Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ།
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ།next

གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ།


GLG023_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ་བཞུགས་སོ། །


GLG023_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་ཅིང་། །རིགས་གསུམ་ཀུན་འདུས་ཁྲོ་ཆུ་དུག་སྡོང་ནག །རྣལ་འབྱོར་རྒྱུན་འཁྱེར་ཉམས་སུ་བླང་བདེ་བ། །གནུབས་ཆེན་བརྒྱུད་པའི་བཞེད་པ་མ་ནོར་འདྲི། །དེའང་ཡི་དམ་འདི་ཉིད་ཀྱི་སྐུའི་མདུན་དུ་སྨན་རག་མཆོད་གཏོར་ཅི་འབྱོར་པ་བཤམ། སྟན་བདེ་བར་ཁ་ལྷོར་བལྟས་ཏེ། དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་ལྷ་དང་དཀོན་མཆོག་རིན་ཆེན་གསུམ། །གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་བཅས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་འཆི། །སྣང་གྲགས་ཆོས་རྣམས་རང་བཞིན་མེད་པ་ལ། །དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །དེ་ཕྱིར་བདག་ནི་གཤིན་རྗེའི་གཤེད་གྱུར་ནས། །དེ་དག་སངས་རྒྱས་ས་ལ་འགོད་པར་བྱ། །ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ། ཨྱཻ་ཡཱ། ཁྲོ་རྒྱལ་ཆེན་པོའི་སྤྲུལ་པའི་ཚོགས་རྣམས་ནི། ཁྲོ་མཚོན་འཁོར་ལོ་རྡོ་རྗེ་ཕུར་བུ་དང་། །ཐོ་བ་རལ་གྲི་དགྲ་སྟ་མེ་ཡི་ཚོགས། །ཕྱོགས་མཚམས་སྟེང་འོག་བར་མེད་ཀུན་ཏུ་གཏམས། །ཨཱོཾ་ཤྲཱི་ཡ་མ་ཀྲོ་ཏ་ཙཀྲ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཏིཀྵྞ་པ་ཤ་ཛྲ་ལ་རཾ་རཀྵ་ཧཱུཾ་ཕཊ། ཅེས་སྲུང་འཁོར་བསྒོམ། (༢ན)


GLG023_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟའི་བར་དང་། ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁ་ཧི་ཧཱུཾ་ཧྲཱིཿཋ། ཨཱོཾ་བྷ་ལིནྟ་ཧཱུཾ་ཧྲཱི༔ཋ། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱིཿཋ། ཞེས་མཆོད་པ་རྣམས་བརླབ། ཧཱུཾ། ཆོས་རྣམས་སྤྲོས་བྲལ་སྙིང་རྗེའི་རང་རྩལ་ལས། །རང་བྱུང་ཁྲོ་ཚོགས་མཐའ་མེད་ནམ་མཁའི་དབྱིངས། །ཚ་གྲང་རབ་འཁྲུག་མཚོན་ཆའི་བུ་ཡུག་འཚུབ། །དེ་ནང་ལྕགས་སྲེགས་མཚོན་ཆ་ཆོལ་པའི་ཁང་། །ཕྱི་རོལ་ཐོད་ཟླུམ་དུར་ཁྲོད་བརྒྱད་ཀྱིས་བསྐོར། །ཧ་ལའི་གུར་ཁང་རླུང་གི་སྤུ་གྲི་འཁོར། །དེ་ཕྱིར་ཁྲོ་བཅུའི་གུར་ཁང་བསྐལ་མེ་འབར། །དཀར་ནག་ཁྲོ་བོས་བསྲུང་དང་བཟློག་ལས་མཛད། །གཞལ་ཡས་ཁང་ནང་གཤིན་རྗེའི་གྲོང་ཁྱེར་ཆེ། །མཐིང་ནག་གྲུ་གསུམ་བསྣོལ་དབུས་མཚོན་ཆའི་ཚོགས། །དུག་ཕུར་ཁྲུ་སྟེང་པདྨ་ཟླ་ཉི་དང་། །མ་ཧེ་གཤིན་རྗེ་སྡེ་བརྒྱད་བདུད་ཀྱི་རིགས། །ཕྱི་ནང་ཡི་དམ་ཆོས་སྐྱོང་དགྲ་བགེགས་སྟེང་། །བདག་ཉིད་རྫུས་སྐྱེས་ལས་གཤིན་དམར་ནག་འཚེར། །ནག་དམར་ལྗང་ཞལ་གདངས་ཤིང་རྐན་སྒྲ་རྡེབ། །ལྗགས་འདྲིལ་མཆེ་གཙིགས་སྤྱན་བགྲད་སྨ་ར་དང་། །སྨིན་མ་དབུ་སྐྲ་(༢བ)


