Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ།
   
   
   
   
   
   
   


 
previousལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ།next

ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ།


GLG023_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ་བཞུགས་སོ། །


GLG023_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཀརྨ་ཡ་མཱ་ཡ། སྐྱེ་དགུ་ཡོངས་ཀྱི་བླ་ཚེ་དང་། །སྲོག་དབུགས་ཀུན་ལ་དབང་སྒྱུར་བའི། །ལས་གཤིན་བྷེ་ཝ་ས་ཏྭ་ཞེས། །འཆི་བདག་ནག་པོའི་འཕྲིན་ལས་འདྲི། །དེའང་ཟིལ་གནོན་ཚེ་བདག་ནག་པོའི་མཆོད་རྟེན་བཅས་ཆོག་ཡོད་ན་དེས་ཁྱབ་ལ་གཞན་དུ་ན་འཆི་བདག་ཞལ་དབྱེའི་ལས་ཀྱི་དཀྱིལ་འཁོར་ས་སྟེགས་འབྲུབ་ཁུང་སོགས་ཁ་ཐུན་གྱི་གཞུང་མན་ངག་བཞིན་དུ་བྱས་པའི་ནང་དུ་ཐོད་པ་འཁོར་ལོ་སོགས་ཕྱག་ལེན་ལྟར་མངོན་པར་འདུ་བྱས། དེའི་མདུན་དུ་བསྙེན་སྒྲུབ། བསད་པ། འཕྲིན་ལས་དཀྱུས་སུ་འཆོལ་བ། གཏང་རག་སོགས་སྐབས་ཐོབ་དབྱེ་བ་ཕྱེད་པར་བྱས་པའི་རྫས་སྤྱིར་བཏང་དམིགས་བསལ་གང་བབས་བསྲེས་པའི་འབྲུ་ནག་གི་ཕྱེ་ལ་གཏོར་མ་ཟུར་གསུམ་པ་འཁོར་གཤེད་བཞི་ཁྲམ་བདག་བཅུ་གཉིས་དང་བཅས་པའི་གཏོར་མ་བཅུ་དྲུག་མཐེབ་སྐྱུ་རབ་བརྒྱ་འབྲིང་ལྔ་བཅུ་ཐ་མའང་ཉེར་གཅིག་གིས་བསྐོར་བ་ཤ་ཁྲག་གི་རྒྱན་དང་མར་རྒྱན་གྱིས་སྤྲས་པ། སྨན་མཆོད། རཀྟ། ཁྲག་གི་ཨརྒྷཾ། དབང་པོ་ལྔ་དངོས་སམ་རྒྱུ་དེ་དག་ནས་བསྲེས་པའི་བཟོ་མ་དང་དུད་འགྲོའི་སྙིང་སོལ་པ། ཤ་ཆེན། གུ་གུལ་གྱི་(༢ན)


GLG023_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ། རོ་རས་ཀྱི་སྡོང་བུ་ལ་ཚིལ་ཆེན་གྱི་མར་མེ། ཁྲག་དང་མཁྲིས་པའི་དྲི་ཆབ། ཤ་རུས་བསྲེས་པའི་ཞལ་ཟས་གྲུ་གསུམ། ཤོག་ལིང་ཟན་ལིང་སྐབས་སྦྱར། གསེར་སྐྱེམས་ཀྱི་ཛ་རག་དང་ཕུད་ཕོར། ཁྲག་མཆོད་ཀྱི་བཟེད་ཞལ། མི་རྐང་གི་གླིང་བུ། ཐོད་པའི་རྔ་ཆུང་། གཡབ་དར། བྱི་ལའི་གཅིན། སྨུག་ཆེན་སྨུག་ཆུང་། རོལ་མོ་གོ་མཚོན་སྤྱན་གཟིགས་རྣམས་བཤམ། མཆོད་པ་བྱིན་གྱིས་བརླབ་པ་ནི། ཨཱོཾ་སུཾ་བྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་གདུག་པ་ཅན་མཐའ་དག་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། ཙིཏྟའི་ཞལ་ཟས། རྐང་ཆེན་གྱི་གླིང་བུ་ལ་སོགས་མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི། བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ། སརྦ་འབུ་བ་ཏ་ཡ་བ་ཏི། ཨ་རྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། (༢བ)


GLG023_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱེ། ཤཔྟ་ཨཱཿཧཱུཾ། བདུད་རྩིས་བསངས་སྦྱངས། སྟོང་པའི་ངང་ལས། རླུང་མི་ཐོད་པའི་སྒྱེད་པོ་གསུམ་ལ་གནས་པའི་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བཅུད་ཤ་ལྔ་བདུད་རྩི་ལྔའི་རང་བཞིན། ཁ་དོག་དྲི་རོ་རེག་བྱ་ནུས་པ་ཕུན་སུམ་ཚོགས་པའི་རྒྱ་མཚོ་ཆེན་པོར་གྱུརཿ ཨཱོཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི་ཧཱུཾ་ཧྲཱི༔ཋ། ཞེས་སྔགས་ལན་གསུམ་བརྗོད། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས། རླུང་མེ་ཐོད་པའི་སྒྱེད་པོ་གསུམ་ལ་གནས་པའི་ཨ་ལས་བྷནྡྷིའི་སྣོད་ལྕང་ལོར་བཅས་པ་གྲུ་གསུམ་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་བྱད་མ་གཟུགས་ཕུང་ཤ་ཁྲག་གི་རང་བཞིན་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨཱོཾ་མ་ཧཱ་བྷ་ལིཾ་ཏ་ཧཱུཾ་ཧྲཱིཿཋ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། རཀྟ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། སྲིད་གསུམ་དགྲ་བགེགས་གདུག་པ་ཅན་མ་ལུས་བསྒྲལ་བ་ལས་བྱུང་བའི་རཀྟའི་རྒྱ་མཚོ་ཆེན་པོ་ལྦུ་ཕྲེང་རྦ་རླབས་འཕྱོ་ཞིང་། ཡོངས་སུ་གང་བ་ལས་ཀྱི་གཤིན་རྗེའི་ལྷ་ཚོགས་དགྱེས་པ་བསྐྱེད་ནུས་པར་གྱུར། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུཾ་ཧྲཱི༔ཋ། ཞེས་གསུམ་གྱིས་བྱིན་གྱིས་བརླབ་བོ། །བསད་ལས་གཙོ་བོར་བྱེད་ན་གཏོར་མའི་དུས་ཟུར་ཁྱད་དགོས་པ་ཡང་བཟློག་གི་ཐུན་གཏོར་དང་འདྲའོ། །དེ་ནས་ལས་ཁུང་དང་རྟེན་བསྐྱེད་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ལྕགས་ཁང་སྒོ་མེད་ཟུར་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ཕྱི་ལྕགས་མཁར་ཐོད་པའི་རྭ་བ། ནང་ལྕགས་མཁར་མུན་པ་ནག་པོའི་གླིང་། ཕྲག་དོག་གི་རླུང་གིས་ཞེ་སྡང་གི་མེ་སྦར་(༣ན)


GLG023_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། འདོད་ཆགས་ཀྱི་ཁྲག་དུག་ཁོལ་བའི་རླངས་པས་གཏི་མུག་གི་མུན་པ་འཐིབས་པ། དེའི་ནང་དུ་ལྕགས་མཁར་གཅིག །དེའི་ཕྱིར་ལྕགས་མཁར་བརྒྱད། དེའི་ཕྱིར་ལྕགས་མཁར་བཅུ་གཉིས། དེའི་ཕྱི་རོལ་མུན་པའི་གླིང་། དེའི་ཕྱིར་ལྕགས་མཁར་བཅུ་དྲུག་ཡོད་པ་འཇིགས་ཤིང་རྔམ་པའི་ཁ་བད་ལྕང་ལོར་བཅས་པའི་བནྡྷ་རློན་པ་རྙིད་པ་སྐམ་པོ་རྣམས་བརྩེགས་མར་བསྐོར་བའི་སྟེང་དུ་མི་ལྤགས་ཀྱི་རྒྱལ་མཚན་དང་འཕན་གདུགས་བསྒྲེང་བ། སྒལ་ཚིགས་དང་རྐང་ལག་གི་རུས་པའི་བྱ་འདབས། དུག་སྦྲུལ་དང་རྒྱུ་མའི་ལྡ་ལྡི། གློ་སྙིང་མཆིན་པ་མཁལ་མཆེར་མིག་སྣ་རྣ་བ་ལྕེ་སོགས་འཕྱང་བའི་དྲ་བ་ཕྱེད་པས་སྤྲས་པ། སྟེང་དུ་མེ་དམར་ནག་ཏུ་འཁྱིལ་བ་དང་འོག་རླུང་གི་འཁོར་ལོ་གཉིས་འཁྲུག་ཅིང་འཚུབ་པ། ཁྲག་གི་ཆུ་བོ་འབབ་ཅིང་མཚོར་འཁྱིལ་བ། ནང་ལྷ་སྲིན་སྡེ་བརྒྱད་ཀྱི་འདུ་གནས། སྲིད་གསུམ་ལྟོ་བར་འཆང་བའི་ཞིང་ཁམས། ཤི་གསོན་གཉིས་ཀྱིས་མཚམས་ཀྱི་ཟམ་ཁ། གསོན་པོ་སྐོས་ལ་འདེབས་པར་བྱེད་པའི་ས། གཤིན་པོ་དབང་མེད་འཁྱམ་ཞིང་རྒྱུ་བའི་ཡུལ། སྐྱེ་འགྲོ་ཁྲམ་ལ་འདེབས་པའི་ས་གཞི། མ་རུངས་ལོག་འདྲེན་འཇུག་པའི་བཙོན་ཁང་། དམ་ཉམས་དགྲ་བགེགས་གསོད་པའི་བཤས་ར། འཆི་བདག་གཤིན་རྗེའི་ཕོ་བྲང་འཇིགས་ཤིང་སྐྱི་གཡའ་བ། དབུས་ཀྱི་ལྕགས་མཁར་དུ་དགྲ་བོ་གན་རྐྱལ་ཁ་སྦུབ་ཏུ་བརྫིས་པའི་མ་ཧེ་ནག་པོ་ཁ་གདངས་ཤིང་མཆེ་བ་གཙིགས་པ་རྣོ་ངར་དང་ལྡན་པའི་རྭ་གདེངས་པ་འཇིགས་སུ་རུང་བའི་སྟེང་དུ་ཡ་ནག་པོ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས་ལོག་(༣བ)


