དུག་སྡོང་གི་གླེགས་བམ་དཔངས་མཐོ་བར་བཞུགས་པ་བསྣུན་ན་དགྲ་གཅིག་གི་ཐོད་པ་གཏིབ་ཐུབ་པ་ཙམ་ནི་ཡོད་ཤས་ཆེ། དེ་ལས་གཞན་དུ་གླེགས་བམ་སྔས་སུ་རྒྱག་གམ་གསར་མ་བའི་ཆོས་སྐྱོང་རྣམས་ཀྱི་བེའུ་བུམ་དང་ལྷན་དུ་རྡུལ་དང་མུན་པའི་མལ་དུ་གཟིམས་པ་ལས་འོས་མ་མཆིས་པས་གནུབས་ཆེན་དང་སྤྲུལ་སྐུ་རྒྱའི་ཐུགས་བཅུད་འདི་ཉིད་ཀྱི་དགོས་དོན་ལོག་འདྲེན་གྱི་དགྲ་བོ་ཚེ་སྲོག་དང་ཕྲལ་ཏེ་རྣམ་ཤེས་ཆོས་སྐུ་བདེ་བ་ཆེན་པོའི་ཀློང་དུ་འདྲེན་པའི་ལས་ལ་སྦྱོར་བ་དེའི་སྔོན་(༥བ)


GLG023_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྲུབ་པའི་གནད་ཤེས་དགོས། སྒྲུབ་པ་ལའང་ལྷ་ཉེ་བར་བསྙེན་པ་ཉིད་གལ་ཆེ་བས་དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་གྱི་དང་པོ་ལ་ངེས་པའི་དོན་བདེ་བླག་ཏུ་འཇུག་པ་སོགས་ཡིག་ཆ་ཁུངས་བཙུན་གྱི་སྟེང་ནས་འཇམ་དཔལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་དུ་ལེགས་པར་སྨིན་ཅིང་། སྨན་སྡོང་ནག་པོའི་བྱིན་རླབས་དུག་གི་སྲོག་དབང་གི་ཡི་གེ་ལྟར་ལས་གཤིན་འདི་ཉིད་ཀྱི་སྒོ་ནས་དབང་ལུང་མན་ངག་ཕྱག་ཁྲིད་ལེགས་པར་ནོད་པའི་སྔགས་པས་གནས་ཀྱི་ཁྱད་པར་རྒྱུད་སྡེ་སྤྱི་སྐད་དུ་བསྙེན་པར་གནམ་ས་བར་གསུམ་ལ་བཀྲ་ཤིས་རྟགས་བརྒྱད་སོགས་ས་དཔྱད་བཀྲ་ཤིས་པ་འབྱུང་པོ་གདུག་པ་ཅན་གྱི་རྒྱུ་སྲང་སོགས་མི་དང་མི་མ་ཡིན་གྱིས་འཚེ་བ་ཉུང་བ། སྒྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པས་མཚོན་དགེ་བའི་མཚན་མ་དང་མངོན་སྤྱོད་ལ་གནམ་ས་གྲུ་གསུམ་རི་བྲག་མཚོན་ཆ་གཟིངས་པ་ལྷ་འདྲེ་དྲག་པོ་འདུ་ཞིང་དུར་ཁྲོད་དང་བས་མཐའ་ཆུ་གླིང་ལྟ་བུ་འཇིགས་ཤིང་སྐྱི་གཡའ་བའི་གནས་བཤད་ལ། གཏེར་སྟོན་རྒྱལ་པོ་ཆོས་རྒྱལ་རཏྣ་གླིང་པའི་རྟ་མགྲིན་གསང་འདུས་སུ། སྡེ་དགོན་གནས་གཞི་སྦྱིན་སྲེག་བྱས་བཤུལ་དུ། །སེར་བ་བསྒྲུབས་ན་མི་འགྲུབ་ཞུད་པས་སྤང་། །དབང་བསྐུར་བྱིན་རླབས་ཚེ་སྒྲུབ་བྱས་བཤུལ་དུ། །མཐུ་ཕྲན་བསྒྲུབས་ན་མི་འགྲུབ་ཞུད་པས་སྤང་། །མཆོད་རྟེན་སཱཙྪ་གསུང་རབ་བཀླགས་མལ་དུ། །ལྟས་ངན་བསྒྲུབས་ན་མི་འགྲུབ་ཞུད་པས་སྤང་། །དུག་སྦྲུལ་འགྱུས་སྲང་ས་རལ་ཤྭ་འོད་རྩར། །ནོར་སྒྲུབ་བསྒྲུབས་ཀྱང་མི་འགྲུབ་ཞུད་པས་སྤང་། །ཞེས་སོགས་རྟེན་འབྲེལ་གྱི་གནད་འགག་བརྩི་ལུགས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་གསུང་ལྷད་མེད་ངོ་མཚར་བ་སྣང་མོད། འོན་(༦ན)


GLG023_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རིགས་གསུམ་འདུས་པའི་ལས་ཀྱི་གཤིན་རྗེ་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་དཀྱུས་གཅིག་ཏུ་བྱེད་པའི་དབང་དུ་བྱས་ནས་རྩ་ཚིག་བཞི་བཅུ་རྩ་དྲུག་གི་བཤད་བཀྲོལ་རིན་པོ་ཆེའི་གཏེར་མཛོད་ལས། དང་པོ་སྒྲུབ་པའི་ས་གསུམ་ནི། དུར་ཁྲོད། ནགས་ཁྲོད་ཤིན་ཏུ་འཇིགས་པའི་ས་ནི་དབེན་པའི་གནས་སོ། །དུར་ཁྲོད་དམ་ཞེས་པ་ནི་རོ་བསྲེགས་པའི་ས། དམེ་བྱས་པའི་ས། མི་གྲིར་བསད་པའི་ས་དང་དེ་རྣམས་བསྡུས་པས་དུར་ཁྲོད་དོ། །ནགས་ཁྲོད་ནི། མཚམས་ཁང་གསལ་ཁུང་མེད་པ་ཡོལ་བ་དང་མཚམས་རིག་ལེགས་པར་བྱའོ། །ཤིན་ཏུ་འཇིགས་པ་ནི་རི་གཉན་གསུམ་གྱི་རྩེའམ་གདོང་སྣའི་ས་དང་། ལུང་གཉན་གསུམ་འདུས་པའི་ས་དང་། ལྷ་ཁང་རྙིང་པའི་ས་དང་། མཆོད་རྟེན་ཞིག་པོའི་ས་དང་། དེ་རྣམས་ལྷ་འདྲེ་འདུ་བའི་ས་ཡིན་པས་འཇིགས་པའི་སའོ། །དབེན་པ་ནི་མཚམས་དགྲ་མེད་པ་མཐོ་བ་བཙན་པ་ཁྱི་ལ་སོགས་པའི་གནོད་འཚེ་མེད་པ། མཚམས་གཡོག་གོ་ཆོད་པ། བསིལ་ཁང་འཛོམ་པ་ལ་སོགས་པའོ། །ཞེས་བྱུང་ལ། དུས་ཚོད་གཟའ་སྐར་ཡང་ལུགས་གཞན་ལྟར་ཤིས་པ་གཙོ་བོར་མི་འདོན་པར་སྒྲུབ་ཐབས་འགྲེལ་པ་ལག་ལེན་གསལ་སྒྲོན་ལས། སྒྲུབ་པའི་དུས་ཚོད་གཟའ་སྐར་ནི། གཟའ་ཕུར་བུ། སྐར་མ་མགོ་ལ་སོགས་པ་མར་གྱི་ངོ། གཟའ་སྐར་འཕྲོད་པའི་དུས་སུ། ཞེས་བཤད་པ་དྲག་པོའི་སྒྲུབ་པ་ལ་ཡིན་ནམ་སྙམ་ན། གཞུང་འདི་གར། སྨྲ་བཅད་བྱས་ལ་གཞུང་ལྟར་བསྙེན་པ་དྲག་ཏུ་ཐོག་ལྟར་བཟླས་སོ། །ཞེས་པས་རྟོགས་ནུས། ཆོས་རྒྱལ་འབྲི་གུང་པ་དབུར་སྨྱོན་གྱིས་གཟའ་སྐར་འགྲུབ་སྦྱོར་ལའང་གདམ་ངར་གསུངས་པ་འགྲུབ་སྦྱོར་བདུན་པོ་ཞི་དྲག་ཀུན་ལ་ཤིས་པར་དགོངས། (༦བ)


GLG023_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རབ་རྒྱ་མཚོར་གཟའ་སྐར་དུས་ཚེས་བཟང་བར་བཤད་པ་ལུགས་འདི་གའི་བཟང་བ་དེ་གཞན་དག་གི་ངན་འཚུབ་ལ་ངོས་འཛིན་དགོས་པ་ཕར་རི་ལ་བལྟོས་ནས་ཚུར་རི་དང་ཚུར་རི་ལ་བལྟོས་ནས་ཕར་རིར་འཇོག་པ་བཞིན་ཡིན་པས་གནས་དང་ཡོ་བྱད་འདུ་བྱས་ཤིང་། དུས་ཚོད་ཚེས་གྲངས་དང་བསྟུན་མཚམས་ཁང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་དང་ལས་གཤིན་དུག་སྡོང་ནག་པོ་སོགས་ཀྱི་བྲིས་འབུར་གྱི་བརྟེན་རབ་གནས་ཅན་བཤམས། བསྙེན་པའི་སྐབས་བདག་བསྐྱེད་ཁོ་ནར་བརྟེན་པ་དང་། བདག་མདུན་ཟུང་འབྲེལ་གཉིས་བྱུང་བ་སྤྲོས་པར་མི་དགའ་ན་སྔ་མས་འགྲུབ་ཀྱང་། རྗེ་འབྲི་གུང་ཆོས་ཀྱི་གྲགས་པས་མཛད་པའི་ལས་བྱང་གདུག་པ་ཀུན་སྤྲོས་ལས། གཉིས་པ་མདུན་བསྐྱེད་སྒྲུབ་པ་ནི། བསྙེན་པའི་དུས་རང་གི་མདུན་དུ་བསྐྱེད་ཅིང་། སྲུང་བཟློག་བསད་པའི་དུས་གཏོར་ཆེན་ལ་དམིགས་པའོ། །དེ་ཡང་འདི་ལྟ་སྟེ། མདུན་གྱི་རྟེན་ནམ་གཏོར་ཆེན་བསངས་སྦྱངས་ལ། ཧཱུཾ། ཆོས་རྣམས་དམིགས་མེད་སྤྲོས་བྲལ་ཀུན་ཁྱབ་གདལ། །ཞེས་པ་ནས། སྤྱན་དྲངས་གྱུར་གྱི་བར་བདག་བསྐྱེད་ཀྱི་སྐབས་ཇི་ལྟ་བ་ལས། བདག་ཉིད་ཅེས་པའི་མལ་དུ་མདུན་ཞེས་འདོན་པ་བསྒྱུར་བས་ལྷ་ཚོགས་རྣམས་གསལ་བར་བསྐྱེད་ལ། ཞེས་བྱུང་བས་སྲུང་བཟློག་བསད་མནན་གྱི་དུས་མདུན་བསྐྱེད་ཀྱི་གཏོར་མར་དམིགས་རྟེན་དུ་མཛད་ལ། རྗེ་སྣང་གསལ་བ་ཀུན་དགའ་ཚེ་མཆོག་གིས་མཛད་པའི་བཟློག་བསད་གནམ་ལྕགས་འབར་བ་ལོག་འདྲེན་འཇོམས་པའི་མཚོན་ཆའི་འཁོར་ལོར་མདུན་དུ་གཏོར་ཆེན་གྱི་ལྷ་ཚོགས་བསྐྱེད་ཚུལ་རྒྱས་པར་གསུངས་པ་ལྟར་བྱེད་ན་གོང་དུ་བཤད་པ་བཏང་སྙོམས་སུ་བཞག་པས་ཆོག་ཅིང་འདིར་མ་ཏྲཾ་གྱི་ལྟོ་བར་ཆོས་འབྱུང་བསྣོལ་མ་བྲིས་པ་ཟོར་གདན་དང་ནོར་(༧ན)


