Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ།
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ།next

གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ།


GLG023_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ་བཞུགས་སོ། །


GLG023_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷ་ཝ་ཤི་ཝཻ་རྨུ་དྲཱ་བྷི་བྷཱུ་ཡཱ་ཡ། དགྲ་བགེགས་བདུད་སྡེ་ཀུན་གྱི་རུ་མཚོན་རྩེ། །ཅིག་ཅར་ས་ལ་སྙོལ་བའི་མོད་ཉིད་ལ། །དཀར་ཕྱོགས་བ་དན་ཚངས་པའི་ཡུལ་ས་ཆེར། །བསྒྲེང་མཛད་ཕྱག་རྒྱ་ཟིལ་གནོན་ལ་བཏུད་ནས། །གཟའ་གདོང་དམར་ནག་གཤིན་རྗེ་མེའི་སྤུ་གྲིའི། །ལག་ལེན་མེད་དུ་མི་རུང་ཁ་སྐོང་རྣམས། །འབད་ཚོལ་འཇིགས་པ་སྤང་ཕྱིར་དཀྱུས་གཅིག་ཏུ། །དོན་གཉེར་བློ་གསལ་དགའ་སྟོན་ཆེད་དུ་འདྲི། །བདེན་ཚིག་བརྗོད་པ་གསར་འགྱུར་གཤིན་རྗེའི་རྒྱུད་རྟོག་པ་གསུམ་པ་ལས། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་པས་བཤད་པ་ཡི། །གསང་སྔགས་སྦྱོར་བ་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བརྗོད་པ་གདམས་པ་ལ་སོམ་ཉི་མེད་པའི་ངེས་ཤེས་བསྐྱེད་པ་གནད་ཆེའོ། །དྲག་པོའི་གཏོར་མ་བྱིན་གྱིས་རློབས་པའི་སྔགས་རྒྱ་རྗེ་བཙུན་པདྨ་འབྱུང་གནས་ཀྱིས་མཛད་པ་ནི། གཏོར་མར་རཀྟ་བྲན་ལ་དགུག་གཞུག་གསུམ་སོགས་བྱས་རྗེས་སླར་སྨན་རཀ་དྲན་ནས། ལག་པའི་སོར་མོ་བསྣོལ་ལ་མཐེ་བོང་གཉིས་བསྒྲེང་བའི་ངོས་ལ་མཛུབ་མོ་གཉིས་བཀུག་ལ། ཨོཾ་བཛྲ་བྷཉྫ་བ་ལྱཾ་ཏ་བི་ཤྭ་ཙཀྲ་(༢ན)


GLG023_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བྷྲུཾ། རྡོ་རྗེའི་གཏོར་སྣོད་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར་གྱུར། ལག་གཉིས་ཁུ་ཚུར་མཛུབ་མོ་མཆེ་བ་འདྲ་བར་བྱས་ལ། ཨོཾ་མ་ཧཱ་སྨི་ཏ་ཛྭ་ལ་མཎྜ་ལ་ཧཱུཾ། གཏི་མུག་ཤའི་གཏོར་མ་རི་བོ་ཙམ་དུ་གྱུར། རྡོར་ཐལ་བསྐྱོད་པ་རཀྟ་སྦྲེང་བའི་རྒྱས། ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ། འདོད་ཆགས་ཁྲག་གི་གཏོར་མ་རྒྱ་མཚོ་ལྟ་བུར་གྱུར། ལག་པ་པོའི་ཕྲེང་བ་ལྟར་བྱས་ལ། ཨོཾ་མ་ཧཱ་ཀེཾ་ནིརྟི་ཛོ་ལ་མཎྜ་ལ་ཧཱུཾ། ཞེ་སྡང་རུས་པའི་གཏོར་མ་གྲམ་བུ་ལྟར་ཁྲོལ་བར་གྱུར་རྡོར་ཐལ་སྙིང་གར་གཏུགས་རྗེས་མགོ་ཐོད་ཀྱི་རྒྱ་ལུས་ལ་ལན་གསུམ་བསྐོར་ལ་དེའི་རྗེས་སུ་མཛུབ་མོ་གཉིས་དང་མཐེ་བོང་གཉིས་ཏེ་བཞི་པོ་རྩེ་སྤྲད་སོར་མོ་གཞན་རྣམས་བསྣོལ་ཏེ་བསྒྲེངས་ལ། ཨོཾ་ཀ་པཱ་ལ་བ་སུ་ཏ་ར་ལི་ཀྲོཾ་ཀྲོཾ་དྷེ་ཝ་བྷྱོཿ རུ་ལུ་རུ་ལུ་ཧཱུཾ་བ་ལིངྟ་མཎྜ་ལ་ཧཱུཾ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལ་རྣམ་པ་ཤ་ཁྲག་རུས་པའི་རང་བཞིན་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུཾ་གསུམ་དང་། ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ཞེས་བྱིན་གྱིས་བརླབས་རྗེས་ལྷ་གང་ཡིན་གྱི་སྔགས་མཐར་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་སོགས་ཀྱིས་ཕུལ་རྗེས་དྲག་པོ་མངོན་སྤྱོད་ཀྱི་འདོད་གསོལ་འཕྲིན་བཅོལ་སྐབས་(༢བ)


GLG023_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གང་བབ་བྱ་བ་གནད་ཆེ་བར་གོ །རྒྱས་པར་སྤྲོ་ན་ལས་བྱང་ལ་ཡང་གཏོར་མ་བྱིན་རླབས་འདི་ཉིད་བླངས་ན་ལེགས། བསྲུང་བའི་ཐུན་གཏོར་འབུལ་ཚག་ཆོས་སྐུ་ཞི་བ་མའམ། ཡང་ན། ཨེ་ཐབས་མཆོག་བདེ་ཆེན་འབར་བའི་གཞལ་ཡས་སུ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །རབ་འཇིགས་ཁྲོ་རྒྱལ་ཕྱག་རྒྱ་ཟིལ་གནོན་སྐུ། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསྐུམ་གར། །དཔལ་གྱི་ཆས་བརྒྱན་མཚོན་ཆའི་འཁོར་ལོ་འཕེན། ཁྲོས་པའི་བཞིན་ཅན་མེ་དཔུང་འབར་བའི་ཀློང་། །མ་ཧེ་ཆུ་གླང་པདྨ་ཉི་ཟླའི་སྟེང་། །གཤིན་རྗེ་དྲེགས་བྱེད་ཕོ་མོའི་གདན་ལ་འགྱིང་། །ཤེས་རབ་མཁའ་དབྱིངས་སྟོང་པའི་དབྱིངས་རུམ་ལས། གཉིས་མེད་སྦྱོར་ཡུམ་མ་མོ་ཁྲག་མིག་མ། །དམར་ནག་གཅེར་བུ་བརྐྱང་བསྐུམ་ཁྲོ་མོའི་ཚུལ། །ལྕགས་ཀྱུས་འགུགས་ཤིང་དོན་སྙིང་ཁྲག་ལ་རོལ། །བདེ་སྟོང་གཉིས་མེད་རོལ་པའི་མཁའ་ཀློང་ལས། །ཐུགས་རྗེའི་དབྱིངས་སྤྲུལ་ཡ་མ་རཱ་ཙ་ནི། ཁྲག་རུལ་མདོག་མཚུངས་བཤན་གྲིས་དགྲ་བགེགས་སྒྲོལ། ཁྲོས་པའི་ཞབས་བརྡབས་དགྲ་སྙིང་དམར་ལ་རོལ། །ཡབ་ཡུམ་སྲས་བཅས་སྤྲུལ་པའི་འཁོར་ཚོགས་ལ། །འདུ་འབྲལ་མེད་པའི་དོན་གྱིས་ཕྱག་འཚལ་ཞིང་། །རང་རྩལ་ཡེ་ཤེས་མཆོག་གི་མཆོད་པ་འབུལ། །ཐུགས་ཀྱི་དམ་སྐོངས་མཆོག་ཐུན་དངོས་གྲུབ་སྩོལ། །འཁོར་བའི་མུན་རུམ་གནས་པ་བདག་འདྲ་ཡིས། །འཕགས་པའི་ཐུགས་རྗེའི་ཆ་ཡི་ཟེར་མཐོང་ནས། །གུས་པས་བསྟོད་འདིས་བྱང་ཆུབ་མཆོག་ཐོབ་སྟེ། །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྲུབ་ཤོག །ཅེས་པ་སྤྲོ་ལུང་དུ་སྦས་པ་ཞིག་བགྱིས་དུས་འཇམ་དཔལ་ཚེ་བདག་ཞལ་གཟིགས་ནས་བསྟོད་པའོ། །ལྕགས་ཁང་དང་ལིངྒ་བསྐྱེད་མཆོག་ཚར་ནས་དགུག་གཞུག་བྱས་ལ། གཟུ་དཔང་ནི། དཀོན་མཆོག་གསུམ་པོ་(༣ན)