GLG023_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཐམས་ཅད་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། འཆི་བདག་ལས་ཀྱི་གཤིན་རྗེ་བྷ་ཝ་ས་ཏྭ་སྐུ་མདོག་རྡོ་སོལ་ལྟར་གནག་པ་སྲིན་པོའི་ཞལ་ཅན། རབ་ཏུ་ཁྲོས་པའི་གཉེར་མ་སྨིན་མཚམས་སུ་བསྡུས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ། གནམ་ས་ལྟ་བུའི་ཞལ་གདངས་པ་ལས་ཁ་རླངས་དུག་གི་མེ་ལྕེར་འབར་བ། ཚེམས་དང་མཆེ་བ་གངས་རི་ལྟ་བུའི་བར་ནས་ལྗགས་གློག་ལྟར་འཁྱུག་པ། ཞལ་གྱི་གྲ་ནས་ཁྲག་གི་རྒྱུན་འཛག་པ། དབུ་སྐྲ་དང་སྨིན་མ་སྨ་ར་རྣམས་མེ་ལྟར་འབར་བ། ཕྱག་གཡས་བེ་ཅོན་འཕྱར་ཞིང་། གཡོན་གནམ་ལྕགས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་བསྐོར་བ། གསུས་པ་ཆེ་ཞིང་ལྟོ་བ་འཕྱང་བ། ཞབས་གཉིས་མ་ཧེ་ལ་ཞོན་ནས་སྟོང་གསུམ་མྱུལ་བ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་ཞིང་རུས་པའི་རྒྱན་དྲུག་དང་། རྒྱུ་མ་དང་། དུག་སྦྲུལ་གྱིས་སྤྲས་པ། ཁྲག་གི་ཐིག་ལེས་བརྒྱན་པ། བྷྱོ་ལས་ཡུམ་གཏུམ་མོ་དུག་ཧྲུལ་མ་ནག་མོ་ཁྲོ་ཞིང་གཏུམ་པ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བཟུང་ནས་དགྲ་ལ་ནད་ཡམས་གཏོང་བ་ལས་ཀྱི་རླུང་དམར་ལ་ཞོན་པ། ཡབ་ཡུམ་དེ་གཉིས་ཀྱི་ལྟོ་བར་སྲིད་པའི་གྲོང་ཁྱེར་ལྕགས་མཁར་བཅུ་དྲུག་གི་ནང་དུ་ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི་རྣམས་ཡོངས་སུ་གྱུར་པ་ལས་རང་འདྲའི་ལས་གཤིན་ཡབ་ཡུམ་འཁོར་དུ་གཤེད་བཞི་ཁྲམ་ཐོགས་བཅུ་གཉིས་སོགས་ལྷ་སྲིན་སྡེ་བརྒྱད་བུ་ཡུག་ལྟར་འཚུབ་པས་དགྲ་བགེགས་སྒྲོལ་བའི་ལས་བྱེད་པའི་བདག་ཉིད་ཅན་དུ་གྱུར། འཆི་བདག་ཡབ་(༤ན)


GLG023_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་འཁོར་དུ་ལྕགས་མཁར་བརྒྱད་ཀྱི་ནང་ན་ཡི་གེ་བཞི་ལས་ལས་ཀྱི་གཤེད་བཞི་གྲུབ་པ་ནི། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་སྨུག་ནག །ལྷོར་བདུད་པོ་མྱོས་བྱེད་འབར་བ་སེར་ནག །ནུབ་ཏུ་སྲིན་པོ་ཨཱཪྱ་མ་རུ་དམར་ནག །བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག་བཞི་ཀའང་གཡས་རིམ་བཞིན་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པའི་བེ་ཅོན་དང་། གཡོན་མཚོན་ཆའི་འཁོར་ལོ་འཛིན་པ་མཚམས་བཞིར་གཤེད་མོ་བཞི་དང་བཅས་པ། དེའི་ཕྱི་རོལ་ལྕགས་མཁར་བཅུ་གཉིས་ཀྱི་ནང་དུ་ཡི་གེ་བཅུ་གཉིས་ལས་ལས་ཀྱི་ཁྲམ་བདག་བཅུ་གཉིས་གྲུབ་པ་ནི། ཤར་ནས་བརྩམས་ཏེ་གཡས་སྐོར་དུ་གཤིན་རྗེ་ནག་འཇོམས་མཐིང་ནག་གཡས་རྡོ་རྗེ་རྩེ་ལྔ་དང་གཡོན་དགྲ་སྟ་འཛིན་པ། གཤིན་རྗེ་ཕྱྭ་སངས་དཀར་པོ་གཡས་ཚེ་བུམ་དང་གཡོན་རྡོ་རྗེ་གཤོལ་དབྱུག་འཛིན་པ། གཤིན་རྗེ་ཀོང་ཙེ་བྲག་འཇོམས་དཀར་པོ་གཡས་བྲག་ནག་དང་གཡོན་འཁོར་ལོ་འཛིན་པ། གཤིན་རྗེ་ཨ་བ་གླང་མགོ་དུད་ཁ་གཡས་ལྕགས་ཀྱུ་གཡོན་རྒྱུ་ཞགས་འཛིན་པ། གཤིན་རྗེ་ཡ་ཝ་ཏི་སྔོ་ནག་གཡས་རལ་གྲི་དང་གཡོན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཤིན་རྗེ་མིག་དམར་དམར་ནག་གཡས་རལ་གྲི་དང་གཡོན་ཞིང་དབྱུག་འཛིན་པ། གཤིན་རྗེ་རྨིག་པ་དུད་ཁ་གཡས་ཐོད་འཕྲེང་དང་གཡོན་ལྕགས་སྒྲོག་འཛིན་པ། གཤིན་རྗེ་ཏེལ་པ་སྔོ་ནག་གཡས་སྤུ་གྲི་དང་གཡོན་བྷན་དམར་འཛིན་པ། གཤིན་རྗེ་ལྷ་མཆོག་དུད་ཁ་སྨུག་ནག་གཡས་ཐོ་བ་དང་གཡོན་རྡོ་རྗེ་རྒྱ་གྲམ་འཛིན་པ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དམར་སེར་གཡས་རྡོ་རྗེ་རྩེ་གསུམ་དང་གཡོན་བདུད་ཀྱི་ཁྲམ་ཤིང་འཛིན་པ། གཤིན་(༤བ)


GLG023_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དམར་པོ་དམར་ནག་གཡས་རྩིས་ཀྱི་བྱང་དམར་དང་གཡོན་གཏུན་ཤིང་འཛིན་པ། གཤིན་རྗེ་ཐོད་དབྱུག་མཐིང་ནག་གཡས་ཐོད་དབྱུག་དང་གཡོན་བདུད་ཀྱི་ཤོ་རྡེལ་འཛིན་པ་རང་རང་གི་ཆུང་མ་དང་བཅས་པ། གཞན་ཡང་དེ་དག་གི་ཕྱི་རོལ་ཏུ་ལས་སྣ་ཚོགས་སོ་སོར་སྒྲུབ་པའི་སྤྲུལ་པ་ཡང་སྤྲུལ་གྱི་ཚུལ་དུ་ལས་ཀྱི་མི་བརྒྱད། མཐར་བྱེད་ཀྱི་ཕོ་ཉ་བརྒྱད། གཤེད་པོ་བདུན། སྲས་མཆོག་བཅུ་བདུན། གིང་ཆེན་བཅོ་བརྒྱད། གཅེས་བདུད་བཅུ་གཅིག །བཤན་པ་བཞི། མོན་པ་བཞི། ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ། གཤིན་རྗེ་བདུན་བརྒྱ་ཉི་ཤུ། མདངས་ལེན་གྱི་མ་མོ་སྟོང་དང་རྩ་གཉིས། ཕྱི་རོལ་གྱི་ལྕགས་མཁར་བཅུ་དྲུག་ལ་ལས་བྱེད་ཆེན་པོ་བཅུ་དྲུག་སོགས་མདོར་ན་སྣང་སྲིད་ལྷ་ཟིན་དྲེགས་པའི་དམག་ཚོགས། ཤ་ཟ་བ། ཁྲག་འཐུང་བ། བལྟ་བ། རྒོད་པ། ཁྲོ་བ། བརྡ་དང་གར་བྱེད་པ། མཚོན་ཆ་སྣ་ཚོགས་འཕེན་པ། གསོད་གསོད། རྒྱོབ་རྒྱོབ། ཧཱུཾ་ཧཱུཾ། ཕཊ་ཕཊ། རྐང་རྐང་། རྐེ་རྐེ། ཏ་ཧུ་ཏ་ཧཱུཾ་སོགས་འཇིགས་པའི་སྒྲ་སྒྲོག་པས་ས་དང་བར་སྣང་མ་ལུས་པ་གང་བར་གྱུར་པར་བསམས་ལ། སྤྱན་གྱི་ཕྱག་རྒྱ་བཅས་ཏེ། ཧཱུཾ་ཡ་མཱནྟ་ཀྲྀ་ཏ་བཛྲ་དྷརྨཿ ཙཀྵུ་པྲ་བེ་ཤ་ན། ཞེས་སྤྱན་དབྱེ། སྡང་མིག་ཏུ་དགྲ་ལ་གཟིགས་པས་འཇིགས་པར་འགྱུར། ཨཱོཾ་ཡ་མཱནྟ་ཀ །དེ་བ་ཤོ་ད་ཏྲཾ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་པས་ཞལ་གདངས་པ། ལྗགས་འགྲིལ་བས། ཧ་ཧ་ཞེས་དགྲ་བོ་སྐྲག་པར་བྱེད་པར་གྱུར། ཨཱོཾ་ཨ་མཱནྟ་ཀ །བཛྲ་ཧྲི། ཞེས་བརྗོད་པས། ཐུགས་ཤིན་ཏུ་ཁྲོས་ཤིང་རྔམ་པ། དབུ་སྐྲ་གྱེན་དུ་བརྫེས་(༥ན)