GLG023_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཏོར་ཆེན་ལ་སྟེགས་བུ་འབྲུབ་ཁུང་སོགས་དགོས་ཚུལ་རྗེ་འབྲི་གུང་པ་གསུང་བ་བླ་མ་གཉིས་ཀ་ཆོས་འདི་ལ་ནང་བྱན་ཆུད་པར་འདུག་པས་རྒྱས་བསྡུས་ཀྱི་ཁྱད་པར་ལས་མི་འགལ་ཞིང་གཤིན་རྗེ་སྡེ་དྲུག་ཕྱག་དྲུག་ཏུ་བཤད་པ་ཡིག་ཆུང་ཤོག་དྲིལ་ནས་བསྟན་པས་ལུགས་གཉིས་གང་བྱས་ཀྱང་མི་འཐད་པ་མེད་དམ་སྙམ། སྣང་གསལ་ཕྱོགས་སུ་རང་འདྲའི་སྤྲུལ་པ་ཟེར་བ་ཙམ་ལའང་ཁུངས་སུ་མཛད་རུང་མུ་ཏིག་ཕྲེང་བར་རང་འདྲའི་སྤྲུལ་པ་ཕྱག་གཉིས་པའང་བཤད་པས་མཐའ་གཅིག་ཏུ་མ་ངེས་པ་འདྲ། གདུག་པ་ཀུན་སྒྲོལ་དུ་སྲུང་བཟློག་གསད་པ་དང་མ་འབྲེལ་བའི་མདུན་བསྐྱེད་ཀྱི་དམིགས་རྟེན་སྒྲུབ་གཏོར་ལ་བཤད་ཅིང་། རྗེ་སྣང་གསལ་བའི་ལས་བྱང་དུ། མདུན་བསྐྱེད་བསྒྲུབ་པ་ནི་རྟེན་རྣམས་བསངས་སྦྱངས་བྱས་ལ་ཞེས་པ་ལས་གཏོར་མའི་གསལ་ཁ་མེད་ཅིང་ལས་བྱང་གི་བརྗོད་བྱ་དང་མཐུན་པའི་བདག་བསྐྱེད་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་སྣང་བ་ལུགས་འདིའི་དབང་གི་ཆོ་ག་གཏོར་མར་བརྟེན་པ་ལས་དཀྱིལ་འཁོར་དགོས་དོན་ཡང་མེད་ལ་ཕྱག་ལེན་ལའང་མི་མཛད་པས་མདུན་བསྐྱེད་ཀྱི་སྒྲུབ་གཞི་ཁོ་ན་གཙོ་ཆེ་ཞིང་དུས་གཏོར་སོགས་རྒྱུན་གྱི་ཉམས་ལེན་ལ་ཚོགས་མཆོད་ཀྱི་ཡུལ་ལྟ་བུ་སོགས་ལ་དགོངས་ཏེ་བཟླས་པ་གྲུབ་ནས་སླར་གསལ་འདེབས་སྐྱོར་མཛད་མོད། བདག་མདུན་བསྙེན་སྒྲུབ་ཟུང་འབྲེལ་གྱི་སྐབས་ཐོག་མ་ཉིད་ནས་གསལ་འདེབས་དགོས་པས་སྟེགས་ཀྱི་ཁར་མདུན་དཀྱིལ་བཀྲམ་པའི་སྟེང་མཉྫིར་ལྕགས་སམ་བྷནྡྷའི་ཞིང་དུ་ཤ་ལྔ། བདུད་རྩི་ལྔ། མི་རྟ་བྱ་གཡག་ར་སྟག་གཟིག་སོགས་ནག་པོའི་རིགས་ཀྱི་ཤ་ཁྲག །བཙན་དུག་ཐང་ཕྲོམ་སོགས་དུག་སྣ། འབྲུ་སྣ་རྙེད་ཚད་རྣམས་བསྲེས་པ་ཆང་དང་སེམས་ཅན་གྱི་གསོན་ཁྲག་གིས་སྦྲུས་པའི་གཏོར་མ་(༧བ)


GLG023_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཟན་གྲུ་གསུམ་ལོགས་མདུན་ལ་བསྟན་པའི་སྟེང་དུ་ཟུར་གསུམ་ཕུར་བུའི་དབལ་ལྟ་བུ་ཟུར་མདུན་ལ་བསྟན་པ་ལས་ཅུང་ཟད་ཆུང་བ་ཡུམ། དེ་ལས་ཆུང་བའི་སྡེ་དྲུག་སྟེ་བདུན་གྱིས་བསྐོར་བ་རྣམས་ཀྱི་དཀྱིལ་ནག་མཐའ་དམར་བར་མེ་རི་ཕྱག་མཚན་ས་བོན་སོགས་དཀར་དམར་གྱི་རྒྱན་སྤྲོད་ལེགས་པའི་མཐར་མཐེབ་སྐྱུས་བསྐོར་བར་རྩང་དམར་ཉེར་གཅིག་སྲིན་འགྲོས་སུ་བཙུགས་པར་ཤ་ཁྲག་གིས་བརྒྱན་པ། དེའང་སྲུང་བཟློག་བསད་པའི་གཏོར་མའི་ནང་བཞུགས་ཀྱི་འཁོར་ལོ་ལྕགས་སྦུབས་སུ་བཅུག་པ་དང་སྟེང་ནས་གདུགས་ལྟར་འབུགས་པའི་ཚེ་བདག་ལྟོ་འཁོར་སོགས་མི་དགོས་ཀྱང་སྲོག་འཁོར་གལ་ཆེ་བ་སྣང་གསལ་བའི་དཔེ་རིས་ཀྱི་མུ་ཁྱུད་ཅིག་ལ་ཐུན་སྔགས་འདུག་པ་མན་ངག་ཡིག་ཆུང་དུ་མི་གསལ་ཡང་། རིགས་འཛིན་ཆོས་ཀྱི་གྲགས་པའི་ཕྱག་རྒྱུན་གྱི་དཔེའུ་རིས་སུ་མི་སྣང་ཞིང་། དེའི་ལྟོ་བར་རྡོ་རྗེ་དང་དེའི་ཕྱི་རོལ་ཏུ་རིགས་གསུམ་མགོན་པོའི་སྔགས་བཤད་པ་ཡིག་ཆུང་དུ་མ་བྱུང་ཡང་བསྲུང་དམིགས་དང་འབྲེལ་ཆགས་ཤིང་རྗེ་ཟུར་པའི་ཕྱག་དཔེ་ཁུངས་ཐུབ་ཀྱི་རྒྱུན་ཡིན་འདྲ་བ་དག་གམ་སྙམ་གང་ལྟར་སྲོག་འཁོར་མཚན་ཉིད་དང་ལྡན་པ་ལྟེ་བ་ལུགས་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་བྱས་པ་ཚོན་སྣ་ལྔའི་སྲད་བུས་བཅིངས། གྲི་ལྕགས་ཀྱི་རྟེན་ཕུར། ཚེར་ནག་གི་ཕུར་པ་དར་སྣ་ལྔས་བརྒྱན་ཅིང་དར་དམར་གྱིས་གྲིལ་བ་དེ་དང་ལྷན་ཅིག་པར་རྩེ་མོ་རྡོ་རྗེ་ཕྱེད་པ་ལ་རྩ་བ་ཕུར་ཞབས་ཅན་རྣམས་གཏོར་གདུགས་ཀྱི་འོག་ཏུ་མི་མངོན་པར་མདའ་ལ་འདོགས། དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་པའམ་རས་བྲིས་ལ་ལྷ་མཚན་ཙམ་ལས་སྐུ་མེད་པ་དང་། དེ་ཡང་མ་འབྱོར་བར་གཏོར་མ་འབའ་ཞིག་ལ་བརྟེན་ན་གཙོ་འཁོར་བརྒྱད་པོའི་ཙཀླི་འཛུགས། དེའི་མདུན་ངོས་སུ་གཏོར་གདུགས་སྲོག་འཁོར་ཕུར་པ་རྩང་སོགས་སྤང་ཞིང་ཚད་(༨ན)


GLG023_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྔ་མ་ལས་ཆུང་བའི་འཛིན་གཏོར་དང་དེ་ལས་ཅུང་དམའ་བའི་གཏའ་གཏོར་བཤམས། འཛིན་གཏོར་ཞེས་པ་གསར་མའི་ཤན་ཤོར་སྙམ་པའི་ལོག་རྟོག་འབྱུང་སྲིད་ཀྱང་། ཁ་བྱང་གསལ་བའི་སྒྲོན་མེར། རྟེན་བཞེང་བ་དང་། སྲོག་འཁོར་བཅའ་བ་དང་། གྲི་ཕུར་གྱི་རྟེན་བཅའ་བ་དང་། གཏར་ཆེན་དང་། རྒྱུན་གྱི་འཛིན་གཏོར་བཅས་པའོ། །ཞེས་བཤད། ལོགས་ཤིག་ཏུ་ལྕགས་སམ་བྷནྡྷའི་ནང་དུ་སྤྱི་གཤེད་ཀྱི་གཏོར་མ་ཤ་ཁྲག་རྩང་གིས་བརྒྱན་པ། མདུན་གྱི་གཡས་སུ་པཉྩ་ཨ་མྲྀ་ཏས་སྤགས་པའི་ཆང་ཞིམ་པོའི་སྨན་མཆོད། གཡོན་དུ་མིའམ་དུད་འགྲོའི་གསོན་ཁྲག་ལ་དུག་སྣ་དང་ཁྲག་ཆེན་བསྲེས་པའི་རཀྟ། ལྕང་ལོར་བཅས་པའི་བྷནྡྷའི་སྣོད་སོ་སོར་ཁྲག་ཆེན་གྱི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཙིཏྟའི་ཞལ་ཟས་རྣམས་སྒོར་མཆོད་དམ་ཐད་མཆོད་གང་རུང་དུ་བསྒྲིག །སྒྲུབ་པ་པོའི་སྟན་དང་རྡོར་དྲིལ་ཐོད་རྔ་འཐོར་ནས་གུ་གུལ་སོགས་ཉེ་བར་མཁོ་བའི་རྫས་ཡོ་ཐམས་ཅད་བསྙེན་སྒྲུབ་སྤྱི་གཞུང་ལྟར་འདུ་བྱ། འདི་ཉིད་སྒྲུབ་པའི་སྒབ་འདྲེ་གཟའ་དང་རྒྱལ་པོ་ཡིན་པ་གནོན་ཐབས་ཀྱི་མན་ངག་བཤད་ཀྱང་ལྟ་སྒོམ་གྱི་དྲོད་ཚང་མེད་ན་དྲེགས་པ་ཅན་འདི་རིགས་ཐུལ་དཀའ་བས་ཕྱག་ལེན་ལ་ཚེར་མི་མཛད། མདུན་དཀྱིལ་གྱི་མཐའ་སྐོར་དུ་སྡེ་བརྒྱད་རྣམས་ཀྱང་འགོད་ཅིང་ཚོགས་གཏོར་དབུལ་ནས་སྲུང་མའི་ཚུལ་གྱིས་ལྟས་ངན་གཡང་དུ་བླང་བ་ཡིན་གསུང་། ལས་རབ་རྒྱ་མཚོར། སྤྱིར་བསྟན་དགྲ །ཁྱད་པར་དུ་ཡང་བསྙེན་སྒྲུབ་ལ་བར་ཆད་བྱེད་པ་རྣམས་ཀྱི་རཱུ་པ་བཟློག་བསད་ཀྱི་སྔགས་ཀྱིས་བསྐོར་བ་གཞུག །ཅེས་པ་ལྟར་ལག་ལེན་བཞིན་བྲིས་ནས་བསྒྲུབས་ཤིང་མནན་ན་(༨བ)