GLG023_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

གཟུ་དང་དཔང་། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །གཤིན་རྗེའི་ལྷ་ཚོགས་གཟུ་དང་དཔང་། །མ་དང་མཁའ་འགྲོ་གཟུ་དང་དཔང་། །དམ་ཅན་རྒྱ་མཚོ་གཟུ་དང་དཔང་། །དམ་ཉམས་སྡིག་ཅན་ལས་ངན་འདི། །དཀོན་མཆོག་གསུམ་ལ་སྐྱབས་མ་འཚོལ། །དཀོན་མཆོག་གསུམ་གྱིས་ཁྱོད་མི་སྐྱོབ། །སྐུ་གདུང་བཅོམ་ཞིང་དགོན་སྡེ་བཤིག །སེར་ཆགས་ཡོངས་ལ་གནོད་པ་བསྐྱལ། །དཀོན་མཆོག་རྟེན་རྫས་ཁྱོད་ཀྱིས་བཤིག །དཀོན་མཆོག་གསུམ་དང་ད་ཕྱེ་ལ། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཆོས་སྐྱོང་རྣམས་ལ་སྐྱབས་མ་འཚོལ། །ཆོས་སྐྱོང་རྣམས་ཀྱིས་ཁྱོད་མི་སྐྱོབ། །ཆོས་སྐྱོང་སྲུང་མའི་རྟེན་རྫས་བཤིག །ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར། །ཆོས་སྐྱོང་རྣམས་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །དགྲ་ལྷ་གཉན་ལ་སྐྱབས་མ་འཚོལ། །དགྲ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །དགྲ་ལྷའི་རྟེན་རྫས་ཁྱོད་ཀྱིས་ཤིག །གོ་མཚོན་སྣ་དགུ་ཁྱོད་ཀྱིས་ཕྲལ། །དགྲ་ལྷ་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཡུལ་ལྷ་གཉན་ལ་སྐྱབས་མ་འཚོལ། ཡུལ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །ལྷ་རི་གཉན་ལ་མེ་ཆེན་བཀྱེ། །ལྷ་རྟེན་ཐམས་ཅད་ཁྱོད་ཀྱིས་བཤིག །ལྷ་གཉན་རྣམས་ཀྱི་ཐུགས་ཀྱང་དཀྲུགས། །དེ་བས་ཡུལ་ལྷ་གཉན་དང་ད་ཕྱེ་ལས། རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཞང་ལྷ་གཉན་ལ་སྐྱབས་མ་འཚོལ། །ཞང་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །ཞང་ལྷ་གཉན་ལ་བརྙས་སུ་བཙུགས། །ཞང་ལྷ་གཉན་ལ་མ་བརྩིས་པས། །དེ་བས་ཞང་ལྷ་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་(༣བ)


GLG023_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །མ་ལྷ་གཉན་ལ་སྐྱབས་མ་འཚོལ། །མ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །མ་ལྷའི་རྟེན་རྫས་ཁྱོད་ཀྱིས་བཤིག །དེ་བས་མ་ལྷ་གཉན་དང་ད་ཕྱེ་ལས། རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ལེ་དགུ་ལྷ་ལ་སྐྱབས་མ་འཚོལ། ལེ་དགུ་ལྷ་ཡིས་ཁྱོད་མི་སྐྱོབས། །བྲིས་པ་ཚར་རྩ་ལྷ་ཡོན་བསྡོས། །དེ་བས་ལེ་དགུ་ལྷ་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཐབ་ལྷ་གཉན་ལ་སྐྱབས་མ་འཚོལ། །ཐབ་ལྷ་གཉན་གྱིས་ཁྱོད་མི་སྐྱོབ། །སྒྱེད་བུ་སྒ་མེད་རྟ་ལྟར་འཛེགས། །བྱའུ་འཇུག་མེད་རྟ་ལྟར་རྒྱུགས། །ཐབ་གཞོབ་སྣ་ཚོགས་ཁྱོད་ཀྱིས་བྱས། །དེ་བས་ཐབ་ལྷ་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །སྟེང་གི་ལྷ་ལ་སྐྱབས་མ་འཚོལ། །སྟེང་གི་ལྷ་ཡིས་ཁྱོད་མི་སྐྱོབ། །ལྷ་སྲིན་རྣམས་ཀྱི་ཐུགས་ཀྱང་དཀྲུགས། །ལྷ་ཁམས་རྣམས་ལ་བདེན་པ་བདར། །དེ་བས་སྟེང་གི་ལྷ་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །འོག་གི་ཀླུ་ལ་སྐྱབས་མ་འཚོལ། །འོག་གི་ཀླུ་ཡིས་ཁྱོད་མི་སྐྱོབ། །ཀླུ་ཤིང་སྣ་ཚོགས་ཁྱོད་ཀྱིས་བཅད། །ཀླུ་མཚོ་དཀྲུགས་ཤིང་ཀླུ་རྟེན་བཤིག །དེ་བས་འོག་གི་ཀླུ་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །བར་གྱི་གཉན་ལ་སྐྱབས་མ་འཚོལ། །བར་གྱི་གཉན་གྱིས་ཁྱོད་མི་སྐྱོབ། །ཤིང་གཉན་གཅད་ཅིང་ས་གཉན་བརྐོས། །རྡོ་གཉན་ཆུ་གཉན་ཐམས་ཅད་དཀྲུགས། །དེ་བས་བར་གྱི་གཉན་དང་ད་ཕྱེ་ལས། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །མཐོ་ནམ་མཁའི་དབྱིངས་སུ་མ་འབྲོས་ཤིག །ནམ་མཁའ་ང་ཡི་རང་བཞིན་ཡིན། །ཆོས་དབྱིངས་སྒྲོལ་མ་ང་ཡིན་པས། །སྐྱ་(༤ན)


GLG023_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་ལྟ་བུའི་ཕོ་ཉ་ཕྱེ། །ཕུག་རོན་ལྟ་བུའི་དགྲ་བོ་འདི། །ནམ་མཁའི་མཐོངས་ནས་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །རླུང་གི་ཁམས་སུ་མ་འབྲོས་ཤིག །རླུང་ཡང་ང་ཡི་རང་བཞིན་ཡིན། །དམ་ཚིག་སྒྲོལ་མ་ང་ཡིན་པས། །བྱ་ཁྲ་ལྟ་བུའི་ཕོ་ཉ་ཕྱེ། ཁྱེའུ་ལྟ་བུའི་དགྲ་བོ་འདི། །རླུང་གི་ཁམས་ནས་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ས་ཡི་ཁམས་སུ་མ་འབྲོས་ཤིག །ས་ཡང་ང་ཡི་རང་བཞིན་ཡིན། །སངས་རྒྱས་སྤྱན་མ་ང་ཡིན་པས། །སྤྱང་ཐོང་ལྟ་བུའི་ཕོ་ཉ་ཕྱེ། །ལུག་ཐོང་ལྟ་བུའི་དགྲ་བོ་འདི། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །ཆུ་ཡི་ཁམས་སུ་མ་འབྲོས་ཤིག །ཆུ་ཡང་ང་ཡི་རང་བཞིན་ཡིན། །མ་མ་ཀི་ཡང་ང་ཡིན་པས། །ཉ་དོལ་ལྟ་བུའི་ཕོ་ཉ་ཕྱེ། །ཉ་མོ་ལྟ་བུའི་དགྲ་བོ་འདི། །རང་དབང་མེད་པར་ཁུག་ལ་ཤོག །དམ་ཉམས་སྡིག་ཅན་ལས་ངན་འདི། །མེ་ཡི་ཁམས་སུ་མ་འབྲོས་ཤིག །མེ་ཡང་ང་ཡི་རང་བཞིན་ཡིན། །གོས་དཀར་མོ་ཡང་ང་ཡིན་པས། །རླུང་དམར་ལྟ་བུའི་ཕོ་ཉ་ཕྱེ། །ཕྱེ་ལེབ་ལྟ་བུའི་དགྲ་བོ་འདི། །རང་དབང་མེད་པར་ཁུག་ལ་ཤོག །གཤོག་པ་ཅན་གྱིས་མཐའ་ནས་ཆུམ། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱི་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །ཐོ་བ་ཅན་གྱིས་རྡུལ་དུ་རློག །ལ་ཡོགས་གཤེད་ཀྱིས་དེད་ལ་ཤོག །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྱད་མ་རང་གཤེད་དུ་སྐོར་བ་ནི། ཨོཾ་ཨེ་ཀ་ཡ་མ་དགྲ་སྙིང་ལ་བྷྱོ་བཟློག །དགྲ་སོད་རྦད། ཧེ་ཀ་ཡ་མ་སྙིང་ལ་བྷྱོ་བཟློག །དགྲ་སོད་རྦད། གྷྲིམ་ཡ་མ་དགྲ་སྙིང་ལ་བྷྱོ་བཟློག་(༤བ)