GLG023_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྨིན་མཚམས་འོད་ཟེར་དམར་ནག་མགར་གྱི་ཚ་ཚ་བཞིན་དུ་འཕྲོ་བར་གྱུར། ཨཱོཾ་བཛྲ་གུ། ཧྭ་ལམ། ཞེས་བརྗོད་པས། མཆེ་བ་གཙིགས་ནས་དགྲ་བོའི་སྲོག་རྩ་གཅོད་པར་གྱུར། ལག་པ་གཡས་བེ་ཅོན་དང་། གཡོན་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། བེ་ཅོན་བརྒྱབ་བས་ས་གཞི་གས་ནས་སྒོ་བྱེ་རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་ལས་ཀྱི་གཤིན་རྗེའི་སྙིང་གའི་ཡ་ལ་ཕོག་པས། རླུང་གི་དཀྱིལ་འཁོར་གྱི་སྟེང་རྒྱ་མཚོ་ཆེན་པོའི་འོག་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་བཅས་སྤྱན་དྲངས་ནས་དམ་ཚིག་པ་ལ་ཐིམ་པར་བསམས་ནས། འབོད་པའི་བརྡས་ལན་གསུམ་དུ་འབོད། བཤུག་གླུ་ལན་གསུམ་དུ་སྐྱུར། མི་རྐང་གི་གླིང་བུ་ལན་གསུམ་འབུད། ཐལ་མོ་ལན་གསུམ་བརྡབ། ཐོད་ཆེན་གྱི་རྔ་དང་རྫ་རྔ་བརྡུང་། དར་ནག་གི་གཡའ་མོ་ཕྱོགས་བཞི་ནས་ལན་གསུམ་དུ་གཡབ། ཤ་ཆེན་དང་ཚིལ་ཆེན་གྱི་གསུར་དུད་གཏོང་ཞིང་འདི་སྐད་དོ། །ཧཱུཾ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་ཐུར་དུ་ཟུག་པ་ན། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །ཡིད་ཀྱིས་བརྒྱུ་བའི་སྒོ་ཅན་ན། །ཕྱོགས་ཕྱོགས་མི་རོས་གཏམས་པའི་གནས་མཆོག་ན། །འཆི་བདག་ལས་ཀྱི་གཤིན་རྗེ་ཆེན་པོ་དང་། བདུད་ཀྱི་རྒྱལ་མོ་དུག་ཧྲུལ་གོས་གྱོན་མ། །ལས་ཀྱི་གཤེད་པོ་ཁྲམ་བདག་ཡབ་ཡུམ་རྣམས། །སྲིད་གསུམ་ལྟོ་ན་འཕྱོ་ཞིང་འགལ་བྱེད་ཞགས་པས་འདྲེན། །བེ་ཅོན་འཁོར་ལོ་བསྐོར་ཞིང་དམ་ཉམས་རྩད་ནས་གཅོད། །བསྟན་པ་གཉན་བསྲུང་ལས་ཀྱི་རྫུ་འཕྲུལ་ཅན། །ཐ་ཚིག་གཉན་པོས་ཐུགས་དམ་རྒྱུད་(༥བ)


GLG023_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་གྱིས། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་དམ་ལ་གཤེགས། ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི། བྷེ་ཝ་ས་ཏྭ། ཛ་མ་རི་ཧཱུཾ། ཨ་ར་ལི་ཧོ། ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་སྟཾ། བཞུགས་སུ་གསོལ་བ་ནི། ཧཱུཾ། གྲུབ་པའི་འཆི་བདག་གཤིན་རྗེ་སྲིན་མོའི་ཚོགས། །མིང་དང་སྲོག་ཏུ་བརྗོད་པས་གྲུབ་པའི་ཚོགས། །རྡོ་རྗེའི་ཐ་ཚིག་དམ་ཚིག་རྗེས་དྲན་ཞིང་། །གྲུབ་པའི་ལས་རྣམས་སྔོན་ཚེ་ཁས་བླངས་ཏེ། །དཀྱིལ་འཁོར་གནས་འདིར་དམ་ཚིག་བརྟན་པར་བཞུགས། ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ། ས་མ་ཡ། མ་ན་མ་ར་ཨ་དྷི་ཏིཥྛ་ས་མ་ཡ་ལྷན། ཟིལ་གྱིས་གནོན་པ་ནི། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ལ། ཨཱོཾ་ཤྲཱི་མཉྫུ་ཀྲོ་ཏ་ཛྙཱ་ན་སརྦ་དུཥྚཾ་བྷནྡྷ་ཡ་ཕཊ། དབང་དུ་བསྡུ་བ་ནི། རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ཏེ། ཧཱུཾ། འཇིག་རྟེན་འཆི་བདག་གཤིན་རྗེ་མཐུ་ཆེན་རྣམས། །འཇིགས་རུང་ལས་ཀྱི་རྫུ་འཕྲུལ་སྟོབས་ཅན་ལས། །ཡེ་ཤེས་ཏིང་ངེ་འཛིན་གྱི་བྱིན་སྟོབས་ཀྱིས། །འཇིག་རྟེན་གདུག་པ་འདུས་པའི་ཡེ་ཤེས་དང་། །སྲིད་པའི་སྙིང་ཐག་འདྲེན་པའི་ཏིང་འཛིན་ང་ལ་ཡོད། །ང་ནི་བགེགས་ཆེན་འདུལ་བ་ཡི། །སངས་རྒྱས་རྫུ་འཕྲུལ་བདག་སྦྱོང་བས། །བགེགས་ཀྱི་ཚོགས་རྣམས་ངས་འདུལ་ལོ། །ཨཱོཾ་ཧྲཱི༔ཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། མ་ཧཱ་བཾ་ཀ །ཛཾ་བི་ཏ་ཨནྟ་ཀ་ར། སརྦ་དུ་ཤ་སྟཾ་པ་ཡ་ཧཱུཾ་ཕཊ། དམ་ཚིག་བསྟན་པ་ནི། རྡོ་རྗེ་རྩེ་གཉིས་པའི་ཕྱག་རྒྱ་བསྟན་ཏེ། ཧཱུཾ། སྔོན་ཚེ་དཔལ་ཆེན་གཤིན་རྗེ་གཤེད། ཁྲོ་མཆོག་འབར་བའི་སྐུ་མངའ་དེས། །འཆི་བདག་གཤིན་རྗེ་གཟིར་ནས་ནི། །དྲེགས་པ་སྤངས་ནས་སྲོག་(༦བ)


GLG023_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཕུལ། །ཕོ་བྲང་འཁོར་དུ་དམ་ཚིག་བྱིན། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའོ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །བྷེ་བ་ས་ཏྭ་ས་མ་ཡེ་ས་མ་ཡ་ཐཱ། དམ་བསྒྲག་པ་ནི། བེ་ཅོན་གྱི་ཕྱག་རྒྱ་བསྟན་ཏེ། འཆི་བདག་ནག་པོའི་འཁོར་བཅས་རྣམས། །རང་སེམས་དཔང་དུ་རབ་བཙུགས་ལ། །དམ་ཚིག་དག་ལ་གནས་པར་གྱིས། །འགལ་ན་མགོ་བོ་ཚལ་པར་འགས། །ཡ་མ་རཱ་ཛ་ས་མ་ཡ་ཧཱུཾ་ཕཊ། རྡོ་རྗེའི་མནའ་ཆུ་སྦྱིན་པ་ནི། དམ་ཆུ་གཏེར་བའི་སྟང་ག་དང་བཅས་ཏེ། འདི་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་སྔར་ཁས་བླངས་རྡོ་རྗེའི་ཆུ། །མ་ཉམས་དངོས་གྲུབ་ཐོབ་བྱེད་ཅིང་། །འགལ་ན་མགོ་འགས་དམྱལ་བར་ལྟུང་། །ཡ་མ་རཱ་ཛ་ཨི་དཾ་ཧོ༔ བཀྵ་ས་མ་ཡ་ཨི་དན་ན་ར་སྐན། དམ་ལ་བཞག་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྟོན་པའམ་རྡོ་རྗེ་དངོས་གང་རུང་དང་བཅས་ཏེ། ཧོ། འཆི་བདག་ལས་ཀྱི་གཤིན་རྗེ་བྷ་ཝ་ས་ཏྭ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་པདྨ་འབྱུང་གནས། སློབ་དཔོན་གཙུག་ལག་དཔལ་དགེ །བལ་པོ་བྷ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། གནུབས་ཡེ་ཤེས་རྒྱ་མཚོ། གནུབས་པདྨ་དབང་རྒྱལ། གནུབས་བླ་ཆེན་འཇམ་དཔལ། གནུབས་རྒྱ་གར་རྡོ་རྗེ་ལ་སོགས་པའི་བཀའ་མའི་བརྒྱུད་པ་དང་། གཏེར་སྟོན་རྒྱ་ཞང་ཁྲོམ། བྲལ་ཏེ་སམ་བྷོ་ཊ། གངས་(༦བ)


GLG023_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

བན་བཀྲ་ཤིས་དར། །གངས་པ་རི་དཀར་བ། མཐུ་ཆེན་གངས་པ་ཤཱཀ་འབུམ། གྲ་ཕྱི་གཡུང་སྟོན་རྡོ་རྗེ་དཔལ་ལ་སོགས་པ་བཀའ་གཏེར་ཟུང་དུ་འཇུག་པའི་རིགས་འཛིན་བརྒྱུད་པའི་ཚོགས་སྤྱི་དང་། ཁྱད་པར་མངའ་རིས་རིག་འཛིན་ཆེན་པོ་ལེགས་ལྡན་རྡོ་རྗེ་དང་། མཉམ་མེད་ནུབ་དགོན་པ་བྱམས་པ་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་གདམས་པའི་མཛོད་འཛིན་ཆོས་ཀྱི་རྒྱལ་པོ་དཔལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས། དྲིན་ཅན་རྩ་བའི་བླ་མར་བཅས་པ་རྣམས་ཀྱིས་བཀའ་དང་དམ་ལ་བཏགས་པའི་དམ་ཚིག་དྲན་པར་མཛོད་ལ། རིག་པ་འཛིན་པ་བདག་གིས་བཅོལ་བའི་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཧཱུཾ། ཁྲག་གི་མཆོད་ཡོན་ནི། ཧཱུཾ། སྒྲུབ་པའི་འཆི་བདག་གཤིན་རྗེའི་ཚོགས། །འཕུང་བྱེད་ཤ་ཁྲག་ཞལ་གསོལ་ཏེ། །དམར་ཆེན་ཁྲག་ལ་ས་མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི། བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ། སརྦ་འབུ་པ་ཏ་ཡ་པ་ཏི་མ་ཧཱ་རཀྟ་པྲ་ཏཱི་ཙྪ་ཧོ༔ ཨརྒྷཾ་པྲ་ཏཱི་ཙྩ་ཁ་རཾ་ཁཱ་ཧི། ཞེས་བཟེད་ཞལ་དུ་ཁྲག་ཆང་སྦྲེང་ངོ་། །ཉེར་སྤྱོད་ལྔ་རོལ་མོ་འབུལ་བ་ནི། ལས་ཀྱི་གཤིན་རྗེ་འཁོར་བཅས་ལ། །དབང་པོའི་མེ་ཏོག་རྣམ་པར་བཀྲ །ཤ་ཆེན་དུད་པ་སྤྲིན་བཞིན་གཏིབས། །ཚིལ་ཆེན་མར་མེ་ཉ་ལྟར་གསལ། །མཁྲིས་པའི་དྲི་ཆབ་རྦ་ཀློང་འཁྲུག །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །ཐོད་རྔ་རྐང་གླིང་རོལ་མོ་འབུལ། །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །གོང་གི་སྔགས་(༧ན)


