Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་།
   
   


 
previousདྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་།next

དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་།


GLG023_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་བཞུགས་སོ། །


GLG023_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་ཆེན་འབར་བ་གཤིན་རྗེ་གཤེད་ཀྱི་ཞལ། །གནམ་ས་གདངས་པའི་དུས་མཐའི་མེ་དཔུང་ནང་། །དགྲ་བགེགས་བླ་ཚེ་སྲོག་གསུམ་ཤ་ཁྲག་རུས། །འདེབས་བྱེད་དྲག་པོའི་སྦྱིན་སྲེག་འཆད་བྱེད་ཀྱི། །རྟོག་གེ་ཐ་སྙད་མཁན་པོའི་བློས་བྱས་དང་། །ལུང་མེད་དབང་ཆོས་འཆད་པའི་སློབ་དཔོན་དང་། །རྟོགས་ལྡན་གཞན་མགོ་བསྐོར་བའི་ཟོག་པོ་ཡིས། །གཉིས་ཕུང་མང་པོའི་གྲལ་རིང་མ་འགྲིམས་པར། ཁོ་བོས་ཡོངས་འཛིན་བླ་མའི་ཞབས་པད་བསྟེན། །གསང་ཆེན་ཐེག་པའི་ཆོས་ལ་ཅུང་ཟད་སྦྱངས། ཁྱད་པར་མངོན་སྤྱོད་དྲག་པོའི་ལས་སྦྱོར་ཀུན། །ཚིག་ཙམ་མ་ཡིན་ཉམས་མྱོང་ལྡན་ཕྱིར་བྲི། །གཟའ་སྐར་ས་བདག་གདུག་པ་སོགས། །དྲག་པོའི་ཚེས་ལ་སྟེགས་གྲོག་མཁར་སོགས་ས་སྣ་དང་མི་རུས་ཀྱི་ཕྱི་སོགས་རྫས་འཚོགས་པ། བུ་ནི། །གྲུ་བཞི་ནག་དྲག་རྫས་ཀྱིས་བྱུགས་པ། པོ་ལྷོ་ཕྱོགས་བརྩེག །སྟེང་དུ་ཚེར་མ་ཅན་གྱི་ཤིང་། །གྲུ་གསུམ་བརྩེགས་པའི་ཐབ་ལོགས་རེར་སོར་ཉི་ཤུ། དཔངས་སུ་དེའི་ཕྱེད། ཁུང་བཅའ། །ས་འཁོར་ལྟེ་བ་པདྨ་དང་། །རྡོ་རྗེ་ཁ་གྱེས་མུ་ཁྱུད་དང་། ཁ་ཁྱེར་རྩེ་ལྔ་རྩེ་དགུས་སྤྲས། །དེ་མཐར་ཧོམ་ཁུང་ཁ་ཁྱེར་ལྡན། །(༢ན)