GLG023_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་སོད་རྦོད། །ཡ་མ་སརྦ་དུ་སྟན་ཨེ་ཏྲི་ཛ་ཡ་བྷྱོ༔ སརྦ་རུ་ཏྲའི་ཙིཏྟ་གཟེར་ཐུམས། ཨ་མུ་ཀ་ཏྲིག་ནན། རྦོད་གཏོང་རྦད་ནན། དགྲ་སོག་ལ་མྱགས་རྦད་སོད་ཡཱ། དགྲ་སྙིང་ལ་ཕྱུང་ཡ། ཎི་མཱ་ར་ཡ། ཪྣྲི་ཧུར་ཐུམས་རྦད་ཁཾ་ཨ་མུ་ཀའི་སྙིང་སྲོག་དམར་པོ་ཧུར་ཐུམས། མཱ་ར་ཡ་ཛ་རྦད། བནྡེ་ཤ་ཤ་རྦད། ནཱུ་ལོ་ཀ་ཤ་ཤ་རྦད། བན་དྷེ་བྲག་ཚལ་རྦད། སྙིང་གྷོ་ཆོད། ཅད་ནས་ཆོད། དམ་ཉམས་བནྡེ་ཕྱེ་མ་ཕུར་ཡ། ཞེས་པ་འབྱིན་འཇུག་ལྟར་བཟླ། དགྲ་བོའི་སྲུང་བཟློག་བྱེད་པའི་ལྷ་སྲུང་རྣམས། །འབྲུབ་ཁུང་བཅུག་ལ་ཐུན་གྱི་བྲབ། །སྲུང་བྱེད་དྲེགས་པ་གཤེད་ལ་དབབ། །སྔགས་བཟླས་རྫུ་འཕྲུལ་དགུག་ཅིང་བསྟིམ། ཁོ་ཡི་དྲེགས་པའི་སྟོབས་ནུས་བཤིག །ལྷ་དང་སྲུང་མ་བདུད་དུ་དབབ། །གཏོར་མར་དམར་སྦྲེང་ཞིང་འདི་སྐད་དོ། །ཧཱུཾ། ཡབ་གཅིག་འཇམ་དཔལ་སྤྲུལ་པ་ནི། གཤིན་རྗེ་ཚེ་བདག་ནག་པོའི་སྐུ། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །སྐུ་ནི་ནམ་མཁའི་མཐའ་དང་མཉམ། །ཞབས་ནི་དམྱལ་བའི་གདན་བཞི་གནོན། །ཞལ་ནི་ཁྲག་གི་རྒྱ་མཚོར་འཁྱིལ། །ཟས་སུ་གཤིན་རྗེའི་ཤ་ལ་ཟ། །སྐོམ་དུ་གཤིན་རྗེའི་ཁྲག་ལ་འཐུང་། །ཞི་ཁྲོ་འབར་བའི་ཚོགས་ཆེན་ནས། །ལས་ཀྱི་ཁྲོ་མོ་མཁའ་འགྲོར་བཅས། །གནོད་སྦྱིན་སྲིན་པོ་ཡན་ཆོད་དུ། །མ་ལུས་བསྒྲལ་ཞིང་ཞལ་དུ་གསོལ། ཁྲོ་བོ་ཉིད་ཀྱི་ཤ་ལ་ཟ། ཁྲོ་བོ་ཉིད་ཀྱིས་ཁྲག་ལ་འཐུང་། །དགྲ་བོའི་མགོན་སྐྱབས་བྱེད་པའི་ལྷ། །སྲུང་བཟློག་བྱེད་པའི་ལྷ་འདྲེ་རྣམས། །ཞལ་དུ་སྟོབ་བོ་ཁཱ་རཾ་ཁཱ་ཧི། མགུར་དུ་གྲིལ་ལོ་ཨ་ར་ལི། །དབྱིངས་སུ་བསྒྲལ་ལོ་ས་མཱ་ཡ། །བདག་ལ་སྡང་བའི་དགྲ་བོ་འདིའི། །སྲུང་བཟློག་བྱེད་པའི་ལྷ་སྲུང་གི །མཐུ་དང་ནུས་པ་ཐམས་ཅད་བཤིག །སྐུ་དང་གཟི་བརྗིད་ཐམས་ཅད་ཆོམས། །སྟོབས་དང་རྫུ་འཕྲུལ་བརླག་པར་གྱིས། །རང་གཤེད་ཕོབ་ཅིག་དྲེགས་པའི་ཚོགས། །བཀའ་ཡི་ཆད་པ་འདི་ལ་ཆོད། །ཅེས་བརྗོད་ཅིང་རྟགས་(༥ན)


GLG023_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མཉམས་དང་བསྟུན། །འཁུ་ལྡོག་སྤོང་བ་གཅུན་གཟིར་བྲན་དུ་བཀོལ་བ་རྣམས་ཞལ་ལས་འདྲི། །དུས་དང་སྤྲུལ་པ་བགྱེད་པ་ནི། །དགྲ་བོའི་བླ་དྭགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱི་བླ་འགུགས་པ་བཏང་བ་ནི༔ ལག་ཏུ་ཡུངས་ཐུན་དང་ཕུར་པ་ཐོགས་ལ་བདག་ཡི་དམ་གྱི་ཏིང་འཛིན་གསལ་བཏབ་ལ་འདི་སྐད་དོ། །ཧཱུཾ་བྷྱོཿ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ ད་ལྟ་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས༔ དམ་ཉམས་དགྲ་བོའི་བླ་ཚེ་འཁྱམས་པའི་དུས༔ དམ་ཉམས་དགྲ་བོའི་བླ་འཁྱམས་ཁུག་ལ་ཤོག །བྷྱོཿད་ལྟ་ནམ་ཀྱི་གུང་ལ་བབ་དུས་འདིར། །སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི༔ དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་གི༔ བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག༔ བྷྱོཿ ད་ལྟ་ནམ་གྱི་ཐོ་རེངས་བབ་དུས་འདིར༔ དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས༔ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་ལངས་ཉི་མ་ཤར་དུས་འདིར༔ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས༔ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མ་གུང་ལ་བབ་དུས་འདིར༔ དགྲ་ཀུན་རྣམ་ཤེས་བྱིང་ཞིང་མྱོས་པའི་དུས༔ དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམས་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོཿ ད་ལྟ་ཉི་ནུབ་གྲིབ་སོ་ཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས༔ དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོཿ བླ་འཁྱམས་ལས་ངན་འཕྱོ་བའི་དུས་དྲུག་ལ༔ བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུག༔ མགོན་མེད་བྱེའུ་ཕྲུག་སྐྱ་ཁྲས་ཟིན་པ་ལྟར༔ རང་(༥བ)


GLG023_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་མྱུར་དུ་ཁྲིད་ལ་ཤོག༔ དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ན༔ ཕོ་ཉ་གནོད་སྦྱིན་སྲིན་པོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་དགོ་བར་བརྫུ་བ་ན༔ ཕོ་ཉ་ལྕགས་དོམ་ནག་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་ལུག་རུ་བརྫུ་བ་ན༔ ཕོ་ཉ་ལྕགས་ཀྱི་སྤྱང་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ བྷྱོཿ དགྲ་བོའི་བླ་འཁྱམས་ར་རུ་བརྫུ་བ་ན། །ཕོ་ཉ་བྱུ་རུའི་ཁྱི་མོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན༔ ཕོ་ཉ་བྱ་རྒྱལ་ཁྱུང་དུ་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན༔ ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ བྷྱོ༔ དམ་ཉམས་དགྲ་བོའི་བླ་དྭགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱི་གཉེན་པོར་སྐུ་སྤྲུལ་ལཿ འབྲུབ་ཁུང་འཁོར་བའི་བཙོན་དོང་འདི་ནང་དུ༔ དམ་ཉམས་ལིང་གའི་རྟེན་ལ་བླ་སྲོག་ཁུག༔ བླ་སྲོག་གསུམ་ལ་དྲག་པོའི་ཕུར་བུས་ཐོབ༔ ཁུར་མཚོན་དཔལ་གྱིས་ལུས་སེམས་ཕྱེ་མར་མཐོང་༔ དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ༔ སྲོག་རྩ་དམར་པོ་རྦད་ཀྱི་ཆོད་ལ་ཤོག༔ བླ་འཁྱམས་ལས་ངན་སྟེང་དུ་མཱ་ར་ཡ༔ ར་དང་ལུག་དང་བོང་བུ་རྣམ་པ་གསུམ༔ བླ་དྭགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ སོ་དང་སེན་མོ་པགས་པ་རྣམ་པ་གསུམ༔ ཕྱི་རྟགས་ཡིན་གྱི་ད་ལྟ་ཁྱེར་ལ་ཤོག༔ རྣ་བ་ལྕེ་དང་མིག་(༦ན)


GLG023_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

དང་གསུམ་པོ་ནི༔ དབང་པོ་ཡིན་པས་མྱུར་དུ་ཁྱེར་ལ་ཤོག༔ གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི༔ དོན་སྙིང་ཡིན་གྱི་མྱུར་དུ་ཁྱེར་ལ་ཤོག༔ གཉེ་མ་རྒྱུ་མ་མཁལ་མ་གསུམ་པོ་ནི༔ ནང་ཁྲོལ་ཡིན་གྱི་མྱུར་དུ་ཁྱེར་ལ་ཤོག༔ ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་འཕྲིན་ལས་ད་ལྟ་གྲུབ་པར་མཛོད༔ སྒྲུབ་ཐབས་སྔགས་བཤམ་འདི་ཡིས་འགུགས༔ ཆེ་གེ་མོ་ཨ་ཀ་ར་ཤ་ཡ་ཧཱུཾ་ཛཿཛཿསྲོག་འགུགས་པའོ། །ཨཱ་ཡུརྫྙཱ་ན་ཨ་ཀ་ར་ཤ་ཡ༔ ཚེ་འགུགས་པའོ། ཏྲི་ཡཾ་ནི་ཨ་ཀ་ར་ཤ་ཡ་ཧཱུཾ་ཛཿཛཿཡིད་འགུགས་པའོ། །རཱུ་པ་སྐནྟ་ཨ་ཀ་ར་ཤ་ཡ་ཧཱུཾ་ཛཿཛཿགཟུགས་འགུགས་པའོ། །སྒྲུབ་ཐབས་སྔགས་ལ་འདི་ཉིད་གདགས། །ཆེ་གེ་མོ་དྷེ་བ་ཀ་པ་ཡེ་ཨེ་ཛ་ལ་ཛ་ལ། ར་ཙ་ཕྱེ་ར་ཙ་ཕྱེ་ཨ་ཤག་ཤག །ཡ་མ་ཕྱེ་ཡ་མ་ཕྱེ་ཡ། སྤུ་ཏ་སྤུ་ཏ་ཕུས་ཕུས། ལང་ལང་། སེང་སེང་། ཕུས་ཕུས། ཆེ་གེ་མོ་ཡུལ་ལྷ་དང་ཕྱེ། དགྲ་ལྷ་དང་ཕྱེ། སྲོག་ལྷ་དང་ཕྱེ། ཕོ་ལྷ་དང་ཕྱེ། མོ་ལྷ་དང་ཕྱེ། ཞེས་དམོད་པས་སོ། །ལྷ་ལྔ་སོ་སོ་དང་དབྱེ་བའི་སྔགས་རྫས་བྱེད་པར་སྤྲོ་ན་གཞན་དུ་ཤེས། ཟླ་གསང་འདུས་པའི་ཏནྟྲའི་ལེའུ་བཅུ་དྲུག་པ་ཐུན་གྱི་སྐབས་སུ་རང་ཉིད་གཤིན་རྗེ་གསལ་བསྒོམས་ཏེ། ཐུན་སྔགས་རིང་མོ་སྤྱིར་བཟླས་ལ་ཐ་མ་ཤམ་བུ་སོ་སོར་བཏགས། ཐུན་རྣམས་སོ་སོར་ལྷར་བསམས་ཏེ། ཟོར་ཐོགས་འཇིག་རྟེན་ཁམས་བཀང་ནས། །གཟས་པའི་གཟུགས་ལ་བསྣུན་པར་བསམ། །ལྷ་ཡི་སྐུལ་ཚིག་འདི་སྐད་དོ། །ཧཱུཾ། བསྐལ་པ་འདས་པའི་སྔོན་རོལ་ན། །ཐུགས་དམ་ཞལ་བཞེས་ལས་ཀྱི་ལྷ། །ཡ་མཱནྟ་ཀའི་ཐུགས་སྤྲུལ་པ། །ལས་ཀྱི་འཆི་བདག་འཁོར་དང་བཅས། །ཐུན་ཟོར་ཕོ་ཉར་བདག་བསྐུལ་གྱི། །དམ་ཉམས་དགྲ་ལ་ཐུན་འབེབས་ལས། །སྟོང་གསུམ་ཐུན་གྱི་ཕོ་ཉས་ཁོང་། ཐུན་རྫས་སོ་སོའི་(༦བ)