GLG023_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཏུ་ཨརྒྷཾ་ནས། ཤཔྟའི་བར་བརྗོད། སྨན་མཆོད་ནི། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །བདུད་རྩི་སྨན་གྱི་མཆོད་པ་འདི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །གོང་གི་སྔགས་མཇུག་ཏུ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟ་ནི། མི་དང་སྲོག་ཆགས་སྣ་ཚོགས་པ། །བསད་ཁྲག་རཀྟའི་མཆོད་པ་འདི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །གོང་གི་སྔགས་མཇུག་ཏུ་མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏོར་མ་ནི། ཕྱགས་ཆེན་ཤ་དང་ཁྲག་དང་རྐང་། །ལྷ་བ་རུས་པ་བདུད་རྩིར་སྦྱར། །དབང་པོ་ཚིམ་བྱེད་འདོད་ཡོན་ལྔ། །འདོད་ཡོན་བདུད་རྩིའི་ཏིང་འཛིན་གྱིས། །གྲུབ་པའི་གཤིན་རྗེའི་ཚོགས་རྣམས་རོལ། །ཧ་ཧ་ཧི་ཧི་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིཾ་མཆོད་པ་བཞེས་སུ་གསོལ། །གོང་གི་སྔགས་མཇུག་ཏུ་མ་ཧཱ་བྷ་ལིཾ་ཏ་ཁ་རཾ་ཁཱ་ཧི། ལན་གསུམ་མམ་བདུན་དང་། མ་ཧཱ་མཾ་ས་ནས། ཀེཾ་ནྲྀ་ཏིའི་བར་བརྗོད། ནས་ནག་གི་མེ་ཏོག་འཐོར་ཞིང་། ཧོ། འཆི་བདག་གཤིན་རྗེའི་ཚོགས་རྣམས་ལ། །སྔར་བཅོལ་ལེགས་པའི་གཏང་རག་དང་། །ད་བཅོལ་འགྲུབ་པའི་གསོལ་འདེབས་ཀྱི་རྟེན་དུ་མཆོད་གཏོར་རྒྱ་ཆེན་པོ་འདི་འབུལ་གྱིས་བཞེས་ལ་རིག་པ་འཛིན་པ་བདག་གིས་བཅོལ་བའི་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཅེས་བརྗོད། བསྟོད་པ་ནི། ཧཱུཾ། མུན་པའི་མདོག་ཅན་སྲིན་པོའི་གཟུགས། །མ་ཧེ་ཞོན་ནས་སྟོང་གསུམ་མྱུལ། །སྣ་ཚོགས་(༧བ)


GLG023_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆས་དགྲ་སྲོག་གཅོད། །འཆི་བདག་ནག་པོ་ཁྱོད་ལ་བསྟོད། །སྦྱོར་ཡུམ་གཏུམ་མོ་རོ་གོས་མ། །ལས་ཀྱི་གཤེད་བཞི་གཤེད་མོ་དང་། ཁྲམ་བདག་བཅུ་གཉིས་ཆུང་མར་བཅས། །འཁོར་གྱི་བཀའ་ཉན་རྣམས་ལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ལ་སོགས་པ། །རབ་འཇིགས་གཤིན་རྗེའི་དམག་ཚོགས་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི། །འཁོར་དང་བཅས་ལ་བདག་བསྟོད་དོ། །འཛབ་བཟླ་བ་ནི། རང་ཟིལ་གནོན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། །གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་ལ་ཡ་ནག་པོ་སོགས་རང་རང་གི་ས་བོན་གྱི་མཐར་སྔགས་འཕྲེང་གིས་བསྐོར་བ་ལ་ཕོག་པས་བརྒྱུད་བསྐུལ་ཏེ་དྲག་པོའི་ལས་ཐོགས་མེད་དུ་བསྒྲུབ་པར་བསམས་ལ། ལས་གཤིན་གྱི་སྙིང་པོ། ཨཱོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ་དང་། གཙོ་འཁོར་བསྒྲིལ་སྔགས་ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡ་ཙ་ནི་ཧཱུཾ་ཕཊ། ཅེས་པ་ཅི་མང་དུ་བཟླ། གདབ་ལས་བྱ་ཞིང་བསྒྲལ་མཆོད་འབུལ་བ་ལ་བསྐུལ་བ་ནི། རཀྟ་སྒྲེང་བཤུག་སྒྲ་སོགས་སྤྱན་འདྲེན་དུས་ཀྱི་སྐབས་སུ་གང་བྱེད་རྣམས་བླངས་ལ་འདི་སྐད་དོ། །ཧཱུཾ། ཡ་མནྟ་ཀའི་ཞབས་འོག་ནས། །སྐྱེ་འགྲོའི་སྲོག་ལ་མངའ་མཛད་པ། །འཆི་བདག་གཤིན་རྗེ་འཁོར་བཅས་རྣམས། །དྲག་པོའི་ལས་ལ་སྤྱན་འདྲེན་ན། །ཕྱོགས་ཕྱོགས་མཚམས་ཀྱང་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །རི་རབ་ཆེན་པོའི་རྨང་འོག་ན། །རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །གཤིན་ཡུལ་ནག་པོའི་རྨང་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །སྒོ་མེད་ལྕགས་(༨ན)


GLG023_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བཅུ་བདུན་ཡོད། །གྲོང་ཁྱེར་དེ་ཡི་ནང་ཤེད་ན། །རུས་པའི་གདང་བུ་ཁྲོལ་ལོ་ལོ། །ཤ་ཡི་ལྷུ་དུམ་ཉིལ་ལི་ལི། །རཀྟའི་རྦ་ཀློང་ཁྱིལ་ལི་ལི། །ཞིང་ཆེན་གསར་རྙིང་རྩིག་པར་བརྩིགས། །ས་གཞི་ཀེཾ་རུས་ཁྲག་ཐིགས་ཅན། །ཉི་ཟླའི་འོད་ཀྱིས་མ་ཁྱབ་པའི། །མུན་ནག་འཇིགས་པའི་སྨག་རུམ་ན། །ཤིན་ཏུ་འཇིགས་ཤིང་སྐྱི་གཡའ་བ། །དེ་ན་ལས་ཀྱི་གཤིན་རྗེ་བཞུགས། །ཡི་དྭགས་འབུམ་གྱི་དེད་དཔོན་པོ། །འཆི་བདག་ཆོས་ཀྱི་རྒྱལ་པོ་ནི། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤེད་དུ་ཆེ། །དགེ་བ་ཅན་གྱི་སྟངས་ཀྱང་འཛིན། །སྡིག་པ་ཅན་ལ་ཆད་པ་མཁན། །ལེགས་ཉེས་གཉིས་ཀྱི་སྟངས་གཅོད་པ། །འཆི་བདག་གཤིན་རྗེ་ནག་པོ་སྟེ། །བཞིན་མི་སྡུག་ལ་ཁྲོ་གཉེར་ཅན། །གསུས་པོ་ཆེ་ལ་ལྟོ་འཆང་པོ། ཁྲག་ཞག་མང་པོའི་ཐིག་ལེ་ཅན། །རྒྱུ་མ་སྦྲུལ་གྱིས་སྐུ་ལུས་བརྒྱན། །ཕྱག་ན་གདུག་པའི་མཚོན་ཆ་བསྣམས། །སྙིང་རྗེ་མེད་པར་གསོད་ལ་དགའ། །སྤྱན་གདངས་ཞལ་བསྒྲད་མཆེ་བ་གཙིགས། །ལྕེ་བརྐྱངས་མཆུ་ནི་ཁྲག་གིས་བཀུས། ཁ་རླངས་དུག་གི་མེ་ལྕེ་འབར། །སོ་རྣོ་ལག་པ་དམར་བ་སྟེ། །ལས་སུ་སྐྱེ་འགྲོའི་སྲོག་རྩ་གཅོད། །ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ། །སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང་། །སྐུ་ནི་ཧ་ཅང་མི་བསྐྱོད་དེ། །འཇམ་དཔལ་ཏིང་འཛིན་གཡོས་པའི་ཚེ། །བརྣག་པའི་དགྲ་ལ་ཁྱུར་མིད་བྱེད། །འཆི་བདག་གཤིན་རྗེ་ནག་པོ་ལ། །འཁོར་དུ་ཡི་དྭགས་འབུམ་གྱིས་བསྐོར། །ཤར་(༨བ)


GLG023_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཡ་མ་རཱ་ཙ་དང་། །ལྷོ་ཕྱོགས་མྱོས་བྱེད་འབར་བ་དང་། །ནུབ་ཕྱོགས་ཨཱཪྱ་མ་རུ་དང་། །བྱང་ཕྱོགས་རལ་པ་ཚར་དགུ་བཞིས། །རྒྱལ་པོའི་ཚུལ་དུ་ས་ཡང་འཛིན། །བློན་པོའི་ཚུལ་དུ་ཞལ་ལྕེ་གཅོད། །དམག་དཔོན་ཚུལ་དུ་ཁྲིམས་ལས་མཛད། །མངོན་ཤེས་དུས་འདིར་བདག་ལ་དགོངས། །བདག་ཀྱང་རིགས་འཛིན་སྒྲུབ་པ་པོ། །འཇམ་དཔལ་གཞོན་ནུའི་རིགས་འཛིན་ཏེ། །ཡ་མཱནྟ་ཀའི་ཐུགས་ཀྱི་སྲས། །བླ་མེད་བྱང་ཆུབ་བསྒྲུབ་པ་དང་། །དགེ་བའི་ཆོས་ལ་བར་གཅོད་པའི། །སྡིག་ཅན་འདི་དག་བསྒྲལ་བའི་ཕྱིར། ཁྱོད་ཀྱི་ཐུགས་དམ་བདག་བསྐུལ་ན། །དོན་ནི་འགྲོ་བ་ཡོངས་ཀྱི་དོན། །ལས་ནི་སངས་རྒྱས་ཀུན་གྱི་ལས། །བཀའ་ནི་དཀོན་མཆོག་གསུམ་གྱི་བཀའ། །འཆི་བདག་གཤིན་རྗེ་འཁོར་བཅས་ལ། །འཕྲིན་ལས་དྲག་པོའི་གཉེར་གཏད་ཀྱིས། །ལྷས་བྱིན་ཞེས་བྱའི་སྡིག་ཅན་འདི། སྤྱིར་ཡང་དཀོན་མཆོག་གསུམ་ལ་སྡང་། །དམིགས་ཀྱི་རྣལ་འབྱོར་བདག་ལ་སྡང་། །འདི་དག་མྱུར་དུ་བསྒྲལ་བའི་ཕྱིར། །གཤིན་རྗེ་འཁོར་བཅས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །དམར་གྱི་གཏོར་མ་འདི་བཞེས་ལ། །བཀའ་ལས་འདས་པའི་སྡིག་ཅན་འདི། །མགོ་བོ་སྐོར་ཅིག་བྲ་མ་ཡ། །ལུས་པོ་སྤྲུགས་ཤིག་མུར་ཙ་ཡ། །སྙིང་ཁྲག་སྐྱུག་ཏུ་ཆུག་ཅིག་རཀྟ་ཙ་ར་ཡ། །གསོད་པར་གྱིས་ཤིག་མཱ་ར་ཡ། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྷྱོ། དབུས་ཀྱི་ཐོད་མཁར་ཆེན་པོ་ནས། །བདུད་པོ་བྱེ་བ་གུང་རིང་ཡབ་ཡུམ་ལས་ལ་ཆོས། །ཤར་(༩ན)