GLG023_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཀྱི་བར་ཆད་སྤྱིར་ཞི་བའི་ཞར་སྒབ་འདྲེའི་གནོད་པ་ལའང་ཤུགས་ཀྱིས་ཕན་པར་སེམས་མོད་དིང་སང་ཕྱག་ལེན་དུ་མཛད་པ་ཉུང་བས་མ་བྱས་ཀྱང་འགལ་བ་མེད། གཉིས་པ་དངོས་གཞི་ནི། མཚམས་ཀྱི་སྔོན་དུ་ཆ་གསུམ་དང་གསེར་སྐྱེམས་བཏང་སྟེ་སྡེ་བརྒྱད་ཆ་མཉམ། དཀར་དམར་གྱི་གཏོར་མ་བསྔོ་བ་འདི་གའི་ལས་བྱང་ཚོར་བྱུང་བ་ལྟར་བགེགས་བསྐྲོད་དང་སྲུང་འཁོར་བྱ། དེའང་གནུབས་ཆེན་གྱིས་མཛད་པའི་ལས་བྱང་བདུད་དཔུང་གཏོར་བྱེད་དུ་བདག་བསྐྱེད་འཇམ་དཔལ་ཚེ་བདག་ནག་པོ་དང་མདུན་བསྐྱེད་ཁྲོ་ཆུ་ལས་ཀྱི་གཤིན་རྗེའི་ཚུལ་དུ་སྒྲུབ་པར་གསུངས་པས་ཟིལ་གནོན་གྱི་ལས་བྱང་རྒྱས་པའམ་ཡང་བཟློག་ཡབ་ཡུམ་གྱི་མངོན་རྟོགས་ཙམ་ལ་བརྟེན་ཀྱང་ལེགས་པའི་ཆ་ཡིན་མོད་ཕྱིས་སུ་འཇུག་པ་བདེ་བའི་ཆེད་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བཞེད་པས་རིགས་འཛིན་ཀུན་དགའ་ཚེ་མཆོག་གིས་མཛད་པའི་ལས་བྱང་གཞུང་བསྲང་། རྒྱུད་ལས། ཏིང་ངེ་འཛིན་རྣམ་པ་གསུམ་ཡིན་ཏེ་ཕྱི་ལྟར་འཆི་བདག་སྲོག་བདག་ཚེ་བདག་གསུམ་དུ་འདུས་པས་ཁྲོ་ཆུ་དུག་སྡོང་གི་སྒྲུབ་པ་དང་གཅིག །ནང་ལྟར་འཇམ་དབྱངས་རྟ་མགྲིན་ཕྱག་རྡོར་གསུམ་དུ་འདུས་པས་རིགས་གསུམ་མགོན་པོའི་སྒྲུབ་པ་དང་གཉིས། གསང་བ་སྐུ་གསུམ་འདུས་པ་གཞི་ལམ་འབྲས་གསུམ་སྒྲུབ་པ་དང་གསུམ། ཞེས་བཤད་པའི་དོན་བཞིན་ཆོས་རྣམས་དམིགས་མེད་སྤྲོས་བྲལ་ཀུན་ཁྱབ་གདལ། །ཞེས་པ་གཞི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཀ་དག་གི་ངང་ནས། སྙིང་རྗེའི་རྩལ་དུ། ཞེས་པས་ལམ་གོང་གི་གདངས་འགག་པ་མེད་པ་ལོངས་སྐུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལྷུན་གྲུབ་འོད་ལྔའི་རང་བཞིན་ཉི་མའི་སྙིང་པོ་ལྟ་བུ། རང་བྱུང་ཁྲོ་ཚོགས་གསལ། ཞེས་པས་འབྲས་བུ་ཉི་མ་ལས་འོད་ཟེར་ཤར་བ་(༩ན)


GLG023_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྤྲུལ་སྐུ་རྒྱུའི་ཏིང་ངེ་འཛིན་ཁྲོ་བོའི་ཚོགས་ཀྱི་རྟེན་བརྟེན་པ་རྣམས་འཆར་བྱེད་ཀྱི་རྒྱུ་ཡི་གེ་ཨེ་ལས་རིམ་གྱིས་འཕྲོས་པས། ཨེ་ལས་རབ་འཇིགས་ནམ་མཁའ་མཐའ་དབུས་མེད། །ཅེས་སོགས་ཚིག་རྐང་བདུན་གྱིས་བདག་མདུན་གཉིས་ཀའི་གཞི་རྟེན་གཅིག་ཏུ་བྱས་ཏེ། རྒྱུད་ལས་སྟོང་པའི་ངང་ལས་འཇིག་རྟེན་ཁམས། །གཤིན་རྗེ་དམྱལ་བའི་ཡུལ་དུ་བསམ། །འོག་ནི་སྤུ་གྲིའི་ས་གཞི་ལ། །ཞེས་པ་ལྟར། ཕྱི་རུ་མཚོན་ཆ་འཆོལ་བའི་གཞལ་ཡས་ཁང་། །ཞེས་སོགས་ཤློ་ཀ་ལྔས་སྲུང་འཁོར་དང་འོག་ནས་འབྱུང་བའི་རྟེན་བརྟེན་པ་བསྒོམ་ཚུལ་རྣམས་བསྙེན་པའི་དུས་དམིགས་པ་གཏོད་པའི་ཟབ་ཁྱད་ཀྱིས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ལས་བྱང་གི་ཚིག་གཅིག་པུས་བདག་བསྐྱེད་བསྒོམ་པ་དང་མཉམ་དུ་མདུན་བསྐྱེད་ཀྱང་གསལ་འདེབས་ཤིང་གསང་སྔགས་སྤྱིའི་སྲུང་འཁོར་དང་མི་འདྲ་བར་ཅུང་ཟད་འཁྲུག་ཅིང་རྟོགས་དཀའ་བ་གུར་ཁང་ཤོག་དྲིལ། རྗེ་ཀུན་དགའ་ཚེ་མཆོག་གི་གསུང་རྒྱུན་དང་ཞལ་བཀོད་ཀྱི་མདུན་དཀྱིལ་རིགས་འཛིན་ཀུ་མཱ་རའི་རྣམ་སྤྲུལ་ཟུར་སྔགས་འཆང་གཞོན་ནུ་དོན་གྲུབ་ཀྱི་ཕྱག་བྲིས་མ་ཁུངས་བཙུན་དང་དམ་པའི་ཞལ་ལུང་ལྟར་གོ་བདེ་བར་བཤད་ན། ཁ་བྱང་ལས། ཏིང་ངེ་འཛིན་གྱི་སྲུང་བ་ལ་དགུ །ཕྱི་གུར་ཁང་བརྒྱད་ཀྱི་སྲུང་བ་དང་ཞེས་སོགས་ཀྱི་གུར་ཁང་བརྒྱད་ནི། ཤོག་དྲིལ་ལས། ལྕགས་བསྲེགས་ལས་གྲུབ་པའི་གཞལ་ཡས་ཁང་དམར་ཧར་རེ་འདུག་པ་ཞིག་ཏུ་བསམ། དེའི་ཕྱི་རོལ་ཏུ་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། དེའི་རྒྱབ་ཏུ་ཐོད་པའི་གཞལ་ཡས་ཁང་དབྱིབས་སྒོ་ང་ལྟ་བུ། དེའི་ཕྱི་རོལ་ཏུ་དུར་ཁྲོད་ཀྱི་གཞལ་ཡས་ཁང་དེའི་འོད་ཟེར་དང་། གཞལ་ཡས་ཁང་གི་ལྷ་འཇམ་(༩བ)


GLG023_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་གར་ཕོག །རྣམ་ཤེས་མར་མེ་ལྟ་བུར་གསལ་བ་དེ་འོད་ཟེར་ཕོག་པ་ཙམ་གྱིས་ཁོའི་ལྷ་སྲུང་འཁོར་བཅས་འཁོར་ས་མ་རྙེད་ནས་བྲོས་ཏེ་སྲུང་མས་མགོན་བྱེད་རྒྱུ་ལ་རང་གི་སྲུང་མ་ཁོའི་སྲུང་མའི་མལ་དུ་གནས་པས་ཁོའི་གཤེད་བྱེད་པར་བསྒོམས། དེའི་ཕྱི་རོལ་ཏུ་དུག་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞི་པ་ཁ་དོག་ན་བུན་ལྟ་བུ་སྨུག་ནག་འཐིབས་ཤིང་གཡས་དང་གཡོན་དུ་འཁོར་བ་དུག་གི་འོད་ཟེར་འཕྲོས་པས་བྱད་མ་ལྷ་སྲུང་གནོད་བྱེད་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་བརྒྱལ་ནུས་པ་ཞིག་ཏུ་བསྒོམས། དེའི་ཕྱི་རོལ་དུ་རླུང་སྤུ་གྲི་ངར་མ་སོ་འཐབ་ཀྱི་གུར་ཁང་དབྱིབས་གྲུ་གསུམ་པ་ཁ་དོག་ལྗང་ནག་གཡས་གཡོན་དུ་འཁོར་བས་བྱད་མ་ལྷ་དང་བཅས་པའི་གནོད་བྱེད་ཐམས་ཅད་བསྐལ་པའི་མེ་ལ་བྱ་སྒྲོ་ཕོག་པ་ལྟ་བུར་བསམ། དེའི་ཕྱི་རོལ་དུ་ཁྲོ་ཆུའི་གཞལ་ཡས་ཁང་སྲ་ལ་མཁྲེགས་པ་བསྐལ་པའི་རླུང་ཡང་མི་ཐར་བར་བསམ། དེའི་ཕྱི་རོལ་ཏུ་བསྐལ་པའི་མེ་རི་མེ་དཔུང་འབར་བས་གནོད་བྱེད་གང་གིས་ཀྱང་མི་ཚུགས་པར་བསམ་སྟེ་གུར་ཁང་བརྒྱད་ཀྱི་བསྲུང་བ་ཞེས་པ་ཕྱི་ནས་རིམ་པ་བཞིན་བརྩིས་ན་དང་པོ་མེ། གཉིས་པ་ཁྲོ་ཆུ། གསུམ་པ་རླུང་གི་སྤུ་གྲི། བཞི་པ་དུག་སྣ་ཚོགས། ལྔ་པ་དུར་ཁྲོད། དྲུག་པ་ཐོད་པ། བདུན་པ་མཚོན་ཆ་སྣ་ཚོགས། བརྒྱད་པ་ལྕགས་སྲེགས་ཀྱི་ཁང་པའི་གུར་ཏེ་བརྒྱད་པོ་བསྡོམས་པ་གཟུགས་ཀྱི་ཤོག་དྲིལ་ཡིན་ལ། དེ་དག་གི་ཞིབ་ཆའི་རྒྱས་བཤད། སྲུང་བའི་ཤོག་དྲིལ་གསུམ་པ་ལས། ཤིན་ཏུ་འཇིགས་སུ་རུང་བ་ལྕགས་སྲེགས་ལས་གྲུབ་པའི་གཞལ་ཡས་ཁང་དམར་ཧར་རེ་བ་འདུག་པ་ལ་བསྐལ་པའི་མེའི་ཚ་ཚ་དམར་(༡༠ན)


GLG023_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་ཕྲོམ་འཕྲོ་བར་བསམ། དེའི་ཕྱི་རོལ་ཏུ་མཚོན་ཆ་སྣ་ཚོགས་ལས་གྲུབ་པའི་གུར་ཁང་། རྡོ་རྗེ། རལ་གྲི། ལྕགས་ཀྱུ། མདུང་རྩེ་གསུམ་པ། དགྲ་སྟ། ཞགས་པ། འཁོར་ལོ། གྲི་གུག །མདའ་ལ་སོགས་པ་མཚོན་ཆ་རྩེ་ཕྱིར་བསྟན་པའི་གུར། རྡོ་རྗེ་སྔོན་པོ། ནོར་བུ་སེར་པོ། པདྨ་དམར་པོ། སྣ་ཚོགས་རྡོ་རྗེ། གྲི་གུག །རྒྱ་གྲམ་གྱི་གུར་ཁང་བསྒོམ་མོ། །དེའི་ཕྱི་རིམ་ཐོད་པའི་གུར་ཁང་དབྱིབས་སྒོ་ང་ལྟ་བུ་སྲ་ལ་མཁྲེགས་པའི་གུར་ཁང་། དེའི་ཕྱི་རོལ་ཏུ་དུར་ཁྲོད་འཇིགས་སུ་རུང་བའི་གཞལ་ཡས་ཁང་། ཞིང་ཆེན་དང་། ཞིང་ཆུང་གི་དྲལ་མ་འཕྱོ་བ། མཾ་སའི་གཡང་གཞི། རོ་བམ་པ་མྱག་མ་རུལ་བྲོ་བ་གཟར་བ་རོ་ཞེ་སྡང་གི་མེས་འཚིག་པ། གཅན་གཟན་གྱི་ཟ་འཕྲོ་ཡོད་པ། ཀེང་རུས་ཁྲལ་ཁྲོལ་ཡོད་པ། དུར་བྱ་སྣ་ཚོགས་ཀླད་ལ་ལྡིང་བ། གཅན་གཟན་སྣ་ཚོགས་ངར་བ་རྒྱུག་མཆོངས་བྱེད་པ། རླངས་པ་སྔོ་དམར་ཐུ་ལུ་ལུ་བྱེད་པའི་འོད་ཟེར་འཕྲོ་བ་ཞིག་བསྒོམ། ཤིན་ཏུ་ཡ་ང་བ་སྐྱི་གཡའ་བ་ཞིག་བསྒོམ། དེའི་ཕྱི་རོལ་ཏུ་དུག་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་དབྱིབས་གྲུ་བཞིར་འདུག་པ། ཁ་དོག་ན་བུན་སྨུག་ནག་འཐིབས་པ། དུག་གི་འོད་ཟེར་སྔོ་དམར་གྱི་ནམ་མཁའ་ས་གཞི་ཁྱབ་པར་འཕྲོས་པས་བྱད་མ་ལྷ་སྲུང་གནོད་བྱེད་དང་བཅས་པ་རྣམས་བརྒྱལ་ནུས་པར་བསམ། དེའི་ཕྱི་རིམ་རླུང་གི་སྤུ་གྲི་སོ་འཐབ་པ་ངར་མའི་གུར་ཁང་དབྱིབས་གྲུ་གསུམ་དུ་འདུག་པ་ཁ་དོག་ལྗང་ནག་གཡས་དང་གཡོན་དུ་འཁོར་བས་བྱད་མ་གནོད་བྱེད་ཐམས་ཅད་གྲིའི་བར་དུ་གཏུབ་པའམ་བསྐལ་པའི་མེ་ལ་བྱ་སྒྲོ་བསྲེགས་པ་ལྟར་བསམ། དེའི་ཕྱི་རོལ་ཏུ་ཁྲོ་ཆུའི་གཞལ་ཡས་ཁང་སྲ་ལ་མཁྲེགས་པ་ཅིས་ཀྱང་མི་ཤིགས་པའི་གུར་ཁང་།(༡༠བ)


