Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག
   
   
   
   
   


 
previousསྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིགnext

སྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག


GLG023_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་བཞུགས་སོ། །


GLG023_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་མཐུ་སྟོབས་ནུས་པ་རྣམས། །གཅིག་བསྡུས་དངོས་བརྒྱུད་བླ་མའི་ཞབས་བཏུད་ནས། །ལས་བཞིའི་སྦྱིན་སྲེག་རིན་ཆེན་བང་མཛོད་ཀྱི། །སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་འདི་ནའོ། །ཞི་བའི་སྐབས། ས་གཏེར། མུ་ཏིག །དངུལ་རྣམས་གོས་དཀར་པོ་དྲི་མ་མེད་པས་གྲིལ། སྐུད་པ་དཀར་པོས་བཅིངས། ཡུན་རིང་པོར་འཇོག་ན་མི་རུལ་བའི་ཕྱིར་གའུ་སོགས་ཀྱི་ནང་དུ་གཞུག །ས་འཁོར་གྱི་ལྟེ་བར་པད་འདབ་བྲི་བའི་མུ་ཁྱུད་ཀྱི་སར་རྩེ་སོར་གཉིས་ཙམ་མམ། གང་འཚམ་ཞེས་རིག་པས་གཞལ་ནས་བསྐོར། པདྨའི་ནང་དུ་ཉི་གདན་དམར་སེར། ཚོན་གཞན་རྣམས་མཛེས་ཚོན། རྡོ་རྗེ་ཐམས་ཅད་དཀར་པོ། ཐབ་ཀྱི་རྒྱུ། བ་ལང་རྩྭ་གཙང་མ་ཟ་བའི་ལྕི་བ་ལ་ཙན་དན་དཀར་པོ་བསྲེས་པའི་ས་དཀར་གྱིས་མདོག་དཀར་པོར་བསྒྱུར། ཕྱི་མཆོད་ལྔ་ལ་མེ་ཏོག་དཀར་པོ་དངོས་སམ་བཅོས་མ་ཙན་དན་དཀར་པོ། །ཨ་ཀ་རུ། སི་ཧ་ན་ཀ །ག་བུར་རྣམས་སྦྱར་བའི་སྤོས། མར་དཀར་གྱི་མར་མེ། ཆུ་གཙང་ལ་ཙན་དན་དཀར་པོ་བཏབ་པའི་དྲི་ཆབ། འོ་མ་དང་ཞོ། མར་ཁུ་རྣམས་ཀྱིས་ཁུ་བ་བྱས་པ་ལ་སྦྲང་། བུ་རམ། ཕྱེ་(༢ན)


GLG023_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་ཞལ་ཟས། འདས་མ་འདས་ཀྱི་གཏོར་མ། སོ་རྩི། གཞི་བདག་གི་གཏོར་མ་རྣམས་ཀྱང་རྒྱུ་དེ་གའོ། །ཆུ་བཞི། ཆུ་གཙང་ལ་འོ་མ་དང་ཙན་དན་དཀར་པོ་བཏབ་ཅིང་། ཁྱད་པར་མཆོད་ཡོན་ལ་མེ་ཏོག་དཀར་པོའི་ཕྱེ་མ་འདེབས། ཁ་ན་མ་ཐོ་བ་མེད་པའི་མར་གསར་པ་བཞུ་བའི་ཁུ་བ་དང་། ཡམ་ཤིང་ཡང་ཁ་དོག་དཀར་པོར་བྱེད། འོ་མ་དང་སྦྲང་རྩི་བསྲེས་པའི་ཁུ་བ་ལ་དཱུརྦའི་ཕྱེ་མ་བཏབ་པའི་རྫས་ཀྱིས་སྲེག་རྫས་ཐམས་ཅད་ལ་སྦགས། རྫས་ཁྱད་པར་བ་ཞོ་འོ་མ། མར་ཁུ་གསུམ་གྱིས་ཁུ་བ་བྱས། གཞན་རྣམས་ཞིབ་པར་བཏགས་ཏེ་གཡོས་པའི་རིལ་བུ་ཇི་ལྟར་འཚམ་པ་དྲིལ། གོས་ཟུངས་ཁ་དོག་དཀར་པོ། མཆོད་ཡོན་གྱི་སྣོད་ཉ་ཕྱིས་སམ་དུང་ཆོས། གཞན་ཆུ་གསུམ་དང་མཆོད་རྫས་རྣམས་བཤམ་པའི་སྣོད་དངུལ་དང་། ཤེལ། དུང་སོགས་དཀར་པོའི་སྣོད་ཅི་འབྱོར། སློབ་དཔོན་དང་ཐབས་ཀྱི་བར་དུ་ཕ་གུ་མཐོ་དམའ་འཚམ་པར་བརྩིགས་པའི་མདུན་ངོས་སུ་གངས་རིའི་དབྱིབས་དང་ཝཾ་ཡིག་བྲི། སློབ་དཔོན་གྱི་གཡས་ངོས་སུ་སྲེག་རྫས་རྣམས་འབུལ་བའི་གོ་རིམ་བཞིན་བསྒྲིགས་པའི་ནང་དུ་འདས་གཏོར། ནང་མཆོད། ཉེར་སྤྱོད་ལྔ་དང་བཅས་པ་(༢བ)