GLG023_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སེར་རབ་འབར་བ། །དབུ་སྟེང་དུག་ལྕགས་ཁྲོ་ཆུའི་མཆོད་རྟེན་ནང་། །དུས་གསུམ་སངས་རྒྱས་ཀུན་འདུས་རིགས་གསུམ་མགོན། །ཕྱག་དྲུག་གཡས་གསུམ་དགྲ་སྟ་གཡོན་ཙིཏྟ། །སྤུ་གྲི་རལ་གྲིའི་གཤོག་གདེངས་དུག་སྦྲུལ་དང་། །དུར་ཁྲོད་ཆས་བརྒྱན་སྲིད་རྩེ་མནར་མེད་བར། ཁྱབ་སྐུའི་ལྟེ་བར་གསལ་བྱེད་ཉི་ཟླ་འཆར། །རང་འདྲའི་སྤྲུལ་པ་བ་སྤུའི་གསེབ་ནས་འཕྲོ། །ལྟོ་བར་སྲིད་པའི་གྲོང་བཅས་ཁྲམ་ལ་འདབས། །སྐུ་རྐེད་ཆུ་སྲིན་ཞལ་ནས་ཕུར་པའི་དབལ། །སྦྲུལ་ཆུན་འཕྱང་རྩེ་ཉམས་པའི་སྙིང་ལ་གཟིར། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་གཉིས་མེད་ཀྱི། །སྤྲུལ་པ་སྡེ་དྲུག་ཕྱི་འཁོར་གཤིན་རྗེའི་ཚོགས། །སྐར་མདའ་འཁྲུག་པ་ལྟ་བུས་ཕྱོགས་བཅུར་སྐོར། །ཞེས་དམ་ཚིག་པ་གསལ་གདབ། ཨྱཻ་ཡཱ། ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །ལས་ཀྱི་གཤིན་རྗེའི་ཞིང་ཁམས་སུ། །ཚ་གྲང་འཁྲུག་པའི་དཀྱིལ་འཁོར་ནས། །སྤྱི་གཤེད་དུག་སྡོང་མཐུ་བོ་ཆེ། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །དྲག་པོའི་ཕོ་བྲང་དམ་པ་འདིར། །སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །ཡ་མ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པུ་ཧོཿ ཞེས་ཡེ་ཤེས་པ་སྤྱན་དྲང་ཞིང་སྟན་ལ་བཞུགས་པར་ཕྱག་བྱ། དུ་ཏྲི་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། གོང་གི་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཙ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཙ་ཁཱ་ཧི། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། སྔགས་མཐར་ཨི་དཾ་པ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་བྱད་མའི་དོན་སྙིང་ཝ་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྲོག་རྩ་སྙིང་རྩ་ཁྲག་རྩ་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། (༣ན)