GLG023_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་ཅན་ཡམ་ཤིང་རྩེ་མོ་རྣོ། །མར་ནག་ཆུ་བཞི་ཉེར་སྤྱོད་བཤམ། །ཡམ་ཤིང་སོར་བཅུ་པ་ཟུར་གསུམ་ནག་པོ། རྩེ་མོར་མིའམ་ཁྱིའི་རྒྱུ་མ་ཅུང་ཟད་དཀྲིས་པ། མར་ནག་ལ་ཚ་བ་གསུམ་སོགས་རྫས་སྣ་མང་དུ་བསྲེས་པ། ཁྲག་ཆང་གི་ཆུ་བཞི། ཁྲག་གི་ཨརྒྷཾ་སོགས་མཆོད་པ་ལྔ་དང་། དམར་གཏོར། རྫས་ཁྱད་པར་བ། རུས་པ། དུག་སྣ། ཤ་ཚིལ། ནང་ཁྲོལ། ཚ་བ་གསུམ། ཡུངས་ཀར། ཁྲག །རྔ་མོ་དང་བོང་བུའི་སྦངས། དྷ་དུ་ར། སྐམ་གཤེར་གྱི་ཐུན་ཕུར་སོགས་ཕྱག་ལེན་ལྟར་དགོས་ཤིང་། སྣོད་ཐོད་པ་དང་རྫ་སོགས་ཀྱི་དུམ་བུར་བཤམ། ཕྱོགས་ལྷོ་དང་བཤན་པའི་མེ་དགོས་སོ། །སྲིད་གསུམ་ཟིལ་གནོན་ཆས་སུ་གཞུག །ཐུན་མོང་མིན་པའི་བསྲེག་པའི་རྫས། །མན་ངག་ཟབ་མོ་ཞལ་ལས་དགྲ་བགེགས་ཀྱི་ལིངྒ་མེད་དུ་མི་རུང་བ་ནི། རྫས་སྣ་ཚོགས་ལས་བྱས་པའི་ཟན་ལིང་གི་ཁོག་པར་འཁོར་ལོ་དང་ལིང་རྐྱང་སོགས་ཤིན་ཏུ་ཟབ་པའི་མན་ངག་སྙིང་གི་ཁྲག་ལྟ་བུ། རྗེ་བཙུན་ར་ཆེན་དང་། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཡབ་སྲས་ལས། སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཟབ་མོས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཞལ་ལས་དྲིས་ཤིག །དེང་སང་དེ་འདྲའི་རྣམ་དབྱེ་རྣ་བའི་ཁུང་བུ་ཙམ་དུ་ཡང་མ་སོན་པར། ཟན་ལ་མིའི་བཟོ་དབྱིབས་དོད་པ་ཙམ་ལ་ལིངྒར་མིང་འདོགས་པ་དང་། ཟན་གྲུ་གསུམ་དུ་བརྫིས་པ་ཙམ་གྱིས་མཐུ་ཡོད་པར་རེ་བའི་གྲོང་པའི་སྐྱེ་བོ་དང་། བུད་མེད་ཀྱི་སྨོད་མོའི་ངང་ཚུལ་འཛིན་པ། ཁྱི་རྒན་རྣམས་ལ་ཁ་ཟས་ཀྱི་དགའ་སྟོན་སྒྲུབ་པར་བྱེད་པ་དག་མང་ངོ་། །དྲིས། །(༢བ)


GLG023_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་ཐབས་དང་། ཞེས་པ་མཐིང་དཀར་དམར་བ་ཞེས་བསྒྱུར། ནས། ཡེ་ཤེས་ཀྱི་ཐབ་ནག་པོ་གྲུ་གསུམ་པ་མུ་རན་ལ་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་དང་། ཁ་ཁྱེར་ལ་རྡོ་རྗེ་རྩེ་དགུ་པ་གྱེན་དུ་བསྒྲེང་བས་བསྐོར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་སུ་པདྨ་དང་ཉི་མའི་གདན་ལ་རྡོ་རྗེ་གྱེན་དུ་བསྒྲེང་བར་གྱུར་བའི་དབུས་སུ། ཞེས་པ་རཾ་ནག་པོ་ལས་གྲི་གུག་སྔོན་པོའི་རྩེ་མོར་རཾ་གྱིས་མཚན་པ་ཞེས་འདོན་པ་བསྒྱུར་རོ། །ནས། མེ་ལྷ་བཅུ་གཉིས་ཀྱི་ནང་ནས་ཁྲོ་བོ་དམར་ནག་ཞལ་གཅིག་ཕྱག་བཞི་དངོས་གྲུབ་རྒྱ་མཚོར་མེ་ལྷའི་མངོན་རྟོགས་འཇམ་པོ་གསུམ་དང་ཁ་དོག་ཙམ་མ་གཏོགས་མཚུངས་པའམ། མི་འདྲ་བའི་ཁྱད་པར་གཞན་བྱེད་པ་འདམ་ངར་སྣང་བ་ལས། འདི་ནི་མན་ངག་བཞིན་ནོ། །པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། འཇིགས་པའི་ང་རོ་ཕྱོགས་བཅུར་སྒྲོག་པ། ཐོད་སྦྲུལ་ལ་སོགས་པ་ཁྲོ་བོའི་ཆས་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་རལ་གྲི །འོག་མ་གཉིས་ཀྱིས་རྡོ་རྗེ་དང་མདུང་འཛིན་པ། སྦོམ་ཞིང་ཐུང་ལ་ཁྲོ་ཞིང་གཏུམ་པ། བ་སྤུ་ལ་གློག་གི་འཕྲེང་བ་གྲངས་མེད་པ་འཁྱུག་པ། མ་ཧེ་ནག་པོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། གཉུག་མར་གནས་པའི། ཞེས་པ་ནས། དགང་བླུགས་ཀྱི་ཁ་ལ་ཡ་ཡིག་འོད་ཟེར་འབར་བ་དང་བཅས་པར་གྱུར། མེ་ལྷའི་སྔགས་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྔ་དགྲ་ལག་ལ་དར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བར་བྱེད་པའི་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བགེགས་རྣམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་ཚོགས་བླ་སྲོག་ཚེ་གསུམ་དང་བཅས་པ་མཱ་ར་ཡ་ཧཱུཾ་དགང་བླུགས་བདུན་ནམ་གསུམ་འབུལ། ཕཊ།(༣ན)