GLG023_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལྕགས་མཁར་སྒོ་མེད་ནས། །ཡ་མ་རཱ་ཙ་ཡབ་ཡུམ་ལས་ལ་ཆོས། །ལྷོ་ཕྱོགས་ལྕགས་མཁར་སྒོ་མེད་ནས། །མྱོས་བྱེད་འབར་བ་ཡབ་ཡུམ་ལས་ལ་ཆོས། །ནུབ་ཕྱོགས་ལྕགས་མཁར་སྒོ་མེད་ནས། །ཨཱཪྱ་མ་རུ་ཡབ་ཡུམ་ལས་ལ་ཆོས། །བྱང་ཕྱོགས་ལྕགས་མཁར་སྒོ་མེད་ནས། །རལ་པ་ཚར་དགུ་ཡབ་ཡུམ་ལས་ལ་ཆོས། །ཕྱོགས་བཞི་མཚམས་བཞི་སྟེང་འོག་གི །ལྕགས་མཁར་ནག་པོ་སྒོ་མེད་ནས། །ཕྱོགས་སྐྱོང་བཅུ་པོ་ལས་ལ་ཆོས། །རི་རབ་ལྷུན་པོའི་ཟོམ་རྩེ་ནས། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་ལས་ལ་ཆོས། །བཀའ་ཉན་འདུས་པའི་དཀྱིལ་འཁོར་ནས། ཁྲམ་ཐོགས་བདུད་པོ་བཅུ་གསུམ་ལས་ལ་ཆོས། །འཕྲིན་ལས་རྣམ་བཞི་འདུས་པའི་དཀྱིལ་འཁོར་ནས། །སྒོ་མ་བསེ་མོ་བཞི་པོ་ལས་ལ་ཆོས། ཁྲག་མཚོ་ཞག་མཚོ་འཁྱིལ་བའི་དཀྱིལ་འཁོར་ནས། །སྲིད་པའི་མ་མོ་མཁའ་འགྲོ་ལས་ལ་ཆོས། །དམ་ཉམས་དགྲ་བོ་རྩད་ནས་ཆོད། །བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཡཱ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །རྒྱ་མཚོ་རླུང་གི་བར་དག་ན། །ཐོད་པ་ལྕགས་ཀྱི་མུན་ཁང་ན། །གཤིན་རྗེ་ཀུན་གྱི་དེད་དཔོན་ཆེ། །མ་མོ་ཀུན་གྱི་ཚོགས་རྗེའོ། །འཆི་བདག་ཀུན་གྱི་བདུད་ཆེན་པོ། །ཀླུ་རྣམས་ཀུན་གྱི་སྲིན་པོ་སྟེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་བ། །གསོན་པོ་སྐོས་ལ་འདེབས་པར་བྱེད། །ཤི་བ་རྣམས་ཀྱི་གཤིན་བུ་རྗེ། །གཤིན་རྗེ་ནག་པོ་དགྲ་ཡི་གཤེད། །བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་དགུ་རིང་སུས་མི་བཟློག །མེ་ལྕེ་གློག་གི་འཕྲེང་བ་ཅན། །ཐོད་པ་སྦྲུལ་གྱིས་རྒྱན་དུ་བྱས། །མ་ཧེ་ནག་པོ་(༩བ)


GLG023_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན་ནས་ནི། །ལག་ན་དབྱུག་པ་ཞགས་པ་ཐོགས། །ལས་ཀྱི་རླུང་དམར་འདེད་ཅིང་རྒྱུ། །ཞལ་ནས་ཐོག་དང་སེར་བ་འབེབས། །ཟས་སུ་སྐྱེ་འགྲོའི་སྲོག་དབུགས་ཟ། །ལས་སུ་དམ་ཉམས་སྲོག་དབུགས་ལེན། །ཡིད་ལ་བརྣག་པའི་དགྲ་བོ་འདི། །གཤིན་རྗེའི་ཞགས་པས་ཁྲིད་ལ་ཤོག །ཁྲམ་ལ་ཐོབ་ལ་ལྟུང་ལ་རྒྱུས། །བེ་ཅོན་རྒྱོབ་ལ་འཁོར་ལོ་སྐོར། ཁྱོད་ཀྱིས་ཟས་སྐལ་འདི་ཡིན་གྱིས། །ཤ་རུས་ཁྲག་ལ་ལོངས་སྤྱོད་ཀྱིས། །སྔོན་ཆད་ཇི་བཞིན་དམ་བཅས་བཞིན། །བསྟན་པ་རྒྱ་མཚོ་སྲུང་བར་གྱིས། །དེ་ཡི་ཐུགས་དམ་རྒྱུད་བསྐུལ་མ། །སྲིན་མོ་དུག་ཧྲུལ་གོས་གྱོན་མ། །བདུད་མོ་ནག་མོ་སྐྱེ་འགྲོའི་གཤེད། །སྲིད་གསུམ་ལྟོ་ན་གནས་པ་མོ། །སྣ་ཚོགས་ནད་ཀྱི་བདག་མོ་སྟེ། །སྐྱེ་འགྲོ་ཀུན་གྱི་སྲོག་འཕྲོག་མ། །ཤ་ཁྲག་སྲོག་དབུགས་བདག་མོ་སྟེ། །ལས་ཀྱི་རླུང་དམར་ཞོན་ནས་ནི། །ལག་ན་ཐོད་ཁྲག་འཐོར་བྱེད་ཅིང་། །འདུ་བ་རྣམ་བཞིའི་ནད་གཏོང་མ། །སྒྲུབ་པའི་གནས་འདིར་ད་གཤེགས་ལ། །ཡིད་ལ་བརྣག་པའི་དགྲ་བོ་འདི། །བདུད་མོ་ནག་མོའི་ལག་ཏུ་གཏད། །གཏད་དོ་མ་བཏང་ཤོ་ར་རེ། །ཡཱ། ཕྱོགས་བཞི་གྲུབ་པའི་ལྕགས་མཁར་ནས། །དགྲ་བོའི་གཤེད་པོ་སྒྲོལ་གིང་ཆེན་པོ་བཞི། །ཡ་མ་ར་ཙ་མྱོས་བྱེད་འབར་བ་དང་། །ཨཱཪྱ་མ་རུ་རལ་པ་ཚར་དགུ་བཞི། །ལས་ཀྱི་ཡུམ་ཆེན་བཞི་དང་བཅས་པ་རྣམས། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དགྲ་བོ་འདི། །མགོ་འཁོར་ཡིད་འཁྲུག་ཁྲག་ཏུ་སྐྱུག་པ་དང་། །རྣམ་ཤེས་(༡༠ན)


GLG023_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ལ་མྱུར་དུ་བསྒྲལ་བར་མཛོད། །ཡཱ། གྲུབ་པའི་ཐོད་པ་ལྕགས་ཀྱི་མུན་ཁང་ནས། །ལས་ཀྱི་འཆི་བདག་ཁྲམ་བདག་བཅུ་གཉིས་ཀྱང་། །ལས་ཀྱི་སྲིད་མ་ཆུང་མར་བཅས་པ་རྣམས། །སྒྲུབ་པའི་གནས་འདིར་སྤྱན་འདྲེན་འཕྲིན་ལས་མཛོད། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དགྲ་བོ་དམ་ཉམས་འདི། །གཟེར་ནད་ཆ་བའི་ནད་དང་ཁྲག་སྐྱུག་དང་། །ཆོ་འཕྲུལ་འབུམ་ནད་མཁྲིས་པ་གཤའ་ཡ་དང་། མཛེ་ནད་གློ་གཟིར་སྐྱ་རྦབ་བརྒྱལ་ནད་དང་། །སྐྲངས་འབུར་རིམས་ནད་གཞོགས་སྐམས་ནད་རྣམས་ཀྱིས། །མྱུར་དུ་གཟིར་ལ་ཚེ་ཡི་འདུ་བྱེད་བཀུམ། ཁྲམ་ཐོགས་བདུད་དང་རྩིས་བྱེད་གིང་དུ་བཅས། །འཆི་བདག་ལས་ཀྱི་གཤིན་རྗེ་ཕོ་མོ་རྣམས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །དམ་ཚིག་ཚུལ་བཞིན་མནའ་བོར་བ། །དམ་ལས་མ་འདའ་འཕྲིན་ལས་མཛོད། །འཁོར་གྱི་ལྷ་ཚོགས་སོ་སོར་བསྐུལ་བར་འདོད་ན་བསྐུལ་འབུམ་ལས་ཤེས་པར་བྱའོ། །གསེར་སྐྱེམས་འབུལ། མཁྱེན་དགོངས་དམོད་བཅོལ་ནི། ཧོཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། དབེན་གནས་གཉེན་པོའི་སྲུང་མ། ཕ་མེས་བརྒྱུད་ཀྱི་སྲུང་མ། བསྟེན་བསྟེན་སྒྲུབ་སྒྲུབ་པའི་སྲུང་མའི་ཚོགས་སྤྱི་དང་། ཁྱད་པར་འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་རྣམས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ལ་གཟུ་དང་དཔང་པོ་མཛོད་ཅིག །ཧོཿ ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭ་ཡབ་ཡུམ་འཁོར་ལས་ཀྱི་གཤེད་བཞི། ཁྲམ་བདག་བཅུ་(༡༠བ)