GLG023_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། དེའི་ནང་དུ་འཇིག་རྟེན་པའི་གཏོར་མ། ཉེར་སྤྱོད་རྣམས་ཀྱང་བསྒྲིགས་པའི་མཐར་ཡུལ་ལྷ་གཞི་བདག་གི་གཏོར་མ། ཆུ་བཞི་ནི་རྡོ་རྗེ་སློབ་དཔོན་གྱི་མདུན་མ་གཏོགས། ཕྱོགས་གཞན་གསུམ་གང་ནས་བཤམ་ཀྱང་འདྲ། རླུང་གཡབ་སྔོན་པོ་རླུང་གི་དབྱིབས་དང་ས་བོན་བྲིས་པ། ཀུ་ཤ་སློབ་དཔོན་གྱི་ཁ་གང་དུ་བསྟན་པ་ལ་ཤར་དུ་བྱས་པའི་རྩེ་མོ་ནུབ་དང་རྩ་བ་ཤར། དེ་བཞིན་དུ་རྩེ་མོ་ལྷོ། ཤར། བྱང་རྣམས་སུ་ཡོང་བ་བྱས་པའི་གཡས་སུ་བསྐོར་བས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་རྩ་བ་གནོན་ནོ། །ཀུ་ཤ་རྩེ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་རྩ་བ་ཅུང་ཟད་ཁྲམ་པར་བྱས་པའི་རྩེ་ནུབ་ཏུ་བསྟན་ནས་གཡོག་གོ །སྲེག་རྫས་གང་དུ་འབུལ་བ་ནི། མར་ཁུ་དང་འབྲུ་སོགས་ཞལ། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར། ཀུ་ཤ་གདན། ཞལ་བསིལ་ཕྱག །དྲི་ཐུགས་ཀ །མེ་ཏོག་དབུ། ཞབས་བསིལ་ཞབས། གོས་ཟུངས་ན་བཟའ་རིན་པོ་ཆེའི་རྒྱན། མར་མེ་དང་མཆོད་ཡོན་མདུན་དུ་འབུལ། སྲེག་རྫས་གྲངས་མང་ཉུང་གི་ཁྱད་པར་གཙོ་བོ་ལ་ཉེར་གཅིག་ཕུལ་ན། འཁོར་དང་མེ་ལྷ་ལ་བདུན་འབུལ་པ་ལྟ་བུ་རིག་པས་མཚོན། རྒྱས་པའི་སྐབས། སྦྲུ་བྱེད་ཀྱི་རྫས་གཅིག་གྷི་ཧཾ་དང་ག་བུར། སྟེགས་བུའི་ས་སེར་པོ། གཏེར་གསེར་དང་སྤོས་ཤེལ། སྒྲིལ་ཆས་དང་། སྐུད་པའང་སེར་པོ། ས་འཁོར་གྱི་ལྟེ་བར་པད་འདབ་འདྲི་བའི་རྩེ་སོར་གཉིས་པོ་དགོས་ཤིང་། མུ་ཁྱུད་ཟླུམ་པོ་ཐམས་ཅད་གྲུ་བཞིར་གཏོང་། རྡོ་རྗེ་དང་རིན་པོ་ཆེ་རྣམས་སེར་པོར་བསྒྱུར་ཐབས་ཀྱི་རྒྱུ་འོམ་བུ་ལྟ་བུ་ལ་གུར་ཀུམ། གྷི་ཧཾ། ག་བུར་གསུམ་དང་སྦྱར་བའི་ས་སེར་པོ་བྱུགས། མེ་ཏོག་སེར་པོ་ཙམ་མ་གཏོགས་མཆོད་པ་རྣམས་ཞི་བ་དང་འདྲ། ཆུ་བཞི་ལ་ཏིལ། གྲོ། འབྲས།(༣ན)