GLG023_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་རྣམས། སྐུ་ཡི་ཕོ་ཉས་གཟུགས་ཕུང་བཤིག །གསུང་གི་ཕོ་ཉས་ངག་དབང་སྡོམས། །ཐུགས་ཀྱི་ཕོ་ཉས་རྣམ་ཤེས་ཕྲོལ། །ཨྱཱེ་ཀ་ཧི་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ། ཨྱཱེ་རམ། ཧེ་རཾ། ཛོ་ལ་རཾ། ཧ་མཱ་རཀྟ་དགྲ་བོ་ཆེ་གེ་མོའི་སྲོག་ལ་རཾ་རཾ། གཞན་ཡང་ལྕགས་སྡིག་ལྕགས་འདྲ་དང་། དྲག་སྔགས་རྡོ་རྗེ་གཙུག་ལག་གི་ཐུན་སྔགས་རྣམས་ལེན། དགྲ་བགེགས་ཀྱི་རྣམ་ཤེས་བྱང་ཆུབ་ཀྱི་ལམ་ལ་འགོད་པ་བུ་ཡིག་དེ་ཧ་ཅང་བསྡུས་སྐྱོན་སྣང་བས་རྒྱས་པ་ནི། ཧཱུཾ་ང་ནི་ཁྲོ་རྒྱལ་ཀུན་གྱི་རྗེ། །དམ་ཉམས་དགྲ་བོ་ལས་ངན་འདི། །བསད་པར་བྱ་བ་ཁོ་ནར་འོས། །ཞིང་བཅུ་ཚང་བའི་དམ་ཉམས་ཁྱོད། །ད་ལྟ་བསྒྲལ་བའི་དུས་ལ་བབ། ཁྱོད་ཉིད་བྱང་ཆུབ་སེམས་སུ་བསྒོམས། །ཞིང་བཅུ་བསྒྲལ་བའི་ལས་ངན་ཁྱོད། །ལུས་སེམས་བེམ་རིག་བྲལ་བའི་དུས། །ཡི་དམ་རྣམས་ཀྱི་སྐུ་རུ་བསྒོམས། ཁྲག་འཐུང་རྒྱལ་བའི་བྱིན་རླབས་དང་། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། ཁྲོ་རྒྱལ་རྣམས་ཀྱི་བརྟུལ་ཞུགས་དང་། །སྲུང་མ་རྣམས་ཀྱི་དམ་ཚིག་གིས། །འཁོར་བའི་གནས་ནས་བསྒྲལ་བའི་ཕྱིར། །དང་པོ་རས་ཆེན་དམར་པོ་ལ། །དུག་དང་ཁྲག་གིས་མིང་བྱང་བྲིས། །སྐྱེ་མཆེད་དབང་པོ་ཚང་བར་བཀོད། །མིང་རུ་བླ་དྭགས་ཚང་བར་བྲིས། །དེ་ནས་གྲུ་གསུམ་ནང་དུ་བཅུག །ཚོན་སྐུད་སྣ་ལྔས་བྱད་ཆིབས་བྱས། ཁྱི་ཕག་སྤྱང་གསུམ་ཐོད་པར་བཅུག །དྲག་པོའི་རྩིངས་ཀྱིས་ཐ་མ་བསྐོར། །ཕུང་ཤུལ་རེ་བས་གུར་ཁང་ཕུབ། །དེ་ནས་རྣལ་འབྱོར་དབང་ཕྱུག་གིས། །སྐྱབས་བྱེད་ལྷ་ལ་བདེན་པ་བདར། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །གཏོར་མ་སྦྱིན་ནས་གཟུ་དཔང་བཅོལ། ཁྱོད་སྐྱོབ་བྱེད་ལྷ་དང་བྲལ་བའི་ཕྱིར། །ཕོ་རོག་འུག་པའི་དང་རུས་བྱབས། །མི་གཙང་བ་ཡི་དུད་པས་གདུགས། །དེ་ནས་སྔགས་འཆང་རྒྱལ་བ་ཡིས། །ཧེ་རུ་ཀ་ཡི་སྐུར་བསྒོམས་ཏེ། །ཕོ་ཉའི་ཚོགས་(༧ན)


GLG023_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་ལ་འགྱེད། །སྤྲུལ་པའི་ཚོགས་རྣམས་སྐར་ལྟར་འཁྲུག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་། །ཞགས་པ་ཅན་གྱིས་སྐེ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་བསྡམས། །དྲིལ་བུ་ཅན་གྱིས་མྱོས་སུ་བཅུག །འཇིགས་པའི་མུན་པས་མདུན་ནས་བསུས། །ལས་ཀྱི་རླུང་པོས་རྒྱབ་ནས་དེད། །འཆི་བདག་ལས་ཀྱི་ཕོ་ཉ་དེས། །འཆོར་མེད་བཟུང་ཐག་ནག་པོས་བཟུང་། །དེ་ནས་ལས་ཀྱི་རྣམ་ཤེས་དེས། །མཚན་བྱང་གཟུགས་ལ་ཕབ་ཙ་ན། །ཆུ་ལ་ཆུ་ཞག་ཇི་བཞིན་དུ། །རང་དབང་མེད་པར་གཟུགས་ལ་བསྟིམ། །ཕོ་རོག་འུག་པ་ཕོ་ཉར་བཀྱེ། ཁ་སྦྱོར་དབྱེ་བ་རྣམ་གསུམ་བྱས། །ཉིན་མཚན་དུས་དྲུག་ཐམས་ཅད་དུ། །དྲག་པོའི་ཐུན་གྱི་ཆར་པ་ཕབ། །མཚོན་ཆ་ངར་མས་ཡན་ལག་བཅད། །རྩངས་དང་ཕུར་པས་སྙིང་ནས་བཏབ། །མཚོན་ཆ་ལྔ་ཡི་ཁོང་ནས་གཟེར། །ཧཱུཾ། ང་ནི་སྔགས་འཆང་རྒྱལ་པོ་ཡིས། ཁྲག་འཐུང་ལྷ་ཚོགས་སྐུར་བསྒོམས་ནས། །དྲག་པོའི་ལས་ལ་འཇུག་པའི་ཕྱིར། །གོས་ནག་ཞྭ་གྱོན་ཕུར་པ་སྒྲིལ། ཁ་ནས་དྲག་སྔགས་འབྲུག་ལྟར་བསྒྲགས། །ལུས་ལས་ཁྲོ་ཆུང་དཔག་མེད་སྤྲོས། །མཚོན་ཆའི་ཆར་པ་ཐོག་ལྟར་ཕབ། །སྟེང་ན་གནམ་ལྕགས་འཁོར་ལོ་བསྐོར། །འོག་ཏུ་མཚོན་ཆའི་སོ་རྣམས་གཟེངས། །བར་སྣང་མེ་ཡི་ཕྲེང་བ་འཁྲུག །རྩེ་མོར་མཚོན་ཆའི་བུ་ཡུག་ཚུབ། །འོག་ཏུ་གཏི་མུག་མུན་པ་འཁྲིགས། །ལོག་ལ་གཤིན་རྗེའི་དམག་ཀྱང་བསྡུས། །སྨྱོ་བྱེད་དུག་དང་ཁྲག་གིས་བྱུགས། །ལྟོ་ལེན་ཚོགས་རྣམས་རོ་ཁུར་ཅིག །ཤ་ཟའི་ཚོགས་རྣམས་ཚིམ་སྒྲ་བྱེད། ཁྲག་འཐུང་ཚོགས་རྣམས་ཧུར་སྒྲ་བྱེད། །རུས་མུར་ཚོགས་རྣམས་སོ་སྒྲ་བྱེད། ཁྱོད་ལུས་སེམས་རྟེན་དང་བྲལ་ཙ་ན། །སྔར་བྱས་ལས་ལ་འགྱོད་(༧བ)