GLG023_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱབ་ཏུ་བཀའ་ལྷ་མ་སྲིན་སྡེ་བརྒྱད་མཚོན་ཆ་སྣ་ཚོགས་འཛིན་པའི་གུར་ཁང་། དེའི་རྒྱབ་ཏུ་མེ་ཆུ་རླབས་ཀྱི་རྦ་རླབས་འཕྱོ་བའི་གུར་ཁང་། དེའི་རྒྱབ་རླུང་ནག་འཚུབ་མའི་གུར་ཁང་སྤུ་གྲི་ལྟར་དུ་འཁྲུགས་པ། དེའི་རྒྱབ་ཏུ་ལྷ་དམག་ཉི་ཁྲི་ཆིག་སྟོང་གི་གུར་ཁང་། བསྐལ་པའི་མེ་ཆེན་པོ་ནི་ཀུན་ཏུ་སྒོང་རིལ་ཚུར་འབར་བ། གཟུགས་མེད་ནམ་མཁའི་རང་སྒྲའི་བྱད་མ་ལ་སོགས་པ་གནོད་བྱེད་རྣམས་གསོད་ཅིག །རྒྱོབ་ཅིག །རྡུངས་ཤིག །མེད་པར་གྱིས་ཤིག །རྡུལ་དུ་ལྷོགས་ཤིག །ཅེས་པའི་སྒྲས་འཇིག་རྟེན་གསུམ་ཁྱབ་པར་བསམ་མོ། །གུར་ཁང་རེ་རེ་ལ་འཐུག་རྔམས་དཔག་ཚད་རེ་ཡོད་པར་བསམ། ཀུན་ཀྱང་སྲ་བ་བརྟན་པ་གཞན་གྱི་སྐྱོན་གྱིས་འཇིག་མི་ནུས་པར་བསམ་མོ། །ཞེས་བྱུང་བ་གོང་གི་གུར་རིམ་བརྒྱད་པོར་ལྷན་ཐབས་སུ་སྦྱོར་བ་གནད་ཆེ་ཞིང་ཁྲོ་ཆུའི་གུར་ཁང་དཀྱིལ་འཁོར་གཞན་ལྟར་ཁྲོ་བོ་བཅུར་ངོས་མི་འཛིན་པར་ཁྲོ་ཆུ་ཁོལ་མའི་གུར་ཡིན་པས་མ་འཁྲུལ་བ་དགོས། ཁྲོ་བོ་དཀར་ནག་ནི། དེ་ཉིད་ལས། དེ་རྣམས་ཀྱི་ནང་དུ་ཁྲོ་བོ་ནག་པོ་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པས་ཞལ་ཕྱིར་འགྱུ་ནས་བཟློག་པའི་སྔགས་དང་བཟློག་པའི་ལས་ཕུན་སུམ་ཚོགས་པས་དམིགས་བྱ་རྣམས་ཕྱིར་བཟློག་ཅིང་རེས་འགའ་ཕྱི་རོལ་གྱི་མེ་ལའང་བསྲེག་གོ །དེའི་ནང་དུ་ཁྲོ་བོ་དཀར་པོ་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཚེ་བུམ། བར་པ་གཉིས་ཀྱིས་ཙཀྲ །ཐ་མ་གཉིས་ཀྱིས་ཐོད་པ་བསྣམས་ཤིང་ཞལ་ནང་དུ་གཟིགས་ནས་སྲུང་བའི་སྔགས་དབྱངས་གསལ་དང་བཅས་བརྗོད་ཅིང་སྲུང་བའི་ལས་ཕུན་སུམ་ཚོགས་པ་མཛད་པའི་གུར་ཁང་དུ་བསམས་ཏེ་ཁྲོ་བོ་དཀར་ནག་གི་སྲུང་བ་ཞེས་པ་དང་དུས་མཚུངས་ལས་བྱང་དུའང་མི་གསལ་མོད། ཅེས་བྱུང་བ་ཡང་བཟློག་མེའི་སྤུ་གྲིའི་(༡༡ན)


GLG023_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

གུར་རིམ་བཅུ་གསུམ་གྱི་བར་མཚམས་ཚོར་ཁྲོ་བོས་གཏམ་པ་དང་དགོངས་པ་གཅིག་པས་གུར་རིམ་བརྒྱད་པོའི་བར་ཐམས་ཅད་ཁྲོ་བོ་དཀར་ནག་གི་སྲུང་བཟློག་མཛད་པར་བསམས་པ་མིག་གི་ཤོག་དྲིལ། གུར་ཁང་གཞལ་ཡས་ཆེན་པོའི་ནང་ཉིད་དུ་ཞེས་སོགས་ཤློ་ཀ་གཉིས་ཀྱིས་གཞལ་ཡས་ཁང་དང་གདན་བསྐྱེད་ལྷ་བསྒོམ་པ་ནི་བདག་ཉིད་སྐད་ཅིག་རྫུས་སྐྱེས་རྡོ་རྗེའི་སྐུ། །ཞེས་པ་ནས་འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། །ཞེས་པའི་བར་ནི། ཤོག་དྲིལ་ལས། གུར་ཁང་གི་ནང་དུ་ཨེ་མཐིང་བསྣོལ་བའི་དབུས་སུ་གཞུང་ལྟར་ལྷ་བསྒོམ་པ་ནི། ཞེས་པ་སྲུང་བ་མེའི་ཤོག་དྲིལ་ཏེ་ཁྱད་པར་གྱི་དམིགས་པ། སྲུང་བཟློག་བསད་གསུམ་གྱི་ཞལ་གདམས་ལས། རང་ཉིད་གཤིན་རྗེའི་གཤེད་དུ་བསྒོམས་པའི་སྤྱི་བོར་མཆོད་རྟེན་གསུམ་ལ་རིག་གསུམ་གྱི་མགོན་པོ་བསྐྱེད་ནས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་འོད་ཟེར་སྙིང་པོ་བཅུད་བསྡུས་པའི་བདག་ཉིད་དུ་གྱུར་བར་བསམ། ཡང་འོད་ཟེར་འཕྲོས་པས་མུ་སྟེགས་ལ་སོགས་པའི་ཁྲོ་བོ་དབང་ཆེན་མ་ཧཱ་དེ་ཝ་ལ་སོགས་མུ་སྟེགས་ཀྱི་ལྷ་ཐམས་ཅད་ཀྱི་བཅུད་དང་འོད་ཟེར་ནུས་མཐུ་ཐམས་ཅད་བསྡུས་ནས་སྐུ་ལ་ཐིམ་པར་བསམས་ནས་ཕྱི་ནང་བན་བོན་ཐམས་ཅད་ཀྱི་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་པས་དུག་སྡོང་གི་སྐུར་གྱུར་པར་བསམས་པ་ནི། ཞེས་བྱུང་གཟབ་གནད་དོ། །དེའང་ཁ་གནོན་དགོས་པ་ཁྲོ་ཆུང་ཚོགས་འཕྲོས་དགྲ་བགེགས་རྡུལ་དུ་རློག །ཅེས་ཡབ་བསྐྱེད་ཟིན་པའི་འོག་ཏུ། གསང་ཡུམ་གསང་བ་དུན་ཏིང་ནག་མོ་ནི། །ཞལ་གཅིག་ཕྱག་བཞི་འཇིགས་པའི་ཆ་བྱད་ཅན། །མཆེ་བ་བཞི་གཙིགས་སྤྱན་གསུམ་སྡང་(༡༡བ)


GLG023_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བགྲད། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་བསྙེག །ཕྱག་གཡས་དང་པོ་རལ་གྲིས་དགྲ་སྲོག་གཅོད། །འོག་མ་ལྕགས་ཀྱུས་དགྲ་བགེགས་བླ་སྲོག་འགུགས། །གཡོན་གྱི་དང་པོ་ཐོད་ཁྲག་ཡབ་ལ་སྟོབ། །འོག་མ་ལྕགས་སྒྲོག་གནོད་བྱེད་བླ་སེམས་འཆིང་། །ཞབས་གཉིས་ཡབ་ཀྱི་ལྟེ་བར་འཁྲིལ་སྦྱོར་ཚུལ། །རང་འོད་ལས་བྱུང་སྦས་པའི་ཚུལ་དུ་གསལ། །ཞེས་པ་འཇུག་ཅིང་གདུག་པ་ཀུན་སྒྲོལ་དུ་གཉིས་མེད་སྤྲུལ་པ་ཞལ་གཅིག་ཕྱག་གཉིས་པ་སྡེ་དྲུག་གི་གྲས་དང་། དེའི་ཕྱི་རོལ་ཏུ་ལས་ཀྱི་བཤན་པ་ཞལ་གསུམ་ཕྱག་དྲུག་པ་མཛད་ཅིང་། སྣང་གསལ་བའི་ལས་བྱང་ན་གཡོན་དུ་གཉིས་མེད་སྤྲུལ་པ་ཞལ་གསུམ་ཕྱག་དྲུག་པ་མཛད་པ་ལས་ལོགས་སུ་ལས་ཀྱི་བཤན་པ་མེད་པ་རྒྱས་བསྡུས་ལས་ངོ་བོ་གཅིག་པས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་སྣང་གསལ་བ་གཞིར་བཞག་ལ་འདི་སྐོར་དང་སྤྱན་འདྲེན། མཆོད་བསྟོད་སོགས་ལ་ཡུམ་དང་ལས་ཀྱི་བཤན་པ་འཇུག་པ་གདུག་པ་ཀུན་སྒྲོལ་ནས་བླངས་ན་ལེགས་པར་མངོན་ཞིང་མི་ལེན་ན་གཉིས་མེད་དུག་གསུམ་ཁྲོས་པར་སྤྱི་གཤེད་ཀྱི་གཏོར་མ་བསྔོས་པས་འགྲུབ་བོ། །སྤྱན་འདྲེན་ནས་བསྟོད་པའི་བར་བདག་མདུན་ལ་ལྷན་ཅིག་ཏུ་བྱ། བསྙེན་པ་ལ། འཇམ་དཔལ་ཟིལ་གནོན་གྱི་བསྙེན་པ་ཐེབས་ན་དེས་ཁྱབ་ཅིང་རྗེ་དབུར་སྨྱོན་ལག་རིས་མཐོང་ཙམ་ལ་ཚེ་བདག་གི་ལས་བྱང་གྱེར་དགོས་པར་གསུངས་ཀྱང་བདག་མདུན་གཉིས་ཀ་ལས་གཤིན་ལ་བྱས་ཕྱིན་ཚེ་བདག་གི་ལས་བྱང་རྒྱུན་གྱི་ཐུགས་དམ་ལ་ཡོད་ན་མ་གཏོགས་པར་བཀབ་མི་དགོས་པ་ཟུར་ཀུན་མཁྱེན་ཆེན་པོའི་བཞེད་པ་གོང་བསྙེན་མ་སོང་ན་དབུ་སྟེང་གི་རིགས་གསུམ་མགོན་པོར་དམིགས་ནས་སོ་སོའི་བཟླས་པ་བརྒྱ་རྩ་རེ་བྱེད་པ་གནད་དམ་པ་(༡༢ན)


