Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས།
   
   
   
   
   
   
   
   
   


 
previousའཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས།next

འཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས།


GLG023_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས་བཞུགས་སོ།།


GLG023_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་ཉི་མ་ཐུགས་རྗེའི་འོད་ཟེར་གྱིས། །མངོན་པར་སྒོ་ཕྱེ་སིནྡྷུ་རོལ་པའི་རྒྱན། །པདྨ་གེ་སར་རྩེ་ལས་རང་བྱུང་སྐུ། །དགེ་ལེགས་ཀུན་གྱི་འབྱུང་གནས་མཧཱ་གྷུ་རུ། །རྒྱལ་བ་དགོངས་བརྒྱུད་བླ་མའི་མགོན་པོར་ངེས། །བླ་མ་མཆོག་དང་དབྱེར་མེད་གཤིན་རྗེའི་གཤེད། །མ་རུངས་བདུད་སྡེའི་དཔུང་ཚོགས་འཇོམས་བྱེད་པའི། །རཀྴ་ཀཱ་ལ་ཉིད་ལ་གསོལ་བ་འདེབས། །བདེ་ཆེན་ཡེ་ཤེས་བསྐྱེད་པར་བྱ་བའི་ཕྱིར། །པ་ར་མི་ཏ་མཚན་ལྡན་ཤེས་རབ་ཚུལ། །མཚོ་གླིང་གནས་ནས་སྤྱན་དྲངས་རྒྱལ་སྲས་ཀྱི། །གཉིས་མེད་ཡུམ་གྱུར་འཇའ་ལུས་རྡོ་རྗེའི་སྐུ། །རིགས་འཛིན་རིག་པའི་བརྡ་བརྒྱུད་གསང་བའི་གཉེན། །བླ་མ་མཆོག་དང་དབྱེར་མེད་བཻ་ཏ་ལི། །བན་དགྲ་གླང་སྙིང་མུ་སྟེགས་ཕམ་མཛད་པའི། །མཐིང་འབར་རྒྱལ་མོ་ཉིད་ལ་གསོལ་བ་འདེབས། །སྨོན་ལམ་དབང་བསྐུར་མངོན་མཐོ་མཛད་འཕྲིན་ལས། །རྒྱལ་བཏབ་མ་ཉམས་ཆོས་བདག་མཁའ་འགྲོས་གཏད། །འོམ་བུ་ཚལ་གྱི་བྲག་དམར་གཏེར་སྒོ་ཕྱེ། །གྲུ་གུ་ཡང་དབང་ཞེས་གྲགས་སྤྲུལ་པའི་སྐུ། །བཀུར་འོས་དམ་པ་ཉིད་དང་བླ་མ་མཆོག །དབྱེར་མེད་ངོ་མཚར་མན་ངག་ཟབ་མོ་ཡིས། །(༢ན)


GLG023_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱུད་ནུས་སྟོབས་བདག་པོར་བྱིན་བརླབས་པ། །ཆོས་དང་གང་ཟག་བཅས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་དག་རྡོ་རྗེ་འཛིན་པ་དང་། །བལ་པོ་ཞེས་སྐྱབས་རིན་ཆེན་རྒྱལ་བའི་མཚན། །སྟོན་ཆུང་གྲགས་དབང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོ་ཕན་བདེ་འབྱུང་བའི་གནས། །གདམས་པའི་དབང་ཕྱུག་བདུན་ལྡན་རྡོ་རྗེའི་མཚན། །རིན་ཅེན་སེང་གེ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་ཀྱི་ངེས་བཟུང་མི་བསྐྱོད་རྡོ་རྗེ་དང་། །རིན་ཅེན་བཟང་པོ་བྲག་གསུམ་ནགས་ཕུག་པ། །ཏྲེ་བོ་ཆོས་བཟང་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རོང་པོའི་ཆར་འཁྲུངས་སེང་གེ་རྡོ་རྗེ་དང་། །ཕ་ཇོའི་ཚུལ་བཟུང་འཇིགས་བྱེད་ནག་པོ་དང་། །འཇམ་དཔལ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །རིན་ཅེན་མཛོད་ལྟར་དབང་ཕྱུག་གདམས་པས་གཏམས། །མདོ་སྡེ་རྒྱ་མཚོ་བླ་མ་མཆོག་ཉིད་དང་། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །གང་ལ་བསྐྱབ་ཕྱིར་པདྨ་དབང་ཕྱུག་ཅེས། །བཀྲ་ཤིས་མན་ངག་(༢བ)