GLG023_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཀུམ། གྷི་ཧཾ་རྣམས་ཀྱི་ཕྱེ་མ་འདེབས། སྣོད་གསེར་སོགས་སེར་པོར་བྱ། སྦྲུ་བྱེད་ཀྱི་རྫས་གསུམ་གྱིས་སྲེག་རྫས་སོགས་སྤགས་ཏེ་སོ་སོར་བསྒྱུར། དབང་ལ་སྦྲུ་བྱེད་ཀྱི་རྫས་ཚ་བ་གསུམ་དང་ཙན་དན་དམར་པོ། །སྟེགས་བུའི་ས་དམར་གཏེར་མཚལ་ཟངས། བྱུ་རུ། གྷི་ཧཾ། ས་ཐིག་གི་ཟླུམ་པོ་རྣམས་ཟླ་གམ་དུ་བཏང་བའི་བཅད་ཁ་རང་དང་སྒལ་འབུར་ཕྱིར་སྟོན། མཆོད་པ་ལ་མེ་ཏོག་དམར་པོ། གུ་གུལ། རྒྱ་ཚོས། ཙན་དན་དམར་པོའི་སྤོས། ཏིལ་མར་གྱི་མར་མེ། ཙན་དན་དམར་པོ། གྷི་ཧཾ། གུར་ཀུམ་བཏབ་པའི་དྲི་ཆབ། ཞལ་ཟས་དང་གཏོར་མ་གོང་དང་འདྲ། གོས་ཟུངས་དམར་པོ། ཆུ་བཞི་ལ། གྷི་ཧཾ། གུར་ཀུམ། ཙན་དན་དམར་པོ། མེ་ཏོག་དམར་པོ། འབྲས་ཡོས་འདེབས། ཙན་དན་དམར་པོ། རྒྱ་སྐྱེགས། ཚ་བ་གསུམ་གྱིས་སྲེག་རྫས་རྣམས་སྤགས་ཏེ་དམར་པོར་བསྒྱུར། སྣོད་རྣམས་ཟངས་སོགས་དམར་པོར་བྱའོ། །དྲག་པོ་ལ། སྟེགས་བུའི་རྫས། དུར་ཁྲོད་དང་། ལམ་བཞི་མདོ་དང་། ཤིང་གཅིག་དང་། ཆུ་འགྲམ་དང་། མཚན་མ་གཅིག་པ་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་གི་ས་རྣམས། འབྱུག་བྱེད་ཀྱི་རྫས་དུག་ཁྲག །རོ་སོལ། བོང་བུ་དང་། རྔ་མོའི་སྦངས། ས་འཁོར་གྱི་ལོགས་ཐིག་ཚུན་བཟོ་དབྱིབས་ཞི་བ་དང་འདྲ། རྡོ་རྗེ་རྣམས་སྔོན་པོ། དབུས་ཀྱི་རྡོ་རྗེ་ལ་གྱེས་པ། དེའི་ཕྱི་རོལ་ཧོམ་ཁུང་ཁ་ཁྱེར་ཐོད་ར་མེ་རི་ཅན། ཚེར་མ་ཅན་ནམ་རོ་བསྲེགས་པའི་མགལ་རྡུམ་གྱི་ཤིང་ལ་བརྩིགས་པའི་ཐབ་(༣བ)


