Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ།next

འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ།


GLG023_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བཞུགས་སོ། །


GLG023_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་གསུམ་ཀུན་འདུས་དུག་སྡོང་གཤིན་རྗེ་གཤེད། །བཅོམ་ལྡན་ཐུབ་ཆེན་ཤཱཀྱ་སེང་གེའི་ཞབས། །དགེ་སློང་འཆར་ཀ་ཉན་ཐོས་སྡེ་ཡི་གཙོ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །ཟླ་གསང་མངའ་བདག་འཇམ་དཔལ་བཤེས་གཉེན་ཞབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །སྡེ་བརྒྱད་བྲན་འཁོལ་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གཤིན་རྗེ་གཤེད་དངོས་སློབ་དཔོན་ནོར་བུ་འཛིན། །དྲག་སྔགས་ཀུན་གྱི་བཀའ་བབས་གནུབས་བན་ཞབས། །ཟབ་གཏེར་བསྟན་པ་རྒྱས་མཛད་རྒྱ་ཞང་ཁྲོམ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །ཐུགས་ཀྱི་སྲས་མཆོག་དོན་ཡོད་རྡོ་རྗེ་དཔལ། །རིག་སྔགས་གྲུབ་པ་རོལ་པའི་རྡོ་རྗེ་དང་། །གསང་སྔགས་འཆང་བ་ཀརྨ་སིདྡྷི་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །སློབ་དཔོན་ཆེན་པོ་དཀའ་བཞིའི་མཚན་ལྡན་དང་། །གྲུབ་པ་མཆོག་བརྙེས་ཉི་མ་བཅུ་དྲུག་པ། །ཟབ་དོན་བཀའ་བབ་ཀུན་དགའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །སྦས་པའི་རྣལ་འབྱོར་བྱང་ཆུབ་དཔལ་མོ་དང་། །མཚུངས་མེད་ཚུལ་ཁྲིམས་རྒྱ་མཚོ་གུང་རད་པ། །ཆོས་རྒྱལ་འབྲི་གུང་གནམ་(༢ན)


GLG023_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་མེ་འབར་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །རས་ཆུང་རྣམ་སྤྲུལ་བཀྲ་ཤིས་རྒྱ་མཚོའི་ཞབས། །རིགས་འཛིན་ཆེན་པོ་ཀུན་དགའ་ཚེ་མཆོག་དང་། །རྗེ་བཙུན་ངག་དབང་ཡེ་ཤེས་གྲུབ་པ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །ཞང་ཁྲོམ་དངོས་སློབ་གནུབས་ཆེན་དར་མ་དབང་། །སྔགས་འཆང་གྷ་བ་ཤཱཀྱ་རྡོ་རྗེའི་ཞབས། །མཐུ་སྟོབས་ནུས་པའི་རྩལ་ལྡན་ཨ་གྲགས་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གྲུབ་པ་མཐར་ཕྱིན་སློབ་དཔོན་ཨ་ཝཾ་མཚན། །བརྟུལ་ཞུགས་གྲུབ་པ་ཨཀྵོ་བཛྲ་དང་། །བསྙེན་སྒྲུབ་མཐར་ཕྱིན་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །རིགས་གསུམ་ལྷ་ཡིས་རྗེས་གཟུང་བྲག་ལ་བ། །རབ་འབྱམས་འཕྲིན་ལས་ཀུན་འགྲུབ་ཨ་རྡོར་དང་། །བདུད་དཔུང་མཐར་བྱེད་རྒྱ་སྟོན་ནམ་མཁའ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །བརྒྱུད་པ་ཀུན་འདུས་ཟུར་ཆེན་ཐམས་ཅད་མཁྱེན། །གདམས་པའི་ཁ་འགེང་ཕུར་པ་བཀྲ་ཤིས་དང་། །རིག་སྔགས་འཆང་བ་པདྨ་དབང་རྒྱལ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །འགྲན་ཟླ་གཉིས་པ་དབུར་སྨྱོན་ཆོས་ཀྱི་གྲགས། །མཁྱེན་བརྩེ་ནུས་ལྡན་དཀོན་མཆོག་ལྷུན་གྲུབ་དཔལ། །རིགས་ཀུན་བདག་པོ་བློ་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །མདོར་ན་སྲོག་དབང་ཀླག་ལུང་མན་ངག་(༢བ)