GLG023_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྙིང་གར་རྡོ་རྗེ་དཀར་པོའི་ལྟེ་བ་རུ་ཞེས་སོགས་རྐང་པ་དང་པོ་གསུམ་གྱི་དོན། ཤོག་དྲིལ་ལས། རང་གི་ཙིཏྟ་དུ་ལས་བྱས་པ་ཟུར་གསུམ་རྣོ་བའི་ངར་དང་ལྡན་པ་སྲ་ཞིང་མཁྲེགས་པ། དེའི་རྒྱབ་ཏུ་རྡོ་རྗེ་ལྟེ་བ་གཅིག་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྩེ་མོ་འབུར་ཐབས་སུ་ཡོད་པ། ནང་འཇམ་པ་མར་དཀར་གྱི་ཞལ་བ་བྱས་པ་ལྟ་བུའི་ནང་དུ་སངས་རྒྱས་སྟོང་རྩ་གཉིས་ཞལ་ནང་དུ་གྱུར་ནས་སྲུང་བའི་ལས་བྱེད་པར་བསམ། ཞེས་པ་འོད་དཀར་རྡོ་རྗེའི་སྲུང་བ་ཆུ་བོའི་ཤོག་དྲིལ། ནང་དུ་ཙིཏྟ་ཟུར་གསུམ་དུག་རླངས་འཕྱོ། །ཞེས་སོགས་རྐང་པ་དྲུག་གི་དོན་ཤོག་དྲིལ་ལས། དུག་གི་ཙིཏྟའི་མདུན་ཟུར་མར་འཇམ་དཔལ། གཡས་སུ་རྟ་མགྲིན་གཡོན་དུ་ཕྱག་རྡོར་རྣམས་རང་རང་གི་རང་རྟགས་ཀྱི་ཕྱག་རྒྱ་དང་བཅས་ཏེ་སྔགས་དང་སྲུང་བའི་ལས་མཛད་པ། ཞེས་པ་རིགས་གསུམ་མགོན་པོའི་སྲུང་བ་འབྱུང་བའི་ཤོག་དྲིལ། དེ་ནང་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ། ཞེས་སོགས་ཚིག་རྐང་བཞིའི་དོན། ཤོག་དྲིལ་ལས། ཙིཏྟའི་ནང་དུ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གྱེན་དུ་བསྒྲེང་བ་ལྟེ་བ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ངོ་བོ་ཡེ་ཤེས་རྣམ་པ་ལྔ་ལས་གྲུབ་པའི་རྣམ་པ་འོད་ལྔའི་གུར་ཁང་། དེའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར། དེ་ལ་ཡེ་དྷརྨཱ་དང་། ཨཱོཾ་ཨཱཿཧཱུཾ་གི་ཐག་པས་བསྡམས་པའི་འོད་ཀྱི་གུར་ཁང་བསམ་སྟེ། ཞེས་པ་རྡོ་རྗེ་འོད་ལྔའི་སྲུང་བ་དུས་ཀྱི་ཤོག་དྲིལ་ཏེ། སྨན་སྡོང་གནད་ཀྱི་ཤོག་དྲིལ་མུ་ཏིག་ཕྲེང་བ་ལས། དེའི་ལྟེ་བ་ཡངས་པའི་ནང་དུ་ཉི་ཟླའི་གའུ་ཁ་སྦྱོར་སྲ་ཞིང་མཁྲེགས་པ་སྲུབས་མེད་པ། ཟླ་དཀྱིལ་ལ་གཡས་སྐོར་དུ་ཨཱ་དི། ཉི་དཀྱིལ་ལ་གཡོན་སྐོར་དུ་ཀཱ་དི། དེའི་རྒྱབ་ཏུ་ཡེ་དྷརྨཱ་རྒྱ་གྲམ་དུ་འཁྲིལ་བ། ཞེས་བཤད། དབུས་སུ་རྒྱལ་བའི་(༡༢བ)


GLG023_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྲོག་ཧཱུཾ་མཐིང་ནག །ཅེས་སོགས་ཚིག་རྐང་དྲུག་གི་དོན། ཤོག་དྲིལ་ལས། སྲུང་བ་དྲུག་པོའི་དབུས་སུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཧཱུཾ་མཐིང་ནག །དེ་ནས་འཇམ་དཔལ་གྱི་ཐུགས་ཀྱི་ངོ་བོ་ཡ་དམར་ནག །བསྲུང་བྱ་ཐམས་ཅད་ཀྱི་ངོ་བོ་ནི་དམར་པོ་འོད་དང་བཅས་པ། དེ་གསུམ་གྱི་མཐར་སྲུང་སྔགས་ཀྱིས་བསྐོར་བར་བསམ་ཞིང་། དུས་གསུམ་སངས་རྒྱས་བྱང་སེམས་དམ་ཅན་སྲུང་མ་འཇམ་དཔལ་གཤིན་རྗེའི་གཤེད་དུ་གྱུར་ཚད་བསྲུང་བྱ་ལ་བསྐྱེད་བསྟིམ་བྱ་བ་ནི་གནད་དམ་པའོ། །ཞེས་པའི་དམིགས་རིམ་འདི་ལ་ཡ་ནྲི་ཧཱུཾ་གསུམ་གྱི་སྲུང་བ་རི་བོའི་ཤོག་དྲིལ་ཏེ། སྲུང་བའི་མན་ངག་ལྡེ་མིག་ལས་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ནྲི་དཀར་པོ་མིང་ཡིག་དང་བཅས་པ་བསྒོམ། བསྲུང་བྱ་རྣམས་གཡས་སུ་ཕོ་རིགས་གཡོན་དུ་མོ་རིགས། མདུན་ཕྱོགས་སུ་གཅེས་པ། རྒྱབ་ཕྱོགས་སུ་འཁོར་གཡོག །ཡུལ་ཞིང་བང་ཁང་བསྒོམ། དེ་རྒྱབ་ཏུ་བསྙེན་སྔགས་ཀྱིས་བསྐོར་བར་བསྒོམ། དེའི་རྒྱབ་ཏུ་འོད་རྡོ་རྗེའི་ར་བས་བསྐོར་བར་བྷེཾ། རྡོ་རྗེའི་དྲ་མིག་ཐམས་ཅད་སངས་རྒྱས་སྟོང་རྩ་གཉིས་གཡས་རང་རྟགས་ཀྱི་ཕྱག་མཚན་གཡོན་པས་བདུད་རྩིའི་བུམ་པ་བདུད་རྩིས་གང་བ་བསམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྲུང་བའི་རྒྱས་བཏབ་པས་ཅིས་ཀྱང་མི་ཤིགས་པ་ཆོས་ཀྱི་སྐུ་རུ་བྷེཾ། ཡང་ཐུགས་ཀྱི་སྔགས་འཕྲེང་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བརྒྱུད། དེ་རྣམས་ལས་འོད་ཟེར་འཕྲོས་པས་བ་སྤུའི་ཁྲོ་བོ་རྣམས་ལ་བརྒྱུད། དེ་རྣམས་ལས་འོད་ཟེར་འཕྲོས། འཁོར་གྱི་ཁྲོ་བོ་རྣམས་ལ་བརྒྱུད། དེ་རྣམས་ལས་འོད་ཟེར་འཕྲོས། ཁམས་གསུམ་སྲིད་གསུམ་ཐམས་ཅད་རང་དང་འདྲ་(༡༣ན)


GLG023_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

བས་འཇིགརྟེན་གྱི་ཁམས་ཐམས་ཅད་ཁེངས། དེ་ལས་འོད་ཟེར་འཕྲོས། རྒྱ་མཚོའི་གླིང་བར། རི་རབ་ཀྱི་ལྕོག་བར། ཉི་ཟླའི་ཐེབ་བར། སྤྲིན་གྱི་གོ་བར། ས་རྡོ་རི་བྲག །རྩི་ཤིང་ནགས་ཚལ། ལྷ་འདྲེའི་གཏད་མནན་གར་སྦས་སྦྱང་བ། ཁྲོ་བོ་རྣམས་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགས་བསྲུང་བྱའི་རྣམ་ཤེས་ཀྱི་ངོ་བོ་དེ་ཡི་གེ་ཧཱུཾ་དུ་བྱས་ཏེ་ཚུར་འདུས། རྡོ་རྗེ་ཡ་ནྲིས་མཚན་པ་ལ་བསྟིམ། བཀྲག་མདངས་གཟི་བརྗིད་དང་ལྡན་པར་བྷེཾ། ཡང་འོད་ཟེར་སྔར་ལྟར་འཕྲོས་པས་སྲིད་པ་གསུམ་གྱི་བཀྲག་མདངས། འབྱུང་བ་ལྔའི་བཅུད། ཉི་ཟླའི་འོད། མིའི་ཚེ། ཟས་ཀྱི་བཅུད། རིན་པོ་ཆེའི་རིགས། མེ་ཏོག་གི་བཅུད། རྩི་ཏོག་གི་བཅུད། ས་རྡོ་རི་བྲག་གི་བཅུད་ཐམས་ཅད་ཚུར་འོད་ཟེར་དམར་པོའི་རྣམ་པར་བསྡུས་ནས་ཡ་ནྲིས་མཚན་པ་ལ་བསྟིམ་པས་སྔར་བས་ཀྱང་འོད་ཟེར་གཟི་བརྗིད་དང་ལྡན་པར་བསམ། ཡང་འོད་ཟེར་སྔར་ལྟར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། ཚུར་འདུས་སྤྱི་བོར་རིགས་གསུམ་མགོན་པོ་ལ་ཐིམ་པས་དེ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཚུར་རང་གི་སྤྱི་གཙུག་ཏུ་མར་ཐིམ་པས་རྡོ་རྗེ་ཡ་ནྲིས་མཚན་པ་ལ་བསྟིམ། བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ། ཅིས་ཀྱང་མི་ཤིགས་པ་ཆོས་ཀྱི་སྐུར་བསམ། ཞེས་པས་འཕྲོ་འདུ་རྣམས་ཀྱིས་བསྙེན་ཡིག་གཞན་དག་ནས་འབྱུང་བའི་བསྙེན་པ་བདག་བྱིན་རླབས་སོགས་མིང་འདོགས་སྣ་ཚོགས་པའི་གནད་ཐམས་ཅད་ཚང་ཞིང་། ཧཱུཾ་གི་ཀླད་ཀོར་དབུས་སུ་བླ་མ་དང་། ཞེས་སོགས་རྐང་པ་ལྔའི་དོན་ཤོག་དྲིལ་ལས། མི་ཕྱེད་པའི་ཐུགས་ཀྱི་མི་བསྐྱོད་པའི་དབུས་སུ་བླ་མ་(༡༣བ)


GLG023_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅོམ་ལྡན་འདས་ཚེ་དཔག་མེད་ཐ་དད་མེད་པ་ཚེ་བུམ་ཅན་དུ་བསྐྱེད་ནས་མན་ངག་ལྟར་སྤྲོ་བསྡུ་ལ་ཚེའི་ཕུར་པ་གདབ་པར་བྱའོ། །ཞེས་པ་ནཱ་དར་ཚེ་ཕུར་གདབ་པའི་བསྲུང་བ་གདེངས་ཅན་གྱི་ཤོག་དྲིལ། སྐད་ཅིག་རང་ཉིད་རྫུས་སྐྱེས་ཁྲོ་བོའི་སྐུ། །ཞེས་སོགས་ཤློ་ཀ་དྲུག་གི་དོན། ཤོག་དྲིལ་ལས། རང་ཉིད་སྐད་ཅིག་གི་རྫུས་སྐྱེས་སུ་ལྷག་པའི་ལྷ་ཁྲག་དང་ཆུ་སེར་གྱི་བརླན་མེད་པ། ལོ་དུ་མ་ལོན་པའི་རུས་པ་བཙའ་ཅན་འདྲ་བ། ངོ་བོ་ཡེ་ཤེས་ལྷའི་རང་བཞིན། ཁ་དོག་རྣམ་པ་ལྔ་ལས་གྲུབ་པའི་ཀེང་རུས་ཀྱི་ཁྲོ་བོ་བདེ་བ་ཆེན་པོའི་ཉམས་དང་ལྡན་པ་ཞལ་ཕྱག་སོགས་བསྐྱེད་ལ། ཡི་གེ་གསུམ་གྱི་བསྐྱེད་བསྟིམ་སོགས་བྱས་ནས་སླར་ཡང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས། དམ་པ་ཆོས་སྐྱོང་སྲུང་མ་ཐམས་ཅད་མཉེས་པའི་མཆོད་པ་ཕུལ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐུགས་རྗེ་ནུས་མཐུ་སྲོག་གི་ཡི་གེ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་སྔགས་ཕྲེང་ས་བོན་དང་བཅས་པ་ལ་ཐིམ་པས་དེ་དག་ཐམས་ཅད་བདག་གི་དབང་དུ་འདུས་ཤིང་། སླར་ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་ལྷའི་གོ་འཕང་ལ་བཀོད། དེ་དག་གི་མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་ནུས་མཐུ་སྲོག་གི་སྙིང་པོའི་ཡི་གེ་དང་བཅས་པ་ཐམས་ཅད་དབང་དུ་བསྡུས་ནས་སྔགས་འཕྲེང་ས་བོན་དང་བཅས་པ་ལ་ཐིམ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ནག་བུན་བུན་སྲེགས་ནས་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བཀྲག་མདངས་གཟི་(༡༤ན)