GLG023_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེས། །དམྱལ་བའི་བཙོན་དོང་ཆེན་པོ་རུ། །ལས་ཀྱི་གཤིན་རྗེས་ཁྲིད་ཙ་ན། །དུས་གསུམ་སངས་རྒྱས་ཐུགས་རྗེ་བསྒོམས། །ཧེ་རུ་ཀ་ཡི་བྱིན་རླབས་དང་། །སྔགས་འཆང་བདག་གི་དམ་ཚིག་གིས། ཁྱོད་ལ་སྙིང་རྗེ་དཔག་མེད་སྐྱེས། ཁྱོད་ལས་ངན་དབང་གིས་འཁོར་བར་འཁྱམས། །ལས་ངན་གྱི་རྣམ་ཤེས་ཡར་ལ་འཕོས། །ངས་དང་པོ་ཁྱོད་ཀྱི་ལིངྒ་མིང་རུས་བྲིས། ཁྱོད་ནི་ནག་པོའི་ཕྱོགས་སུ་སྡོད་པའི་དུས། །དུག་གསུམ་ཆུ་ལ་མི་སྦྱང་རྒྱུ། །ཕུད་ལ་མི་ཟ་མགོ་ཚོ་ཟ། །ཐུགས་རྗེའི་ལྕགས་ཀྱུས་མི་འཛིན་རྒྱུ། །རྣམ་ཤེས་འཁོར་བར་འཁྱམས་ལ་ཁད། ཁྱོད་དང་པོ་ལས་ངན་དབང་གིས་སྐྱེས། །བར་དུ་མི་དགེ་བཅུ་ལ་སྤྱད། །ཐ་མར་ལས་རྣམས་སྣ་ཚོགས་བྱས། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱས། ཁྱོད་བསད་པར་བྱ་བ་མ་ཡིན་ཏེ། །ལས་ངན་འཁོར་བའི་སེམས་ཅན་ཁྱོད། །རས་ཆེན་ངོས་ལ་བྲིས་ཙ་ན་། སངས་རྒྱས་ཞིང་དུ་སླེབ་པར་བསྒོམས། །ཧོཾ་ཁུང་ནང་དུ་བཅུག་ཙ་ན། །གཞལ་ཡས་ཁང་དུ་ཕྱིན་པར་སོམས། །ཐོད་པའི་ནང་དུ་བརྫངས་ཙ་ན། །བདེ་ཆེན་གནས་སུ་ཕྱིན་པར་སོམས། །མི་གཙང་དུད་པས་བདུག་ཙ་ན། །དྲི་ཞིམ་སྤོས་ངད་ཡིན་པར་སོམས། །སྐྱོབ་བྱེད་ལྟ་དང་ཕྲལ་ཙ་ན། །ལས་ངན་གྲོགས་དང་བྲལ་བར་སོམས། །ཕོ་ཉའི་ཚོགས་ཀྱིས་བཀུག་ཙ་ན། །ངན་སོང་གནས་ནས་དྲངས་པར་སོམས། །ལས་ཀྱི་མུན་པ་བསུས་ཙ་ན། བར་དོའི་མུན་པ་སངས་པར་བསྒོམས། །གཤིན་རྗེའི་ཕོ་ཉས་དྲུད་ཙ་ན། །བྱང་ཆུབ་གྲོགས་ཀྱིས་ཁྲིད་པར་སོམས། །རྣམ་ཤེས་རླུང་ལ་བསྐྱོན་ཙ་ན། །ཐེག་ཆེན་རྟ་ལ་ཞོམ་པར་སོམས། །ཞིང་ཆེན་གདན་ལ་གཏིང་ཙ་ན། །འོག་མིན་གནས་སུ་ཕྱིན་པར་སོམས། །བདག་གི་ཕུར་བུ་གཏབ་ཙ་ན། །ཞེ་སྡང་རྣམ་སྨིན་བྱང་བར་སོམས། །ཡུངས་ཀར་ཐུན་གྱིས་དྲངས་ཙ་ན། །མེ་ཏོག་(༨ན)


GLG023_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་བབ་པར་སོམས། །ཚོན་སྐུད་སྣ་ལྔས་བཅིངས་ཙ་ན། །ལུས་ལ་འཇའ་ཚོན་འཁྱིལ་བར་སོམས། །ཐུན་སྣ་དུ་སྣ་བྲབས་ཙ་ན། །གཏི་མུག་མུན་པ་སངས་པར་སོམས། །རྡོ་རྗེ་ཐོ་བས་བརྡུངས་ཙ་ན། །ང་རྒྱལ་རི་བོ་བཅོམ་པར་སོམས། །དུག་ཐུན་ཁྲག་ཐུན་བྲབས་ཙ་ན། །འདོད་ཆགས་མེ་ཆེན་ཞི་བར་སོམས། །རྣོན་པོའི་མཚོན་གྱིས་གཏུབས་ཙ་ན། །ཕྲག་དོག་རླུང་འཚུབ་ཞི་བར་སོམས། །གཏོར་ཟོར་བྲང་ལ་རྒྱབ་ཙ་ན། །ཞེ་སྡང་རྩད་ནས་བཅད་པར་སོམས། །ཤེས་པ་རྟེན་དང་ཕྲལ་ཙ་ན། །ལུས་ནི་ས་རྡོ་ཡིན་པར་སོམས། །རྣམ་ཤེས་དབྱིངས་སུ་སྤར་ཙ་ན། །མཁའ་སྤྱོད་གནས་སུ་ཕྱིན་པར་སོམས། །ཕོ་ཉ་ལས་མཁན་ཐམས་ཅད་ཀྱིས། །ཤ་རུས་དུམ་བུར་གཏུབས་ཙ་ན། །ཚོགས་འཁོར་རྒྱ་ཆེན་ཐེངས་པར་སོམས། །ཐོད་ངན་ནང་དུ་ཚུད་ཙ་ན། །སྐྱེད་མོས་ཚལ་དུ་སླེབས་པར་སོམས། །འཁོར་བའི་ལས་འདི་ཆགས་པའི་རྒྱུ། །ཆགས་པ་མ་སྐྱེ་ལས་ངན་ཁྱོད། །བཅོམ་ལྡན་དཔལ་ཆེན་ཐུགས་རྗེ་དང་། །རྣལ་འབྱོར་བདག་གི་སྙིང་རྗེ་ཡིས། །འཁོར་བའི་གནས་ནས་དྲང་བའི་ཕྱིར། །བསླུ་མེད་བྱང་ཆུབ་གནས་སུ་སྤར། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་ཡིས། །སྐུ་ཡི་ལྷ་ཚོགས་མཆོད་པར་བྱས། །རྣམ་པར་སྣང་མཛད་ཞིང་ཁམས་སུ། །ཆོས་དབྱིངས་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་ཚོར་བའི་ཕུང་པོ་དེས། །ཡོན་ཏན་ལྷ་ཚོགས་མཆོད་པར་བྱས། །རིན་ཆེན་འབྱུང་ལྡན་ཞིང་ཁམས་སུ། །མཉམ་ཉིད་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་འདུ་ཤེས་ཕུང་པོ་དེས། །གསུང་གི་ལྷ་ཚོགས་མཆོད་པར་བྱ། །སྣང་བ་མཐའ་ཡས་ཞིང་ཁམས་སུ། །སོར་རྟོག་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་འདུ་བྱེད་ཕུང་པོ་དེས། །འཕྲིན་ལས་སྣ་ཚོགས་མཆོད་པར་བྱས། །(༨བ)


GLG023_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པའི་ཞིང་ཁམས་སུ། །བྱ་གྲུབ་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་རྣམ་ཤེས་ཕུང་པོ་དེས། །ཐུགས་ཀྱི་ལྷ་ཚོགས་མཆོད་པར་བྱས། །མི་བསྐྱོད་རྡོ་རྗེའི་ཞིང་ཁམས་སུ། །མེ་ལོང་ཡེ་ཤེས་ཐོབ་པར་བྱ། ཁྱོད་ཀྱི་ཤ་ཁྲག་རུས་པ་དང་། །སྲོག་དང་དབུགས་ཀྱི་ལོངས་སྤྱོད་ལ། །མ་མོ་མཁའ་འགྲོ་ལོངས་སྤྱོད་པས། །ཡུམ་ལྔའི་དབྱིངས་སུ་དབྱེར་མེད་འགྱུར། ཁྱོད་ཀྱིས་རྣམ་པར་ཤེས་པ་དེ། །མི་བསྐྱོད་རྡོ་རྗེའི་ཞིང་ཁམས་སུ། །བདེ་གཤེགས་རྗེ་ཡི་རིགས་སུ་སྐྱེ། །དེ་བས་ཉོན་མོངས་ལས་ངན་ཁྱོད། །བླ་མ་ཡི་དམ་སྨོད་ཅིང་བསད་པ་ན། །བསད་པས་སྡིག་པར་འགྲོ་བར་འགྱུར། །གསོད་པས་ལྟུང་བ་ཆེན་པོར་འགྱུར། ཁྱོད་ཀྱི་ལུས་སེམས་བྲལ་བ་འདི། །བྱང་ཆུབ་ལམ་ལ་འགོད་པའི་ཕྱིར། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས། །ཕཊ་བྱས་པས་ཡི་དམ་གྱི་ཐུགས་ཀར་འཕངས། ཁོའི་ཚེ་དང་བསོད་ནམས་ཐམས་ཅད་རང་ཉིད་ལ་བསྟིམ་མོ། །ཡང་ཕཊ་བྱས་པས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཡར་རྒྱང་སྟེ་འཕང་ངོ་། །མན་ངག་བླ་མའི་ཞལ་ལས་ཤེས། །ཕུར་གདབ་གུད་དུ་བཀོལ་བ་ནི། མཐར་བསྒྲལ་ལས་བྱ་བ་ནི། སྲོག་ཕུར་མིན་པའི་གདབ་ཕུར་ཁྲོ་ཞལ་ཡོད་པ་ཞིག་ལག་པ་ཐལ་མོ་སྦྱར་བའི་བར་དུ་གཟུང་ལ། རང་གི་ལག་གཡས་ཉི་མ་དང་གཡོན་ཟླ་བ་གཡས་པའི་སོར་མོ་ལྔ་ཨོཾ་ཧཱུཾ་ཏྲཾ་ཧྲཱི༔ཨཱཿལས་རིགས་ལྔ། །གཡོན་པའི་སོར་མོ་ལྔ་མཱཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་ཡུམ་ལྔར་གསལ་བ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་ལས་སྤྲུལ་པའི་རྡོ་རྗེ་ཕུར་བུ་ཧཱུཾ་ནག་པོ་ལས་སྲས་མཆོག་ཡ་མཱནྟ་ཀ་བཛྲ་ཀཱི་ལ་ཡ་ནག་པོ་རྡོ་རྗེའི་གཤོག་པ་ཅན་ཞལགསུམ་ནག་དཀར་དམར་བ། ཕྱག་གཡས་གསུམ་འཁོར་ལོ་རལ་གྲི་རྡོ་རྗེ་གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་སྡིགས་མཛུབ་ཀྱི་ཐ་མ་གཉིས་རྡོ་རྗེ་ཕུར་བུ་ཐུགས་ཀར་སྒྲིལ་བ། དུར་(༩ན)