GLG023_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཕྲ་ཞིབ་དམར་འཁྲིད་སྟོན་པའི་ཡོངས་འཛིན་ཚོགས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །རིགས་གསུམ་ཀུན་འདུས་འཇམ་དཔལ་གཤིན་རྗེ་གཤེད། །ཁྲོ་ཆུ་དུག་སྡོང་སྲོག་དབང་བྱིན་རླབས་ཀྱིས། །བདག་རྒྱུད་སྨིན་ནས་ལམ་འདིའི་མཆོག་ཀུན་གྱི། །ལས་རྣམས་ཐོགས་པ་མེད་པར་ལྷུན་གྲུབ་ཤོག །སྲུང་བའི་གུར་ཁང་བཅུ་གསུམ་རྡོ་རྗེའི་མཁར། །ཡིད་སྲུབས་དཔུང་གིས་འཇིག་པར་མི་ནུས་པས། །བདག་སོགས་དམིགས་བྱ་མཐའ་དག་གཞོམ་ཞིག་དང་། །བྲལ་བའི་འཆི་མེད་རིགས་འཛིན་འགྲུབ་པར་ཤོག །མུ་སྟེགས་བན་བོན་མཐུ་བྱད་སྒྱོགས་ཀྱི་འཕྲུལ། །ཕྱིར་བཟློག་རྡོ་ཡིས་བར་སྣང་ལ་བཅག་ནས། །རྦོད་གཏོང་མཁན་པོར་རྦད་འདྲེ་རིག་སྔགས་ཀྱི། །རྣོ་དབལ་རང་གཤེད་ཐོག་ཏུ་འབེབས་པར་ཤོག །བསམ་སྦྱོར་ངན་པས་རྫས་སྔགས་ཏིང་འཛིན་གྱི། །འཁྲུལ་འཁོར་བྱེད་པོས་མཚོན་པའི་དགྲ་བགེགས་ཀུན། །གཡུལ་ངོར་གསོད་པ་འཆི་བདག་གཤིན་རྗེ་ཡི། །མངོན་སྤྱོད་ལས་སྦྱོར་མྱུར་དུ་འགྲུབ་པར་ཤོག །ཕས་རྒོལ་ཚེ་སྲོག་ནུས་སྟོབས་ཆུ་སྲིན་གྱི། །མགྲིན་པ་བཙོན་དོང་ནང་རུལ་མནན་པའི་ལས། །རི་བོ་རླུང་གིས་མི་བསྐུལ་བསྐལ་པའི་བར། །ནམ་ཡང་ལྡང་བར་མི་ནུས་ལས་འགྲུབ་ཤོག །བསྒྲལ་བྱ་སྒྲོལ་བྱེད་མཐའ་དག་སེམས་ཉིད་ཀྱི། །རྣམ་འཕྲུལ་སྒྱུ་མའི་སེང་གེས་གླང་པོའི་སྲོག །ཕྲལ་བ་ཇི་བཞིན་ཀ་དག་ཆོས་སྐུའི་ཀློང་། །དབྱེར་མེད་འཚེངས་གསུམ་དོན་དང་ལྡན་པར་ཤོག །ཕྱི་རོལ་དགྲ་བགེགས་བཅོམ་པའི་རྟེན་འབྲེལ་གྱིས། །ནང་དུ་དུག་གསུམ་སྲོག་རྩ་ཉེར་འཕྲལ་ཏེ། །རང་རིག་འཇམ་དཔལ་ཀུན་ཏུ་བཟང་པོའི་ཞལ། །མངོན་སུམ་མཇལ་བའི་(༣ན)


GLG023_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་མྱོང་བར་ཤོག །བརྩོན་འགྲུས་ལས་འཕྲོ་ཞན་པས་ཚེ་འདི་ལ། །མ་གྲོལ་འཆི་བ་འོད་གསལ་ཤར་བ་ན། །སྐྱབས་མགོན་གཅིག་ཆོག་གཤིན་རྗེ་གཤེད་པོ་ཡིས། །ཀུན་གཟིགས་དག་པའི་ཞིང་དེར་འཁྲིད་པར་ཤོག །འཁྲིད་བྱེད་ལྷ་དང་བགྲོད་བྱའི་གནས་རྣམས་ཀུན། །མེད་བཞིན་ཆུ་ནང་ཟླ་གཟུགས་ལྟར་ཤར་བ། །གནས་ལུགས་ངོ་འཕྲོད་འཇམ་དཔལ་རང་སེམས་ལས། །གཞན་མིན་ཐག་ཆོད་གདེངས་ཚད་རྙེད་པར་ཤོག །དེང་ནས་ཆོས་ཉིད་ཟད་པའི་ཕ་མཐའ་རུ། །འཁྱོལ་མིན་དེ་སྲིད་ལྷག་པའི་ལྷ་ཁྱོད་ཀྱིས། །རྗེས་བཟུང་བར་ཆད་མི་མཐུན་ཀུན་ཞི་ཞིང་། །འཁོར་འདས་ལེགས་ཚོགས་དོན་རྣམས་ལྷུན་གྲུབ་ཤོག །ཁྱད་པར་དྲག་སྔགས་བདག་པོ་གནུབས་ཆེན་གྱི། །བཀའ་གཏེར་གཤིན་རྗེའི་སྨིན་གྲོལ་རྒྱུད་བཤད་ལུང་། །སྒྲུབ་འཕྲིན་ཕྱག་བཞེས་མཐའ་དག་ཐུབ་བསྟན་གྱི། །བཙས་སུ་མི་ནུབ་དར་ཞིང་རྒྱས་པར་ཤོག །ཅེས་འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་ཆོག་གྲྭ་བ་རྣམས་ཀྱིས་བསྐུལ་ཞིང་། སོའི་སྔགས་འཆང་གནས་བྱུང་པ་གནམ་ལྕགས་ཟིལ་གནོན་དཔའ་བོས་བསྐུལ་བ་ལྟར་ཟུར་ཆེན་རྡོ་རྗེ་འཆང་གི་བཀའ་དྲིན་ལ་བརྟེན་ནས་ཆོས་ཚུལ་འདི་ལ་བློ་གྲོས་ཀྱི་སྣང་བ་ཅུད་ཟད་དཀར་བ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་བཞད་པ་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་འཆམས་དཔོན་དགེ་སློང་ངག་དབང་དཀོན་ཅོག་གོ །


previousའཇམ་དཔལ་ཁྲོ་ཆུ་དུག་སྡོང་ནག་པོའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ།next