Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ།
   
   
   
   


 
previousརྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ།next

རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ།


GLG023_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ་ཞེས་བྱ་བ་བཞུགས་སོ། །


GLG023_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་དངོས་གྲུབ་ཉི་མ་འབར་བའི་འོད། །རྣམ་པར་རྒྱས་བྱེད་བླ་མ་གཤིན་རྗེ་གཤེད། །ཞབས་པད་ཡན་ལག་མཆོག་གིས་བཏུད་བྱས་ནས། །རྒྱས་པའི་སྦྱིན་སྲེག་ལག་ལེན་འདི་ན་འདྲི། །ཙན་དན་དཀར་པོ་ག་བུར་དངོས་གཞི་ཞི་བ་དང་འདྲ་བ་ལ། སྦྲུ་བྱེད་ཀྱི་རྫས་ཁྱད་པར་བ་གུར་ཀུམ་སོགས་དང་། ཆུས། །སྦྲུས་པའི་ས་དཀར་སེར། ས་སྟེགས་ནང་གཏེར་གཏེར་ཡང་དེ་གའི་ལུགས་ཀྱི་མན་ངག་བཞིན་བྱའོ། །གཞུག །ཐབ་ཁུང་གྲུ་བཞི་རྒྱར་བྱང་ངོས་སུ་བརྩིགས། དཔངས་རེའི་ཕྱེད། ཁྲུ་དོ། །ས་འཁོར་སོར་མོ་ཀླུ་ཐིག་སོགས་སྔར་དང་འདྲ་བ་ལ་དབྱིབས་ཚད་ཀྱི་སྒོ་ནས་ཁྱད་པར་དབྱེ། ཡི་གྲངས། །ལན་གཉིས་རིག་བྱེད་གྲངས་གཅིག་གི །ལྟེ་བ་མུ་རན་ཁ་ལོགས་ཐིག་མཛེས་པའི་མན་ངག་གོ །ཁྱེར་འགྲུབ། །དབུས་སུ་པདྨ་འདབ་དེ་སྟེང་ཉི་དཀྱིལ། བརྒྱད་པ། །ལྟ་བར་རིན་ཆེན་མདོག་དབྱིབས་མན་ངག་དང་བསྟུན། རྡོ་རྗེས་མཚན། ཁ་ཁྱར་རིན་ཆེན་འཕྲེང་བས་བསྐོར། །ཡམ་སྲིད་དུ་ཁྲུ་གང་། སྦོམ་ཕྲ་མཐེ་བོང་གི་ཚད། བཟོ་དབྱིབས་གྲུ་བཞི། ཁ་དོག་སེར་པོར་བྱེད་པ་མན་ངག་གོ །ཤིང་སྲེག་རྫས་མཆོད་རྫས་སོགས། །ཀུན་ཀྱང་མ་ཚང་མེད་པར་གསེར་སོགས་ཀྱི་སྣོད་དུ། བཤམ། །འགོད་ཚུལ་རྫས་ཆེན་བཅུ་གཉིས་ཀྱི་སྟེང་དུ། འབྲས་ཆེན། ཞོ། མངར་གསུམ། སྦྲང་རྩི། ཏིལ་ནག །པདྨ་གེ་སར་དང་། ནཱ་ག་གེ་སར་རྫས་ཁྱད་པར་བ། ཆུ་བཞི་ལ་ཐུན་མོང་མ་ཡིན་པའི་རྫས་བཞི་མན་ངག་ལྟར་འདེབས་ཤིང་། སྣོད་གོས་ཟུངས་སེར་པོ་སོགས་མཆོད་པའི་རྫས་དང་མདོག་དབྱིབས་ཞི་བ་དང་མི་འདྲ་བ་རྣམས་མན་ངག་ལྟར་བྱའོ། །ཞི་བ་ཇི་བཞིན་ནོ། །(༢ན)


GLG023_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་ཐབས་དང་། ཞེས་སེར་མཐིང་དཀར་བའི་ཞལ་གསུམ་ཞེས་བསྒྱུར། པ་ནས། ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་སེར་པོ་གྲུ་བཞི་པ། མུ་རན་ལ་རྡོ་རྗེའི་ཕྲེང་བ་དང་། ཁ་ཁྱེར་ལ་རིན་པོ་ཆེ་གྱེན་དུ་བསྒྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་སུ་པདྨ་དང་ཉི་མའི་གདན་ལ། རིན་པོ་ཆེས་མཚན་པའི་ལྟེ་བར། རྡོ་རྗེ་གྱེན་དུ་བསྒྲེང་བར་གྱུར་པའི་དབུས་སུ། ཞེས་རཾ་དཀར་པོ་སེར་པོར་བསྒྱུར། རྒྱན་དང་ན་བཟའ་སེར་པོ། ར་སེར་པོ། རྡོ་རྗེའི་རྣམ་པ་ཅན་སེར་པོ་ཞེས་པར་འདོན་པ་བསྒྱུར་དགོས་སོ། །པ་ནས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་དབང་ཆེན་སེར་པོ་སེར་མཐིང་དཀར་པའི་ཞལ་གསུམ་ཕྱག་དྲུག་གི །ཞེས་པ་ནས། དགང་བླུགས་ཀྱི་ཁ་ལ་ཡ་ཡིག་འོད་ཟེར་འབར་བ་དང་བཅས་པར་གྱུར། མེ་ལྷའི་སྔགས་ལ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དང་། དཔལ་འབྱོར་གཟི་བརྗིད་དང་། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་བཤད་སྒྲུབ་ཀྱི་བྱ་བ་དང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་(༢བ)