GLG023_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ལས་ཀྱི་མི་བརྒྱད། མཐར་བྱེད་བརྒྱད། །གཤེད་པོ་བདུན། སྲས་མཆོག་བཅུ་བདུན། གིང་ཆེན་བཅོ་བརྒྱད། བདུད་པོ་བཅུ་གཅིག་རྣམས་ཡབ་ཡུམ་དང་བཅས་པ་སོགས་མདོར་ན་ཕོ་གཤེད་སུམ་བརྒྱ་དྲུག་ཅུ། མོ་གཤེད་སུམ་བརྒྱ་དྲུག་ཅུ། ཕྱིའི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་ལྷ་མ་སྲིན་སྡེ་བརྒྱད། གསང་བའི་ལྷ་མ་སྲིན་སྡེ་བརྒྱད། སྦས་པའི་ལྷ་མ་སྲིན་སྡེ་བརྒྱད། བསྟན་པ་བསྲུང་བའི་ལྷ་མ་སྲིན་སྡེ་བརྒྱད། དྲག་སྔགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། །བཏགས་ཆགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། ལས་བྱེད་མྱུར་མགྱོགས་ཀྱི་ལྷ་མ་སྲིན་སྡེ་བརྒྱད། བྱེ་བྲག་དེ་རིང་གི་ཚེས་གྲངས་དུས་ཚོད་ལ་རྒྱུ་བའི་རཱ་ཧུ་ལ། རྣལ་འབྱོར་མ། གཤིན་རྗེ་དུས་མཚན། ཟིན་འཕུང་། ཧལ་ཁྱི། པི་ལིང་སོགས་ས་བདག་དྲག་རྩལ་ཅན། མི་མངོན་བར་སྣང་དབྱིངས་སུ་རྒྱུ་བའི་མིག་ནག་ཧྲིག་གེ་བ། ལྕེ་དམར་ཡུག་གེ་བ་ཐམས་ཅད་ཐོགས་པ་མེད་པའི་མངོན་ཤེས་ཀྱི་སྒོ་ནས་གཟུ་དང་དཔང་པོ་མཛོད་ཅིག །ཁྱེད་རྣམས་བོས་པའི་ཚེ་ན་སྙན་མ་སྲ། །གཡབས་པའི་ཆེན་སྤྱན་མ་རྟུལ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྒྲུབས་པའི་ཚེ་ན་གོང་མ་གཡེལ། །བཀུར་བའི་ཚེ་ན་ཕྲག་མ་དོག །རྦད་པའི་ཚེ་ན་མཐུ་མ་ཆུང་། །སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཤིག་པར་བྱེད་པ་སྤྱིའི་དགྲ །སྒོས་སུ་རིགས་འཛིན་སྔགས་འཆང་བདག་ལ་བསྡོ་བའི་དགྲ་བགེགས་དམིགས་སུ་བསལ་བ་གཟུགས་བྱང་བུ་ལ་བྲིས་ཤིང་མིང་ཡི་གེར་བཏབ་པ་རྣམས་དང་། དམིགས་སུ་མ་བསལ་བ་སྔ་དགྲ་(༡༡ན)


GLG023_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལ་དར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་དངོས་སུ་འཕྱར་བ། རྒྱབ་ནས་ཁྲ་ལྟར་འཇབ་པ། ལྐོག་ནས་འབུ་ལྟར་གཡེང་བ། གདོང་ནས་ཁྱི་ལྟར་ཟུག་པ། མདུན་ནས་ལོག་པར་ལྟ་བ། གཡས་ནས་བསམ་པ་ངན་པ། གཡོན་ནས་སྦྱོར་བ་རྩུབ་པ། མགོ་ནས་རི་ལྟར་མཐོ་གནོན་བྱེད་པ། འོག་ནས་རླུང་ལྟར་བསྐྱོད་པ། བར་ནས་ཆུ་ལྟར་ཁྲུག་པ། ཟ་ལམ་དུ་དུག་གཡོ་བ། འགྲོ་ལམ་དུ་རྩང་འཛུགས་པ། སྟོབས་འབྱོར་དང་མངའ་རིས་འཕྲོག་པ། འཐབ་ཅིང་རྩོད་པར་འདོད་པ། འཁྲུག་ཅིང་འཛིང་བར་འདོད་པ། འགྲས་ཤིང་ཁོན་པར་འདོད་པ། ལུས་ལ་ན་ཚ་གཏོང་བ། སེམས་ལ་སྡུག་བསྔལ་གཏོང་བ། སྲོག་ལ་བར་ཆད་གཏོང་བ། བསམ་པ་མི་འགྲུབ་པར་བྱེད་པ། མདོར་ན་གཟུགས་ཅན་སྡང་བར་བྱེད་པའི་དགྲ །གཟུགས་མེད་གནོད་པར་བྱེད་པའི་བགེགས་འདི་རྣམས་ཀྱིས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་སོ། །དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་བཤིག་གོ །བླ་མའི་སྐུ་ལ་བསྡོས་སོ། །དགེ་འདུན་གྱི་སྡེ་བཅོམས་སོ། །སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་ལ་འཚེའོ། །རིག་སྔགས་འཆང་བ་རྣམས་ལ་བསྙད་བཙུགས་སོ། །སྲུང་མ་ཁྱེད་རྣམས་ལ་ཞེ་འགྲས་སོ། །ལྷ་སྲིན་སྡེ་བརྒྱད་རྣམས་ཀྱི་ཟ་སྒོ་བཀག་གོ །ལྷ་ཆོས་ཀྱི་དམ་ཚིག་ལས་ཉམས་སོ། །མི་ཆོས་ཀྱི་མནའ་ཐོ་ཟས་སོ། །བློ་གཏད་པའི་སྙིང་བརྐུས་སོ། །གྲོས་དྲིས་པའི་མཚང་བྲུས་སོ། །ཕན་གཏགས་པ་ལ་དགྲར་བལྟས་སོ། །བཟང་ལན་ངན་(༡༡བ)


GLG023_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཇལ་ལོ། །རིག་སྔགས་འཆང་བ་བདག་གིས། དང་པོར་ཁས་མ་ཉེས་སོ། །བར་དུ་ལག་གིས་མ་ཉེས་སོ། །ཐ་མར་སྤྱོད་པས་མ་ཉེས་སོ། །ངས་ཉ་ལྟར་བྲོས་ཀྱང་། ཁོས་སྲམ་ལྟར་དེད་དོ། །ངས་བྱིའུ་ལྟར་བྲོས་ཀྱང་ཁོས་ཁྲ་ལྟར་དེད་དོ། །ངས་ཤ་བ་ལྟར་བྲོས་ཀྱང་། ཁོས་ཁྱི་ལྟར་དེད་དོ། །ངས་གངས་ལྟར་དཀར་ཀྱང་། ཁོས་རྫ་ལྟར་གནགས་སོ། །ངས་མཁའ་ལྟར་ཡངས་ཀྱང་། ཁོས་སྤྲིན་ལྟར་གཏིབས་སོ། །མི་ང་ལ་ལྷ་མེད་ཟེར་རོ། །ལྷ་ཁྱོད་ལ་མཐུ་མེད་ཟེར་རོ། །མདོར་ན་བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བོ་བཟའ་ཚང་ཕ་བུ་དང་བཅས་པ་འདི་རྣམས་ད་ལྟ་ཉིད་དུ་དམིགས་རྟེན་གཟུགས་ཀྱི་ལིངྒ་འདི་ཉིད་ལ་བཀུགས་པའི་འཕྲིན་ལས་མཛོད་ཅིག །འབྲུབ་ཁུང་བསྐྱེད་ཆོག་ནས་བཟུང་དགུག་གཞུག་གི་བར་དཀྱུས་བཞིན་བྱས་རྗེས། དམ་ཉམས་དགྲ་བོ་བཟའ་ཚང་ཕ་བུ་མི་ནོར་ཕྱུགས་གསུམ། མངའ་འབངས་སྲིད་སྡེ་དང་བཅས་པ་རྣམས་ཀྱི་གཟུགས་ཕུང་བླ་ཚེ་སྲོག་དབུགས་རྣམས། ལས་ཀྱི་གཤིན་རྗེ་སྡེ་བརྒྱད་ཀྱི་ཚོགས་ལ་དུག་གསུམ་ཤ་ཁྲག་མངོན་སྤྱོད་དྲག་པོའི་གསང་མཆོད་འབུལ་ཞིང་ཟས་སྐལ་དུ་གཏད་པ་ཡིན་པས་དགྲ་བོ་འདི་རྣམས། ཕོ་ལྷ་དང་ཕྱེ་ཞིག །ཕོ་འདྲེ་དང་སྤྲོད་ཅིག །མོ་ལྷ་དང་ཕྱེ་ཞིག །མོ་འདྲེ་དང་སྤྲོད་ཅིག །ཞང་ལྷ་དང་ཕྱེ་ཞིག །ཞང་འདྲེ་དང་སྤྲོད་ཅིག །ཡུལ་ལྷ་དང་ཕྱེ་ཞིག །ཡུལ་འདྲེ་དང་སྤྲོད་ཅིག །དགྲ་ལྷ་དང་ཕྱེ་ཞིག །དགྲ་འདྲེ་དང་སྤྲོད་ཅིག །ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད་ཅིག །འཇིགས་པའི་མུན་ནག་གིས་(༡༢ན)


GLG023_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ནས་བསུས་ཤིག །དཔལ་གྱི་ཆད་པས་ཆོད་ཅིག །དམ་ཚིག་གི་དམོད་པས་སྡིགས་ཤིག །གནམ་གྱི་འཇུ་ཐག་སྟེང་ནས་ཆོད་ཅིག །སའི་བརྟེན་ཕུར་དྲུང་ནས་ཕྱུང་ཞིག །བླ་མེ་སྟག་ཡར་པ་བཞིན་དུ་ཐོང་ཞིག །སྲོག་མར་མེ་རླུང་གིས་བསད་པ་བཞིན་དུ་༝ དབུགས་པགས་པ་མེད་པའི་སྦུད་མ་ཆུའི་རླུང་བཞིན་ཐོང་ཞིག །གཟུགས་བྱེ་མའི་ཆངས་བུ་ཞིག་པ་བཞིན་༝ ངག་པི་ཝང་གི་རྒྱུད་ཐག་ཆད་པ་བཞིན་༝ སེམས་དྷ་དྷུ་རའི་ཁུ་བ་བཏུངས་པས་མྱོས་པ་བཞིན་༝ ཡན་ལག་ཤིང་སྐམ་གྱི་འགལ་བ་རེངས་པ་བཞིན་༝ དབང་པོ་ལྔ་ཆུ་ལ་སྣག་ཚ་བླུག་པས་མོགས་པ་བཞིན་དུ་ཐོང་ཞིག །སྟེང་གི་མི་རབས་ཤིང་སྡོང་རྩ་བ་བཏོན་པ་བཞིན་དུ་ཐོང་ཞིག །ཕ་མཚན་ཕོ་རྒྱུད་ཀྱི་རིགས་རྣམས་ཤིང་ཏཱ་ལའི་མགོ་བོ་བཅད་པ་བཞིན་དུ་ཐོང་ཞིག །མ་མཚན་ཞག་རྒྱུད་ཀྱི་རིགས་རྣམས་རྒྱུས་པ་ཐབ་ལ་བཏབ་པ་བཞིན་དུ་ཐོང་ཞིག །མནའ་མ་དང་ཚ་རིགས་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོང་ཞིག །བུ་དང་བུ་མོ་སྒོ་ང་བྲག་ལ་བརྡབས་པ་བཞིན་དུ་ཐོང་ཞིག །བུ་སྲིང་དང་དམག་པ་མེ་ལ་ཆུ་བླུག་པ་བཞིན་དུ་ཐོང་ཞིག །བར་གྱི་གཡོག་རབས་སེར་བས་ལོ་ཏོག་བཅོམས་པ་བཞིན་དུ་ཐོང་ཞིག །འོག་གི་རྟ་ནོར་ཕྱུགས་རབས་རྩ་ཕུང་ལ་མེ་བརྒྱབ་པ་བཞིན་དུ་ཐོང་ཞིག །ཡུལ་དང་མཁར་གཞིས་ཕ་བོང་ལ་ཐིག་བརྒྱབ་པ་བཞིན་དུ་ཐོང་ཞིག །བསོད་ནམས་དང་ལོངས་སྤྱོད་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོང་ཞིག །ཟས་སྐལ་དང་དབང་ཐང་དགུན་གྱི་ཆུ་ཕྲན་བསྐམ་པ་བཞིན་དུ་ཐོང་ཞིག །ཁ་རྗེ་དང་རླུང་རྟ་འདབ་ཆགས་གཤོག་པ་ཆག་པ་བཞིན་དུ་ཐོང་ཞིག །སྟོབས་(༡༢བ)