GLG023_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་མཐུ་སྟོབས་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་བརྟེན་པོར་བྱས་ལ་སྤྲོ་བསྡུ་དེ་ཉིད་ཀྱི་ངང་ལས་སྒྱུ་མ་ལྟ་བུར་དོན་ཤེས་པར་བྱས་ལ་བཟླས་པ་བྱ། ཞེས་པ་དྲེགས་པ་དབང་དུ་བསྡུས་ནས་བསྲུང་བ་བུ་གའི་ཤོག་དྲིལ་ཏེ། གཞན་ཡང་ཚེ་བདུད་ཀྱི་ཨུ་པ་དེ་ཤ་ལས། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་དང་། ཁྱད་པར་དུ་ཚེ་ཐུང་བའི་ལས་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ནག་ཉིལ་ལི་ལི་སོང་ནས་ཚེ་བདུད་ལ་ཐིམ་པས་ནག་གཟིར་གྱིས་སོང་། ཚེ་བདུད་ཕོ་མོའི་བཀྲག་མདངས་དང་རང་གི་ཚེ་དཔལ་ཕྲོགས་པ་རྣམས་དང་བཅས་པ་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པས་རང་གི་ཚེ་དང་བཀྲག་མདངས་ཐམས་ཅད་རབ་ཏུ་རྒྱས་ནས་ཚེ་ཉི་ཟླ་དང་མཉམ་པར་གྱུར་ཏེ་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་བསམ། ཞེས་པའི་དོན་དྲན་པར་བྱ་བ་སོགས་ཏིང་ངེ་འཛིན་དེ་ལྟ་བུ་མདུན་བསྐྱེད་ལའང་གསལ་བའི་འོད་ཟེར་གྱི་འཕྲོ་འདུའི་ངང་ནས་བཟླས་པ་བྱ། བདག་ཉིད་ལྷར་གསལ་བའི་ཐུགས་སྲོག་ལས་འོད་འཕྲོས་ནས་མདུན་བསྐྱེད་ཀྱི་ཐུགས་ཀར་རང་རང་གི་ས་བོན་གནས་པ་ལ་ཕོག་སྟེ་ཐུགས་དམ་གྱི་བརྒྱུད་བསྐུལ་བས་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་བསམས་ཤིང་གཙོ་བོར་ཤོག་དྲིལ་བདུན་པ་དང་དགུ་པའི་དམིགས་པར་ནན་ཏན་དུ་བྱས་ནས་བདག་དང་བསྲུང་བྱར་བཅས་པ་སྦ་གཟུང་བྱེད་པ་ཤིན་ཏུ་ཟབ་པ་ཡང་བཟློག་མེའི་སྤུ་གྲིའི་པུ་ཏི་དཀར་པོར་སྦ་བ་ལྟ་བུ་ལ་འདིར་མདུན་བསྐྱེད་ལྷར་གསལ་བ་དང་། ཡང་བཟློག་ལ་མཚན་མ་རྫས་ཀྱི་པུ་རིའི་ཁྱད་པར་ཡོད་ཀྱང་སྔགས་རློམ་ཕལ་ཆེར་ལ་འདི་ཞེས་གཏད་སོ་མེད་ཅིང་མཁས་པའི་རྒྱུད་འཛིན་ལ་ལ་མཆོད་རྟེན་ལ་ཏིང་ངེ་འཛིན་གྱི་སྒྲུབ་གཞིར་ནོར་བ་དང་། དེ་ལས་(༡༤བ)


GLG023_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དབྱེ་ཆེ་བ་འགའ་ཡང་ཏིང་ངེ་འཛིན་གྱི་མཆོད་རྟེན་ཞལ་སྤྲོད་སོགས་ཆོས་ཀྱི་གྲགས་པའི་གསུང་རྒྱུན་མ་ཟིན་པའི་བཞད་གད་ཀྱི་གནས་དུ་མ་མཐོང་ངོ་། །ཐུན་མཐར་གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པས་བྱིན་བརླབས་བརྟན་པར་བྱས། ཚོགས་ཐོག་མཐའ་བར་གསུམ། མདངས་བསྐང་། ཚོགས་ལྷག །ཐུན་གཏོར་མཚམས་ཀྱི་ཐོག་མཐའི་ཚོགས་འཁོར་དང་འབྲེལ་བར་ལྷ་ཚོགས་ཡོངས་རྫོགས་བསྐུལ་ཞིང་བསྲུང་བའི་ཤམ་བུའི་འདོད་གསོལ་དང་བཅས་ཁང་ཐོག་ཏུ་འབུལ། གཏོར་མནན་གྱི་དམིགས་པ་ལས་གཤིན་ཡ་མ་རཱ་ཛར་སྦྱར་བ་སྣང་གསལ་བའི་གཞུང་གི་དགོངས་དོན་ལྟར་མངའ་གསོལ་གཏོར་མར་ཤ་ཟན་སྨན་རཀ་གིས་གསོས་ལ་བསྔོ། ཕྱི་ནང་གིས་མཆོད་ཅིང་བསྟོད་པ་བསྡུས་པ་ཞིག་བྱ། ནོངས་པ་བཟོད་པར་གསོལ་ཞིང་སྨོན་ལམ་དང་ཤིས་པ་བརྗོད། མདུན་བསྐྱེད་མི་བསྡུ་ཞིང་། བདག་བསྐྱེད་ཀ་དག་འོད་གསལ་གྱི་ངང་ནས་ཉལ་བའི་རྣལ་འབྱོར་བྱ། ནམ་གུང་། ཐོ་རེངས། སྔ་ཐུན། ཉིན་གུང་གི་ཐུན་རྣམས་ལ་བཟླས་པའི་ཐུན་མཐར་མཆོད་གཏོར་འབུལ་བ་མན་ཆད་ལས་ཚོགས་དང་མངའ་གསོལ་སོགས་དོར་ཞིང་། ནམ་གུང་། ཐོ་རེངས། ཉིན་གུང་། དགོངས་མོ། སྲོད་ལྔའི་ཐུན་ལ་བདག་མདུན་ཏིང་ངེ་འཛིན་གྱི་གསལ་འདེབས། ནང་པར་ལག་རིས་མཐོང་ཙམ་ནས་ལས་བྱང་རྒྱས་པར་གྱེར་ཏེ་སྔ་ཐུན་དང་སྦྲེལ། ཉིན་གུང་གི་ཐུན་མཇུག་ཡབ་ཡུམ་གྱི་སྔགས་སྦྲེལ་ནས་སུམ་བརྒྱ་ཙམ་བཟླ་བ་ཁྱད་པར། དགོངས་ཐུན་ལ་ཚོགས་མཆོད། བསྐང་བ། མངའ་གསོལ། སྲོད་ལ་ཚོགས་དང་མངའ་གསོལ་སྤངས་པའི་ཐུན་གཏོར་ཡ་མ་རཱ་ཛ་མན་ཆད་ཀྱིས་བསྐུལ་ནས་གཏོར་མནན་བྱ་བའི་སོ་སོའི་དམིགས་བསལ་གྱི་འབྱིན་འཇུག་ཤེས་དགོས། བསྙེན་ཚད་ས་ཡ་(༡༥ན)


GLG023_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་གསུངས་པ་རྙིང་ལུགས་ལ་བྱེ་བ་སྔོན་དུ་གཏོང་སྲོལ་ལྟར་ན་ཞག་གཅིག་ལ་ཡིག་དྲུག་ཁྲི་ཚོ་གསུམ་འགྲོ་བར། ལོ་རྐྱང་དགུ་བཤོལ་གྱི་ཟླ་བ་གསུམ་ཞག་གསུམ་ཉི་མའི་གསུམ་ཆ་རྣམས་ལ་དུང་ཕྱུར་འགྲོ་བ་སྔགས་འདི་དང་མ་ཎི་ཕྱེད་དང་དྲུག་སྐོར་བརྩིས་ན་ཟླ་བཤོལ་དང་བཅས་པའི་ལོ་ཉེར་བཞི་ཟླ་བ་བདུན་ཉི་མའི་གསུམ་ཆ་གཉིས་དགོས་པ་སྒྲུབ་པ་པོར་མ་ཟད་ལྷ་ཡང་སྐུ་ཐང་ཆད་དོགས་འདུག་ཅིང་སྤྱི་དང་མཐུན་པའི་ས་ཡ་ལ་ལོ་གཉིས་ཟླ་བ་ལྔ་ཞག་བཅུ་དགུ་ཉི་མའི་དྲུག་ཆ་གཅིག་དགོས་ཤིང་། འབྲུ་འབུམ་ལ་ལོ་གཅིག་ཟླ་བ་བདུན་ཞག་གཅིག་ཉི་མའི་དྲུག་ཆ་བཞི་རྣམས་བྱུང་། གསེར་ཆོས་ནཱ་རོ་མཁའ་སྤྱོད་ཀྱི་འབྲུ་འབུམ་ལོ་གསུམ་ཙམ་དགོས་པ་ཤས་ཆེ་བ་ལེགས་སྦྱར་གྱི་སྔགས་རིང་ཆ་སོགས་ལ་ཞིབ་མོར་བྱས་པ་སྣང་བ་སྔ་འགྱུར་ལ་འགྲོ་ལྡིང་དང་ཤ་ཟ་སོགས་སྐད་རིགས་སྣ་ཚོགས་པས་མྱུར་བ་ཡོང་རིགས་ཡིན་ནམ་སྙམ་དེ་ཙམ་མ་ལྕོགས་ན་འབུམ་ཕྲག་བཅུ་ལ་ལས་རུང་དང་གྲངས་དང་དུས་ལས་རྟགས་གཙོ་ཆེ་བས། རྒྱུད་ལས། མཁར་བརྩིག་པ་དང་གོ་ཁྲབ་གྱོན་པ་དང་མཚོན་ཐོགས་པ་དང་གཡུལ་དམག་འགྱེད་པ་དང་རྡོ་རྗེའི་རྫོང་བརྩིག་པ་དང་འཐབ་པ་ལས་རྒྱལ་བ་དང་བྲག་བཤིག་པ་དང་ཤིང་བཅད་པ་དང་ཁམས་གསུམ་ཀུན་ལས་རྒྱལ་བ་རྨི། དེ་ལྟར་བྱུང་ན་འགྲུབ་པའི་རྟགས་ཞེས་དང་། སྐུ་ཡི་རྟགས་སུ་འདི་ལྟར་ལགས། །མཚོ་ཡི་ཁ་ལ་བསྡད་པ་དང་། །གངས་དཀར་རྩེ་ལ་འཛེག་པ་དང་། །གོས་དཀར་གྱོན་དང་མེ་ཏོག་མཐུ། །དེ་ལྟར་བྱུང་ན་སྐུ་ཡི་རྟགས། །གསུང་གི་རྟགས་སུ་འདི་ལྟར་ལགས། །ལུས་ལ་མེ་འབར་མཚོན་ཆ་ཐོགས། །རོལ་མོའི་བྱེ་བྲག་དཀྲོལ་བ་དང་། །ལོ་ལེགས་མཆོད་རྟེན་བསྐོར་བ་སོགས། །དེ་ལྟར་བྱུང་(༡༥བ)


GLG023_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ན་གསུང་གི་རྟགས། །ཐུགས་ཀྱི་རྟགས་སུ་འདི་ལྟར་ལགས། །བདུད་རྩི་འཐུང་དང་ཆོས་ཤེས་དང་། །ཉི་ཟླ་འཆར་བ་ཐུགས་ཀྱི་རྟགས། །ཞེས་དང་། རྒྱས་པར་བྱ་ལམ་ནས་བྱུང་བ་ལྟར་རོ། །བསྙེན་པ་ཐེངས་ནས་ཏིང་ངེ་འཛིན་གོང་ལྟར་ལ་སྲུང་སྔགས་ཤམ་བུ་འདོགས་ལུགས་རྗེ་རཏྣའི་མཚན་ཅན་གྱི་སྔགས་འགྲིག་དང་གསུང་རྒྱུན་ལྟར་སྲུང་སྔགས་ཞག་བདུན་ཙམ་ཇི་ལྟར་འོས་པའི་ཐུན་ཐམས་ཅད་ཀྱི་མཐར་ཐུན་གཏོར་ལ་དགུག་བྲན་བརླབས་པའི་སྲུང་བའི་ཐུན་ཕུལ་ཤམ་བུ་དང་བཅས་སྲོད་ཐུན་མ་གཏོགས་པའི་ལྔ་པོར་མདུན་བསྐྱེད་ལ་འབུལ་ཞིང་། སྲོད་ཐུན་ལ་དགྲ་ཕྱོགས་སུ་འཕེན། འཕང་ཕྱིན་ལས་གཤིན་ཡ་མ་རཱ་ཛའི་དམིགས་པ་རྗེ་དབུར་སྨྱོན་གྱི་བཞེད་པ་ལྟར་འདིར་སྦྱོར་བ་འཐད་པར་སེམས་ཤིང་། ལུགས་གཉིས་ཀའི་ཁུངས་ནི་གདམས་པ་གནད་ཀྱི་ཤོག་དྲིལ་ལས། གྲུ་གསུམ་རྡོ་རྗེ་གདན་ལ་ཐུག་པའི་འོག་རྒྱ་མཚོ་ཆེན་པོའི་ནང་དུ་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་ཁྲོས་པའི་མགོ་བོ་གསུམ་ནི་གཡས་སེང་གེའི་མགོ །གཡོན་ཕག་མགོ་ནག་པོ་དབུས་ཞལ་ཆུ་སྲིན་གྱི་གདོང་ལ། ཡ་ཐོད་གནམ་ལ་མ་མགལ་ས། མཆེ་བ་སྤུ་གྲི་ལྟར་རྣོ་བའི་ངར་དང་ལྡན་པ་ཞིག་འོག་ཏུ་ཁ་གདངས་ནས་ཡོད་པར་བསམ་ཞེས་བཤད་དོ། །བཟློག་པ་ནི། བཟློག་པའི་ཤོག་དྲིལ་ཟླ་བའི་དོན་ནི། གཤིན་རྗེ་རྟ་མགྲིན་བྱ་ཁྱུང་རྣམ་གསུམ་ལ། །དུས་གསུམ་རྒྱལ་བ་ཡི་དམ་ཞི་ཁྲོས་བསྐོར། །ཞེས་རྐང་པ་གཉིས་འཇུག་དགོས་པར་མ་ཟད་དྲག་པོའི་ལས་ལ་བསྔགས་པ་རྒྱུད་ལས། ཕྱི་སྒྲུབ་ལྷ་གསུམ་འདི་ལྟར་ལགས། །འཇམ་དཔལ་ཐུགས་སྤྲུལ་འཆི་བདག་ལགས། །མུ་སྟེགས་བསྟན་པ་བཤིག་དོན་དུ། །འཆི་བདག་གཏད་ཁྲམ་དཀོར་ལ་དབང་། །མུ་སྟེགས་བསྟན་པ་བཤིག་དོན་དུ། །རྟ་མགྲིན་ཐུགས་སྤྲུལ་ཚེ་བདག་ལགས། །ཚེ་བདག་རླུང་གི་ལས་ལ་དབང་། །མུ་སྟེགས་བསྟན་པ་ཤིག་དོན་དུ། །ཕྱག་རྡོར་(༡༦ན)