GLG023_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུ་མགར་གྱི་སོལ་མལ་ནས་གཏོན་པ་ལྟ་བུ་མེའི་ཚ་ཚ་འཕྲོ་བ་ཆུ་སྲིན་གྱི་ཁ་ནས་བྱུང་བ་སྦྲུལ་གྱི་ཆུན་པོ་འཆང་བ་དེ་དག་གི་སྐེད་པ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཡུམ། ཡར་གྱི་རྭ་ལྔ་ལ་རྒྱལ་བ་རིགས་ལྔ་ཡབ་ཡུམ། མར་གྱི་རྭ་ལྔ་ལ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། རྒྱ་མདུད་གོང་མ་ལ་ཡི་དམ་ཞི་ཁྲོ་རབ་འབྱམས། རྒྱ་མདུད་འོག་མ་ལ་བཀའ་བསྲུང་དམ་ཅན་རྒྱ་མཚོ། དཔལ་ལ་གཤིན་རྗེ་སྡེ་བརྒྱད་དྲེགས་པའི་དམག་ཚོགས། རྩེ་མོ་ཟུར་གསུམ་ནས་མཚོན་ཆ་སྣ་ཚོགས་པའི་ཆར་འབབ་པ། སྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་ཞིང་། ཕྱར་བ་ཙམ་གྱིས་ཁམས་གསུམ་དངངས་པར་བྱེད་པ། བཏབ་པ་ཙམ་གྱིས་དགྲ་བགེགས་བརླག་པར་ནུས་པ་ཞིག་ཏུ་གྱུར་པར་བསམ། ཨཱོཾ་ཡཱ་མནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ཡ་ཝཀ་ཙིཏྟ་ཨ་བྷི་ཥྩི་ཨོཾ་ཨཱཿཧཱུཾ་ཕུར་བུ་ལས་འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་བསྡུས་ཕུར་བུ་ལ་ཐིམ་པས་སྐུ་འགྱིངས་པ་དང་། གསུང་བསྒྲགས་པ་དང་ཐུགས་གཡོས་པ་ཙམ་གྱིས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་དབང་དང་ལྡན་པར་གྱུར་པར་བསམ། ཕུར་བུ་དྲིལ་ཞིང་། ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །གཡས་པ་ཐབས་ཀྱི་རང་བཞིན་ཅན། །རིགས་ལྔ་ཡབ་ལྔའི་ངོ་བོར་གསལ། །གཡོན་པ་ཤེས་རབ་རང་བཞིན་ཅན། །རིགས་ལྔ་ཡུམ་ལྔའི་ངོ་བོར་གསལ། །ཐབས་དང་ཤེས་རབ་སྦྱར་བ་ལས། །མཐིང་ནག་ཧཱུཾ་ལས་སྤྲུལ་པའི་སྲས། །ཡ་མཱནྟ་ཀ་ཀཱི་ལ་ཡ། །སྐུ་སྟོད་ཁྲོ་རྒྱལ་ཆེན་པོ་ལ། །སྐུ་སྨད་གནམ་ལྕགས་ཕུར་བུའི་ཚུལ། །(༩བ)


GLG023_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་བདེ་གཤེགས་འདུས་པའི་སྐུ། ཁམས་གསུམ་སྒྲོལ་མཛད་ཀཱི་ལ་ཡ། དགྲ་བགེགས་དུག་ལྔ་དུག་གསུམ་དང་། །ལས་དང་ཉོན་མོངས་ཚར་བཅད་ནས། །རྒྱལ་བའི་སྲས་སུ་རབ་སྒྲོལ་བའི། །རྡོ་རྗེ་ཕུར་བུར་མངའ་གསོལ་ལོ། །ན་མཿས་མནྟ་བུདྡྷ་ནཾ་ཀ་ཡ་ཝཀ་ཙིཏྟ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་བརྗོད་སླར་ཡང་ཕུར་བུ་བསྒྲིལ་ཞིང་། ཧཱུཾ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ། །གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་ཟད་རབ་འཇིགས་སྐུར་སྟོན་པ། །གཤིན་རྗེ་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙ་པ་ཡ་ཏི་དགྲ་བགེགས་མ་ར་ཡ་ཕཊ། ཅེས་དང་པོ་བླ་གནས་པར་གདབ། དེ་རྗེས་སྙིང་གའི་ཪྣྲི་ལ་གདབ་ཅིང་གནས་སྤར་བ་ནི། ཨེ་མ་ཁམས་གསུམ་སེམས་ཅན་རྣམས། །མ་རྟོགས་འཁྲུལ་པ་སྙིང་རེ་རྗེ། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཐུགས་རྗེས་ཐབས་ཤེས་སྦྱོར་བ་ཡིས། །ཕུང་པོ་བསྒྲལ་ནས་ཞལ་དུ་བཏབ། །རྣམ་ཤེས་རྒྱལ་བའི་སྲས་སུ་སྦར། །ཨོཾ་ཡ་མཱནྟ་ཀ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ནྲི་ཡཾ་སྥ་ར་ཎ་ཕཊ། བོ་དྷི་ཙིཏྟ་ནྲི་སཾ་ཧ་ར་ཎ་ཧཱུཾ་ཞེས་ཕུར་བུ་སྙིང་གར་བཏབ་པས་ཡིད་ཀྱི་རྟེན་རླུང་གི་དངས་མ་སྔོ་སྐྱ་བྱིའུའི་མགོ་ཙམ་གྱི་དབུས་སུ་སྲོག་གི་རྟེན་ཁྲག་གི་དངས་མ་ཐིག་ལེ་དམར་པོ་སྲན་མ་ཙམ་གྱི་དབུས་སུ་སྲོག་གི་ངོ་བོ་ཪྣྲི་རང་རང་གི་མདོག་ཅན་གྱི་ལྟེ་བར་ཁོ་ལ་སྔར་བླ་མས་དབང་བསྐུར་དུས་ཡེ་ཤེས་སེམས་དཔའ་བསྟིམ་པ་དེ་ཉིད་དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔའ་ཡིན་ལ་དམ་ལས་ཉམས་ན་ལས་ཀྱི་གཤིན་རྗེའི་གཤེད་པོ་ཡིན་པས་ཡེ་ཤེས་སེམས་དཔའ་དེ་(༡༠ན)


GLG023_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་ཏེ་སྙིང་རྩ་བརྒྱད་ནས་ཟ་ཞིང་ཁྲག་འཐུང་། ཕུར་བུའི་རྩེ་མོ་ནས་འོད་འཕྲོས་པས་རླུང་གིས་དྭངས་མ་སྔོ་སྐྱ་དེ་གཏོར། ཁྲག་གི་དྭངས་མ་འུབ་ཀྱི་སྐམས། དེ་མ་ཐག་ཁོའི་འབྱུང་བའི་ཁམས་ས་ཆུ་ལ་ཐིམ་ཆུ་མེ་ལ་མེ་རླུང་ལ་རླུང་རྣམ་ཤེས་ཀྱི་ངོ་བོ་ཪྣྲི་ལ་ཐིམ་མ་ཐག་ཪྣྲི་དེ་ཉིད་ཕུར་བུའི་རྩེ་མོར་འུབ་ཀྱི་བསྡུས་པ་ཕུར་བུའི་ཁོང་བསྲེང་ནས་བརྒྱུད་རྡོ་རྗེའི་ལྟེ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡབ་ཀྱི་ཐུགས་ཀར་ཪྣྲི་དེ་ཉིད་ཨཱཿདཀར་པོའི་རྣམ་པར་བསྟིམ་པས་ཆོས་སྐུར་སངས་རྒྱས། སླར་འཇམ་དཔལ་ཡབ་ཡུམ་སྦྱོར་བ་མཛད་པའི་ཚེ་ཨཱ༔དེ་ཉིད་ཡབ་ཀྱི་དབུ་མའི་ལམ་བརྒྱུད་རྡོ་རྗེའི་ལམ་ནས་ཡབ་ཡུམ་གྱི་མཁའ་གསང་དུ་བབས་པས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྲས་སུ་གྱུར་ཏེ་ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བརྩེགས་ཀྱི་ཞིང་དུ་ལོངས་སྐུར་སངས་རྒྱས། དེའི་སྤྲུལ་པ་དཔག་ཏུ་མེད་པ་བཀྱེ་སྟེ་ཁམས་གསུམ་པའི་འགྲོ་བ་སྒྲོལ་བས་དོན་གཉིས་གྲུབ་པའི་སྤྲུལ་སྐུར་སངས་རྒྱས་པར་བསམ། ཡང་ཕུར་བུ་ཁོའི་སྙིང་གར་བཏབ་པས་ཁོའི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་ཕུར་བུའི་ཁོང་གསེང་ནས་བརྒྱུད་རང་གི་སྙིང་གར་ཐིབས་བདག་གི་ཚེ་དང་བསོད་ནམས་དཔལ་དང་སྟོབས་དང་གཟི་བརྗིད་རྒྱས་པར་བྱས། ཁོའི་སྙིང་ནང་གི་ཡེ་ཤེས་སེམས་དཔའ་ཡང་ཕུར་བུའི་ཁོང་གསེང་ནས་བརྒྱུད་འཆང་བཟུང་གི་རྡོ་རྗེའི་ལྟེ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཐིམ་པར་གྱུར་པར་བསམ་ཞིང་ཕུར་བུ་གནས་རྣམས་སུ་བཏབ་ཅིང་། ཧཱུཾ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲག་པོ་སྒྲོལ་མཛད་ཕུར་བུ་ནི། །སྐུ་སྟོད་ཕྱག་རྒྱ་ཟིལ་གནོན་ལ། །སྐུ་སྨད་ལྕགས་ཕུར་ཟུར་གསུམ་(༡༠བ)