GLG023_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གི་རྣམ་པར་དཀར་པའི་མཛད་པ་འཕྲིན་ལས། མཆོད་པའི་སྤྲིན་ཚོགས་ཐམས་ཅད་པུཥྟིཾ་དགང་བླུགས་བདུན་ནམ་གསུམ་འབུལ། ཀུ་རུ་ཨོཾ། ཨོཾ་བོ་དྷི་བྲིཀྵཱ་ཡ་གཞན་ཞི་བའི་སྐབས་དང་འདྲ་བ་ལ། སྤེལ་ཚིག་སྔོན་དུ་བྱུང་མ་ཐག་པ་དེ་ག་མ་གཏོགས་མ་བསྒྱུར་བ་ལེགས་ཞེས་བདག་གི་བླ་མ་གསུངས། ཨཱཿཧཱུཾ། ཞེས་པ་ནས། ཞལ་བསིལ་དང་བསང་གཏོར་ཡན་ཕུལ། ལས་སྔགས་ཀྱིས་བསངས། མེ་ལྷའི་ཐུགས་ཀར། ཞེས་པ་ནས། ཅེས་པའི་སྐུ་མདོག་སེར་པོའི་གཟི་འོད་ཅེས་པ་དང་། འོད་ཟེར་སེར་པོའི་ཚོགས་ཞེས་པ་དང་། རྡོ་རྗེའི་རྣམ་པ་ཅན་སེར་པོ་ཞེས་པ་དང་། ཧྲཱིཿཥྚཱིའི་མཇུག་ཏུ་བདག་ཅག་དཔོན་སློབ་ནས་པུཥྞིཾ་ཀུ་རུ་ཨོཾ་གྱི་བར་སྦྱོར་བ་དང་། །སྲེག་རྫས་རྣམས་འབུལ་བའི་སྤེལ་ཚིག་ཀྱང་། གཙོ་འཁོར་མཐའ་དག་ལ་དེ་ག་ཉིད་སྦྱོར་བར་བྱའོ། །བར་སྔ་མ་ལྟར་བྱའོ། །ལྷ་རྣམས་ཀྱི་ཐུགས་ཀ་ལས་སྤྲོས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སྐུ་མདོག་སེར་པོ་བུམ་པ་སེར་པོ་བདུད་རྩིས་གང་བ་འཛིན་པ་ནམ་མཁའི་ཁམས་གང་བར་སྤྲོས་ཏེ། བསྒྲུབ་བྱ་སེང་གེའི་ཁྲི་དང་ཟླ་བའི་དཀྱིལ་འཁོར་སེར་པོར་གནས་པ་ལ་དབང་བསྐུར་བས། ཚེ་དཔལ་སྟོབས་འབྱོར། ལུང་རྟོགས་ཀྱི་ཡོན་ཏན་རྣམས་རྒྱས་ཤིང་། རིན་ཆེན་སྣ་བདུན་རྒྱལ་སྲིད་སྣ་བདུན་སོགས། རིན་པོ་ཆེའི་ཆར་བབས་པས་ཕུན་སུམ་ཚོགས་པའི་དཔལ་དང་གཟི་བརྗིད་འབར་བར་གྱུར། ཨོཾ་ཨཱཿཧྲཱིཿའདོད་གསོལ་གྱི་ཚིག་རྐང་གསུམ་པ་ལ་ཚེ་དང་བསོད་ནམས་སྙན་གྲགས་མངའ་ཐང་སོགས་ཞེས་པར་འདོན་པ་བསྒྱུར་རོ། །སོགས་མན་ཆད་ཞི་བ་བཞིན་ལ།མི་འདྲ་བའི་ཁྱད་པར་ཤེས་དགོས་སོ། །རྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ་ཞེས་བྱ་བ་འདིའང་ཁོ་བོས་བགྱིས་པའི་ཞི་བའི་སྦྱིན་སྲེག་དང་སྒོ་བསྟུན་ནས་འཁྱེར་བདེ་བའི་ཆེད་དུ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། སརྦ་མངྒ་ལཾ།། །།


previousརྒྱས་པའི་སྦྱིན་སྲེག་དངོས་གྲུབ་ཉིན་མོར་བྱེད་པ།next