GLG023_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མཆེད་གཟུགས་ཕུང་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྱད་མ་དགྲ་བགེགས་མི་ནོར་འཁོར་དང་བཅས་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་སྐྱེ་བ་བདུན་བརྒྱུད་ལ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕྱི་ནང་གི་མཆོད་པ་དབུལ། ཨྱཻ་ཡཱ། ངོ་བོ་དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རྣམ་པ་ལས་ཀྱི་གཤིན་རྗེ་མཐུ་བོ་ཆེ། །རིགས་གསུམ་དྲག་པོར་ཁྲོས་པའི་རྔམ་ཞལ་ཅན། ཁྲོ་ཆུ་དུག་སྡོང་འཁོར་དང་བཅས་ལ་བསྟོད། །ཅེས་པའམ་བསྟོད་པ་རྒྱས་པ་སྐབས་སྦྱར་བྱ། །སྙིང་གར་རྡོ་རྗེའི་ལྟེ་བར་སངས་རྒྱས་སྟོང་། །ཙིཏྟ་ཟུར་གསུམ་རིགས་གསུམ་ཁྲོ་ཚུལ་ཅན། །དེ་ནང་ལྕགས་རྡོར་ལྟེ་བར་འོད་ལྔའི་ཀློང་། །ཉི་ཟླའི་གའུ་སྔགས་ཕྲེང་སྲད་བུས་བསྡམས། །ཧཱུཾ་ཡ་ཎི་མཐར་སྲུང་སྔགས་ཀྱིས་བསྐོར་བར། །འོད་འཕྲོས་རྒྱལ་མཆོད་འཇམ་དཔལ་ལྷ་ཚོགས་དགྱེས། །བསྒྲུབ་བྱའི་སྒྲིབ་དག་ཡེ་ཤེས་གསུམ་ལ་ཐིམ། །ཀླད་ཀོར་ནང་དུ་བླ་མ་ཚེ་དཔག་མེད། །ཐུགས་ཀའི་འོད་ཀྱིས་བཀུག་པའི་བདུད་རྩི་རྒྱུན། །ཚེ་སྲོག་གསུམ་ལ་ཐིམ་པས་འཆི་མེད་གྱུར། །རང་ཉིད་སྐད་ཅིག་འོད་ལྔ་ལས་གྲུབ་པའི། །རྐེང་རུས་བདེ་བའི་ཉམས་ལྡན་ལྷ་ཡི་སྐུའི། །ཨཱོཾ་དཀར་ཨཱཿདམར་ཧཱུཾ་མཐིང་ཡི་གེས་མཚན། །འོད་འཕྲོས་ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ། །འོད་ཀྱི་བདུད་རྩིའི་དབང་བསྐུར་དངས་མ་དྲངས། །འཆི་མེད་བཅུད་ཀྱིས་ཡོངས་ཁྱབ་ཁྲོ་བོ་ཡི། །བདུད་རྩི་ནང་འཁྱིལ་སྲིད་གསུམ་སྒྲིབ་པ་སྦྱངས། །བདེ་སྟོང་རོ་མྱངས་ཚེ་དང་དཔལ་འབྱོར་རྒྱས། །བསྲུང་བྱའི་ཚེ་སྲོག་ནད་གདོན་སྡིག་སྒྲིབ་ཀུན། །ཚེ་བདུད་བསྣོལ་མར་བསྟིམ་ལ་ཕུར་རྩེས་གཟིར། །སླར་ཡང་ཡིག་གསུམ་འཕྲོ་འདུས་གདུལ་བྱ་རྣམས། །སྒྲིབ་སྦྱངས་ལྷར་བསྒྱུར་འཁོར་འདས་ཡོན་ཏན་ཚོགས། །བསྡུས་ནས་(༣བ)


GLG023_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བསྲུང་བྱར་ཐིམ་པ་ཡིས། འཇིགས་མེད་སྲ་མཁྲེགས་རྡོ་རྗེའི་ལུས་སུ་གྱུར། །ཞེས་དམིགས་པའི་བརྗེད་བྱང་ཙམ་དུ་སྤྲོ་ན་རྗེ་བཙུན་ཀུན་དགའ་ཆེ་མཆོག་གི་ལས་བྱང་ལས་བྱུང་བ་ལྟར་ངག་ཏུ་བརྗོད་ནས། དུ་ཏྲི་ཡ་མཱ་རཱ་ཛ། ཡ་མ་རཀྴ། ཀྲོ་ཏ་པ་ཙ་ལ་ཏེ། ཀཱ་ལ་རཱུ་པ། ཨ་ཀྲོ་རཱ་ཛ། ཡ་མ་རཱ་ཛ། ས་མཱ་ཡ་ཛཿཛཿ ཞེས་རྩ་སྔགས་ཅི་ནུས་སུ་བཟླ། སྲུང་བ་སོགས་བྱར་འདོད་ན་གཞན་དུ་ཤེས་པར་བྱ། ལས་ཀྱི་གཤིན་རྗེའི་ཚོགས་རྣམས་དགོངས་སུ་གསོལ། །བདག་གི་བསྙེན་སྒྲུབ་མཆོད་གཏོར་འཕྲིན་ལས་དང་། །ལམ་འདི་བརྩམས་པའི་དགེ་བའི་ནུས་མཐུ་ཡིས། །སངས་རྒྱས་བསྟན་དར་བསྟན་འཛིན་སྐུ་ཚེ་རིང་། །དཀོན་མཆོག་དབུ་མཐོ་བླ་མའི་ཐུགས་དགོངས་རྫོགས། །རྣལ་འབྱོར་ཚེ་རིང་ཡོན་བདག་བར་ཆད་ཞི། །བསོད་ནམས་དཔལ་འབྱོར་བསམ་དོན་ཕུན་ཚོགས་ཤིང་། །བདག་གཞན་ཐམས་ཅད་རྫོགས་སངས་རྒྱས་པར་ཤོག །ཅེས་སྨོན་ལམ་གདབ། མཐའ་ནས་རིམ་བཞིན་སྲུང་འཁོར་རྟེན་གཞལ་ཡས། །དེ་ཉིད་བརྟེན་པ་ཕྱི་འཁོར་ནས་བཟུང་སྟེ། །རིམ་པར་བསྡུས་ནས་གཙོ་དང་དབྱེར་མེད་གྱུར། །གཙོ་བོ་སྟོད་སྨད་ནས་བསྡུས་ཐུགས་ཀ་ཡི། །ས་བོན་ལ་ཐིམ་རིམ་བཞིན་འཇའ་ལྟར་ཡལ། །སླར་ཡང་ཆུ་ལས་རླབས་བཞིན་ལྷ་སྐུར་གྱུར། །ཞེས་རྟག་ཆད་ཀྱི་མཐའ་བསལ། ཨཱོཾ། བྱང་ཆུབ་སེམས་མཆོག་ཤེས་རབ་ཏིང་འཛིན་གྱིས། །ཉོན་མོངས་བདག་འཛིན་རྣམ་རྟོག་ཀུན་བཅོམས་ནས། །ཡ་མཱནྟ་ཀའི་དོན་ལ་རབ་བསྒོམས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཤིས་བརྗོད་ཅི་རིགས་བྱའོ། །ཨེ་མ་དཔལ་ལྡན་དུས་(༤ན)


