Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།
   
   
   


 
previousདབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།next

དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།


GLG023_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་བཞུགས་སོ། །


GLG023_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ལེགས་ལང་ཚོ་རྒྱས་པའི་ངོ་མཚར་ལྟར། ཁམས་གསུམ་ཀུན་ཡིད་འགུགས་པའི་ལྕགས་ཀྱུ་ཆེ། །གཤིན་རྗེ་གཤེད་ཀྱི་དབང་གི་སྦྱིན་སྲེག་གི །ལག་ལེན་འཁྲུལ་མེད་འཁྱེར་བདེ་འདྲི་བར་བྱ། །སྟེགས་དབང་གི་ཁྱད་ཆོས་ཀྱི་རྫས་ཀྱིས་སྦྲུས་པ་དང་། གཏེར་གཞུག་པར་བྱ་ཞིང་། ས་འཁོར་གྱི་སོར་ཚད་ཀྱང་རྒྱས་པ་ལྟར་བྱས་པའི་དབུས་སུ་པད་ཉི་ལ་རྡོ་རྗེ་དང་། མུ་ཁྱུད་རྡོར་འཕྲེང་། ཁ་ཁྱེར་ལ་ལྕགས་ཀྱུ་གྱེན་བསྒྲེང་ངོ་། །ལོགས་ཐིག་ནི་ཞི་བ་བཞིན་ནོ། །བུ་དམར་པོར་ཟླ་གམ་གཟུགས། །ཐབ་ཐད་དྲངས་པ་ཡིན། ཁུང་རྒྱ་དཔངས་རྒྱས་པ་བཞིན། །རྫས་རྣམས་སྤྱི་དང་བྱེ་བྲག་གི །མ་འདྲེས་རྫས་ཆེན་བཅུ་གཉིས་ལས་མར་ཁུ་ཁ་དོག་གིས་དབྱེ། ཡམ་ཤིང་སེ་བ་དང་མཛོ་མོ་ཤིང་སོགས་ཚད་རྒྱས་པ་དང་འདྲ་བ་ལ། དབྱིབས་ཟླ་གམ་དམར་པོའོ། །རྫས་ཁྱད་པར་བ། ཤིན་ཏུ་སྐྱུར་བའི་འབྲུ་དམར་པོ་དང་། འབྲས་དང་མེ་ཏོག་དམར་པོ། །བུད་མེད་ཀྱི་མེ་ཏོག་དང་པདྨ་རཀྟས་སྦགས་ལ། ཙན་དན་དམར་པོ། །གུར་གུམ་གྷི་ཧང་རྣམས་སོ། །མཆོད་པ་ལྔའི་རྫས་དང་ཆུ་བཞིའི་རྫས་ཀྱང་དམིགས་བསལ་ཞལ་ལས་ཤེས་དགོས་ཤིང་། ཕྱོགས་ཀྱི་ཁྱད་པར་ནུབ་དང་། སྦར་བྱེད་ཀྱི་མེ་སྨད་ཚོང་མའི་མེ་དགོས་སོ། །དབྱེ་བ་ཇི་བཞིན་ཟངས་སམ་དམར་པོའི་སྣོད་དུ། དགོད། རྡོ་རྗེ་ནི་ཐབས་དང་། ཞེས་པ་དམར་མཐིང་དཀར་བའི་ཞེས་པར་བསྒྱུར། ནས། ཡེ་ཤེས་ཀྱི་ཐབ་དམར་པོ་ཟླ་(༢ན)