GLG023_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནུས་པ་གཟི་བརྗིད་ཁང་རུལ་རྡིབ་པ་བཞིན་དུ་ཐོང་ཞིག །མཐུན་རྐྱེན་ལེགས་ཚོགས་ནམ་ལངས་ཀྱི་སྐར་མ་བཞིན་དུ་ཐོང་ཞིག །མི་འདོད་པའི་ཉེས་ཚོགས་ཉི་རྒས་ཀྱི་གྲིབ་སོ་བཞིན་དུ་ཐོང་ཞིག །ནད་གདོན་དང་ཆགས་ཆེ་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་ཐོང་ཞིག །སྟོད་ཀྱི་ཚ་བའི་ནད་རིགས་ནགས་མེ་རླུང་གིས་སྦར་བ་བཞིན་དུ་ཐོང་ཞིག །སྨད་ཀྱི་གྲང་བའི་ནད་རིགས་ཤྭ་འོད་དང་ཆུ་རྒོད་བརྡོལ་བ་བཞིན་དུ་ཐོང་ཞིག །རླུང་མཁྲིས་བད་ཀན་ལྡན་འདུས་ཀྱི་ནང་རྒྱ་མཚོའི་རྦ་རླབས་འཁྲུགས་པ་བཞིན་དུ་ཐོང་ཞིག །འགོ་བའི་རིམས་ནད་དབྱར་གྱི་ཆར་སྤྲིན་འཐིབས་པ་བཞིན་དུ་ཐོང་ཞིག །ཕན་བྱེད་ཀྱི་སྨན་རྣམས་གནོད་བྱེད་ཀྱི་དུག་ཟོས་པ་བཞིན་དུ་ཐོང་ཞིག །གྲི་མདུང་མཚོན་ཁར་སྦྲང་བུ་མེ་ལ་ལྕིབས་པ་བཞིན་དུ་ཐོང་ཞིག །ཁང་པ་རོ་ཡིས་འགེངས་པ་གཤིན་རྗེའི་ལྕོག་བརྡུངས་ཐོང་ཞིག །རིམས་ནད་ཁྲག་ཏུ་འཛག་པ་མ་མོའི་ལྕོག་བརྡུངས་ཐོང་ཞིག །ཕ་ཚན་གྲི་ཁར་འཆི་བ་བདུད་ཀྱི་ལྕོག་བརྡུངས་ཐོང་ཞིག །ཁ་མིག་ལྟག་པར་སྐྱེལ་བ་གཟའི་ལྕོག་བརྡུངས་ཐོང་ཞིག །དུག་གཟེར་སྤོས་གྲིར་འཆི་བ་བཙན་གྱི་ལྕོག་བརྡུངས་ཐོང་ཞིག །སྨྱོ་བོག་རང་སྣང་འཁྲུལ་པ་རྒྱལ་པོའི་ལྕོག་བརྡུངས་ཐོང་ཞིག །གྲོང་ཁྱེར་ཁང་པ་སྟིབ་པ་འགོང་པོའི་ལྕོག་བརྡུངས་ཐོང་ཞིག །མཛེ་ནད་ཕོལ་མིག་ཡོང་བ་ཀླུའི་ལྕོག་བརྡུངས་ཐོང་ཞིག །དམུ་ཆུ་རྡེ་ནད་ཡོང་བ་ས་བདག་གི་ལྕོག་བརྡུངས་ཐོང་ཞིག །གག་ལྷོག་སྐྲངས་འབུར་ཡོང་བ་གཉན་གྱི་ལྕོག་བརྡུངས་ཐོང་ཞིག །གཞང་འབྲུམ་འོན་ལོང་ཡོད་པ་དགྲ་ལྷའི་ལྕོག་བརྡུངས་ཐོང་ཞིག །ཅིར་སྣང་འདྲེ་རུ་མཐོང་བ་མོན་པའི་ལྕོག་བརྡུངས་ཐོང་ཞིག །དཔོན་གཡོག་བཟའ་ཚང་དཀྲུག་པ་རླུང་ལྷའི་ལྕོག་བརྡུངས་ཐོང་ཞིག །ཐོག་དང་སེར་བ་འབབ་པ་སྡེ་བརྒྱདཀྱི་ལྕོག་བརྡུངས་ཐོང་ཞིག །མོན་པ་སྒོ་འཁུར་བ། ཨ་ཙ་ར་བྲང་བརྡུང་བ། དམ་སྲི་འོ་དོད་འབོད་པ་འགོང་པོ་སྤུན་དགུའི་ལྟས་ངན་ཐོང་ཞིག །སྤྱང་ཀིས་སྦུད་པ་(༡༣ན)


GLG023_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་པ། སྤྲེའུས་རང་འཐག་བསྐོར་བ། ཝ་མོས་མི་ལབ་ཤེས་པ་ཀླུ་དང་སྲིན་མོའི་ལྟས་ངན་ཐོང་ཞིག །རྟ་བོང་གླུ་སྐད་ལེན་པ། ཁྱིམ་བྱ་སྒྲོ་གཤོག་རྩེ་ཞིང་མི་སྐད་འདོན་པ། ལེགས་ལྡན་ནག་པོའི་ལྟས་ངན་ཐོང་ཞིག །རང་འཐག་བཤུག་པ་བརྡེབ་པ། སྒྱེད་པོས་གླེང་མོ་ལབ་པ། ཁང་པ་འོད་ཀྱིས་འགེང་བ་དཔེ་དཀར་སྤུན་དགུའི་ལྟས་ངན་ཐོང་ཞིག །ཝ་ལ་སྤྲེའུ་ཞོན་པ། ཁྱིམ་ཕུགས་འུག་པས་འགེང་བ་ནག་པོ་ཁྲོས་པའི་ལྟས་ངན་ཐོང་ཞིག །རང་གཤེད་རང་ལ་ཕོབ་ཅིག །རང་མཚོན་རང་ལ་རྒྱོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཞིག །རང་ཁྲག་རང་གིས་འཐུང་ཞིག །རང་ནུས་རང་ལ་སྨིན་ཅིག །མདོར་ན་ནམ་མཁའ་སྟོང་པ་ལ་ཚད་མ་འཛུགས། འཇིག་རྟེན་ཕྱི་མ་ལ་དུས་མ་འདེབས། རང་བཞིན་གྱི་སྐྱེ་འཆི་ལ་ཁུང་མ་འབྱིན། ལས་ཀྱི་དབང་བཙན་ཞེས་བསྙད་མ་འདོགས། ལོ་དང་ཟླ་བ་ཞག་དང་ཟ་མ་མ་འགྱངས་པར་མཐུ་སྟོབས་རྫུ་འཕྲུལ་མངའ་བ་ཁྱེད་རྣམས་ཀྱིས་གནམ་ས་ཙམ་གྱི་ཞལ་ཕྱེ། གངས་རི་ཙམ་གྱི་མཆེ་བ་གཙིགས། གློག་དམར་ཙམ་གྱི་ལྗགས་ཁྱོང་ལ། དགྲ་བགེགས་འདི་རྣམས་ཀྱི་ཤ་ཟོ་ཁྲག་འཐུང་། དབུགས་ལོང་རུས་ཆོམས། ལིངས་ཐོབ། ལས་ཀྱི་བླ་དང་ཚེ་སྲོག་སྦར་གྱིས་ཐོབ་ལ། མིང་ཙམ་བརྡ་ཙམ་ཐ་སྙད་ཙམ་དུའང་སྒྲ་མི་གྲག་པར་རྗེས་མེད་ཐལ་བ་རླུང་ལ་སྐུར་བའི་འཕྲིན་ལས་མཛོད་ཅིག །དེ་ནས་ཉེས་བྱས་དྲག་བསྐུལ་ནས་བཟུང་ཐུན་བརྡེག་པ་དང་ཕུར་འདེབས་གཉིས་ཀར་དངོས་གཞི་དཀྱུས་ལྟར་ལ། ཨྱེ་མྱགས་སོགས་གཤམ་དུ། ཡ་མ་རཱ་ཛ་(༡༣བ)