GLG023_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

དགྲའི་རྒྱུད་ཀྱི་དོན། །རྒྱ་བལ་པཎ་གྲུབ་བཞེད་སྲོལ་གངས་ཅན་འདིར། །གནུབས་ཆེན་ཞང་ཁྲོམ་ཐུགས་ཀྱི་ཉིང་ཁུའི་ཐིགས། །བཀའ་བབས་གནམ་ལྕགས་མེ་འབར་འབྲི་གུང་པ། །དེ་ཚུལ་སྣང་གསལ་རིགས་འཛིན་རིམ་བརྒྱུད་པ། ཁོ་བོའི་འདྲེན་པ་རིགས་རྣམས་ཀུན་གྱི་བདག །ཆོས་དབྱིངས་རང་སར་གྲོལ་བའི་ཞལ་ལུང་བཅུད། །སྙིང་དབུས་ཟ་མ་ཏོག་ཏུ་རྣམ་པར་འཁྱིལ། །དེ་ཕྱིར་རྣལ་འབྱོར་རྒྱུན་དུ་འཁྱེར་བདེ་བ། །བན་བོན་མུ་སྟེགས་སྙིང་ལ་གཟེར་བའི་མཚན། །གནམ་ལྕགས་སྤུ་གྲི་འབར་བ་འདི་བཀོད་པས། །དགའ་རབ་དབང་ཕྱུག་སྡེ་ལས་ལེགས་རྒྱལ་ཤོག །ཅེས་རིགས་གསུམ་འདུས་པའི་བདག་ཉིད་ལས་ཀྱི་གཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ་འདི་ནི་སྔགས་བན་ངག་དབང་རྒྱ་མཚོས་བསྐུལ་བ་ལྟར་བསྙེན་སྒྲུབ་གལ་ཆེ་བའི་སྐབས་རིགས་འཛིན་ཆེན་པོ་ཀུན་དགའ་ཆེ་མཆོག་གིས་མཛད་པའི་ལས་བྱང་གཙོ་བོར་ཉམས་སུ་ལེན་དགོས་པས་བརྗེད་ཐོ་སྙིང་པོ་ལྟ་བུ་ཕན་ཚུན་འདྲེས་ནས་བརྗོད་མི་བདེ་བ་སྤངས་ཏེ་ཟ་ཧོར་གྱི་སྔགས་སྨྱོན་ཟིལ་གནོན་དྲག་པོ་རྩལ་གྱིས་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་རིག་སྔགས་འཆང་བ་འཇམ་གྲགས་པའོ། །སརྦ་མངྒ་ལཾ།། །།


previousགཤིན་རྗེ་ཁྲོ་ཆུ་དུག་སྡོང་གི་རྒྱུན་གྱི་རྣལ་འབྱོར་སྤུ་གྲི་འབར་བ།next