GLG023_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

གམ་གྱི་དབྱིབས་ཅན། མུ་རན་ལ་རྡོ་རྗེའི་འཕྲེང་བ་དང་། ཁ་ཁྱེར་ལ་ལྕགས་ཀྱུ་གྱེན་དུ་བསྒྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་སུ་པདྨ་དང་ཉི་མའི་གདན་ལ་རྡོ་རྗེ་གྱེན་དུ་བསྒྲེང་བར་རཾ་དམར་པོ་དང་། རྒྱན་དང་ན་བཟའ་དམར་པོ། ར་དམར་པོ། རྡོ་རྗེའི་རྣམ་པ་ཅན་དམར་པོ་ཞེས་པར་འདོན་པ་བསྒྱུར། གྱུར་པའི་དབུས་སུ། ཞེས་པ་ནས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་དམར་ཆེན་དམར་པོ་དམར་མཐིང་དཀར་བའི་ཞལ་གསུམ་ཕྱག་དྲུག་གི །ཞེས་པ་ནས། འོད་ཟེར་འབར་བ་དང་བཅས་པར་གྱུར། མེ་ལྷའི་སྔགས་ལ། ཁམས་གསུམ་གྱི་རྒྱལ་བློན་འབངས་འཁོར། མངའ་ཐང་ལོངས་སྤྱོད་ཚེ་དང་བསོད་ནམས། མཐུ་སྟོབས་ནུས་པ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཝ་ཤཾ་དགང་བླུགས་བདུན་ནམ་གསུམ་འབུལ། ཀུ་རུ་ཧོ༔ ཨོཾ་བོ་དྷི་བྲྀ་ཀྵཱ་ཡ་ཨཱཿཧཱུཾ། ཞེས་པ་དབང་ལ་ཡམ་ཤིང་དང་མར་ཁུ། དེའི་རྗེས་སུ་རྫས་ཁྱད་པར་བ་རྣམས་མ་གཏོགས། རྫས་ཆེན་གཞན་རྣམས་མི་འབུལ་བ་ཕྱག་ལེན་བདེ་ཞིང་ཁུངས་དག་པ་ཡིན་པས་ཏིལ་ནས་གྲོའི་བར་རྣམས་དོར་བར་བྱ་ཞིང་རང་སྔགས་ལ་བཤད་མ་ཐག་པའི་སྤེལ་ཚིག་ཉིད་ཀྱིས་འབུལ་ལོ། །ནས། ཞལ་བསིལ་དང་བསང་གཏོར་ཡན་ཕུལ། ལས་སྔགས་ཀྱིས་བསངས། མེ་ལྷའི་ཐུགས་ཀར། ཞེས་པ་ནས། (༢བ)


GLG023_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་བར་སྐུ་མདོག་དང་འོད་ཟེར་དང་རྣམ་པ་ཅན་གསུམ་ལ་དམར་པོ་སྦྱོར་ཞིང་ཧྲཱིཿཥྚཱིའི་མཇུག་ཏུ་ཁམས་གསུམ་ནས་ཝ་ཤཾ་ཀུ་རུ་ཧོའི་བར་སྦྱོར་བ་དང་གཙོ་འཁོར་གྱི་སྲེག་རྫས་སྤེལ་ཚིག་ཀྱང་དེ་གའོ། །སྔ་མ་ལྟར་བྱའོ། །རང་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས། ཁྲོ་བོ་དམར་པོ་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱ་རང་དབང་མེད་པར་བཀུག་ནས་རང་གི་རྐང་འོག་ཏུ་བསྒྱེལ། འགུགས་བྱེད་ཀྱི་ལྷ་རྣམས་ཐུགས་ཀར་བསྟིམ། དེ་ལས་འོད་དམར་པོ་འབར་བ་ཞལ་ལས་བྱུང་བ། བསྒྲུབ་བྱའི་ཁར་ཞུགས། ལུས་ཡི་གེ་དམར་པོས་གང་བས་ཆགས་པས་མྱོས། མིང་གི་མཐར་སྔགས་འཕྲེང་གིས་བསྐོར་བ། ཐུགས་ཀ་ནས་བྱུང་བའི་སྔགས་དང་གཉིས་སུ་མེད་པར་འདྲེས། སླར་ཡང་འོད་ཟེར་གྱིས་བསྡུས་ཏེ་རང་གི་ཐུགས་ཀར་ཐིམ། མེ་ཏོག་དམར་པོ་དང་འོད་ཟེར་དམར་པོས་གང་སྟེ་དབང་གི་ལས་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧྲཱིཿསོགས་མན་ཆད་ཞི་བ་བཞིན་ལ། ཏིལ་སོགས་འཇོག་པ་དང་། སྤེལ་འདོད་གསོལ་གྱི་རྐང་པ་གསུམ་པ་ལ། ཁམས་གསུམ་དབང་དུ་བསྡུ་བའི་སྦྱོར་བ་སོགས་ཞེས་བསྒྱུར་རོ། །ཚིག་གི་དབྱེ་བ་སྔར་བཞིན་ཤེས་དགོས་སོ། །དབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཞེས་པ་འདིའང་། ཁོ་བོས་བགྱིས་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་དང་སྒོ་བསྟུན་ནས་འཁྱེར་བདེ་བའི་ཆེད་དུ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར། སརྦ་མངྒ་ལཾ།། །།


previousདབང་གི་སྦྱིན་སྲེག་ཁམས་གསུམ་འགུགས་པའི་ལྕགས་ཀྱུ།next