GLG023_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བོ་དྷི་བྲྀཀྵཱ་ཡ་ཨཱཿཧཱུཾ། ཞེས་པ་ནས། ཡམ་རང་སྔགས་ལ་བཤད་མ་ཐག་པའི་སྤེལ་ཚིག་སྦྱོར་བ་མ་གཏོགས་སྔགས་དང་སྤེལ་ཚིག་སྣ་ཚོགས་མི་བྱེད་ཅིང་རྫས་ཁྱད་པར་བ་རྣམས་ཀྱང་ལག་ལེན་འཇུག་པ་བདེ་བ་མན་ངག་ལྟར་བྱའོ། །ཤིང་མར་ཁུ་རྫས་ཁྱད་པར་པ་རྣམས་འབུལ། དེ་ནས་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བསྐྱེད་ཅིང་། འཆི་བདག་ལས་ཀྱི་གཤིན་རྗེ་བསྐུལ་བ་ནི། བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་བཀའ། །ཞེས་སོགས་རྫོགས་པར་བཏང་། གསེར་སྐྱེམས་ཕུལ། ཉ་བོ་ལ་དགུག་གཞུག་བྱ། སྙིང་པོ་དང་ལས་གཤིན་གྱི་སྔགས་མཇུག་ཏུ། སརྦ་ཤ་ཏྲཱུཾ་ཨཱ་ཀརྵ་ཡ་ཛཿཛཿ ཧཱུཾ། སྙིང་རྗེའི་དབང་གིས་ཆེར་ཁྲོས་པ། །འབར་འཕྲེང་འཁྲུག་པའི་དཀྱིལ་འཁོར་ནས། །དྲག་ཅིང་གཏུམ་པ་ཁྲོ་བོའི་རྒྱལ། །རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ། །སྲ་མཁྲེགས་བརྟན་པ་རྡོ་རྗེའི་ལུས། །བཟོད་པར་དཀའ་བ་མ་ཧེའི་གཟུགས། །འཇིགས་རུང་གཤིན་རྗེའི་སྙིང་འདར་བ། །རོ་ལངས་ཆེན་པོ་བརྒྱད་དང་བཅས། ཁྲོ་བོའི་དབང་ཕྱུག་ཡོངས་དང་བཅས། །སྲིད་གསུམ་འབྱུང་པོའི་འཁོར་དང་བཅས། །ལས་ཀྱི་གཤིན་རྗེའི་ཕོ་ཉར་བཅས། །སྲིད་གསུམ་སྙིང་རྗེས་བསྒྲལ་བའི་ཕྱིར། །ཞེ་སྡང་ཆེན་པོ་སྐུ་བཞེངས་ཤིག །སངས་རྒྱས་བསྟན་པའི་སྤྱི་དགྲ་འདི། །ཐེག་པ་ཆེན་པོའི་སྒོས་དགྲ་འདི། །གསང་སྔགས་གཉན་གྱི་བསྟན་དགྲ་འདི། །དཀོན་མཆོག་གསུམ་གྱི་སྐུ་དགྲ་འདི། །རྒྱལ་སྲས་ཡོངས་ལ་བསྔོ་བ་འདི། །སེམས་ཅན་མང་པོ་ཕུང་བ་འདི། །རྣལ་འབྱོར་ཏིང་འཛིན་དཀྲུགས་པ་འདི། །སྡང་ཞིང་གདུག་པའི་སྡིག་ཅན་འདི། །འབྱུང་བའི་དཀྱིལ་འཁོར་ལྔ་རྣམས་དང་། ཁམས་གསུམ་སྒོ་གསུམ་ཕུང་པོ་ཁམས། །སྐྱེ་མཆེད་(༣བ)


