Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   


 
previousདུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས།next

དུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས།


GLG023_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་འཕྲུལ། །སྣ་ཚོགས་ལོངས་སྤྱོད་རྫོགས་སྐུའི་ཟློས་གར་ཅན། །འཇམ་དཔལ་གཤིན་རྗེ་དཔལ་ལྡན་དུས་ཀྱི་དགྲར། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གང་གིས་རྗེས་བཟུང་འཇམ་དཔལ་བཤེས་གཉེན་ཞབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །མངོན་སྤྱོད་རྒྱ་མཚོའི་མངའ་བདག་གནུབས་བན་རྗེར། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །དྲག་སྔགས་ཟབ་གཏེར་སྒོ་འབྱེད་དུམ་པ་རྒྱ། །མཐུ་སྟོབས་དབང་ཕྱུག་ལྕགས་བརྟུན་ནག་པོ་དང་། །གནུབས་སྟོན་རིགས་འཛིན་ཆོས་ཀྱི་གྲགས་པ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །དྲག་སྔགས་གྲུབ་པ་གནུབས་བན་བྱ་བྲལ་བ། །ཚུལ་འདིར་མཁས་གྲུབ་རྡོ་རྗེ་རྒྱལ་བ་དང་། །རིགས་པ་འཛིན་པ་དྷརྨ་ཀེ་ཏུ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །གཤིན་རྗེ་གཤེད་དངོས་ཆོས་ཀྱི་བློ་གྲོས་དང་། །གསང་ཆེན་ཆོས་ཀྱི་བདག་པོ་ཀོང་ཆེན་པ། །མངའ་བདག་སྐྱེ་སྤྲུལ་པདྨ་དབང་རྒྱལ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །སྔ་འགྱུར་གསལ་བྱེད་ལེགས་ལྡན་རྡོ་རྗེའི་ཞབས། །ཁྲི་སྲོང་རྣམ་འཕྲུལ་ཆོས་རྒྱལ་དབང་པོའི་སྡེ། །རིགས་འཛིན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །མཐུ་ཆེན་བསྟན་པ་བསྲུང་བའི་རྒྱ་མཚོ་ཆེ། །རྡོ་རྗེ་འཆང་དབང་འཁོན་སྟོན་ཆོས་ཀྱི་རྗེ། །བཀའ་དྲིན་མཉམ་མེད་དྲིན་ཅན་བླ་མ་ལ། །གསོལ་བ་འདེབས་སོ་དྲག་པོའི་དངོས་གྲུབ་སྩོལ། །འཇའ་ཚོན་ལྟ་བུར་སྣང་སྟོང་ལྷ་ཡི་སྐུ། །རྒྱུ་རྐྱེན་དང་བྲལ་སྐད་ཅིག་དྲན་རྫོགས་སུ། །མངོན་པར་གསལ་བའི་གཡོ་མེད་ཏིང་འཛིན་གྱི། །ཐ་མལ་སྣང་ཞིང་ཞེན་པ་བཟློག་པར་ཤོག །འཇིགས་རུང་ལས་བྱེད་ཕོ་ཉའི་དམག་ཚོགས་ཀྱིས། །གནག་པའི་དགྲ་བགེགས་བླ་ཚེ་རྣམ་ཤེས་ཀུན། །ལྕགས་སྲེགས་(༡བ)


GLG023_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཁུང་ནང་གི་དམིགས་རྟེན་ལ། །བཀུག་ནས་ཐལ་བར་བརླག་པའི་ནུས་ལྡན་ཤོག །ཤ་ཁྲག་རུས་ཕུང་དམ་ཅན་ཚོགས་རོལ་ཞིང་། །ཚེ་ཡི་ལྷག་མས་རང་གི་ཨཱ་ཡུ་སྤེལ། །རྣམ་ཤེས་དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་སུ། །འཕེན་པའི་མངོན་སྤྱོད་འཕྲིན་ལས་འགྲུབ་པར་ཤོག །རྫས་སྔགས་ཏིང་འཛིན་ཕྱི་རོལ་དགྲ་སྡེ་འཇོམས། །གསལ་སྟོང་རིག་པས་འཁོར་བའི་གཡུལ་ངོ་བཟློག །ལྷུན་གྲུབ་ལམ་གྱིས་རང་སེམས་ཀུན་ཏུ་བཟང་། །མངོན་དུ་འགྱུར་བའི་དགའ་སྟོན་རྒྱས་པར་ཤོག །ཅེས་དུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས་འདིའང་གཏེར་སྟོན་གུ་གྲུ་ཡང་དབང་གི་དབོན་བརྒྱུད། ཁམས་པ་སྔགས་འཆང་དོན་གྲུབ་བཀྲ་ཤིས་ཀྱིས་བསྐུལ་བའི་ངོར། ཟ་ཧོར་གྱི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་མིང་གཞན་ཟིལ་གནོན་དྲག་པོ་རྩལ་གྱིས་སྦྱར།། །།སརྦ་མངྒ་ལཾ།། །།


previousདུམ་པ་རྒྱའི་གཏེར་ཀའི་ཀི་ཀང་དམར་ཆུང་གི་བརྒྱུད་འདེབས།next