GLG023_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གྲགས་གདམས་པས་ཕྱུག །དཔལ་ལྡན་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །རིགས་འཛིན་མཆོག་སྤྲུལ་ངག་གི་དབང་པོའི་ཞབས། །ཡོལ་མོ་སྤྲུལ་སྐུ་སྟོབས་ལྡན་ཤུགས་འཆང་རྩལ། །བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ་ཞབས། །དབྱེར་མེད་དམ་པ་གསུམ་ལ་གསོལ་བ་འདེབས། །ཕྱི་ནང་ཟུང་འཇུག་དབྱེར་མེད་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཡོན་འཕྲིན་ལས་དམ་ཚིག་རྫས། །བཀའ་གཏད་འཕྲུལ་གྱི་བརྡ་སྤྲོད་ཐབས་ཉིད་ལ། །བརྟེན་ནས་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བརྣག་པའི་མཐར་ཐུག་འཕྲུལ་འཁོར་ཉི་ཟླའི་བཅས། །གང་ལ་ཐོགས་མེད་གནམ་ལྕགས་འབར་བའི་དབལ། །རྟེན་འབྱུང་ནུས་ལྡན་བསྒྲུབ་ལ་རབ་བརྩོན་པ། །ལྷ་མཆོག་འཇོམས་བྱེད་ཉི་ཟླ་འགྲུབ་པར་ཤོག །སྙིགས་དུས་ལོག་སྤྱོད་སྐྱེ་བོ་སྔགས་བཟློག་མཁན། །ལས་བྱེད་གཤིན་རྗེ་གཤེད་དང་གཞན་མི་ཐུབ། །སྒོམ་བཟླས་དམོད་ཚིག་ཐབས་རྫས་སྦྱོར་བྱེད་སོགས། །འཇོམས་པར་བྱེད་འདིས་གསང་སྔགས་བསྟན་བསྲུང་ཤོག །མི་མཐུན་གཡུལ་ལས་རྣམ་རྒྱལ་དམ་པའི་ཆོས། །མཚོ་སྐྱེས་སྤྲུལ་སྐུའི་བསྟན་པ་སེམས་ཁོ་ན། །རིམ་བརྒྱུད་ཕས་རྒོལ་སྟོབས་འཇོམས་བྱེད་པོ་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཧཱུཾ་བསྐལ་པའི་མེ་ཆེན་འབར་བའི་ཀློང་དཀྱིལ་ནས༔ ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་གཞལ་ཡས་སུ༔ དགྲ་བགེགས་གནོད་བྱེད་བསྣོལ་བའི་ཁྲི་སྟེང་ན༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །མཆེ་བ་རབ་གཙིགས་སྤྱན་གསུམ་ཁྲོ་གཉེར་བགྲད༔ དབུ་སྐྲ་དམར་སེར་མེ་ལྟར་གྱེན་དུ་འབར༔ སྐུ་སྨད་ཕུར་བུས་(༣ན)


GLG023_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི་སྙིང་ལ་གཟིར༔ ཕྱག་གཡས་རལ་གྲིས་དགྲ་སྲོག་རྩད་ནས་གཅད༔ ཕྱག་གཡོན་ལྕགས་ཀྱུས་དགྲ་བོའི་སྙིང་ནས་བཟུང་༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་འགྱིང་༔ སྐུ་ལ་བསྐལ་པའི་མེ་ཆེན་འབར་བ་ཡིས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་གཞོབ་ཏུ་གཏོང་༔ འཕྲིན་ལས་ཐོགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཧཱུཾ་མཚོན་ཆ་སྣ་ཚོགས་གུར་ཁང་ན༔ དགྲ་བགེགས་བསྣོལ་བའི་ཁྲི་སྟེང་དུ༔ མུ་སྟེགས་དབང་ཕྱུག་ཆེན་པོ་ནི༔ སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ༔ མཆེ་བ་རབ་གཙིགས་དྲག་པོའི་རྐན་སྒྲ་རྡེབ༔ དབུ་སྐྲ་མཚོན་ཆ་གྱེན་དུ་འབར༔ ཕྱག་གཉིས་རི་རབ་མཆོད་རྟེན་བསྣམས༔ དམ་ཉམས་དགྲ་བོའི་བདུན་བརྒྱུད་རྩད་ནས་གཅོད༔ ཞབས་གཉིས་བརྐྱང་བསྐུམ་དྲག་པོའི་ཚུལ་དུ་བཞུགས༔ སྐུ་ལ་དུག་གི་མེ་འབར་དགྲ་བོ་གཞོབ་ཏུ་ཐོབ༔ བདུད་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བོའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད༔ ཅེས་འཇོམས་བྱེད་ཉི་ཟླ་ནག་པོའི་བཀའ་གཏད་ལ་ཉེར་མཁོའི་བརྒྱུད་འདེབས་དང་བཅས་པ་འདིའང་ཟ་ཧོར་གྱི་བནྡེས་སྦྱར། །


previousའཇོམས་བྱེད་ཉི་ཟླ་ནག་པོའི་བརྒྱུད་འདེབས།next