GLG023_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །སྟོབས་ཆེན་འདུས་པའི་མཚོན་ཆ་ཡིས། །དགྲ་བགེགས་འཁོར་བ་རྩད་གཅོད་ཕྱིར། །ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ། །ལུས་ཀྱི་རྣམ་ཤེས་རྟེན་དང་ཕྲོལ། །ལུས་ཀྱི་འཁྲུལ་བ་རྩད་ནས་ཆོད། །མགྲིན་པའི་དཀྱིལ་དུ་ཀཱི་ལ་ཡ། །ངག་གི་རྣམ་ཤེས་རྟེན་དང་ཕྲོལ། །ངག་གི་འཁྲུལ་པ་རྩད་ནས་ཆོད། །མིག་གི་དཀྱིལ་དུ་ཀཱི་ལ་ཡ། །མིག་གི་རྣམ་ཤེས་རྟེན་དང་ཕྲོལ། །གཟུགས་སུ་འཁྲུལ་བ་རྩད་ནས་ཆོད། །སྣ་ཡི་དཀྱིལ་དུ་ཀཱི་ལ་ཡ། །སྣ་ཡི་རྣམ་ཤེས་རྟེན་དང་ཕྲོལ། །དྲི་རུ་འཁྲུལ་བ་རྩད་ནས་ཆོད། །རྣ་བའི་དཀྱིལ་དུ་ཀཱི་ལ་ཡ། །རྣ་བའི་རྣམ་ཤེས་རྟེན་དང་ཕྲོལ། །སྒྲ་རུ་འཁྲུལ་པ་རྩད་ནས་ཆོད། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །ལྕེ་ཡི་རྣམ་ཤེས་རྟེན་དང་ཕྲོལ། རོ་རུ་འཁྲུལ་པ་རྩད་ནས་ཆོད། །གསང་བའི་དཀྱིལ་དུ་ཀཱི་ལ་ཡ། །ཀུན་གཞི་རྣམ་ཤེས་རྟེན་དང་ཕྲོལ། །འཁོར་བའི་འཁྲུལ་པ་རྩད་ནས་ཆོད། །ཡན་ལག་བཞི་ལ་ཀཱི་ལ་ཡ། རེག་བྱའི་རྣམ་ཤེས་རྟེན་དང་ཁྲོལ། །རེག་བྱའི་འཁྲུལ་བ་རྩད་ནས་ཆོད། །ཨོཾ་ཡ་མཱནྟ་ཀཱ་བཛྲ་ཀཱི་ལི་ཀཱི་ལ་ཡ། དགྲ་བགེགས་མཱ་རཱ་ཡ་ནཱ་ཤཱ་ཡ་སྟཱཾ་བྷཱ་ཡ་མོ་ཧཱ་ཡ་བྷན་དྷཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་གདབ། ཁོའི་རྣམ་ཤེས་ཚོགས་བརྒྱད་ཕུར་བུ་ལ་ཐིམ། ཕུར་བུ་འོད་དུ་ཞུ་ལྷ་རྣམས་ལ་ཐིམ། ལྷ་རྣམས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཐིམ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བདག་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་ལྟར་ཚེ་ལུང་ཁྲུས་ལུང་གི་རྗེས་སུ་གསོ་བ་གསུམ་ལས་བདག་གསོ་བ་ནི། ཨཱོཾ་ཡ་མཱཏྣ་ཀ་ཧཱུཾ་ཕཊ་ཅེས་བརྒྱ་ཕྲག་དང་། ཧཱུཾ་བརྒྱ་བཟླས་པས་ཁམས་གསུམ་ཧཱུཾ་གིས་གང་ཧཱུཾ་དེ་རྣམས་རང་ལ་ཐིམ་པས་རང་ཉིད་ཕྱག་རྒྱ་ཟིལ་གནོན་སྐུ་ཆེ་ཞིང་ཡན་ལག་རག་པས་སྟོང་གསུམ་གང་བ་གཅིག་ཏུ་གྱུར་པར་བསམ། ཕུར་བུ་གསོ་བ་ནི། ཡང་ཨཱོཾ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་བཟླས་པས་ཕུར་བུ་དེ་ལས་ཕུར་བུ་གྲངས་མེད་པ་འཕྲོས་ཁམས་(༡༡ན)


GLG023_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕུར་བུས་གང་། དགྲ་བགེགས་ཐམས་ཅད་ཚར་བཅད་ཚུར་འདུས་ཕུར་བུ་ལ་ཐིམ་པས་ཕུར་བུ་མཐུ་སྟོབས་གཟི་མདངས་ནུས་པ་དང་ལྡན་པར་གྱུར་པར་བསམ། དགྲ་གསོ་བ་ནི། ཨོཾ་ཡ་མཱཏྣ་ཀ་ཧཱུཾ་ཕཊ། ཅེས་བཟླས་པས་སྔགས་ཀྱི་འོད་ཟེར་ལིང་གའི་སྙིང་གར་ཕོག་པས་ཚོགས་བརྒྱད་ཀྱི་སྒྲིབ་པ་ཉེས་ལྟུང་ཐམས་ཅད་སྦྱངས་ནས་ཁོ་འཇམ་དཔལ་གཤིན་རྗེའི་གཤེད་དུ་གྱུར་མ་ཐག་རླུང་རྡོ་རྗེ་རྒྱ་གྲམ་གྱིས་བཏེགས་ནས་ལྷོ་ཕྱོགས་རྡུལ་བྲལ་གྱི་ཞིང་དུ་འཇམ་དཔལ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་རྒྱལ་བའི་སྲས་སུ་སྐྱེས་པར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་བརྒྱ་ཕྲག་གཅིག་བཟླས་པས་སྐུ་གསུམ་ཐོབ་པར་བསམ་པའོ། །འདི་ཡན་སྨད་ལས་གྲུ་གུ་འཐུལ་བ་ལྟ་བུ་བསྒྲལ་འདྲེན་མཐར་ཐུག་པ་ཡིན་ལ་འདི་ཕྱིན་ཁོའི་རྣམ་སྨིན་གྱི་ལུས་སྒྱུ་མ་ལྟ་བུ་བག་ཆགས་དང་བཅས་པ་རོ་ཚབས་བྱེད་པ་ལྟར་བསྒྲལ་ནས་ཤ་ཁྲག་ལྷ་རྣམས་ལ་ཚོགས་འཁོར་དགའ་སྟོན་དུ་འབུལ་བ་ཡིན་ནོ། །བླ་ཕུར་སོགས་ཕུར་པ་གསུམ་སྔགས་དང་བཅས་ཏེ་གདབ་སོ་སྡེབས་དང་ཟླ་གསང་ཐུན་བསྐུལ་གྱི་ཐུན་བྲབ། གཏོར་ཟོར་དྷེག །གདབ་ཕུར་གྱི་དཔལ་ལས་མཚོན་ཆ་རྣམས་སྤྲོ་བའི་དམིགས་པ་དང་བཅས། ཧཱུཾ་ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །ཉོན་མོངས་བག་ཆགས་ཀྱིས་སྨྱོགས་པའི། །དུག་གསུམ་གྱིས་མནར་ཁྱོད་གཟིགས་ནས། །འཇམ་དཔལ་གཤེན་རྗེའི་གཤེད་པོ་ཡིས། །སྙིང་རྗེས་ཁྱོད་ཉིད་བསྒྲལ་བའི་ཕྱིར། ཛཿཛཿགཟའ་བཞིན་སྤྲོས་ནས་ཀྱང་། །བཀུག་ཅིང་རྡོ་རྗེའི་མཚོན་ཆས་བསྒྲལ། རྡོ་རྗེ་ཕུར་བུའི་རྩེ་མོ་ནས། །ཞེ་སྡང་རྩད་གཅོད་རྡོ་རྗེའི་མཚོན། །དྲག་པོ་ཐོག་གི་ཆར་ལྟར་ཕོབ། །ཧཱུཾ་ཨེ་ཛཿལྕགས་ཀྱུ་འབར་བའི་ཚོགས་སྤྲོས་པས། ཁུག་ཅིག་བཛྲ་ཨཾ་གུ་ཤ་ཛཿཞགས་པ་འབར་བའི་ཚོགས་སྤྲོས་པས། །(༡༡བ)