GLG023_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དབང་ཡུལ་དང་བཅས། །ཕྱོགས་བཅུ་གཞན་དུ་གནས་ཀྱང་རུང་། །རྡོ་རྗེ་ལྕགས་ཀྱུའི་ཚོགས་སྤྲོས་པས། ཁུག་ཅིག་བཛྲ་ཨཾ་ཀུ་ཤ །རྡོ་རྗེ་ཞགས་པའི་ཚོགས་སྤྲོས་ནས། །དྲོངས་ཤིག་བཛྲ་པཱ་ཤ་ཧཱུཾ། །རྡོ་རྗེ་ལྕགས་སྒྲོག་ཚོགས་སྤྲོས་པས། །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །རྡོ་རྗེ་དྲིལ་བུའི་ཚོགས་སྤྲོས་པས། །ཕོབ་ཅིག་བཛྲ་གྷཎྜེ་ཧོཿཧཱུཾ། རབ་འབར་དྲག་པོའི་ཀློང་དཀྱིལ་ནས། ཁྲོ་རྒྱལ་རྡོ་རྗེ་འཇིགས་བྱེད་ཆེ། །འཁོར་དང་ཕོ་ཉ་བྲན་གཡོག་བཅས། །སྡིག་ཅན་སྒྲོལ་བའི་དུས་ལ་བབ། །དམྱལ་བ་ཆེན་པོའི་གཏིང་འགྲོ་བ། །སྙིང་རྗེས་བསྒྲལ་བའི་ཞིང་གྱུར་འདི། །ངར་བཟང་རྡོ་རྗེའི་གྲི་གུག་གིས། ཁོས་ཤིག་བཛྲ་ཀརྟ་རི། །རིང་འགྲོ་ལྕགས་ཀྱི་འཕང་མདུང་གིས། ཕུག་ཅིག་བིནྡྷ་བཱ་ལེ་ན། །རྡོ་རྗེ་འབར་བའི་གཏུན་ཤིང་གིས། །རྡུངས་ཤིག་བཛྲ་མུ་པ་ལ། །རྣོ་དབལ་རྡོ་རྗེའི་ཆུ་གྲི་ཡིས། །གཏུབས་ཤིག་བཛྲ་ཨ་ཡུ་དྷ། །རྩེ་གཅིག་འབར་བའི་རྡོ་རྗེ་ཡིས། །རྒྱོབ་ཅིག་བཛྲ་ཀ་ན་ཡ། །ཤུགས་ཆེན་རྡོ་རྗེ་དགྲ་སྟ་ཡིས། །ཆོད་ཅིག་བཛྲ་པ་ཤུ་ཎ། །རྣོ་ངར་རྡོ་རྡེ་མདུང་རིང་གིས། །ཐོབ་ཅིག་བཛྲ་གུན་དེ་ན། །ཚ་བསྲེག་རྡོ་རྗེའི་མེ་མདའ་ཡིས། །ཟངས་མར་ཕུག་ཅིག་ཝ་ཎེ་ན། །ཤུགས་དྲག་མཚོན་ཆའི་འཁོར་ལོ་ཡིས། །ཚལ་པར་ཐོང་ཞིག་ཙཀྲེ་ཎ། །སྣ་ཚོགས་ཐུན་གྱི་ཆར་པ་ཡིས། །དུམ་བུར་ཆོད་ཅིག་མཱ་ར་ཡ། །ཤུགས་དྲག་རྡོ་རྗེ་ཕུར་བུ་ཡིས། །སྙིང་ལ་སྣུན་ཅིག་ཀཱི་ལཱ་ཡ། །རྣོ་ངར་རལ་གྲི་འབར་བ་ཡིས། །གཤོགས་ཤིག་བཛྲ་ཁཌ་གེ་ཎ། །འབར་བའི་མེ་ཡིས་བསྲེགས་ནས་ཀྱང་། །ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཅེས་ཕྱག་མཚན་རྣམས་ཀྱིས་ལག་ལེན་ལྟར་ཉི་བཞིའི་སྔགས་ལ་སྤེལ་ཚིག་སྦྱར་ཏེ་བཟླ། བསྒྲལ། །སྲེག་རྫས་གཞན་(༤ན)