GLG023_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་སྲོག་བདག་ལགས། །སྲོག་བདག་ལས་སྦྱོར་མནན་སྲེག་སྐོར་ལ་དབང་། །ལྷ་གསུམ་འདུས་པ་ཁྲོ་ཆུ་དུག་སྡོང་ཡིན། །དྲག་པོའི་ལས་རྣམས་ཀུན་ལ་དབང་། །ཞེས་བཤད། སྒོ་བསྲུང་བསྒྱུར་བ་བཟློག་པའི་ཤོག་དྲིལ་ཟུང་གི་དོན་ནི། གཤིན་རྗེ་དམར་ནག་རལ་གྲི་ཞགས་པ་འཛིན། །ཞེས་བརྗེ་ཞིང་བསྐལ་བཟང་གི་སངས་རྒྱས་སྟོང་ཀྱང་ཁྲོ་བོར་བསྒྱུར་བ་མན་ངག་གོ །རང་ཉིད་གཤིན་རྗེ་ཁྲོ་ཆུར་གསལ་བ་ཡི། །སྤྱི་བོར་གཤིན་རྗེ་འཆར་ག་ནག་པོ་ནི། །ཞལ་གཅིག་ཕྱག་གཉིས་མཆོད་རྟེན་བསྣམས་པ་ཡིས། །སྟེང་ཕྱོགས་ལྷ་ཡི་གདུག་པ་བཟློག་པར་བྱེད། །མགྲིན་པར་གཤིན་རྗེ་འཇོམས་བྱེད་འབར་བ་ནག །གཡས་པ་མཆོད་རྟེན་གཡོན་པ་དགྲ་སྟ་བསྣམས། །བར་སྣང་གཉན་གྱི་གདུག་པ་བཟློག་པར་བྱེད། །སྙིང་གར་གཤིན་རྗེ་ཚེ་བདག་ནག་པོ་ནི། །ཞལ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་རྔམས། །གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ་དང་། །གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་བརྡེག །འོག་ཕྱོགས་ཀླུ་ཡི་གདུག་པ་བཟློག་པར་བྱེད། །གསང་བར་གཤིན་རྗེ་ཁ་ཐུན་ནག་པོ་ནི། །ཕྱག་གཉིས་ལྕགས་པར་བསྣམས་ནས་དགྲ་ཤ་ཟ། །སྡེ་བརྒྱད་དྲེགས་པའི་གདུག་པ་བཟློག་པར་བྱེད། །དཔུང་གཡས་གཤིན་རྗེ་ཁྲག་མཚོ་ཁོལ་མ་ནི། །ཕྱག་གཉིས་ཉི་ཟླ་ཆ་ལང་ལྟར་བརྡེབ་པས། །བྱད་མའི་ཤ་ཁྲག་ཉལ་ཉལ་རབ་སྟེར་ཞིང་། དགྲ་གདོན་ཕོ་རྒྱུད་ཚོགས་རྣམས་བཟློག་པར་བྱེད། །དཔུང་གཡོན་གཤིན་རྗེ་རལ་པ་ཚར་དགུ་ནི། །མདོག་ནག་ཕྱག་གཡས་ཁྲམ་ཤིང་གཡོན་ནད་རྐྱལ། །ཐོགས་ནས་བྱད་མ་ལྷར་བཅས་ཁྲམ་ལ་འདེབས། །དགྲ་བགེགས་མོ་རྒྱུད་ཚོགས་རྣམས་བཟློག་པར་བྱེད། །(༡༦བ)


GLG023_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་བ་སྤུའི་གསེབ་ནས་ཁྲོ་ཆུང་ཚོགས། །མཚོན་ཐོགས་གྲངས་མེད་སྐར་ལྟར་འཕྲོས་པ་ཡིས། །བྱད་མ་ལྷར་བཅས་བཟློག་ཅིང་གསོད་པར་བྱེད། །གཤིན་རྗེ་སྡེ་དྲུག་དུག་གསུམ་ཁྲོས་པ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅས་རྣམས་ཀྱང་། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་ཅིང་། །བ་སྤུའི་གསེབ་ནས་མཚོན་ཆ་སྣ་ཚོགས་པ། །འཕྲོས་པས་དགྲ་གདོན་བཟློག་ཅིང་གསོད་པར་བྱེད། །གུར་ཁང་ཕྱི་རོལ་གནམ་ལྕགས་ལས་གྲུབ་པའི། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་གཉིས་དང་བཅུ། །གཡས་སུ་འཁོར་བས་བྱད་མ་ལྷ་སྲུང་བཅས། །བླ་སྲོག་གཅོད་ཅིང་ཤ་ཁྲག་འཐོར་བར་བྱེད། །རྩིབས་ལ་མ་རེག་ཙམ་དུ་ཁྲོ་ཆེན་བཅུ། །ཤར་དུ་གཤིན་རྗེ་མཐར་བྱེད་ནམ་མཁའི་མདོག །གཡས་པ་རྡོ་རྗེ་གཡོན་པ་ཐོ་བ་བསྣམས། །ལྷོ་རུ་ཤེས་རབ་མཐར་བྱེད་དུང་གི་མདོག །གཡས་པ་ཐོད་དབྱུག་གཡོན་པ་སྡིགས་མཛུབ་གཟིར། །ནུབ་ཏུ་པདྨ་མཐར་བྱེད་བྱུ་རུའི་མདོག །གཡས་པ་པདྨ་གཡོན་པ་བསྡིགས་མཛུབ་གཟིར། །བྱང་དུ་བགེགས་ཚོགས་མཐར་བྱེད་མུ་མེན་མདོག །གཡས་པ་རྡོ་རྗེ་གཡོན་པ་སྡིགས་མཛུབ་གཟིར། །ཤར་ལྷོར་འདོད་རྒྱལ་སྔོ་ནག་གཡས་ལྕགས་ཀྱུ། །ལྷོ་ནུབ་དབྱུག་པ་སྔོན་པོ་གཡས་དབྱུག་ཏོ། །ནུབ་བྱང་སྟོབས་ཆེན་མཐིང་ནག་གཡས་རྡོ་རྗེ། །བྱང་ཤར་མི་གཡོ་བམ་ཤིང་གཡས་རལ་གྲི། །སྟེང་དུ་ཧཱུཾ་མཛད་སྔོན་པོ་གཡས་རྡོ་རྗེ། །འོག་ཏུ་གནོད་མཛེས་མཐིང་ནག་གཡས་གཏུན་ཤིང་། །གཡོན་རྣམས་སྡིགས་མཛུབ་དགྲ་གདོན་བགེགས་ཚོགས་གཟིར། །ཀུན་ཀྱང་སྟག་ཤམ་དུར་ཁྲོད་ཆས་ཀྱིས་བརྒྱན། །ཞལ་ཕྱིར་གཟིགས་ནས་བཟློག་པའི་ལས་མཛད་ཅིང་། །བྱད་མ་ལྷར་བཅས་རྦད་གཏོང་བྱོལ་ཟོར་སོགས། །གཞན་གྱི་སྦྱོར་ངན་བགེགས་དང་གནོད་བྱེད་ཚོགས། །ཕར་ལ་བཟློག་ཅིང་མེ་ལྕེར་སྦྲང་མ་ལྟར། །ཐལ་བར་བརླག་ཅིང་ཕྱི་ཡི་(༡༧ན)


GLG023_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེའི། །ཕ་མཐར་བསྐྲད་ཅིང་བསད་བཅད་གཏུབས་གཏོར་ནས། །མིང་ཡང་མེད་པར་སྐད་ཅིག་བརླག་པར་གྱུར། །བདག་དང་ལྷ་རྣམས་སྐུ་ལས་རང་འདྲ་བའི། ཁྲོ་ཚོགས་གྲངས་མེད་ནད་མཚོན་ཐོགས་སྤྲོས་པས། །བྱད་མ་ལྷར་བཅས་ཕར་བཟློག་བསད་ཅིང་བསྒྲལ། །འབྱུང་བཞིས་ཚར་བཅད་ལྷག་རྣམས་རྒྱ་མཚོའི་མཐར། །བསྐྲད་ཅིང་མཚམས་བཅད་ཚུར་མི་བཟློག་པར་གྱུར། །ཞེས་ས་མཱ་དྷི་དང་བཅས་སྔགས་འགྲིག་བཞིན་བཟློག་སྔགས་ཞག་བདུན་སོགས་ཅི་རིགས་བཟླ། ཇ་སོགས་ཀྱི་དུས་ཐལ་རྡེབ་དང་དམོད་པ་བྱ་ཞིང་ཐུན་གཏོར་གཏོང་ལུགས་དངོས་གཞི་སྲུང་བ་དང་འདྲ་བ་ལ་མདུན་བསྐྱེད་ལ་བསྔོས་རྗེས་བཟློག་པའི་ཤམ་བུ་ཅན་གྱིས་བསྐུལ་ནས་དགྲ་ཕྱོགས་སུ་འཕང་ངོ་། །དེ་ལྟར་ལུས་དཀྱིལ་ལ་ལྷ་རྣམས་བཀོད་པའི་དགོས་པ་ནི་ལྷ་དེ་རྣམས་ཀྱི་བྱང་དུ་བདག་ཉིད་བཏབ་པ་སོགས་ཡོད་ན་ལྷ་དེ་རྣམས་བཙོན་དུ་བཟུང་བའི་དགོས་པ་ཡོད་ཅིང་ལྷ་དེ་རྣམས་བྱད་མ་ཁོ་རང་གི་རང་གཤེད་དུ་འབེབས་པ་ཡིན་ནོ། །ལུས་དཀྱིལ་འགོད་པ་དང་ཁྲོ་བོ་བཅུ་བསྐྱེད་པ་འདི་བཟློག་པའི་དུས་མ་གཏོགས་གཞན་ནམ་དུ་ཡང་མི་དགོས་སོ། །དེ་ལྟར་བཟློག་པའི་དམིགས་པ་སྔགས་དང་བཅས་པ་འདི་ནི་ཁྲོ་བཅུའི་བཟློག་པ་རི་རབ་ཁོང་མྱུལ་གྱི་དོན་ཡིན་པ་རིགས་འཛིན་ཆོས་ཀྱི་གྲགས་པའི་མན་ངག་གོ །ཏིང་ངེ་འཛིན་གྱི་སྲུང་བཟློག་འདི་ཙམ་བསྙེན་པའི་མཇུག་དང་སྦྲེལ་ན་ལེགས་ཤིང་མཐའ་གཅིག་ཏུ་བྱེད་དགོས་པའི་ངེས་པ་མེད། སྤྱིར་འདི་ཉིད་ལ་མཆོད་རྟེན་དཀར་ནག །ཐོད་པ་ཞལ་དབྱེ། བསད་ཁང་གཅིག་མ་དང་བཅོ་ལྔ་མ་སོགས་གང་འཚམ་ལ་བརྟན་པའི་སྲུང་བཟློག་བསད་མནན་སྲེག་ཟོར་གྱིས་མཚོན། ཙིཏྟ་རླུང་འཁོར། འགོམ་ཆོག །དགྲ་སྲི་མནན་པ། (༡༧བ)