GLG023_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་ལ་དུག་ཁྲག །སྐྱེ་ཚེ། ཚ་བ་གསུམ་དང་། རོ་སོལ་སྣག་ཚ་སོགས་ཀྱིས་ནག་པོར་བྱུགས། མིའི་ཚིལ་དང་ཏིལ་མར་བསྲེས་པའི་མར་ནག །ཁྲག་དང་ཆང་བསྲེས་པའི་བསང་གཏོར།ཁྲག་གི་ཞལ་བསིལ། ཁྲག་ཆང་ལ་འབྲས་ཡོས་དང་མེ་ཏོག་སྔོན་པོ་བཏབ་པའི་མཆོད་ཡོན། ཆང་གི་ཞབས་བསིལ། ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག་དང་དུག་གི་མེ་ཏོག །གུ་གུལ། ཤ་ཆེན། ཚིལ་ཆེན་གྱི་བདུག་སྤོས། མི་དང་མ་ཧེ་གཡག་སོགས་ཀྱི་རྐང་བཞུ་བའི་མར་མེ། གདན་བཅུ་དྲུག་ལ་སོགས་པའི་ཤ་ཁྲག་དང་ནང་ཁྲོལ་བརྩིགས་པའི་ཞལ་ཟས། གོས་ཟུངས་ནག་པོ་ཁྲག་གིས་སྤགས་པ། རྫས་ཁྱད་པར་བ་ལན་ཚཱ་དང་། ནིམ་པའི་ལོ་མ། ཁྱིམ་བྱའི་ཚིལ་དང་ཚེར་མ། གཞན་གཞུང་དུ་གསལ་བ་རྣམས། ཁྲག་ཆང་གི་ཁུ་བ་དང་། གཞན་རྣམས་ཕྱེ་མར་བཏབ་པའི་རིལ་བུ་བྱ། འབྲུ་ནག་དར་བཏགས་ལ་ཤ་ཁྲག་བསྲེས་པའི་གཙོ་བོ་དང་ལས་གཤིན་གྱི་གཏོར་མ་དང་སོ་རྩི། སྣོད་ཐོད་པ། རྫ། གྱོ་དུམ། ལྕགས་སོགས་གང་འབྱོར། ལིངྒའི་རྒྱུ་འབྲུ་ནག་སྣ་ཚོགས་ཀྱི་ཕྱེ། དུག་སྣ། ཚ་བ་གསུམ། སྐྱེ་ཚེ། བོང་བུའི་སྦངས། ཚེར་མ། མི་རུས། དགྲ་བོའི་ཟག་པ་རྣམས་དགོས། གདན་རབ་གཡང་གཞི། ཐ་མའང་དུད་འགྲོའི་ཀོ་བ་རློན་པ། གཞི་བདག་གི་གཏོར་མ་དཀར་པོ་རིན་པོ་ཆེའི་སྣོད་དུ་བཤམ། མཆོད་རྫས་རྣམས་འཇམ་པོ་གསུམ་ལས་གོ་ལྡོག་སྟེ་གཡོན་ངོས་སུ་བསྒྲིག །གསེར་སྐྱེམས། ཕུར་པ། སྒྲོལ་གྲི །ཕྱག་མཚན་སྐམ་རློན་གྱི་ཐུན་རྣམས་གཡས་ངོས་སུ་བཤམ། ཀུ་ཤ་འགྲམ་པ་ནི། (༤ན)


GLG023_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

རང་གང་དུ་བལྟ་བ་ལྷོར་བྱས་པའི་རྩེ་མོ་ལྷོ། ཤར། བྱང་། ནུབ། ལས་བཞི་གའི་སྟེགས་བུ་ནི་དབྱིབས་གྲུ་བཞི་ཁོ་ན་ཡིན། མེ་རོ་སོད་པར་ཤར་ན། སོ་སོའི་རྫས་ཁྱད་པར་བས་སྦགས་པའི་འཇམ་པོ་གསུམ་ལ་ཆུ་དང་། དྲག་པོ་ལ་ཁྲག་ཆང་གིས་བྱའོ། །ཞེས་པའང་ངག་དབང་བློ་བཟང་རྒྱ་མཚོས་སོ།། །།སརྦ་མངྒ་ལཾ།། །།


previousསྦྱིན་སྲེག་གི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིགnext