Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ།


 
previousའཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ།no next

འཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ།


GLG023_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ་བཞུགས་སོ། །


GLG023_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་མི་བཟད་འབར་བའི་རྡོ་རྗེ་ཡིས། །བདུད་དཔུང་ཕྱེར་འཐག་པདྨ་འབྱུང་གནས་དང་། །དྲག་སྔགས་བདག་པོ་གནུབས་ཆེན་ཡབ་སྲས་ཀྱི། །བཞེད་གཞུང་འཆི་བདག་འཕྲིན་ལས་རྒྱུན་འཁྱེར་འདྲི། །རྟེན་དང་ཕྱི་ནང་དམ་རྫས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བགྱིས། མཆོད་རྫས་རྣམས། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་གདུག་པ་ཅན་མཐའ་དག་བསྒྲལ་བ་ལས་བྱུང་བའི་ཁྲག་གི་ཡོན་ཆབ། དབང་པོའི་མེ་ཏོག །ཤ་ཆེན་གྱི་བདུག་སྤོས། ཚིལ་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། །ཙིཏྟའི་ཞལ་ཟས། རྐང་ཆེན་གྱི་གླིང་བུ་ལ་སོགས་མཆོད་པའི་རྫས་བསམ་གྱིས་མི་ཁྱབ་པར་བསམ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། བྷེ་ཝ་ས་ཏྭ་ཛ་མ་རི་ཧཱུཾ། སརྦ་འབུ་པ་ཏ་ཡ་པ་ཏི། ཨརྒྷ་ཨཱཿཧཱུཾ། པུཥྤེ་ནས་ཤཔྟའི་བར་བརྗོད། ཆང་ལ་ཆོས་སྨན་བཏབ་ན་ཆེད་གཉེར་བརླབ་མི་དགོས་ཤིང་མེད་ཀྱང་བདག་བསྐྱེད་ཀྱི་དུས་སོང་བས་ཆད་སྐྱོན་མེད། གཏོར་མ་བསངས་སྦྱངས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་(༢ན)


GLG023_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཨ་ལས་བྷནྡྷའི་སྣོང་ལྕང་ལོར་བཅས་པ་གྲུ་གསུམ་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་རྣམ་པར་དགྲ་བགེགས་བྱད་མའི་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམ། ཨཱོཾ་མ་ཧཱ་བ་ལིནྟ་ཧཱུཾ་ཧྲཱིཿཋ་ལན་གསུམ། རཀྟ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་སྲིད་གསུམ་དགྲ་བགེགས་གདུག་པ་ཅན་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་རཀྟའི་རྒྱ་མཚོ་ཆེན་པོ་ལྦུ་འཕྲེང་རྦ་རླབས་འཕྱོ་ཞིང་ཡོངས་སུ་གང་བ་ལས་ཀྱི་གཤིན་རྗེའི་ལྷ་ཚོགས་དགྱེས་པ་བསྐྱེད་ནུས་པར་བསམ། ཨཱོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋ་ལན་གསུམ་གྱིས་བརླབ་བོ། །ལས་ཁུང་དང་རྟེན་བསངས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་ལྕགས་ཁང་སྒོ་མེད་ཟུར་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ཕྱི་ལྕགས་མཁར་ཐོད་པའི་ར་བས་བསྐོར་བའི་ནང་མུན་པ་ནག་པོའི་གླིང་ཕྲག་དོག་གི་རླུང་གིས་ཞེ་སྡང་གི་མེ་སྦར་ཞིང་འདོད་ཆགས་ཀྱི་ཁྲག་དུག་ཁོལ་བའི་རླངས་པས་གཏི་མུག་གི་མུན་པ་འཐིབས་པའི་དབུས་སུ་ལྕགས་མཁར་གཅིག །དེའི་ཕྱི་རོལ་ཏུ་རིམ་པ་བཞིན་ལྕགས་མཁར་བརྒྱད། བཅུ་གཉིས། མུན་པའི་གླིང་། ལྕགས་མཁར་བཅུ་དྲུག་(༢བ)


GLG023_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཇིགས་ཤིང་རྔམ་པ་དུར་ཁྲོད་ཀྱི་རྫས་ལས་གྲུབ་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་འཆི་བདག་གཤིན་རྗེའི་ཕོ་བྲང་འཇིགས་ཤིང་སྐྱི་གཡའ་བའི་དབུས་ཀྱི་ལྕགས་མཁར་དུ་དགྲ་བོ་གན་རྐྱལ་ཁ་སྦུབ་ཏུ་བརྫིས་པའི་མ་ཧེ་ནག་པོ་ཁ་གདངས་ཤིང་མཆེ་བ་གཙིགས་པ་རྣོ་ངར་དང་ལྡན་པའི་རྭ་གདེངས་པ་འཇིགས་སུ་རུང་བའི་སྟེང་ཡ་ནག་པོ་ལས་འོད་ཟེར་ཚ་ཞིང་རྩུབ་པ་འཕྲོས། ལོག་འདྲེན་དགྲ་བགེགས་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་འཆི་བདག་གཤིན་རྗེ་བྷེ་ཝ་ས་ཏྭ་སྐུ་མདོག་རྡོ་སོལ་ལྟར་གནག་པ་སྲིན་པོའི་ཞལ་ཅན། རབ་ཏུ་ཁྲོས་པའི་གཉེར་མ་སྨིན་མཚམས་སུ་བསྡུས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་ཕྱོགས་བཅུར་གཟིགས་པ། གནམ་ས་ལྟ་བུའི་ཞལ་གདངས་པ་ལས་རླངས་པ་དུག་གི་མེ་ལྕེར་འབར་བ། ཚེམས་དང་མཆེ་བ་གངས་རི་ལྟ་བུའི་བར་ནས་ལྗགས་གློག་བཞིན་འཁྱུག་པའི་གྲ་ནས་ཁྲག་རྒྱུན་འཛག་པ་དབུ་སྐྲ་དང་སྨིན་མ་སྨ་ར་རྣམས་མེ་ལྟར་འབར་བ། ཕྱག་གཡས་བེ་ཅོན་འཕྱར་ཞིང་གཡོན་གནམ་ལྕགས་ལས་གྲུབ་པའི་མཚོན་ཆའི་འཁོར་ལོ་བསྐོར་བ། གསུས་ཁྱིམ་ཆེ་ཞིང་ལྟོ་བ་འཕྱང་བ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་ཞིང་རུས་པའི་རྒྱན་དྲུག་གིས་སྤྲས་པ། རྒྱུ་མ་དང་དུག་སྦྲུལ་ཁྲག་ཞག་གི་ཐིག་ལེས་བརྒྱན་ཅིང་ཞབས་གཉིས་པ། མ་ཧེ་ལ་ཞོན་ནས་སྟོང་གསུམ་མྱུལ་བ། བྷྱོ་ལས་གཏུམ་མོ་དུག་ཧྲུལ་མ་ནག་མོ་ཁྲོ་ཞིང་རྔམ་པ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་བཟུང་ནས་དགྲ་ལ་ནད་ཡམས་གཏོང་ཞིང་ལས་ཀྱི་རླུང་དམར་ལ་ཞོན་པ། གཉིས་ཀའང་མེ་རླུང་འཁྲུག་པའི་ཀློང་དཀྱིལ་(༣ན)


GLG023_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པ། ཡབ་ཡུམ་དེ་གཉིས་ཀྱི་ལྟོ་བར་སྲིད་པའི་གྲོང་ཁྱེར་ལྕགས་མཁར་བཅུ་དྲུག་ཕྱི་ནང་དུ་མ་མེ་ད་ཀྵེ། རཱ་ཙ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཛ་ནི་རྣམས་དང་ནང་གི་དབུས་སུ་ཡ་ཡོངས་སུ་གྱུར་པ་ལས་རང་འདྲའི་ལས་གཤིན་ཡབ་ཡུམ་གྱི་འཁོར་དུ་གཤེད་བཞི་ཁྲམ་ཐོགས་བཅུ་གཉིས་སོགས་ལྷ་སྲིན་སྡེ་བརྒྱད་བུ་ཡུག་ལྟར་འཚུབ་པས་དགྲ་བགེགས་སྒྲོལ་བའི་ལས་བྱེད་པའི་བདག་ཉིད་ཅན་དུ་བསམ། འཆི་བདག་ཡབ་ཡུམ་གྱི་འཁོར་དུ་ལྕགས་མཁར་བརྒྱད་ཀྱི་ནང་ན་ཕྱོགས་ཀྱི་ཡི་གེ་བཞི་ལས་གཤེད་བཞི་གྲུབ་པ་ནི། ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་སྨུག་ནག །ལྷོར་བདུད་པོ་མྱོས་བྱེད་འབར་བ་སེར་ནག །ནུབ་ཏུ་སྲིན་པོ་ཨཱཪྱ་མ་རུ་དམར་ནག །བྱང་དུ་གནོད་སྦྱིན་རལ་པ་ཚར་དགུ་ལྗང་ནག །བཞི་གའང་གཡས་རིམ་བཞིན་རྡོ་རྗེ་རིན་ཅེན་པདྨ་རྒྱ་གྲམ་གྱིས་མཚན་པའི་བེ་ཅོན་དང་གཡོན་མཚོན་ཆའི་འཁོར་ལོ་འཛིན་པ། མཚམས་བཞིར་གཤེད་མོ་བཞི་དང་བཅས་པ། དེའི་ཕྱི་རོལ་ཏུ་ཡི་གེ་བཅུ་གཉིས་ལས་ཁྲམ་བདག་བཅུ་གཉིས་གྲུབ་པ་ནི་ཤར་ནས་བརྩམས་ཏེ་གཡས་སྐོར་དུ་བདུད་འཇོམས། དམར་པོ། ཀོང་ཙེ་བྲག་འཇོམས། མིག་དམར། མགོ་དགུ། ལྷ་མཆོག །ཨ་བ་གླང་མགོ །ཏེལ་པ། ཡ་བ་ཏི། སྟག་མགོ །ཕྱ་སངས། ཆོས་རྒྱལ་རྣམས་རང་རང་གི་ཆུང་མ་དང་བཅས་པའི་ཡབ་རྣམས་གཡས་དབྱུག་ཏོ་དང་གཡོན་ཞགས་པ། ཡུམ་རྣམས་གཡས་སྤུ་གྲི་དང་གཡོན་ཐོད་ཁྲག་ཐོགས་པ། དེ་དག་གི་འཁོར་དུ་གཤིན་རྗེ་ཕོ་མོ་བདུན་བརྒྱ་ཉི་ཤུ། ཤ་ཟ་ཡི་དྭགས་འཇིག་རྟེན་དྲེགས་པའི་ཚོགས་འཇིགས་སུ་རུང་བས་ས་གཞི་བར་སྣང་(༣བ)


GLG023_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཁྱོན་ཐམས་ཅད་གང་བར་བསམ། སྤྱན་དབྱེ་ནི། ཡ་མ་རཱ་ཛ་ནྲི་ཛ༔ ཧཱུཾ། ཡ་མཱནྟ་ཀྲྀ་ཏ་ཙཀྵུ་པྲ་བེ་ཤ་ཡ་ཕཊ། སྙན་དབྱེ་ནི། ཡ་མན་ཙཀྲ་གྲ་ཧ་པྲ་བེ་ཤ་ཤ །ཤངས་དབྱེ་ནི། ནྲྀ་ཡཾ་བྷྲུཾ་བྲུཾ། ཞལ་དབྱེ་ནི། ཧ་ཧ་པྲ་བེ་ཤ་ཁཱ་ཧི། དྲག་པོར་འགྱུར་བ་ནི། ཏྲི་པོ་པྲ་བེ་ཤ་བཛྲ་ཨངྐུ་ཤ་ལཾ། བཞེངས་བསྐུལ་ནི། མུཉྫ་བ་སི་ལ། ཞེས་བརྗོད། ལག་གཡས་བེ་ཅོན་དང་གཡོན་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ཨཱོཾ་ན་མོ་བུདྡྷ་ཡ། དྷརྨ་སངྒྷེ་བྷྱཿ ཏ་ཐཱ་ག་ཏ་ཀྲོ་ཏ་བི་ཛ་ཡ་ཨགྷིརྫ་ལི་ཏཱ་པྲ་ཙ་ཤི་ཀ་པྲ་ཏ་ཡ་ཧཱུཾ་ཕཊ། བེ་ཅོན་ས་གཞིར་བསྣུན་པས་ས་གཞི་གས་ནས་སྒོ་བྱེ། རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་ལས་ཀྱི་གཤིན་རྗེའི་སྙིང་གའི་ཡ་ལ་འཕོག་པས་རླུང་གི་དཀྱིལ་འཁོར་གྱི་སྟེང་རྒྱ་མཚོ་ཆེན་པོའི་འོག་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་དང་བཅས་པ་སྐད་ཅིག་གིས་གློག་འཁྱུག་པ་ལྟར་བཀུག་པར་བསམས་ལ། འབོད་པའི་བརྡ་ལན་གསུམ། བཤུག་གླུ་ལན་གསུམ། མི་རྐང་འབུད་ཐེངས་གསུམ། ཐལ་མོ་ལན་གསུམ་བརྡབ། དར་ནག་གིས་ཕྱོགས་བཞི་ནས་ལན་གསུམ་རེ་གཡབ་ཅིང་ཐོད་རྔ་དང་རྫ་རྔ་བརྡུང་ཞིང་ཤ་ཚལ་གྱི་དུད་པ་བཏང་སྟེ། ཧཱུཾ། འདི་ནས་བྱང་ཕྱོགས་རི་རབ་ཆེན་པོའི་རྨང་། །དཔག་ཚད་བརྒྱད་ཁྲི་ཐུར་དུ་ཟུག་པ་ནས། །ལྕགས་ཀྱི་ཁང་པ་སྒོ་མེད་ན། །ཡིད་ཀྱིས་རྒྱུ་བའི་སྒོ་ཅན་ན། །ཕྱོགས་ཕྱོགས་མི་རོས་གཏམས་པའི་གནས་མཆོག་ན། །འཆི་བདག་ལས་ཀྱི་གཤིན་རྗེ་ཆེན་པོ་དང་། །བདུད་ཀྱི་རྒྱལ་མོ་དུག་ཧྲུལ་གོས་གྱོན་མ། །ལས་ཀྱི་གཤེད་པོ་ཁྲམ་བདག་ཡབ་ཡུམ་རྣམས། །སྲིད་གསུམ་ལྟོ་ན་འཆང་ཞིང་འགལ་བྱེད་ཞགས་པས་(༤ན)


GLG023_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན། །བེ་ཅོན་འཁོར་ལོ་བསྐོར་ཞིང་དམ་ཉམས་རྩད་ནས་གཅོད། །བསྟན་པ་གཉན་བསྲུང་ལས་ཀྱི་རྫུ་འཕྲུལ་ཅན། །ཐ་ཚིག་གཉན་པོ་ཐུགས་དམ་རྒྱུད་བསྐུལ་གྱི། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་དམ་ལ་བྷྱོ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། བྷྱེ་ཝ་ས་ཏྭ། ཛ་མ་རི་ཧཱུཾ། ཨ་ར་ལི་ཏོ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟཾ། བཞུགས་གསོལ་ནི། ཧཱུཾ། གྲུབ་པའི་འཆི་བདག་གཤིན་རྗེ་སྲིང་མོའི་ཚོགས། །མིང་དང་སྲོག་ཏུ་བརྗོད་པས་གྲུབ་པའི་ཚོགས། །རྡོ་རྗེའི་ཐ་ཚིག་དམ་ཚིག་རྗེས་དྲན་ཞིང་། །གྲུབ་པའི་ལས་རྣམས་སྔོན་ཚེ་ཁས་བླངས་ཏེ། །དཀྱིལ་འཁོར་གནས་འདིར་དམ་ཚིག་བརྟན་པར་བཞུགས། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ས་མ་ཡ། ཡ་ན་མ་ར། ཨ་དྷི་ཏི་ཥྛ་ས་མ་ཡ་ལྷན། ཟིལ་གྱིས་གནོན་པ་ནི། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ཏེ། ཨཱོཾ་ཤྲཱི་མཉྫུ་ཀྲོ་ཏ་ཛྙ་སརྦ་དུཥྚཱཾ་བྷནྡྷ་ཡ་ཕཊ། དབང་དུ་བསྡུ་བ་ནི། རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། ཧཱུཾ། འཇིག་རྟེན་འཆི་བདག་གཤིན་རྗེ་མཐུ་ཆེན་རྣམས། །འཇིགས་རུང་ལས་ཀྱི་རྫུ་འཕྲུལ་སྟོབས་ཆེན་ལས། །ཡེ་ཤེས་ཏིང་ངེ་འཛིན་གྱི་བྱིན་སྟོབས་ཀྱིས། །འཇིག་རྟེན་གདུག་པ་འདུལ་བའི་ཡེ་ཤེས་དང་། །སྲིད་པའི་སྙིང་ཁྲག་འདྲེན་པའི་ཏིང་འཛིན་ང་ལ་ཡོད། །ང་ནི་བགེགས་ཆེན་འདུལ་བ་ཡི། །སངས་རྒྱས་རྫུ་འཕྲུལ་བདག་སྦྱོང་བས། །བགེགས་ཀྱི་ཚོགས་རྣམས་ངལ་འདུལ་ལོ། །ཨཱོཾ་ཧྲཱིཿཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་མཧཱ་པི་ཀ །ཛི་བི་ཏ་ཨནྟ་ཀ་ར། སརྦ་དུ་ཤ་སྟཾ་བ་ཡ་ཧཱུཾ་ཕཊ། དམ་ཚིག་བསྟན་པ་ནི། རྡོ་རྗེ་རྩེ་གཉིས་པའི་ཕྱག་རྒྱ་(༤བ)


GLG023_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། ཧཱུཾ། སྔོན་ཚེ་དཔལ་ཆེན་གཤིན་རྗེའི་གཤེད། ཁྲོ་མཆོག་འབར་བའི་སྐུ་མངའ་དེས། །འཆི་བདག་གཤིན་རྗེ་གཟིར་ནག་ནི། །དྲེགས་པ་སྤོངས་ནས་སྲོག་སྙིང་ཕུལ། །ཕོ་བྲང་འཁོར་དུ་དམ་ཚིག་བྱིན། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའོ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །བྷེ་ཝ་ས་ཏྭ། ས་མ་ཡེ་ས་མ་ཡ་ཐཱ། དམ་བསྒྲག་ནི། བེ་ཅོན་གྱི་ཕྱག་རྒྱ་བསྟན་ཏེ། ཧཱུཾ། འཆི་བདག་ནག་པོ་འཁོར་བཅས་རྣམས། །རང་སེམས་དཔང་དུ་རབ་བཙུགས་ལ། །དམ་ཚིག་དག་ལ་གནས་པར་གྱིས། །འགལ་ན་མགོ་བོ་ཚལ་པར་འགས། །ཡ་མ་རཱ་ཛཱ་ས་མ་ཡ་ཧཱུཾ་ཕཊ། རྡོ་རྗེ་མནའ་ཆུ་སྦྱིན་པ་ནི། ཆུ་སྟེར་བའི་སྟངས་ཀ་དང་བཅས་ཏེ། ཧཱུཾ། འདི་ནི་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་སྔར་ཁས་བླངས་རྡོ་རྗེའི་ཆུ། །མ་ཉམས་དངོས་གྲུབ་འཐོབ་བྱེད་ཅིང་། །འགལ་ན་མགོ་འགས་དམྱལ་བར་ལྷུང་། ཡ་མ་རཱ་ཛ་ཨི་དཾ་ཧོཿ པཀྵ་ས་མ་ཡ་ཨི་དཾ་ན་ར་སྐན། རྡོ་རྗེའམ་ཕྱག་རྒྱ་སྤྱི་བོར་བཞག་པར་མོས་ཏེ། ཧོཿ འཆི་བདག་ལས་ཀྱི་གཤིན་རྗེ་བྷེ་ཝ་ས་ཏྭ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སློབ་དཔོན་པདྨ་འབྱུང་གནས་གནུབས་ཆེན་སངས་རྒྱས་ཡེ་ཤེས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པའི་ཚོགས་ཀྱི་དམ་ཚིག་དྲན་པར་གྱིས་ལ་མངོན་སྤྱོད་དྲག་པོའི་འཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག །ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཧཱུཾ། ཁྲག་གི་མཆོད་ཡོན་ནི། ཧཱུཾ། གྲུབ་པའི་འཆི་བདག་གཤིན་རྗེའི་ཚོགས། །འཕུང་བྱེད་ཤ་ཁྲག་ཞལ་གསོལ་ཏེ། །དམར་ཆེན་ཁྲག་ལ་ས་(༥ན)


GLG023_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ། །མཐུན་པའི་དམ་རྫས་འདི་ལ་རོལ། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་རཀྟ་པྲ་ཏཱིཙྪ་ཧོ༔ ཨརྒྷཾ་པྲ་ཏཱིཙྪ་ཁ་རཾ་ཁཱ་ཧི། བཟེད་ཞལ་དུ་སྦྲེང་། ཉེར་སྤྱོད་ནི། ཧཱུཾ། ལས་ཀྱི་གཤིན་རྗེ་འཁོར་བཅས་ལ། །དབང་པོའི་མེ་ཏོག་རྣམ་པར་བཀྲ །ཤ་ཆེན་དུད་པ་སྤྲིན་བཞིན་གཏིབས། །ཚིལ་ཆེན་མར་མེ་ཉི་ལྟར་གསལ། །མཁྲིས་པའི་དྲི་ཆབ་རྦ་ཀློང་འཁྲུག །ཤ་རུས་ཞལ་ཟས་རི་ལྟར་སྤུངས། །ཐོད་རྔ་རྐང་གླིང་རོལ་མོ་འབུལ། །དགྲ་བགེགས་སྒྲོལ་བའི་འཕྲིན་ལས་མཛོད། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། རཱ་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་པུཥྤེ་ནས་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། སྨན་ནི། ཧཱུཾ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །བདུད་རྩི་སྨན་གྱི་མཆོད་པ་ནི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟ་ནི། ཧཱུཾ། མི་དང་སྲོག་ཆགས་སྣ་ཚོགས་པ། །བསད་ཁྲག་རཀྟའི་མཆོད་པ་འདི། །འཆི་བདག་གཤིན་རྗེའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་སྒྲུབ་པར་མཛོད། །ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏོར་མ་ནི། ཕྱུགས་ཆེན་ཤ་དང་ཁྲག་དང་རྐང་། །ལྟ་བ་རུས་པ་བདུད་རྩི་སྦྱར། །དབང་པོ་ཚིམ་བྱེད་འདོད་ཡོན་ལྔ། །འདོད་ཡོན་བདུད་རྩིའི་ཏིང་འཛིན་(༥བ)


GLG023_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གྲུབ་པའི་གཤིན་རྗེའི་ཚོགས་ལ་འབུལ། །ཧ་ཧ་ཧི་ཧི་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷ་ལིཾ་མཆོད་པ་བཞེས་སུ་གསོལ། ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ན། ར་ཡ་ཙ་ནི། ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་མ་ཧཱ་བྷ་ལིནྟ་ཁ་རཾ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བྷ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེ་ཾནྀ་ཏི་ཁཱ་ཧི། ལན་གསུམ་བརྗོད། ནས་ནག་འཐོར་ཞིང་། ཧོ། འཆི་བདག་གཤིན་རྗེའི་ཚོགས་རྣམས་ལ་སྔར་བཅོལ་ལེགས་པའི་གཏང་རག་དང་ད་འཆོལ་སྒྲུབ་པའི་གསོལ་འདེབས་ཀྱི་རྟེན་དུ་མཆོད་གཏོར་རྒྱ་ཆེན་པོ་འདི་འབུལ་གྱིས་བཞེས་ལ་རིག་པ་འཛིན་པ་བདག་གིས་བཅོལ་བའི་དྲག་པོའི་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པའི་འཕྲིན་ལས་མཛོད་ཅིག །བསྟོད་པ་ནི། ཧཱུཾ། མུན་པའི་མདོག་ཅན་སྲིན་པོའི་གཟུགས། །མ་ཧེ་ཞོན་ནས་སྟོང་གསུམ་མྱུལ། །སྣ་ཚོགས་མཚོན་ཆས་དགྲ་སྲོག་གཅོད། །འཆི་བདག་ནག་པོ་ཁྱོད་ལ་བསྟོད། །སྦྱོར་ཡུམ་གཏུམ་མོ་རོ་གོས་མ། །ལས་ཀྱི་གཤེད་བཞི་གཤེད་མོ་དང་། ཁྲམ་བདག་བཅུ་གཉིས་ཆུང་མར་བཅས། །འཁོར་གྱི་བཀའ་ཉན་རྣམས་ལ་བསྟོད། །སྤྲུལ་པ་ཡང་སྤྲུལ་ལ་སོགས་པ། །རབ་འཇིགས་གཤིན་རྗེའི་དམག་ཚོགས་དང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི། །འཁོར་དང་བཅས་ལ་བདག་བསྟོད་དོ། །བཟླས་པ་ནི་ལས་གཤིན་གྱི་ཐུགས་ཀར་ཉི་མའི་གདན་ལ་ཡ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ། འཁོར་རྣམས་ཀྱི་ཐུགས་ཀར་རང་རང་གི་ས་བོན་གྱིས་མཚན་པ། བདག་ཡ་མཱ་རཱིའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པ་ལས་གཤིན་གྱི་(༦ན)


GLG023_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ས་བོན་སྔགས་འཁོར་དང་བཅས་པ་ལ་འཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་བདག་གིས་གང་བསྒོ་བའི་འཕྲིན་ལས་ཐམས་ཅད་སྐད་ཅིག་ལ་བསྒྲུབ་ཅིང་ལས་གཤིན་གྱི་ཐུགས་ཀའི་ས་བོན་ལས་འོད་འཕྲོས་པ་འཁོར་རྣམས་སྙིང་ཁའི་ས་བོན་ལ་འཕོག་པས་རང་དབང་མེད་པར་ལས་ལ་བསྐུལ་ཏེ་འཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་བསམ། འཁོར་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་སྤྲོས་པས་སྣང་སྲིད་འཇིག་རྟེན་དྲེགས་པའི་ཚོགས་ཐམས་ཅད་ལས་ལ་བསྐུལ་ཏེ་འཕྲིན་ལས་ཐམས་ཅད་ད་ལྟ་ཉིད་དུ་བསྒྲུབ་པར་བསམ། ཨཱོཾ་ཀཱ་ལ་རཱུ་པ་ཡ་མ་རཱ་ཛ་ཧཱུཾ་ཕཊ། ཨཱོཾ་ཡ་མ་མེ་ད་ཀྵེ། རཱ་ཛ་ས་དོ། རུ་ཎ་ཡོ་ནི། ར་ཡ་ཙ་ནི་ཧཱུཾ་ཕཊ། ཨཱོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ་ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡ་ཙྪ་ནི་རཱ་མ་ཡ་ཧཱུཾ་ཕཊ། ཅེས་འབུམ་གསུམ་དང་བྱེ་བ་སོགས་རྟགས་དང་བསྟུན་ནས་བཟླ། ཐུན་མཚམས་སུ་བསྐུལ་དང་བསྒྲལ་མཆོད་གཞུང་བཞིན་བྱ། བཤགས་པ་ནི། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་བཟླ། །ཧཱུཾ་བདག་སོགས་མ་རིག་དབང་གྱུར་པས། །མཆོད་པ་ཡོ་བྱད་མ་ཚང་དང་། །མ་དག་མི་གཙང་རྫས་ཀྱིས་སྦགས། །འཕྲིན་ལས་ནོར་འཁྲུལ་ཐམས་ཅད་བཤགས། །བཟོད་པར་མཛོད་ལ་ལས་རྣམས་ཀུན། །ཐོགས་མེད་གྲུབ་པའི་དངོས་གྲུབ་སྩོལ། །བཞུགས་གསོལ་ནི། ནས་ནག་གི་མེ་ཏོག་དང་བཅས། ཧཱུཾ། ལས་ཀྱི་གཤིན་རྗེ་འཁོར་བཅས་རྣམས། །འཆི་བདག་རང་གཟུགས་དངོས་གྲུབ་པའི། །དྲག་པོའི་རྟེན་མཆོག་འདི་ཉིད་ལ། །རྟག་ཏུ་བཞུགས་(༦བ)


GLG023_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལས་མཛོད་ཅིག །ཨཱོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། བཀྲ་ཤིས་ནི། ཧཱུཾ། ཐུགས་རྗེའི་བྱིན་རླབས་ཆར་ལྟར་འབེབས་མཛད་པའི། །པད་གནུབས་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །དངོས་གྲུབ་མ་ལུས་ཐོགས་པ་མེད་སྩོལ་བའི། །ཡི་དམ་ཚེ་བདག་ནག་པོའི་བཀྲ་ཤིས་ཤོག །མཐུ་སྟོབས་ནུས་པས་དགྲ་བགེགས་ཚར་གཅོད་པའི། །ལས་ཀྱི་གཤིན་རྗེའི་ལྷ་ཚོགས་བཀྲ་ཤིས་ཤོག །བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་ཡི། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །མེ་ཏོག་གིས་ཕྱོགས་ཀུན་ཁྱབ་པར་དགྲམ་མོ། །དེ་ལྟར་སེམས་ཅན་ཀུན་ལ་རང་ཆས་སུ། །ཡོད་པའི་འཆི་བདག་ཞལ་དབྱེ་སྒྲུབ་པའི་ཐབས། །རིམ་བདུན་ས་འོག་གནས་ནས་འབོད་པའི་བརྡ། །འཕྲིན་ལས་དྲག་པོའི་རྫ་རྔ་འདི་བརྡུངས་སོ། །ཞེས་པའང་མེ་འབྲུག་གི་ལོ་འཆི་བདག་ཞལ་དབྱེ་སྒྲུབ་པའི་དུས་ཚིག་ཉུང་དོན་གསལ་བར་ཟ་ཧོར་གྱི་སྔགས་སྨྱོན་དྲག་པོ་རྩལ་གྱིས་ཕོ་བྲང་དམར་པོ་རིར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་འཇམ་དབྱངས་གྲགས་པའོ།། །།སརྦ་མངྒ་ལཾ།། །།


previousའཆི་བདག་ཞལ་དབྱེའི་ཕྲིན་ལས་རྒྱུན་འཁྱེར་ཚིག་ཉུང་དོན་གསལ་བ།no next