GLG023_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་དགོས་རལ་གྲིས་སྒྲོལ་བ་ནི། ཨེ་ཡཱ༔ ལྷོ་ཕྱོགས་རབ་འཇིགས་གཤིན་རྗེའི་དཀྱིལ་འཁོར་ནས། །ཟིལ་གནོན་ལྷ་ཚོགས་ལས་ཀྱི་གཤིན་རྗེར་བཅས། །དམ་ཉམས་དགྲ་བོ་སྒྲོལ་བའི་དུས་ལ་བབ། །དགྲ་བོ་ལས་ངན་སྤྱི་དགྲ་རུ་དྲ་དང་། །བསྟན་དང་ཆོས་བྱེད་སེམས་ཅན་རྣལ་འབྱོར་ལ། །རྩན་གདང་ཐོག་འབེབས་བྱེད་པ་དགྲ་བོའི་སྙིང་། །གཤིན་རྗེ་ཐམས་ཅད་འདུས་པའི་ངོ་བོ་ཉིད། །གནམ་ལྕགས་རྒྱ་གྲམ་འབར་པས་དུམ་བུར་གཏུབས། །རུས་སྦལ་ནག་པོས་སྲོག་ཆོད་སྙིང་ཁྲག་འཇོངས། །སྤྱི་དགྲ་དང་ནི་སློབ་མ་དམ་ཉམས་རྣམས། །གནམ་ལྕགས་སྡིག་པས་སྲོག་རྩ་དམར་པོ་ཆོད། །དམ་ཚིག་གཅིག་ཀྱང་མཆེད་ལ་འཁུ་བ་རྣམས། །བསེ་ཡི་སྦལ་པ་ནག་པོས་ཤ་ཁྲག་ཟོ། །གནོད་བྱེད་ནང་འགྲས་སྔགས་པ་ནག་པོ་དེ། །སྦལ་པ་དམར་པོས་སྲོག་སྙིང་བསྐོར་ལ་གསོད། །བསྟན་དགྲ་མུ་སྟེགས་བོན་པོ་ནག་པོ་རྣམས། །དུག་གི་ཕག་རྒོད་ནག་པོས་བསྒྲལ་བར་གྱིས། ཁྱད་པར་རྣལ་འབྱོར་བདག་ལ་སྡང་བ་དང་། །སྤྱི་སྒོས་དགྲ་བགེགས་དམིགས་བྱ་ཐམས་ཅད་ཀུན། །གཤེད་ཆེན་སྡེ་བཞིས་སྲོག་འཁོར་རྣམ་བཞི་ཆོད། །སོད་བྱེད་མོན་པས་གནམ་ལྕགས་ཐོག་མདའ་རྒྱོབ། །བདུད་པོ་བཤན་པས་སྙིང་ཕྱུངས་ཁྲག་ནད་ཕོབ། །འཆི་བདག་བཅུ་གཉིས་དགྲ་བོ་ཁྲམ་ལ་ཐོག །བདུན་བརྒྱ་ཉི་ཤུས་དལ་ཡམས་སྣ་ཚོགས་ཕོབ། །དྲེགས་པ་སྡེ་བཞིས་རང་དབང་མེད་པར་ཁུག །རུ་དྲ་སྡེ་བཞིས་དགྲ་ལ་ཁྲག་ཟོར་རྒྱོབ། སྤྲུལ་པའི་ཁྱི་མོས་དགྲ་བོའི་གླ་ཕྱིར་རྒྱུག །གནམ་ལྕགས་བྱ་ཡིས་དགྲ་བོའི་ཙིཏྟ་ཕྱུངས། །དུག་སྦྲུལ་(༡༤ན)


GLG023_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོས་སྙིང་ལ་དུག་མདའ་རྒྱོབ། །གནམ་ལྕགས་སྡིག་པས་སྲོག་རྩ་དམར་པོ་ཆོད། །གདུག་པའི་རུལ་སྦལ་ནག་པོས་བླ་ཚེ་ཟོ། །མཚོན་ཆ་འབར་བས་ལུས་སྲོག་དུམ་བུར་གཏུབས། །དམ་ཉམས་དགྲ་བོ་རང་གཤེད་རང་ལ་ཕོབ། ཁ་ཁ། ཁཱ་ཧི། དགྲ་བོ་མཱ་ར་ཡ། གཤིན་རྗེའི་ལྷ་ཚོགས་རབ་ཏུ་དགྱེས་པར་མཛོད། །རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར། །དགྲ་བགེགས་རུ་དྲའི་མིང་ཡང་མེད་པར་མཛོད། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཨྱེ་མྱགས་སོགས་ཀྱི་མཇུག་ཏུ་ཡ་མ་རཱ་ཛ་བཏགས་ཏེ་སྔགས་གཞུང་བཞིན་བསྒྲལ། སྟོབ་པའི་ཚིགས་བཅད་ཀྱི་མཇུག་ཏུ། ཨེ་ཀ་ཧེ་དུན་གྱི་མཐར། ཡ་མ་མེ་ད་ཀྵེ་རཱ་ཙ་ས་དོ་རུ་ཎ་ཡོ་ནི་ར་ཡ་ཛ་ནི་བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ་སརྦ་འབུ་པ་ཏ་ཡ་པ་ཏི་མ་ཧཱ་མཾ་ས་ནས། ཀེང་ནྲྀ་ཏིའི་བར་སོགས་དཀྱུས་ལྟར་བྱས་ནས། བསྒྲལ་མཆོད་བུམ་ནང་གི་ལྷ་ཚོགས་དང་། ལས་གཤིན་ཐམས་ཅད་ལ་འབུལ་ལོ། །བཤགས་པ་ནི། གཤིན་རྗེ་གཤེད་ཀྱི་ཡི་གེ་བརྒྱ་པ་བརྗོད། ཧཱུཾ། བདག་སོགས་མ་རིག་དབང་གྱུར་པས། །མཆོད་པའི་ཡོ་བྱད་མ་ཚང་དང་། །མ་དག་མི་གཙང་རྫས་ཀྱིས་འབགས། །འཕྲིན་ལས་ནོར་འཁྲུལ་ཐམས་ཅད་བཤགས། །བཟོད་པར་མཛོད་ལ་ལས་རྣམས་ཀུན། །ཐོགས་མེད་གྲུབ་པའི་དངོས་གྲུབ་སྩོལ། །བཞུགས་གསོལ་ནི། ནས་ནག་གི་མེ་ཏོག་འཐོར་ཞིང་། ལས་ཀྱི་གཤིན་རྗེ་འཁོར་བཅས་རྣམས། །འཆི་བདག་རང་གཟུགས་དངོས་གྲུབ་པའི། །དྲག་པོའི་རྟེན་མཆོག་འདི་(༡༤བ)


GLG023_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། རྟག་ཏུ་བཞུགས་ལ་ལས་མཛོད་ཅིག །སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཤིས་བརྗོད་ནི། ཐུགས་རྗེའི་བྱིན་རླབས་ཆར་ལྟར་འབེབས་མཛད་པའི། །པད་གནུབས་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་མ་ལུས་ཐོགས་པ་མེད་སྩོལ་བའི། །ཡི་དམ་ཚེ་བདག་ནག་པོའི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དགྲ་བགེགས་ཚར་གཅོད་པའི། །ལས་ཀྱི་གཤིན་རྗེའི་ལྷ་ཚོགས་བཀྲ་ཤིས་ཤོག །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཡི། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །འཆི་བདག་ཞལ་དབྱེའི་དྲུང་དུ་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭ་ལ་མཆོད་གཏོར་ལས་བཅོལ་གྱི་འཕྲིན་ལས་སྔོན་ཆད་ཐོར་བུའི་ཚུལ་དུ་བཞུགས་པ་ལས་ཁྲིགས་སུ་བསྒྲིགས་པ་ཞིག་མི་འཇུག་པས། མཆོད་རྟེན་བཅས་ཆོག་སོགས་བཞུགས་པའི་སྒྲུབ་ཁང་དུ་གལ་པོ་ཆེར་མཐོང་ནས། ལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ་ཞེས་བྱ་བ་འདི་ནི། འཇམ་དཔལ་ཚེ་བདག་གི་རྣ་ཆ་བརྒྱད་ཀྱི་ནང་ཚན་ཁ་ཐུན་ཐོད་པའི་རྣ་ཆ་ལས་ཇི་ལྟར་བྱུང་བའི་ཁྲུགས་བསྡེབས་ཀྱི་དཔང་པོར། བོད་འདིར་དང་པོར་མཁས་པ་གནུབས་དང་དུམ་པ་རྒྱའི་སྲས་སློབ་བརྒྱུད་པའི་སྔགས་འཆང་རིམ་བྱོན། བར་དུ་མཁས་པ་མཐུ་ཆེན་གངས་པ་ཤཱཀ་འབུམ་དང་། གྲ་ཕྱི་གཡུང་སྟོན་རྡོ་རྗེ་དཔལ་བའི་ཕྱག་ལེན་ལ་གཞི་བྱས། ཐ་མར་མཁས་པ། སེ་སྟོན་རིན་ཆེན་རྒྱལ་མཚན། རིགས་འཛིན་མངའ་རིས་པ་ཆེན་པོའི་གདམས་པ་ཆུ་བོ་གཅིག་ཏུ་འདྲེས་པ་མི་ཉག་བྱང་པ་གཏེར་སྟོན་དཔལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་ཀྱི་མན་ངག་གི་བང་མཛོད་འཛིན་པ་རྩ་བའི་བླ་མ་ཟུར་ཆེན་པདྨ་དབང་གི་ཞལ་གྱི་(༡༥ན)


GLG023_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལས་ལེགས་པར་ཐོས་པའི་ཕྱག་བཞེས་ཀྱིས་བརྒྱན། མཆོད་གཏོར་བྱིན་རླབས་དང་ཉ་བོ་སྒྲོལ་བའི་བསྐུལ་རིང་སྣང་གསལ་བ་རིགས་འཛིན་ཀུན་དགའ་ཚེ་མཆོག་གིས་མཛད་པའི་གཤིན་རྗེ་ཁྲོ་ཆུ་དུག་སྡོང་ལས་བླངས་མངོན་རྟོགས། དམ་སྒྲགས། མནའ་ཆུ། དམ་བཞག །ཉེར་སྤྱོད། སྨན་རཀ །འཕྲིན་བཅོལ། བསྟོད་པ། འཛབ་དམིགས། བཤགས་པ། བཞུགས་གསོལ། ཤིས་བརྗོད་རྣམས་གསར་དུ་བསྒྲིགས། མཁྱེན་དགོངས་དམོད་བཅོལ་ལྷུག་པ་ཡང་བཟློག་མེའི་སྤུ་གྲིའི་ལུགས་ཀྱི་མཁྱེན་དགོངས་སྲོག་གི་སྤུ་གྲི་དང་གནུབས་རོ་ཟན་ནག་པོའི་འཕྲིན་ཡིག་ལས་བཏུས་ཤིང་རང་བློས་ཀྱང་ཅུང་ཟད་བཀང་། གཞན་མའི་ཚིགས་བཅད་མཐའ་དག་ཁ་ཐུན་གྱི་ཡིག་རྙིང་སོར་བཞག་སྟེ་ཟ་ཧོར་གྱི་རིགས་ལས་སྔགས་པ་ནག་པོ། ཟིལ་གནོན་དྲག་པོ་རྩལ་གྱིས་གསེར་འཕྱང་གི་ལོ་ཧོར་གྱི་ཟླ་བ་བཅུ་པའི་ཉེར་དགུ་སྔགས་པ་ཟོར་བཟློག་སོགས་དྲག་པོའི་ལས་ཀྱི་དུས་དགེ་བར་དགའ་ལྡན་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་བསྟན་འཛིན་དབང་རྒྱལ་ལོ། །ཤུ་བྷ་མསྟུ་སརྦྦ་ཛ་ག་ཏཱཾ། །


previousལས་ཀྱི་གཤིན་རྗེའི་འཕྲིན་ལས་འཆི་བདག་དགྱེས་པའི་རྐན་སྒྲ།next