GLG023_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལྟར་སྔགས་སྤེལ་ཚིག་དང་བཅས་ཏེ་འབུལ། ཞལ་བསིལ་དང་བསང་གཏོར་ཕུལ། ལས་སྔགས་ཀྱིས་བསངས། མེ་ལྷའི་ཐུགས་ཀར། ཞེས་པ་ནས། ཚོགས་སྐུ་མདོག་དང་། འོད་ཟེར་དང་། རྣམ་པ་ཅན་གསུམ་ལ་ནག་པོ་སྦྱོར། འཕྲོ་བར་གྱུར། ལྷོ་སྒོའི་ཐད་དུ་པདྨ་དང་ཉི་མ་ཞེས་སོགས་ལས་གཤིན་མངོན་རྟོགས་སྤྱན་འདྲེན་དཀྱུས་ལྟར་བཏང་། སྔར་བཞིན་ཆུ་བཞི་དང་། ཞེས་པ་ནས། སྔ་མ་ལྟར་བྱའོ། །ཨོཾ་ཨཱཿཧྲཱིཿསོགས་མན་ཆད་ཞི་བ་བཞིན་ལ་མི་འདྲ་བའི་ཧྲཱིཿཥྚཱིའི་མཇུག་ཏུ། བདག་ཅག་དཔོན་སློབ་ནས། ཧཱུཾ་ཕཊ་ཀྱི་བར་སྦྱོར་བ་དང་། སྲེག་རྫས་ཀྱི་སྤེལ་ཚིག་ཀྱང་གཙོ་འཁོར་རྣམས་ལ་དེ་ག་ཡིན་ལ། ཀཱ་ལ་རཱུ་པ་བཏགས་ཏེ་ལས་གཤིན་ལ་ཡང་འབུལ་ལོ། །ཁྱད་འདོད་གསོལ་ནི་འཇམ་དབྱངས་གཤིན་རྗེ་གཤེད་པོའི་ལྷ་ཚོགས་ཀྱིས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །འགལ་རྐྱེན་བར་ཆད་དགྲ་དང་བགེགས་ཀྱི་ཚོགས། །ཐལ་བའི་རྡུལ་དུ་རློག་པའི་འཕྲིན་ལས་མཛོད། །པར་ཤེས་དགོས་སོ། །མཐར་མནན་པ་བྱ་བ་ནི་ཕྱག་ལེན་ལྟར་རོ། །དྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་ཞེས་པ་འདིའང་། ཁོ་བོས་བགྱིས་པའི་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་དང་སྒོ་བསྟུན་ཏེ། འཁྱེར་བདེ་བའི་ཕྱིར་དུ་ངག་དབང་བློ་བཟང་རྒྱ་མཚོས་སྦྱར་རོ། །སརྦ་མངྒ་ལཾ།། །།


previousདྲག་པོའི་སྦྱིན་སྲེག་བསྐལ་པའི་མེ་དཔུང་།next