GLG023_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དགུ་འགྱུར། དུ་བ་རླུང་ཞོན་སོགས་ལས་ཕྲན་མང་དུ་ཡོད་པ་གནུབས་ཆེན་བརྒྱུད་པའི་ཟབ་ཆོས་ལ་ནང་བྱན་ཆུད་པའི་རིག་སྔགས་འཆང་བ་ཞིག་གི་དྲུང་དུ་ས་སེར་རྡོ་སྔོན་ལྕགས་གོས་ཀྱི་ཡོན་དང་བཅས་འབད་པས་འཚོལ་བར་རིགས་སོ། །གསུམ་པ་མཇུག་ནི། དངོས་གྲུབ་ལེན་པར་གསལ་ཁ་མ་བྱུང་ཀྱང་སྔ་འགྱུར་གྱི་ཕྱོགས་སུ་དར་རྒྱས་ཆེ་ཞིང་བསྙེན་སྒྲུབ་ཀྱི་འབྲས་བུ་དངོས་གྲུབ་བླང་བ་ཡིན་པས། ཚེ་ཟན་། ཚེ་རིལ། ཚེ་ཆང་། ཟླ་ཁྲོམ། ཟླ་རྒྱས། ཐུན། སི་ཐོག །སྤང་ན་སྐྱེས་སོགས་བཟའ་བཅའ་སྣ་ཚོགས་བཤམ། གཏེར་ཁ་གཞན་ནས་བྱུང་བའི་དངོས་གྲུབ་ཀྱི་སྔགས་དམིགས་བསྐུལ་བ་སོགས་སྦྱར། སྒྲུབ་གཏོར་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལེན་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། གཏའ་གཏོར་བསྙེན་པའི་སྟོད་སྨད་བར་གསུམ་གང་འོས་སུ་རྟགས་བཟང་བ་བྱུང་ན་དུས་དེར་གཏོར་ཡང་སླར་དེ་ཚབ་དགོས་པ་འདི་དུས་དབུལ། ཚོགས་བསྐང་བ། མངའ་གསོལ། གཏང་རག་མཆོད་པ། ནོངས་པ་བཟོད་གསོལ། རྟེན་རྣམས་ལ་བརྟན་བཞུགས་དང་རྟེན་མེད་རྣམས་གཤེགས། སྨོན་ལམ། བཀྲ་ཤིས་བྱ། སྒྲུབ་གཏོར་གྱི་འཁོར་ལོ་དང་ཕུར་པ་རྣམས་རང་གི་ལུས་ལ་འཆང་། མདུན་དཀྱིལ་བསྡུས་ཀྱང་སྒྲུབ་གཏོར་ཤས་པ་རྣམ་པ་གསུམ་གྱི་ཚུལ་དུ་བཞུགས་སུ་གསོལ། འཛིན་གཏོར་ལོ་རེར་བརྗེ་ཞིང་རྒྱུན་གྱི་གཏོར་བསྔོས་དང་དགུ་གསུམ་ལ་དུས་གཏོར་རམ་ཐ་མའང་ཉེར་དགུ་ལ་བཟང་བ་དང་ཕྲལ་དུ་ལྷའི་བསྐྱེད་རིམ་དང་བསྙེན་པ་མ་ཆག་པ་བྱ་བ་སོགས་ལྷ་སྒྲུབ་གཞན་ལྟར་བྱེད་ཅིང་། ལྷ་དང་བླ་མར་སོམ་ཉི་སྤངས་པའི་ཡིད་ཆེས་པའི་མོས་གུས་དང་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པ་དུས་དང་ཡུན་དུ་བགྱིད་པ་དང་བསྙེན་སྒྲུབ་ལག་ལེན་ཕྲ་ཞིབ་རྣམས་(༡༨ན)


GLG023_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལས་འབྱུང་བ་ལྟར་ལ་ཁྱད་ཆོས་ཡུགས་ས་མར་མི་སྤྱོད། མཚམས་ཁང་དུ་བུད་མེད་དང་ཁྱིའི་རིགས་མི་གཏོང་བས་མཚོན་སྤང་བླང་མཐའ་དག་ཞིབ་མོར་དཔྱོད་པ་གཅེས་སོ། །ཕྱི་ནང་བན་བོན་རྦོད་གཏོང་མཁན་པོའི་བྲག །འཇམ་དཔལ་ཁྲོས་པ་དུས་དགྲའི་གནམ་ལྕགས་ཐོག །ཁྲོ་ཆུ་ཁོལ་མའི་ཟེགས་མ་ཕྱོགས་བརྒྱ་རུ། །འཐོར་ཚེ་ཡིད་སྲུབས་མྱ་ངན་ཁང་བུར་བརྒྱལ། །རྒྱ་བལ་པཎ་གྲུབ་ཞལ་གྱི་བདུད་རྩིའི་བཅུད། །གནུབས་ཆེན་ཐུགས་ཀྱི་སྒྲོམ་བུར་ཉེར་གབ་གཏེར། །ཞང་ཁྲོམ་ཕྱག་རྒྱས་བཀྲོལ་བ་ཐུབ་པའི་བསྟན། །རིང་གནས་ནག་པོ་མཐུ་ཡི་ལྕགས་རི་བཙན། །ཐོར་ཚུགས་དམར་པོའི་རྩ་ཆིངས་གོས་དཀར་ཀླུབས། །ལྕགས་ཕུར་དར་ནག་ཀླུང་བསྐྱོད་རྐེད་པར་ལྡན། །ཐུན་དོང་རཀྴའི་ཕྲེང་འཛིན་སྔགས་འཆང་གིས། །སྔོན་དུས་གངས་ཅན་དཔལ་མོའི་ལྟོ་བ་ཁེངས། །སོ་ཟུར་གནུབས་ལུགས་སྨིན་གྲོལ་མན་ངག་དང་། །རྒྱུད་བཤད་བསྟན་དང་རང་རྟགས་ཆ་བྱད་ཀུན། །ཉི་གཞོན་འཆར་ཀའི་མཁའ་ལ་རྒྱུ་སྐར་བཞིན། །བཙལ་ཡང་རྙེད་དཀའི་དུས་འདིར་སྐལ་ངན་བྱས། །བྱེ་བྲག་ཕྱོགས་འདིར་དཀར་བའི་བློ་གྲོས་ཟླས། །ཟབ་དོན་ཨུཏྤལ་འཛུམ་པ་སྔོན་མང་ཡང་། །དེང་སང་ཕལ་ཆེར་རྨོངས་ཆེན་མུན་པ་ཡིས། །ལན་བརྒྱར་བྱུགས་པའི་ཚུལ་ལ་བཞིན་རས་སྨད། །གནུབས་བསྟན་དགུན་གྱི་ཆུ་ཕྲན་ལྟར་གྱུར་ཚེ། །ལྷ་སྲས་རྣམ་སྤྲུལ་རྗེ་བཙུན་རཏྣའི་ཞབས། །སྲོལ་འབྱེད་དུ་མ་རང་གྲོལ་ལ་སོགས་པས། །པདྨའི་སྐུད་ཕྲར་རྡོ་རྗེའི་སྲོག་ཐུངས་བྱིན། ཁྱད་པར་བཀའ་གཏེར་རིང་ལུགས་གངྒཱའི་རྒྱུན། །སྔ་འགྱུར་རྒྱ་མཚོར་ཆད་མེད་འབབ་པའི་དྲིན། །ནོརའཛིན་གསེར་གྱིས་བཀང་ཡང་འཇལ་དཀའི་ཡུལ། །ཟུར་ཆེན་འཇམ་དབྱངས་(༡༨བ)


GLG023_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཁྱོད་མིན་སུ། །ཞྭ་སེར་བསྟན་པའི་ས་སྲུངས་གླང་པོའི་སྟེང་། །བགྲང་ཡས་ཤེས་བྱར་ལྟ་བའི་མིག་སྟོང་ང་། །བཅུ་ཕྲག་རིག་གནས་སྦྱོང་ལ་རབ་བྲེལ་བར། །མཐུ་མཁན་རྒན་པོའི་གཡར་ཁྲལ་ཅི་ཕྱིར་བབས། །འོན་ཏེ་སོ་དཀར་ཙམ་ནས་ཚེ་བདག་སོགས། །གཤིན་རྗེའི་རྒྱུད་ལུང་མན་ངག་མང་ཐོས་པས། །སྐྲ་དཀར་ལང་ཚོ་ཡོལ་ཡང་རྣམ་དག་ཚིལ། །ཕྲེང་བར་སྤེལ་ལ་བློ་གྲོས་མི་དོག་ཡངས། །གྲགས་འདོད་བཞིན་རས་ལས་བྱང་ཆུས་བཀྲུས་ཀྱང་། །ནུས་ལྡན་མཛེས་ཆོས་སྒྲུབ་པའི་ལུས་ཕྲའི་ཚོགས། །སྙན་བརྒྱུད་མུ་ཏིག་སྦྲེལ་ལེགས་འཁོར་ལོ་འདིས། །གཞན་ཡིད་འགུགས་པའི་ལྕགས་ཀྱུ་བྱེད་དང་སྙམ། །འཆི་བདག་གཤིན་རྗེའི་རྣམ་པར་ཉེར་བསྟན་པ། །ངེས་པའི་དོན་དུ་འཇམ་དཔལ་ཀུན་ཏུ་བཟང་། །བསྐྱེད་དང་རྫོགས་པའི་རྣལ་འབྱོར་ལ་གོམས་པས། །མཁའ་མཉམ་སྐྱེ་དགུ་མ་ལུས་གྲོལ་བར་ཤོག །ཅེས་རིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀ་འདི་ནི་སྔ་འགྱུར་བསྟན་པའི་ཉི་མ་ཆེན་པོ་རིགས་འཛིན་སྤྲུལ་པའི་སྐུ་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུའི་སྡེའི་གསུང་གིས་བསྐུལ་བ་ལྟར་དྲིན་ཅན་བླ་མ་ཁྱབ་བདག་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་དབང་ལུང་ཕྱག་བཞེས་དམར་ཁྲིད་དང་ལུང་རྒྱུན་ཐོར་བུ་ལུས་པ་རྣམས་སྔགས་འཆང་དཀོན་མཆོག་ལྷུན་གྲུབ་ཀྱི་རྒྱུན་ལས་མཁས་གྲུབ་ཁྲ་ཚང་པ་ཆེན་པོར་ཐོས་ཤིང་། རཏྣ་གཉིས་པ་མཚུངས་མེད་ཆོས་ཀྱི་གྲགས་པའི་ཐུན་མོང་མ་ཡིན་པའི་གསུང་རྒྱུན་རྣམས་བན་གྲོང་སྔགས་འཆང་མཆོག་གྲུབ་རྒྱལ་པོར་ཕྱག་ཁྲིད་ཞུན་ཐར་བཅད་པས་གཤིན་རྗེ་མཁན་པོའི་གྲལ་དུ་སྡོད་པ་ལ་མ་ནོངས་པའི་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་(༡༩ན)


GLG023_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མེ་སྦྲུལ་ཧོར་ཟླ་བརྒྱད་པའི་ཁྲག་འཐུང་རྣམ་པར་རོལ་བའི་ཚེས་ལ་རྒྱལ་ཁབ་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིགས་འཛིན་གྱི་བཙུན་པ་འཇམ་དབྱངས་གྲགས་པས་བགྱིས་ཤིང་། དུས་དབང་གིས་གལ་ཆུང་ཆོས་ལ་བྱེད་པར་མ་ཟད་གཤེད་སྐོར་འདི་ཉིད་དཀོན་ཞིང་གདམས་པ་རྣམས་ཁ་འཐོར་བའི་ཉག་ཕྲ་བར་སྣང་བས་ཞལ་ཤེས་ཡིག་ཆུང་གིས་ལེགས་པར་བརྒྱན་ནས་གསལ་བར་བཀོད་པ་བརྒྱུད་པའི་ཁུངས་ལ་མི་སེམ་ཞིང་། རང་གི་གེགས་སེལ་ཙམ་དུ་རྨ་ཁར་ཕན་ན་ཁྱི་ཚིལ་དུ་བྱེད་པ་སོགས་སྣོད་མིན་ལ་གསང་ཞིང་སྦ་བའི་བཀར་རྒྱ་ཡོད་པས་འཆོལ་པར་སྤྱོད་ན་འཆི་བདག་ལས་ཀྱི་གཤིན་རྗེས་ཚར་ཆོད་ཅིག་གུ་ཧྱ་ས་མཱ་ཡཱ། །སརྦ་མངྒ་ལཾ།། །།


previousརིགས་གསུམ་འདུས་པ་འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བསྙེན་པའི་ཡི་གེ་རིན་ཆེན་ཀེ་ཏ་ཀnext