GLG023_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཆིངས་ཤིག་བཛྲ་པ་ཤཾ་ཧཱུཾ། །ལྕགས་སྒྲོག་འབར་བའི་ཚོགས་སྤྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །དྲིལ་བུ་འབར་བའི་ཚོགས་སྤྲོས་པས། །ཕོབ་ཅིག་བཛྲ་གྷཎྜེ་ཧོཿ རྡོ་རྗེ་འཁོར་ལོའི་ཚོགས་སྤྲོས་པས། །གཏུབས་ཤིག་བཛྲ་ཙཀྲ་ཎ། རྡོ་རྗེ་རལ་གྲིའི་ཚོགས་སྤྲོས་པས། །གཤོག་ཅིག་བཛྲ་ཁཌྒ་ཎ། །རྡོ་རྗེ་རྩེ་དགུའི་ཚོགས་སྤྲོས་པས། །རྡུལ་དུ་ལྟོགས་ཤིག་བཛྲེ་ཎ། །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། །མྱུར་དུ་ཁུག་ཅིག་ཪྣྲི་ཏྲི་ཛཿ རྡོ་རྗེ་གཏུན་ཤིང་ཚོགས་སྤྲོས་པས། །རྡུངས་ཤིག་བཛྲ་མུ་ཁ་ལ། །རྡོ་རྗེ་སྡིགས་འཛུབ་ཚོགས་སྤྲོས་པས། །གཟིར་ཤིག་བཛྲ་ཏིརྫ་ནི། །མཆིལ་པ་འབར་བའི་ཚོགས་སྤྲོས་པས། །དྲོངས་ཤིག་བཛྲ་ཨཱ་ན་ཡ། །ཐོད་ཁྲག་འབར་བའི་ཚོགས་སྤྲོས་པས། །མྱོས་པར་གྱིས་ཤིག་བརྟ་ཀར། །བཤན་གྲི་འབར་བའི་ཚོགས་སྤྲོས་པས། །སྒྲོལ་ཞིག་བཛྲ་ཙྪིནྣ། །ཙིཏྟ་འབར་བའི་ཚོགས་སྒྲོས་པས། །ཉམས་པར་གྱིས་ཤིག་བི་རུཏྡྷ། །རི་རབ་འབར་བའི་ཚོགས་སྤྲོས་པས། །རྣམ་པར་གནོན་ཅིག་ཀྲནྟ་ཀུ་རུ། །དགྲ་སྟ་འབར་བའི་ཚོགས་སྤྲོས་པས། ཁོས་ཤིག་བཛྲ་པཪྴུ་པ། །བེ་ཅོན་འབར་བའི་ཚོགས་སྤྲོས་པས། །རྒྱོབ་ཅིག་བཛྲ་ཏཱ་ཌ་ཡ། །ཞགས་པ་འབར་བའི་ཚོགས་སྤྲོས་པས། །དམ་པོར་སྡོམས་ཤིག་བྷན་དྷ་ན། །གཞན་ཡང་སྤྲུལ་པའི་ཕོ་ཉའི་ཚོགས། །མཚོན་ཆ་སྣ་ཚོགས་རབ་འབར་བའི། །ཕོག་པར་རྒྱོབ་ཅིག་ཏཱ་ཌ་ཡ། །གནད་དུ་བསྣུན་ཅིག་པུ་ཙི་ཡ། །མྱུར་དུ་གསོད་ཅིག་མ་ར་ཡ། །ཤ་ལ་ཟོ་ཞིག་བྷུ་ཛ་ཏ། ཁྲག་ལ་འཐུང་ཞིག་བི་ཝ་ཐ། །རུས་ལ་མུར་ཞིག་བྷཀྵ་ཡ། ནང་ཁྲོལ་ཆོམ་ཞིག་བྷཉྫ་ན། །ཀླད་པ་སྟོབས་ཤིག་ཁ་རཾ་ཁཱ་ཧི། །འཕྲིན་ལས་བསྒྲུབས་ཤིག་ཀཪྻ་ཧོ། ཞེས་བརྡེག །དེ་ནས་མི་བསད་པའི་མཚོན་ཆས་བརྡེག་ཅིང་། ཧཱུཾ་ང་ནི་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྣོ་བའི་མཚོན་ཆ་ནི། །ཐོགས་མེད་དྲག་པོ་ལས་ཀྱི་མཚོན། །(༡༢ན)


GLG023_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་མེ་ཆེན་རབ་འབར་བས། །ཉོན་མོངས་ལས་ཀྱིས་རབ་མནན་པའི། །དགྲ་བགེགས་ལོག་རྟོག་དུག་ལྔའི་ཚོགས། །འཁོར་བའི་སྐྱེ་བརྒྱུད་རྩད་ནས་ཆོད། །ཨཱོཾ་མནྟྲ་སུམ་བྷ་བཛྲ་ཛྭ་ལ། ཨོཾ་བྷྲུཾ། ཧཱུཾ་བྷྲུཾ། ཏྲཾ་བྷྲུཾ། ཧྲི་བྷྲུཾ། ཨཱཿབྷྲུཾ། ཚལ་པ་ཚལ་པ་མ་ར་ཡ་ཛཿཛ་ཞེས་བཟློག་བསད་ཀྱི་འཁོར་ལོ་དང་ལིངྒ་རྣམས་དུམ་བུར་བསྒྲལ། གཏད་མནན་གྱི་འཁོར་ལོ་རྣམས་བསྒྲལ་བའི་ཚུལ་ཙམ་མ་གཏོགས་དངོས་སུ་མི་བསྒྲལ་ལོ། །དེ་ནས་ཟན་ལིང་གཅིག་དང་བསྒྲལ་བའི་ལིང་རོ་རྣམས་གཏུན་ཁུང་དུ་བཅུག་ལ་རྡོ་རྗེའི་ཐོ་བས་བརྡུང་ཞིང་། གཏུན་ཁུང་ཡུམ་གྱི་བྷ་གར་ཐོབ་ཡབ་ཀྱི་རྡོ་རྗེས་བརྡུངས་པས་དགྲ་བོའི་ཉོན་མོངས་པ་རྩད་ནས་བཅད་དེ་རྒྱལ་བའི་སྲས་སུ་སྐྱེས་པར་བསམ་ལ། ཧཱུཾ་ཛཿབརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་འདི། །རྡོ་རྗེའི་མཚོན་ཆས་བསྒྲལ་ནས་ཀྱང་། ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་པས། །ལྷ་ཡང་རུང་སྟེ་བརླག་པར་བྱེད། །དགྲ་བགེགས་རྣམས་ལ་སྨོས་ཅི་དགོས། །ཉམས་པའི་ཚེ་སྲོག་ལུས་ངག་ཡིད། །ཐལ་བའི་རྡུལ་དུ་བརླག་པར་བགྱིའོ། །ཨོཾ་བཛྲ་ཀྲོ་དྷ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་མཆུ་ཆིངས་མཆུ་ཆིངས། ཞེས་ཉེར་གཅིག་བཟླས་ལ་བརྡུང་། དེ་ནས་ལིང་རོ་ཅུང་ཟད་ཞིག །སྨན་རག་དང་བཅས་ཏེ་གཏོར་མར་སྦྲན་ལ་ཞལ་སྟོབས་ཀྱུས་བཞིན་བྱའོ། །དེ་ལྟར་མངོན་སྤྱོད་ཀྱི་ལས་འདི་ནི་གཤིན་རྗེ་ནག་པོའི་རྒྱུད་ལ། ཨེ་མ་ཧོ་གསང་བའི་ཡང་དག་གསང་། །བསད་པ་མ་ཡིན་སྡིག་ལས་གྲོལ། །ཇི་སྲིད་བསད་ཀྱང་མ་བསད་དེ། །སྡིག་པ་སྟོང་ཕྲག་བྱས་པ་ཡིས། །མནར་མེད་ལ་སོགས་མི་སྐྱེ་བ། །ཨེ་མ་ཧོ་སངས་རྒྱས་ཆ་བའི་བདག །བསད་པས་བྱང་ཆུབ་ཐོབ་པར་བྱེད། །ཅེས་དང་། དགྲ་ནག་གི་རྒྱུད་ལས། འདི་ལྟར་གསད་པ་སངས་རྒྱས་ཀྱི། །སྲས་སུ་དེ་ནི་སྐྱེ་བར་འགྱུར། །ལས་ཀྱི་སྡིག་ལས་དེ་(༡༢བ)


GLG023_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལོ། །ཞེས་མངོན་སྤྱོད་ཀྱི་ལས་ལ་བརྟེན་ནས་རང་གཞན་ཐམས་ཅད་སངས་རྒྱས་ཐོབ་པའི་ཐབས་དམ་པ་དྲག་སྔགས་བདག་པོ་གནུབས་ཀྱི་ཁྱད་ཆོས་འདི་ནི་སྙིང་ལ་བཅང་བར་བྱའོ། །ཤིན་ཏུ་འཇམ་པའི་དབྱངས་ལྡན་རྒྱལ་སྲས་དེ། །མི་བཟད་ཆེས་ཆེར་ཁྲོས་པ་སྲིན་པོའི་གར། །གདུལ་དཀའི་ལོག་འདྲེན་གཉེན་པོར་ལེགས་བསྒྱུར་ན། །མན་ངག་འདི་ཀོ་དེང་དུས་བླང་བྱའི་ཆོས། །ཧ་ཅང་གབ་ན་མི་རྟོགས་རང་མགོ་འཁོར། །ལྷུག་པར་བགོད་ན་གདམས་པ་འཆོལ་བའི་རྒྱུ། །མཉམ་འཇུག་འབྱུང་བ་མི་མེད་ཟབ་མོའི་གནད། །ནུབ་འཕངས་དཀྱུས་བྲིས་དམ་ཅན་ཕྲག་མ་དོག །དཔེ་འདི་བཀའ་རྒྱས་བཀྲོལ་བའི་སྣོད་ལྡན་ལས། །ཀུན་ལ་མ་སྤེལ་སྲུང་མར་གཏེར་དུ་གཏད། །རྒྱུད་འཛིན་སྔགས་འཆང་རྣམས་ཀྱིས་ཉམས་བླངས་ནས། །ཐུབ་བསྟན་མི་ནུབ་བཙས་སུ་འགྱུར་བར་ཤོག །ཅེས་གཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ་འདི་ནི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱི་ཉམས་ལེན་དུ་ཟ་ཧོར་གྱི་བནྡེ་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་འཇམ་དབྱངས་གྲགས་པས་བགྱིས་པའི་དགེ་བས་ནག་པོའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག །


previousགཤིན་རྗེ་གཟའ་གདོང་དམར་ནག་གི་ལས་བྱང་མ་ཡིག་དང་བུ་ཡིག་ཏུ་མི་གསལ་བའི་ཁ་སྐོང་བདུད་དཔུང་སྙིང་རྩ་འདར་བའི་ང་རོ།next